JKW-KABUM-07-JA-010: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...") |
m (Text replacement - "Khyentse Metadata" to "Text") |
||
(7 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|sectionheading=Yes | |||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་བསྐྱེད་རྫོགས་ཀྱི་སྙིང་པོ་ཤིན་ཏུ་བསྡུས་པ་བདེ་ཆེན་འདོད་འཇོ། | |||
|fulltitle=dpal 'khor lo bde mchog lU hi pa'i bskyed rdzogs kyi snying po shin tu bsdus pa bde chen 'dod 'jo | |||
|citation=[['jam dbyangs mkhyen brtse'i dbang po]]. ''dpal 'khor lo bde mchog lU hi pa'i bskyed rdzogs kyi snying po shin tu bsdus pa bde chen 'dod 'jo''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 7: 165-208. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|editor= | |||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
| | |editortib= | ||
| | |tibgenre=Generation Stage - bskyed rim, Completion Stage - rdzogs rim | ||
|terma=No | |||
|sabcadcategory=Five | |||
|deity='khor lo bde mchog | |||
|language=Tibetan | |language=Tibetan | ||
| | |volumenumber=007 | ||
| | |volnumtib=༧ | ||
| | |volyigtib=ཇ་ | ||
| | |totalvolumes=25 | ||
|textnuminvol=010 | |textnuminvol=010 | ||
|pagenumbers=165-208 | |||
|totalpages=44 | |||
|beginfolioline=1a | |||
|endfolioline=22b5 | |||
|totalfolios=22 | |||
|multivolumework=No | |||
|rectonotes=sde tshan 10 | |||
|versonotes=mkhyen brtse'i bka' 'bum | |||
|colophontib=།ཅེས་པའང་རྗེ་བཙུན་རྡོ་རྗེ་འཆང་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ཇི་ལྟ་བ་ལ། ཀུན་མཁྱེན་ཆེན་པོའི་རྣམ་བཤད་དང་། རྗེ་སངས་རྒྱས་དཔལ་བཟང་སློབ་ཚོགས་དང་བཅས་པའི་ཟིན་བྲིས་སོགས་ལས་དོན་གྱི་སྙིང་པོ་མདོར་བསྡུས་ཏེ། མང་དུ་ཐོས་པ་ལྟར་སྣང་བའི་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། | |||
|colophonwylie=ces pa'ang rje btsun rdo rje 'chang grags pa rgyal mtshan gyi gsung rab ji lta ba la/__kun mkhyen chen po'i rnam bshad dang /__rje sangs rgyas dpal bzang slob tshogs dang bcas pa'i zin bris sogs las don gyi snying po mdor bsdus te/__mang du thos pa ltar snang ba'i bya bral spong ba pa 'jam dbyangs mkhyen brtse'i dbang pos bris pa dge legs mchog tu gyur cig__/sarba dA ka l+yA NaM b+ha ba tu | |||
|pdflink=File:JKW-KABUM-07-JA-010.pdf | |pdflink=File:JKW-KABUM-07-JA-010.pdf | ||
}} | }} | ||
Line 20: | Line 38: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་བསྐྱེད་རྫོགས་ཀྱི་སྙིང་པོ་ཤིན་ཏུ་བསྡུས་པ་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ།། | ||
༄༅། །དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་བསྐྱེད་རྫོགས་ཀྱི་སྙིང་པོ་ཤིན་ཏུ་བསྡུས་པ་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ།། | |||
ཨོཾ་སྭསྟི་སིདྡྷཾ། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་བ་མཆོག །སྩོལ་མཛད་འཁོར་ལོའི་དབང་ཕྱུག་བླ་མ་ལ། །བཏུད་ནས་དངོས་གྲུབ་མཆོག་བརྙེས་ལཱུ་ཧི་པའི། །གདམས་ཟབ་བསྐྱེད་རྫོགས་སྙིང་པོ་ཅུང་ཟད་དབྱེ། །འདི་ལ་གཉིས། རྒྱུད་ལས་ཇི་ལྟར་གསུངས་པའི་ཁུངས་དགོད་པ་དང་། མངོན་པར་རྟོགས་པ་བསྒོམ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། རྩ་རྒྱུད་ཀྱི་གླེང་གཞིའི་གསང་བ་ཞེས་པའི་ཚིག་གིས་བསྟན་པའི་ལམ་རིམ་དང་། ལེའུ་ལྔ་བཅུ་རྩ་གཅིག་པའི་དེ་ཁོ་ན་ཉིད་བཅུ་བཞིས་བསྟན་པའི་ལམ་རིམ་དང་། བཤད་རྒྱུད་ཀུན་སྤྱོད་ནས་གསུངས་པའི་ལམ་གྱི་རིམ་པའོ། །དང་པོ་ནི། རྩ་རྒྱུད་ཀྱི་ཐོག་མར། དེ་ནས་གསང་བ་བཤད་བྱ་བ། །ཞེས་བྱ་བའི་གསང་བ་ཞེས་པའི་ཚིག་ངེས་དོན་དུ་བཤད་ན། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། དེ་དག་གི་བསྒྲུབས་པའི་འབྲས་བུ་གསུམ་བསྟན་པ་ལས། དང་པོ་ནི། གསང་བ་མཆོག་གི་དགེས་པ་ན། །ཞེས་སོགས་ཚིག་བཅད་གཉིས་ཀྱི་སྟོན་ཏེ། འདི་ལ་རྟེན་ལ་སྦྱར་བ་དང་། བརྟེན་པ་ལ་སྦྱར་བ་གཉིས་ལས། དང་པོ་ནི། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་རྣལ་འབྱོར་པའི་རྟེན་རི་བོ་ཚང་ཚིང་རི་སུལ་ལ་སོགས་པ་སྟོན་ཅིང་། ལྷའི་རྟེན་མངལ་སྐྱེས་སྒོང་སྐྱེས་གང་བསྒོམ་ཡང་རླུང་གི་དཀྱིལ་འཁོར་ནས་རི་རབ་ཀྱི་བར་བསྟན་ནོ། །ཡང་ལྷའི་རྟེན་ཐུན་མོང་མ་ཡིན་པ་ཆོས་འབྱུང་ནས་གཞལ་ཡས་ཁང་གི་བར་ཡང་བསྟན་ནོ། །བརྟེན་པ་ལྷ་བསྐྱེད་པ་ལ། མཁའ་འགྲོ་ཀུན་དངོས་སེམས་པ་ནི། ཞེས་པ་ནས། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། ཞེས་པའི་བར་ཚིག་རྐང་བ་དྲུག་གིས་མངལ་སྒོང་གཉིས་ཆར་གྱི་བསྐྱེད་རིམ་རྫོགས་པར་བསྟན་ནོ། །གཉིས་པ་རྫོགས་པའི་རིམ་པ་ལ་སྦྱར་ན། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་རྫོགས་རིམ་རིམ་བཞིའི་དང་པོ་ཤེས་བྱ་རྒྱུད་ཀྱི་རིམ་པ་བསྟན། སྒྲ་ཡི་ཚུལ་ལ་ངེས་འབྱུང་ཞིང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཅེས་པས་སྔགས་ཀྱི་རིམ་པ་བསྟན། །མཁའ་འགྲོ་ཀུན་དངོས་སེམས་པ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པས་ཡེ་ཤེས་ཀྱི་རིམ་པ་བསྟན། །འདི་ནི་རང་བྱུང་བཅོམ་ལྡན་པ། །མཁའ་འགྲོ་དྲྭ་བའི་སྡོམ་པ་ནི། །ཞེས་པས་གསང་བའི་རིམ་པ་བསྟན་ཏེ། དེ་ལྟར་ན་གསང་བ་ཞེས་དང་། དེའི་དོན་ཚིགས་བཅད་གཉིས་ཀྱིས་ལམ་གྱི་གསང་བ་བསྐྱེད་རྫོགས་གཉིས་ཀ་སྟོན་པས། འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་མ་ལུས་པ་བསྟན་ནོ། །གསུམ་པ་དེ་དག་གིས་བསྒྲུབས་པའི་འབྲས་བུ་གསང་བ་ནི། ཐུན་མོང་དང་མཆོག་གི་དངོས་གྲུབ་སྟེ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཆོ་གའི་སྦྱོར་ཉིད་ཡེ་ཤེས་ཀྱང་། །ཞེས་པས་བསྟན་ནོ། །གཉིས་པ་ནི། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཞིང་། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པ་དབང་བསྐུར་བ། །གོ་ཆ་ཆེན་པོས་ཡང་དག་བསྲུང་། །སྔགས་རྣམས་ཀུན་གྱིས་མཆོད་པ་ཡིན། དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་གསུངས་ཏེ། འདི་ཉིད་ལྷ་མངལ་སྐྱེས་ལྟར་ན། བསྐྱེད་རིམ་འབའ་ཞིག་གི་མཉམ་བཞག་རྗེས་སྤྱོད་དང་བཅས་ལ་སྦྱར་བ་དང་། ལྷ་སྒོང་སྐྱེས་ལྟར་ན། བསྐྱེད་རྫོགས་མ་ལུས་པ་སྦྱར་བ་གཉིས་ལས། འདིར་ཕྱི་མ་ལྟར་བཤད་ན། གོས་ནི་ཕན་འདོགས་པས་གོས་ཞེས་བྱ་སྟེ། བསྐྱེད་རིམ་གྱི་སྔོན་འགྲོ་ཚངས་པའི་གནས་བཞི་བསྒོམ་པ་ལ་སོགས་པའོ། །ཕྱག་རྒྱ་ལྔ་ལ་སོགས་པ་ནི་མཉམ་བཞག་གི་དུས་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་ལ་ཡོད་པའི་རྒྱན་ནོ། །ཤེས་རབ་ཡན་ལག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དག་པ་དྲན་པའོ། །ཕུར་བུ་དྲ་བ་ནི་རྗེས་སྤྱོད་ཀྱི་དུས་སུ་ཚམ་རྔམ་སྔགས་ཀྱིས་སྲུང་བ་བྱེད་པའོ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ་ནི་ངག་དག་པར་བྱེད་པ་སྟེ། དེས་མཚོན་ནས་ཐོག་མ་ཉིད་དུ་ལུས་ངག་ཡིད་གསུམ་དག་པར་བྱ་བའོ། །རྒྱུ་སོགས་བསོད་ནམས་ཀྱི་ཚོགས། སྟོང་པ་སྔོན་འགྲོ་བ་ཡེ་ཤེས་ཀྱི་ཚོགས་སོ། །འཇུག་པ་ནི་སེམས་ཅན་གྱི་དོན་ལ་འཇུག་ཅིང་སྤྲོ་བ་ཡིན་ལ། སྒྲ་ལ་སོགས་པས་ནི། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྣ་ཚོགས་པདྨའི་བར་དུ་བསྐྱེད་པ་དང་། སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལི་ལས་ཟླ་བ། དེའི་སྟེང་དུ་ཀཱ་ལི་ལས་ཉི་མ། དེའི་བར་དུ་ཧཱུྃ། ཉི་མའི་སྟེང་དུ་ཡི་གེ་གསུམ་རིམ་པ་བཞིན་དུ། དེའི་སྟེང་དུ་པདྨ། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཧཱུྃ་སྟེ་ཡི་གེ་གསུམ་མས་རིམ་གྱིས་གཅིག་ལ་གཅིག་ཐིམ་ནས་ཧཱུྃ་གི་ཐིག་ལེ་ནཱ་དར་གྱུར་པའི་བར་ནི་སྒྲ་ཡིན་ལ། སོགས་པ་ཞེས་པའི་ནི་ནཱ་ད་སྒྲ་དེ་ཉི་ཟླའི་བར་གྱི་ཚུལ་ཧཱུྃ་ལ་ཐིམ་སྟེ། དེ་ཐམས་ཅད་གྱུར་པ་ལས། རྟེན་བརྟེན་པ་ཐམས་ཅད་དུས་གཅིག་ལ་བསྐྱེད་པའོ། །དེ་ནས་བརྩམ་ནས། ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཞིང་ནི། སྤྲུལ་སྐུ་ལ་དམིགས་པའི་རྗེས་ལ་ལུས་དཀྱིལ་བསྒོམ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པ་དང་། །ཆོས་ཀྱི་སྐུ་ལ་དམིགས་པའི་བར་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་བར་བསྡུ་བའོ། །བདུད་རྩི་ཚིམ་བྱེད་ནི་མཆོད་པ་བྱེད་པའི་དུས་སུ་བདུད་རྩི་མྱོང་བའོ། མྱ་ངན་འདས་ནི་ཕྱག་རྒྱ་བཞི་དང་། རྡོ་རྗེ་སེམས་དཔའ་བསྡུ་བ་སོགས་རྫོགས་རིམ་བསྒོམ་པ་སྟེ། དེ་ལྟར་དེ་ཁོ་ན་ཉིད་བཅུ་པ་དེས་ནི་མཉམ་གཞག་ཁོ་ན་བསྟན་ཏོ། །ལག་པའི་མཆོད་པ་ལ་སོགས་པ་བཞི་ནི་རྗེས་སྤྱོད་ཁོ་ན་སྟེ། རྗེས་སྤྱོད་ཀྱི་དུས་སུ་ལག་མཆོད་བྱ་བ་དང་། དབང་བསྐུར་བ་ཁྲུས་ཀྱི་རྣལ་འབྱོར་བྱ་བ་དང་། རྗེས་ཀྱི་དུས་སུ་གོ་ཆ་ཆེན་པོས་བདག་ཉིད་བསྲུང་བ་དང་། རྩ་བའི་སྔགས་བརྗོད་པ་ལ་སོགས་པའི་སྔགས་རྣམས་ཀུན་གྱིས་མཆོད་པ་བྱ་བ་སྟེ། དེ་ལྟར་ན་འབྲས་བུ་འགྲུབ་པ་ལ་མི་བསླུ་ཞིང་། སྒྲུབ་པ་པོ་ལ་ཕན་འདོགས་པར་བྱེད་པ་དེ་ཁོ་ན་ཉིད་བཅུ་བཞི་པོ་དེ་ནི། བདེ་མཆོག་ཉུང་ངུའི་རྒྱུད་འདིར། འབུམ་ཕྲག་གསུམ་པའི་རྒྱུད་ལས། མདོར་བསྡུས་ནས་བཤད་པ་ཡིན་ནོ། །གསུམ་པ་ནི། བཤད་རྒྱུད་ཀུན་སྤྱོད་ལས་གསུངས་པའི་ལམ་གྱི་རིམ་པ་ལ་གཉིས་ཏེ། རྒྱུད་ཀྱི་བརྗོད་བྱ་མ་ལུས་པ་འཁྲུགས་བསྡེབས་པའི་ལམ་རིམ་དང་། ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུ་བའོ། །དང་པོ་ནི། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བརྗོད་བྱ་ཐམས་ཅད་གཉིས་སུ་བསྡུ་བ་དང་། གསུམ་དུ་བསྡུ་བ་དང་། བཞིར་བསྡུ་བ་དང་གསུམ་ལས། །དང་པོ་ནི། དེ་བཞིན་གཤེགས་པའི་དབུགས་དབྱུང་དང་། རྡོ་རྗེ་འཛིན་པའི་དབུགས་དབྱུང་གཉིས་ཏེ། དེ་ཉིད་རྒྱུའི་དབང་དུ་བྱས་ན་ཀུན་རྫོབ་ཀྱི་བདེན་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་། དོན་དམ་པའི་བདེན་པ་ནི་རྡོ་རྗེ་འཛིན་པའི་དབུགས་དབྱུང་། ལམ་གྱི་དབང་དུ་བྱས་ན་བསྐྱེད་རིམ་དང་། རྫོགས་རིམ་གཉིས། འབྲས་བུའི་དབང་དུ་བྱས་ན་གཟུགས་སྐུ་དང་། ཆོས་སྐུ་གཉིས་ལ་དབུགས་དབྱུང་གཉིས་སྦྱར་དགོས་ཏེ། ཀུན་སྤྱོད་ལས། རྒྱུད་འདི་ཡི་ནི་རྣལ་འབྱོར་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་དང་། ཀུན་སྤྱོད་ལེའུ་བཅུ་གསུམ་པ་ལས། བསོད་ནམས་ཡེ་ཤེས་ཚོགས་དག་ནི། །བདེན་པ་གཉིས་ལ་བརྟེན་པ་ཡིན། །ཞེས་དང་། ལེའུ་བཅུ་གཅིག་པ་ལས། བདེ་གཤེགས་དབུགས་དབྱུང་གསུངས་པ་ནི། །དག་པའི་ལུས་ནི་སྐྱོན་མེད་པ། །ཞེས་གསུངས་པས་སོ། །གཉིས་པ་ནི། ལམ་གྱི་ཀུན་ཏུ་སྤྱོད་པ་དང་། དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་ཏུ་སྤྱོད་པ་དང་། འབྲས་བུའི་ཀུན་ཏུ་སྤྱོད་པ་གསུམ་དུ་འདུས་སོ། །གསུམ་པ་ནི། དེའི་སྔོན་དུ་རྒྱུའི་ཀུན་སྤྱོད་སྔོན་དུ་སོང་བས་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བགྲངས་ན་བཞིར་འགྱུར་རོ། །དེ་ལྟར་བཤད་ན་རྟེན་གྱི་གང་ཟག་ལ་གཉིས་ཏེ། ལམ་ལ་འཇུག་པ་དང་། ཞུགས་པའོ། །དང་པོ་ལ་གསུམ། མི་དགེ་བ་འབའ་ཞིག་སྤྱོད་པ་ལམ་དག་པ། ཕ་རོལ་ཏུ་ཕྱིན་པས་རྒྱུད་ཅི་རིགས་སྦྱངས་བ་དག་པ། རེས་སྡིག་པ། རེས་དགེ་བ་སྤྱོད་པ་འདྲེས་པ་སྟེ། དེ་སྐད་དུ། དག་དང་མ་དག་འདྲེས་པ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །ཞེས་གསུངས་པས་སོ། །ལམ་ཞུགས་ལའང་གསུམ་སྟེ། བསྐྱེད་རིམ་འབའ་ཞིག་ལ་དགའ་བ་མཉེས་པར་བྱེད་པའི་སྒྲུབ་པ་པོ་དང་། རྫོགས་རིམ་འབའ་ཞིག་བསྒོམ་པ་རྣམ་པར་དག་པའི་སྒྲུབ་པ་པོ་དང་། ཟུང་དུ་འཇུག་པ་ལ་དགའ་བ་གསལ་བྱེད་ཡོན་ཏན་ལྡན་པ་ཞེས་བྱ་བ་སྟེ། དེ་ཡང་། མཉེས་བྱ་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །ཞེས་གསུངས་པ་ཡིན་ནོ། །ཡང་རྒྱུད་འདིར་ནི་གང་ཟག་གཉིས་ཏེ། སྤང་བར་བྱ་བ་དང་། བསྒྲུབ་པར་བྱ་བའི་གང་ཟག་གོ། །དང་པོ་ནི། ལེའུ་བཅུ་གཅིག་པ་ལས། ལྐུགས་ཤིང་གླེན་པ་སྡིག་དང་ལྡན། །བྱིས་པའི་ཤེས་པས་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང་། །ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་བ། །དེ་དག་ཀུན་གྱིས་མི་ཤེས་ཏེ། །མི་ཤེས་མུན་པས་ཁེབས་པ་དང་། །ཁེངས་པ་ལ་ནི་རྟག་དགའ་བ། །ང་རྒྱལ་ལ་སོགས་བདུན་སེམས་ལྡན། །དེ་དག་ཀུན་ཀྱང་སངས་རྒྱས་ཀྱི། །སྤྱོད་ཡུལ་གསང་བ་མི་ཤེས་སོ། །ཞེས་པའི་ཡན་ལག་གསུངས་པ་དང་། །སྒྲུབ་པའི་མཚན་ཉིད་ཀྱང་དེ་ཉིད་ལས། །བླ་མའི་རིམ་པ་ཇི་ལྟར་བསྟན། །གང་གིས་མྱུར་དུ་ཤེས་འགྱུར་བ། །སྐྱེ་བོ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། དད་པ་ཡང་དག་ལྡན་པ་དང་། །རྣལ་འབྱོར་སྤྱོད་ཚུལ་ལ་གནས་ཡིན། །ཞེས་གསུངས་ལ། ལེའུ་དང་པོ་ལ་རྣལ་འབྱོར་གྱི་དབང་ཕྱུག་ཅེས་གསུངས་སོ། །དང་པོ་ལམ་གྱི་ཀུན་ཏུ་སྤྱོད་པ་ལ་གསུམ། རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ཕྱིའི་ཀུན་སྤྱོད་སྤྲུལ་པའི་སྐུ་ལམ་དུ་བྱེད་པ་དང་། ལུས་ལ་ལྷ་རྣམས་རྫོགས་པར་བསྒོམ་པ་ནང་གི་ཀུན་སྤྱོད་ལོངས་སྐུ་ལམ་དུ་བྱེད་པ་དང་། རྫོགས་པའི་རིམ་པ་ཉམས་མྱོང་དང་བཅས་པ་ནི་རྫོགས་པའི་ཀུན་སྤྱོད་ཆོས་སྐུ་ལམ་དུ་བྱེད་པའོ། །གཉིས་པ་དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་ཏུ་སྤྱོད་པ་ལ་གསུམ་སྟེ། དང་པོ་རྫོགས་པར་བྱེད་པའི་ཡན་ལག་དང་། གསུམ་ག་རྫོགས་པར་བྱེད་པའི་ཡན་ལག་དང་། དེ་དག་བརྟན་པར་བྱེད་པའི་སྤྱོད་པའོ། །དང་པོ་ལ་ལྔ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱང་བསྒྱུར་དང་། ཚོགས་གཉིས་བསགས་པ་དང་། གོ་ཆ་བཅིང་བ་དང་། ཡེ་ཤེས་པ་དགུག་པ་དང་། དབང་བསྐུར་བའོ། །གཉིས་པ་ལ་ལྔ་སྟེ། སྔགས་མཆོད་དང་། །གསང་པའི་མཆོད་པ་དང་། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་དང་། དམ་ཚིག་དང་། སྡོམ་པ་དང་། ཐུན་མོང་གི་བྱ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དང་། ཐུན་མཚམས་གྱི་ཕྱེ་བའོ། །འདི་ལའང་ལྔ་སྟེ། ཁམས་དང་རྒྱན་ཆའི་དག་པ་དང་། སུམ་བྷ་ནིའི་སྲུང་བ། སྤྱོད་ལམ་གྱི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར། ཉལ་བ་དང་ལྡང་བའི་རྣལ་འབྱོར་རོ། །གསུམ་པ་ལ་རང་དོན་གྱི་སྤྱོད་པ་དང་། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། བསྐྱེད་རིམ་བརྟན་པར་བྱེད་པ་སྤྲོས་བཅས་ཀྱི་སྤྱོད་པ། རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ། །གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །གསུམ་པ་འབྲས་བུའི་ཀུན་ཏུ་སྤྱོད་པ་ལ། ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གསུམ་སྟེ། དེ་ལྟར་ན་ཀུན་ཏུ་སྤྱོད་པ་ཞེས་པའི་ཚིག་དེ་ཉིད་ཀྱིས། འཁོར་ལོ་བདེ་མཆོག་གི་ལམ་དང་འབྲས་བུ་མ་ལུས་པ་བསྟན་ཅིང་། ལེའུ་གང་ནས་གང་འབྱུང་བ་ནི་རྒྱུད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གཉིས་པ་ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་པ་ནི། ཀུན་སྤྱོད་ལེའུ་བཅུ་གཉིས་པ་ལས། འདུག་དང་ལྡང་བ་ཉིད་དང་ནི། །འཇུག་དང་རྫོགས་པ་ཉིད་དག་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་བསྡུ་བ་ཡིན། །ཞེས་བྱ་བ་དེ་ཁོ་ན་ཉིད་བཅུ་སྟེ། དེ་ལ་གདུག་པ་ཞེས་བྱ་བ་ནི། ཚངས་པའི་གནས་བཞི་དང་། གཞི་སྦྱང་བསྒྱུར་དང་། སྲུང་བའི་འཁོར་ལོ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་བདག་མེད་པ་ལ་བློ་ཅུང་ཟད་འདུག་པ་ཡིན་ནོ། །གཉིས་པ་ལྡང་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་བསམ་པས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྒོམ་པའོ། །གསུམ་པ་འཇུག་པ་ནི། རི་རབ་ཀྱི་སྟེང་དུ་མངོན་པར་བྱང་ཆུབ་པ་ལྔ་ལས་རྟེན་དང་བརྟེན་པ་དུས་གཅིག་ཏུ་ཕྱིའི་དཀྱིལ་འཁོར་བསྒོམ་པའོ། །བཞི་པ་རྫོགས་པ་ནི། ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྒོམ་པ་སྔགས་ཀྱི་བྱིན་གྱིས་བརླབ་པའོ། །ལྔ་པ་བྱིན་གྱིས་བརླབ་པ་ནི། ཕོ་ཉ་བསྲེ་བ། གོ་ཆ་བཅིང་པ། ཡེ་ཤེས་པ་དགུག་པ་རྣམས་ཡིན་ནོ། །དྲུག་པ་ནི། དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པ་དང་བཅས་པའོ། །བདུན་པ་ཏིང་ངེ་འཛིན་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱས་ལ། ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སེམས་ཅུང་ཟད་འཛིན་པ་ཡིན་ནོ། །བརྒྱད་པ་མཆོད་པ་ནི། སྔགས་ཀྱི་མཆོད་པ་དང་། ཕྱིའི་མཆོད་པ་དང་། བདུད་རྩིའི་མཆོད་པ་དང་། མཉེས་པའི་མཆོད་པ་དང་། ཡིད་ལས་བྱུང་བའི་མཆོད་པ་དང་། བསྟོད་པའི་མཆོད་པ་དང་། གསང་བའི་མཆོད་པ་སྟེ། དེ་རྣམས་བཟླས་པ་སྔགས་མཆོད་ཀྱི་ཁོངས་སུ་འདུ་ལ། གསང་བའི་མཆོད་པ་ནི་རྫོགས་པའི་རིམ་པར་འགྲོ་བའི་སྐབས་ཀྱང་ཡོད་དོ། །གཏོར་མའང་མཆོད་པའི་སྐབས་སུ་འདུ་བ་ཡིན་ཏེ། ཐུན་གོང་མ་རྣམས་ལ་གཏོར་མ་ཐུན་མཇུག་བསྡུ་བའི་རྗེས་ལ་གཏོང་ལ། ཐུན་ཐ་མ་ལ་ནི་གཏོར་མ་དང་དག་པ་དྲན་པའི་རྗེས་ལ་བསྡུ་བ་བསྒོམ་པ་ཡིན་ནོ། །ཐུན་མཚམས་ཀྱི་བྱ་བ་ལ། ཁ་ཟས་དང་། སྤྱོད་ལམ་དང་། ཕྱི་མཆོད་དང་། ལག་མཆོད་ཀྱང་མཆོད་པའི་ཁོངས་སུ་བསྡུ་ལ། ཚེས་བཅུའི་མཆོད་པའང་དེར་འདུའོ། །དགུ་པ་བསྡུ་བ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བའི་རིམ་པས་དཀྱིལ་འཁོར་བསྡུས་ལ། ཐུན་གོང་མ་རྣམས་ལ་ནི། དེ་ལས་ལངས་ལ་དག་པ་དྲན་པ་བྱེད་ལ། ཐུན་ཐ་མ་ལ་ནི་དག་པ་རྗེས་དྲན་གྱི་རྗེས་ལ་རྡོ་རྗེ་སེམས་དཔའི་བསྡུ་བ་བྱས་ནས་དེའི་ངང་ལ་ཉལ་བའི་རྣལ་འབྱོར་བྱེད་པ་ཡིན་ནོ། །བཅུ་བ་ཡིན་ཞེས་པ་ནི་ངེས་པ་སྟེ། དག་པ་ནི་ཁམས་ཀྱི་དག་པ་དང་། རྒྱན་ཆའི་དག་པ་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ་ཚམ་རྔམས་སྔགས་ཀྱིས་བསྲུངས་ལ། སྤྱོད་ལམ་གྱི་རྣལ་འབྱོར་བྱེད་པ་ཡིན་ནོ་ཞེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་གསུངས་སོ། །གཉིས་པ་ནི། དེ་ལྟ་བུའི་རྒྱུད་སྡེ་ཟབ་མོའི་དགོངས་པ་སྤྱི་དང་། ཁྱད་པར་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལ་བརྟེན་ནས་གྲུབ་ཆེན་ལཱུ་ཧི་པའི་ཞལ་སྔ་ནས་བསྐྱེད་རྫོགས་གཉིས་ཀའི་སྙིང་པོ་བསྡུས་པ་དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་གཞུང་འདི་མཛད་པ་སྟེ། འདིའི་དོན་ཉེ་བར་བསྡུ་ན་བཞི། གང་དུ་བསྒོམ་པའི་གནས། གང་གིས་སྒོམ་པའི་གང་ཟག །དེས་བསྒོམ་པའི་ལམ། ལམ་དེས་གྲུབ་པའི་འབྲས་བུའོ། །དང་པོ་ནི། རིའི་སུལ་དང་། ཆུ་བོའི་ངོགས་དང་། ཤིང་གཅིག་གི་དྲུང་སོགས་མདོར་ན་དབེན་ཞིང་ཡིད་དང་མཐུན་པའི་གནས་ཇི་ལྟར་རིགས་པའོ། །གཉིས་པ་ནི། གཞུང་ལས། དང་པོར་རེ་ཞིག་རྣལ་འབྱོར་པའི་དབང་ཕྱུག་གིས་ཞེས་གསུངས་པའི་དོན་འཕགས་པ་རིན་པོ་ཆེས། བྱང་ཆུབ་སེམས་བརྟན་དབང་རབ་ཐོབ། །སྔགས་རིག་རྣལ་འབྱོར་དབང་ཕྱུག་གིས། །ཞེས་གསུངས་པ་ལྟར། ངེས་འབྱུང་དང་སྙིང་རྗེ་ཆེན་པོས་རྒྱུད་ལེགས་པར་སྦྱངས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟན་པ་ཐོབ་པ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པར་ཐོབ་ཅིང་། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། གསང་སྔགས་ཀྱི་རྒྱུད་སྡེའི་དོན་ཐོས་བསམ་གྱིས་གཏན་ལ་ཕབ་པས་ཇི་ལྟ་བ་བཞིན་རིག་པ་སློབ་པའི་རྣལ་འབྱོར་པས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཚེ་འདི་ཉིད་ལ་དོན་དུ་གཉེར་བའི་བློས་རིམ་པ་གཉིས་ཀྱི་ལམ་འདིར་འཇུག་པར་བྱའོ། །གསུམ་པ་ནི། པཎ་གྲུབ་ནཱ་རོ་ཏ་པའི་སློབ་བཤད་ཀྱི་མན་ངག་འཛིན་པ་བལ་པོ་ཕམ་མཐིང་པ་ཡབ་སྲས་དང་། མལ་གྱོ་བློ་གྲོས་གྲགས་པའི་དགོངས་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས་འདི་ལྟར་གསུངས་ཏེ། ལམ་མངོན་པར་རྟོགས་པ་ནི་བཞིས་བཅིངས་པ་སྟེ། མཉམ་པར་གཞག་པའི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི་རྫོགས་པའི་རིམ་པའི་ཁོངས་སུ་འདུ་ལ། ལྡང་བའི་རྣལ་འབྱོར་དང་། ཁྲུས་ཀྱི་རྣལ་འབྱོར་གཉིས་ནི་བསྐྱེད་རིམ་གྱི་སྔོན་འགྲོ་ཡིན་ཞིང་། དག་པ་རྗེས་སུ་དྲན་པ་ནི་ཁ་ཅིག་སྤྱོད་ལམ་གྱི་རྣལ་འབྱོར་གྱི་ཁོངས་སུའང་བསྡུ་མོད་ཀྱི། འདིར་བསྐྱེད་རིམ་བརྟན་པར་བྱེད་པ་ཡིན་པས་མཉམ་གཞག་གི་ཁོངས་སུ་བསྡུའོ། །དང་པོ་མཉམ་པར་གཞག་པའི་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང་། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། རྒྱས་པ་ལ་དགའ་བས་ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་བསྒོམ་པ་དང་། འབྲིང་ལ་དགའ་བས་ཇི་ལྟ་བ་བཞིན་བསྒོམ་པ་དང་། བསྡུས་པ་ལ་དགའ་བས་རང་གི་ལུས་ལ་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པའོ། །ཞེས་གསུངས་པའི་དང་པོ་རྒྱས་པར་བསྒོམ་པ་ལ་གཉིས། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་དང་། དེ་ལ་མཆོད་པའོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསགས་པ་དང་། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་བསག་པ་དང་། ཡེ་ཤེས་ཀྱི་ཚོགས་བསྒོམ་པའོ། །དང་པོ་ལ་བཞི། ཉལ་བ་དང་ལྡང་བའི་རྣལ་འབྱོར་སྔོན་དུ་འགྲོ་བས་ཚངས་པའི་གནས་བཞི་བསྒོམ་པ། ཚོགས་གསོག་པའི་རྟེན་བདག་གི་གཞི་སྦྱང་བསྒྱུར། ཚོགས་བསག་པ་དངོས་ལ་ཚོགས་བསག་བཅུ་གསུམ། ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པའོ། །འབྲས་བུ་ལྷ་བསྐྱེད་པ་ལ་བཞི། དམ་ཚིག་སེམས་དཔའ་བསྐྱེད་པ། ཡེ་ཤེས་ཀྱི་འཁོར་ལོ་དགུག་བཞུག་བྱ་བ། གོ་ཆ་བཅིང་པ། དབང་བསྐུར་ཞིང་རྒྱས་གདབ་པའོ། །དེའི་དང་པོ་ལ་གཉིས། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་བསྒོམ་པ་དང་། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་བརླབ་པ་དང་བཅས་བསྒོམ་པའོ། །དེ་ལྟར་བདག་ཉིད་སངས་རྒྱས་སུ་བསྐྱེད་ནས་མཆོད་པ་དང་བཟླས་པས་མཉེས་པར་བྱ། རྫོགས་པའི་རིམ་པས་འོད་གསལ་དུ་བསྡུ་ཞིང་། སླར་ཡང་ལྷའི་སྐུར་ལངས་ཏེ་དག་པ་རྗེས་སུ་དྲན་པ་དང་། གཏོར་མ་དང་། སྤྱོད་ལམ་དང་། ཁ་ཟས་ཀྱི་རྣལ་འབྱོར་སོགས་ཅི་རིགས་པ་ལ་འཇུག་པར་བྱ་སྟེ། མདོར་ན་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཁ་བསྐངས་ཏེ། རང་འཁོར་ལོ་བདེ་མཆོག་ཏུ་གསལ་གདབ། བདུད་རྩི་བྱིན་གྱིས་བརླབས་པ་མྱང་བ་ནས་བརྩམས་ཏེ་སྒྲུབ་ཐབས་རྒྱས་པ་ནས་ཇི་ལྟར་གསུངས་པ་བཞིན་ཉམས་སུ་བླང་བ་ཡིན་ནོ། །གཉིས་པ་འབྲིང་དུ་བསྒོམ་པ་ནི། ཉལ་བ་དང་ལྡང་བའི་རྣལ་འབྱོར་སྔོན་དུ་འགྲོ་བས་དགའ་བ་གསུམ་གྱི་རྣལ་འབྱོར་དང་། སེམས་བསྐྱེད་པ་དང་། རང་གི་ལུས་གདོད་ནས་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་དྲན་པ་དང་། བླ་མ་ལ་གསོལ་བ་གདབ་ཅིང་སྲུང་བའི་འཁོར་ལོ་བསྒོམ་པ་ཙམ་སྔོན་དུ་འགྲོ་བས་ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྒོམ། སྔགས་ཀྱིས་བྱིན་བརླབ། དག་པ་དྲན་པར་བྱ་བའམ་མ་བྱས་ཀྱང་རུང་། ཡེ་ཤེས་པ་བཅུག་ཅིང་གོ་ཆ་བཅིང་བ་སོགས་ལྷག་མ་རྣམས་རྒྱས་པའི་སྐབས་ལྟར་བྱའོ། །གསུམ་པ་བསྡུས་ཏེ་བསྒོམ་པའི་ཚུལ་འདིར་གསལ་བར་བརྗོད་ན་གཉིས། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གསུམ། འཇུག་པའི་རིམ་པ། གནས་པའི་རིམ་པ། ལྡང་བའི་རིམ་པའོ། །དང་པོ་ལ་བརྒྱད། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར། ཚད་མེད་པའི་རྣལ་འབྱོར། བླ་མའི་རྣལ་འབྱོར། བདག་ཉིད་སངས་རྒྱས་སུ་བསྐྱེད་པའི་རྣལ་འབྱོར། མཆོད་པའི་རྣལ་འབྱོར། བཟླས་པའི་རྣལ་འབྱོར་རོ། །དང་པོ་ཉལ་བའི་རྣལ་འབྱོར་ནི། མདངས་ནུབ་མོར་ཉལ་བའི་རྣལ་འབྱོར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་སེམས་དཔའི་བསྡུ་བའི་རྫོགས་རིམ་སྟོང་པ་ཉིད་ཀྱི་ངང་དུ་ཉལ། །གཉིས་པ་ལྡང་བའི་རྣལ་འབྱོར་ནི། །ཐོ་རངས་ནམ་གྱི་བཞི་ཆའམ་བརྒྱད་ཆའི་དུས་སུ་བབ་པ་ན། ནམ་མཁའ་ནས་ཌཱ་མ་རུའི་སྒྲ་སྔགས་ཀྱི་གདངས་སུ་བསྒྲགས་པས་གཉིད་བསྐུལ་ནས། དེའི་སྐད་ཅིག་ལ་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྐུར་ལངས་ཏེ་ལྡང་བ་ནི་སྐུའི་དགའ་བ། བདུད་རྩི་རིལ་བུ་དངོས་སམ། ནང་མཆོད་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ཏེ་མྱོང་ཞིང་། ངག་ཏུ། ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱ་བ་གསུང་གི་དགའ་བ། སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག །ཨ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས། ཟླ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས། ཧཱུྃ་ནི་གཟུང་འཛིན་གཉིས་དང་བྲལ་བའི་ཡིད་ཡེ་ཤེས་ལྔའི་རང་བཞིན་ནོ་ཞེས་མོས་པ་ནི་ཐུགས་ཀྱི་དགའ་བའོ། །གསུམ་པ་ཁྲུས་ཀྱི་རྣལ་འབྱོར་ནི། བསམ་གཏན་གྱི་གྲོགས་སུ་འགྲོ་ན། ཆུ་གཙང་མའམ་རྡོ་རྗེའི་ཆུས་དབང་ལྷ་སྤྱན་དྲངས་པས་ཁྲུས་མཛད་པར་བསམས་ལ། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ཁྲུས་བྱའོ། །བཞི་པ་ཚད་མེད་པའི་རྣལ་འབྱོར་ནི། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། སྐྱབས་ཡུལ་འཁོར་ལོ་སྡོམ་པའི་རྣམ་པར་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན་རྡོར་སེམས་སྒོམ་བཟླས་ཀྱང་མ་རྒྱུད་སྤྱི་ལྟར་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མོས་གུས་དྲག་པོས་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམས་ལ། ཆོས་ཐམས་ཅད་རང་གི་སེམས་ཀྱི་རྣམ་འཕྲུལ་དང་། དེའང་སྒྱུ་མ་ལྟ་བུ་དང་། རང་བཞིན་མེད་པའི་སྟོང་ཉིད་དུ་ཤེས་པའི་ངང་ལ་མཉམ་པར་གཞག །དྲུག་པ་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ནི། འོག་གི་རླུང་གིས་རང་གི་ལུས་ལ་གདོད་ནས་གྲུབ་པའི་ལྟེ་བའི་ཨྃ་མས་ཡར་ཕུལ་བ་ནི་ཚུལ། ལྟག་པའི་རླུང་གིས་སྤྱི་གཙུག་གི་ཧྃ་ཡས་མར་ཕུལ་བ་ནི་སྒྲ་སྟེ། དེ་ལྟར་སྒྲ་ཚུལ་གཉིས་སྙིང་གར་འདྲེས་པའི་རྐྱེན་གྱིས་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཅིག་ཅར་དུ་གྱུར་པ་ནི། རྐང་མཐིལ་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རི་རབ་ཀྱི་སྟོད། དཔྲལ་བ་དང་། ལྟག་པ་རྣ་བ་གཉིས་སྣ་ཚོགས་རྡོ་རྗེ། ཀླད་པ་དཀར་པོ་ཟླ་བ། ཀླད་ཁྱིམ་དམར་པོ་ཉི་མ། དེ་གཉིས་ཀྱི་བར་ན་གནས་པའི་ཧྃ་ཡིག་ནི་ཡི་གེ་ཧཱུྃ་རྡོ་རྗེ་སེམས་དཔའི་རང་བཞིན། ལུས་འདོམ་གང་གྲུ་བཞི་ནི་གཞལ་ཡས་ཁང་པ་གྲུ་བཞི། སྙིང་ག་ཆོས་ཀྱི་འཁོར་ལོ་ནས་འབྱུང་བ་བཞིའི་རླུང་རྒྱུ་བའི་སྒོ་བཞི། རྐང་བརྒྱད་ཀ་བ་བརྒྱད། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། མཆུ་དང་། རྒྱུ་ལོང་ལ་སོགས་པ་ནི་གཞལ་ཡས་ཁང་གི་རྒྱན། རང་ཉིད་ཕྱི་དབྱིབས་ཀྱི་ལུས་དང་སྙིང་གའི་ནང་གི་ཧཱུྃ་གཉིས་ཀའང་བཅོམ་ལྡན་འདས་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྔོན་པོ། གཡོན་ལྗང་། རྒྱབ་དམར། གཡས་སེར་བ། ཞལ་རེ་རེ་བཞིན་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། །བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ་སྒྲེང་བ། གཡོན་གྱི་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག །བཞི་པ་ན་ཁྲག་གིས་བཀང་པའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་བསྣམས་པ། པདྨ་དང་ཉི་མའི་སྟེང་ན་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་དང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུས་སྤྲས་ཤིང་གཡོན་ན་ཚེས་གཅིག་གི་ཟླ་བ་དང་མཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེས་མཚན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། །སྒེག་པ་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་ཉམས་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་དང་ལྡན་པ། ཕྱག་གཡོན་པས་བདུད་དང་གདུག་པའི་ཁྲག་གིས་གང་པའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཡས་པས་སྡིགས་མཛུབ་དང་བཅས་པའི་གྲི་གུག་གིས་ཕྱོགས་ཐམས་ཅད་དུ་བསྡིགས་པ། དབུ་སྐྲ་གྲོལ་བ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་ལེགས་པར་འཁྱུད་ཅིང་། གཅེར་བུའི་མཆོག་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་དང་རུས་པའི་རྒྱན་ལྔས་བརྒྱན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཕྱིའི་ཧེ་རུ་ཀའི་ཕྱག་གཡས་ཀྱི་དང་པོ་ལ་མཁའ་འགྲོ་མ་ནག་མོ། །གཉིས་པ་ལཱ་མཱ་ལྗང་གུ། གཡོན་གྱི་དང་པོ་ལ་ཁཎྜ་རོ་ཧ་དམར་མོ། གཉིས་པ་ལ་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་སྤྱན་གསུམ་མ། ཕྱག་བཞིའི་གཡས་ཌ་མ་རུ་དང་གྲི་གུག །གཡོན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། སྐྲ་གྲོལ་བ། གཅེར་བུ་གཡས་བརྐྱངས་པས་བཞུགས་པ་ཕྱག་རྒྱ་ལྔས་བརྒྱན་པའོ། །གཡས་ཀྱི་གསུམ་པ་ན་ཁྭ་གདོང་མ་སྔོན་མོ། བཞི་པ་ན་འུག་གདོང་མ་ལྗང་གུ། ལྔ་པ་ན་ཁྱི་གདོང་མ་དམར་མོ། །དྲུག་པ་ན་ཕག་གདོང་མ་སེར་མོ། གཡོན་གྱི་གསུམ་པ་ན་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། བཞི་པ་ན་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ལྔ་པ་ན་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། དྲུག་པ་ན་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་ན་ཌ་མ་རུ་དང་གྲི་གུག །གཡོན་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། གཅེར་བུ་ཕྱག་རྒྱས་ལྔས་བརྒྱན་པ། ཡི་དྭགས་ཀྱི་གདན་ལ་ཞབས་གཡས་བརྐྱངས་པས་བཞུགས་ཤིང་སེམས་ཅན་གྱི་དོན་ལ་བརྩོན་པ། རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེའི་ཕྲེང་བས་བརྒྱན་པའོ། །དེ་ནས་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུའི་དབྱིབས་སུ་གནས་པའི་ཁམས་དང་རྩ་རྣམས་དཔའ་བོ་དང་རྣལ་འབྱོར་མ་རྣམས་སུ་གྱུར་པ་ནི། སྤྱི་བོ་པུ་ལླི་ར་མཱ་ལ་ཡང་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ། །སྤྱི་གཙུག་ཛཱ་ལནྡྷ་ར་ར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་ཨཽ་ཌྱ་ན་དུ་ཀངྐཱ་ལ་དང་འོད་ལྡན་མ། ལྟག་པ་ཨརྦུ་དང་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས། རྣ་བ་གཡོན་པ་གོ་དཱ་ཝ་རཱི་ར་སུར་ཝི་རེ་དང་བརྟན་པའི་བློ་ཅན་མ། སྨིན་མའི་དབུས་རཱ་མེ་ཤྭ་རཱི་ར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་གཉིས་མཱ་ལ་ཝ་ར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་རྣམས་ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་མཁའ་ལ་སྤྱོད་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པ་ར་ཨངྐུ་རི་དང་ཨཻ་རཱ་ཝ་ཏཱི། ནུ་མ་གཉིས་ཨོ་ཏྲེ་རར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་། ལྟེ་བ་ཏྲི་ཤ་ཀུ་ནེ་ར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང་། ཁ་ཀ་ལིངྒར་རབ་ཏུ་བཟང་མོ་དང་ཤྲཱ་མ་དེ་ཝཱི། མགྲིན་པ་ལམྦཱ་ཀ་ར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ། སྙིང་ག་ཀཱཉྩི་ར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམས་པ་ར་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་ཉེ་བའི་ཚནྡོ་རྣམས་གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ་སྟེ་འདུ་བ། བརླ་གཉིས་སཽ་རཱ་ཥྟར་རྟ་མགྲིན་དང་ཤོཎྜི་ནཱི། བྱིན་པ་གཉིས་སུ་ཝརྞ་དཱི་བར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བ། སོར་མོ་བཅུ་དྲུག་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད། མཐེ་བོང་བཞི་མ་རོ་ལ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་རྣམས་སྐུའི་འཁོར་ལོ་ཁ་དོག་དཀར་པོས་འོག་ན་སྤྱོད་པའོ། ཁཎྜ་ཀ་པཱ་ལི་ལ་སོགས་པའི་དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་རལ་པའི་ཐོར་ཚུགས་ཀྱིས་མཚན་པའི་ཅོད་པན་ཅན། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་འོག་མས་ཌཱ་མ་རུ། གཡོན་འོག་མས་ཁ་ཊྭཱཾ་ཀ་འཛིན་པ། སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ་གཡས་བརྐྱང་པའི་གནས་པས་བཞུགས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་མོ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མ་གཡོན་ཐོད་པ་བསྣམས་པས་ཡབ་ལ་འཁྱུད་པ། གཡས་སྡིགས་མཛུབ་དང་བཅས་པས་གྲི་གུག་བསྣམས་པ། སྤྱན་གསུམ་པ་དྲག་མོའི་གཟུགས་ཅན་མ། སྐྲ་གྲོལ་བས་རྣམ་པར་མཛེས་མ། །གཉིས་སུ་མེད་པའི་སྦྱོར་བ་ལ་བརྩོན་པ། གཅེར་བུའི་མཆོག་རྒྱན་ལྔ་དང་ཚངས་པའི་སྐུད་པས་བརྒྱན་པ། མི་མགོའི་དོ་ཤལ་དང་སྐ་རགས་སིལ་སིལ་གྱི་སྒྲ་སྒྲོགས་པའོ། །དེ་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། ངག་ཏུ་ཨོཾ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ྄་ཙིཏྟ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བདག་གིས་བསྒོམས་པའི་ལུས་དཀྱིལ་དང་། འཛམ་བུའི་གླིང་ན་བཞུགས་པ་དང་། འོག་མིན་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དབྱེར་མི་ཕྱེད་པའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ངའོ་སྙམ་དུ་ང་རྒྱལ་བཟུང་། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོཉ་ཧཾ་ཞེས་བརྗོད་པས་ཐམས་ཅད་སྟོང་པ་ཉིད་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག་པའི་ངོ་བོ་བདག་ཡིན་ནོ་སྙམ་པ་ལན་གསུམ་དུ་བྱའོ། །དེ་ནས་ལྷ་ལ་ཞེན་པ་སྐྱེ་བ་དང་ལམ་ལ་སོམ་ཉི་ཟ་ན་བྱང་ཆུབ་ཕྱོགས་ཀྱི་དག་པ་དྲན་པ་སྐབས་འདིར་བྱ། མི་སྐྱེ་ན་མི་དགོས་ཞེས་གསུངས་པས་དག་དྲན་བྱེད་ན་རྒྱས་པར་མངོན་རྟོགས་རྒྱས་པའི་སྐབས་ལྟར་བརྗོད། བསྡུ་ན། བདག་གི་བློ་ལ་སྣང་བའི་ལྷ་སུམ་ཅུ་རྩ་བདུན་པོ་འདི་ཉིད་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཡིན་ལ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱང་ལྷ་སུམ་ཅུ་རྩ་བདུན་གྱི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱའོ། །བདུན་པ་མཆོད་པའི་རྣལ་འབྱོར་ལ་དྲུག་ལས། དང་པོ་སྔགས་ཀྱི་མཆོད་པ་ནི། རྒྱས་པར་རྩ་སྔགས་དང་། སྙིང་པོ་དང་། ཉེ་སྙིང་གཉིས་མེད་ཞལ་བཞི་པ་དང་སྙིང་པོའི་རྣལ་འབྱོར་མ། དཔའ་བོ་དང་དཔའ་མོ་ཉེར་བཞི། ཡབ་ཀྱི་རྐང་བརྒྱད་དང་སྒོ་མཚམས་མ་བརྒྱད་རྣམས་སྤེལ་བའི་སོགས་ལན་རེ་བརྗོད་པས་ལྷ་གསལ་གདབ་པའི་ཚུལ་གྱིས་མཆོད། བསྡུ་ན་སྙིང་པོ་གཉིས་སུ་མེད་པ་བརྗོད་ཅིང་ལྷ་ཐམས་ཅད་གསལ་གདབ་པའམ། ཧཱུྃ་བྃ་མཱྃ་ཏཱྃ་པཱྃ་ལཱྃ། པཱུ་ཛ་ཨོ་ཨ་གོ་རཱ་དེ་མཱ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ས་བོན་ཙམ་བརྗོད་པས་ཀྱང་རུང་བར་རྗེ་གྲོལ་མཆོག་སོགས་ཀྱིས་གསུངས་སོ། །གཉིས་པ་ཕྱི་མཆོད་ནི། དངོས་སུ་བཤམས་པའམ་ཡིད་ཀྱིས་སྤྲུལ་པ་ལ་དམིགས་ཏེ་སུམྦྷས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨཱཿབདུན་ལས་ཐོད་པའི་སྣོད་བདུན་དུ། ཧཱུྃ་ལས་མཆོད་ཡོན་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་གྱིས་གང་བར་བསམ་ཞིང་། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་བརླབ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་བི་དྱེའི་བར་སྦྱར་བས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། ཨོཾ་བཛྲ་གཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ་ཏེ། བཛྲ་དྷརྨཱ་ཧྲི་ད་ཡ་སནྟོཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། །ཞེས་རོལ་མོ་འབུལ། །གསུམ་པ་བདུད་རྩིའི་མཆོད་པ་ནི། བདུད་རྩི་དངོས་སམ་ཡིད་ཀྱིས་སྤྲུལ་པ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ནས། གཡོན་པའི་མཐེབ་སྲིན་གྱིས་སྤྱི་བོ་ནས་འཐོར་ཞིང་། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙིང་གའི་ཐད་ནས་འཐོར་ཏེ། ཧཱུྃ་བྃ་སོགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་ཞེས་དང་། རང་གི་ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་རྣམས་སུ་བདུད་རྩིའི་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམ། ལྟེ་བའི་ཐད་ནས་འཐོར་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཨོཾ་ཨཱཿཧཱུྃ། ཨོཾ་ཤྲཱི་དྷརྨ་པཱ་ལ་ཙ་ཏུ་རྨུ་ཁ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དོ། །བཞི་པ་མཉེས་པའི་མཆོད་པ་ནི། རང་གི་ལྕེ་ལ་བདུད་རྩི་མྱངས་པས་ཕྱི་ནང་གི་ལྷ་ཐམས་ཅད་དགྱེས་ཤིང་། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཅེས་གསུངས་པར་བསམས་ལ། སྙིང་གར་རྣམ་ལྔ་འདོད་སྐོར་གྱི་མཐར་འཁྱུད་རྒྱ་བྱའོ། །ལྔ་པ་ཡིད་བྱུང་གི་མཆོད་པ་ནི། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་གྱི་རླབས་དང་། གསང་སྔགས་དང་ཕྱག་རྒྱའི་མཐུ་དང་། བདག་གི་མོས་པ་དང་ཏིང་འཛིན་དང་སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཅེས་བརྗོད་ལ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ན་མཿས་སནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཡེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜ་ལེ་མ་མ་པྲ་ཎི་དྷི་པུཎྱ་ཛྙཱ་ན་བ་ལ་ན། སརྦ་ཏ་ཐཱ་ག་ཏ་བ་ལོནྡྷ་བནྡྷ་སྭསྠཱ་ན་བ་ལེ་ན་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་ཕྱག་རྒྱ་བཀྲོལ་ཏེ་སེ་གོལ་ལན་གཉིས་བརྡབ་པར་བྱའོ། །དྲུག་པ་བསྟོད་པའི་མཆོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས་ཡབ་ཡུམ་གྱི་རྐང་བརྒྱད་ཚང་བར་བརྗོད། དེ་ཙམ་མི་ནུས་ན། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་།།ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །བརྒྱད་པ་བཟླས་པའི་རྣལ་འབྱོར་ལ། དམིགས་པ་ནི། ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཡབ་ཀྱི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་པདྨ་ནས་ཡབ་ཀྱི་གསུང་བའི་རྡོ་རྗེའི་བུ་གར་ཞུགས། སྐུའི་དབྱིབས་བརྒྱུད་དེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པའི་ཚུལ་གྱིས་རྒྱུན་མི་འཆད་པར་འཁོར་བས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་བསམས་ལ། བཟླ་བྱའི་སྔགས་ནི། རིན་ཆེན་བཞི་པོ་གང་མོས་པ་གཉིས་མེད་དུ་བཟླ་བར་གསུངས་པས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྦ་རི་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡབ་ཡུམ་གྱི་སྙིང་པོ་གཉིས་སུ་མེད་པ་གཙོ་བོར་བཟླ། གཞན་རྣམས་བཟླ་བར་འདོད་ན་སྒྲུབ་ཐབས་རྒྱས་པར་ཤེས། མཐར་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དངོས་གྲུབ་བླངས་ལ་ཡིག་བརྒྱ་ལན་གསུམ་གྱིས་བརྟན་པར་བྱའོ། །གཉིས་པ་གནས་པའི་རིམ་པ་ནི། བསྐྱེད་རིམ་གྱི་སེམས་འཛིན་ཏེ། དེ་ལ་གཉིས། ང་རྒྱལ་དང་། རྣམ་པ་ལ་སེམས་འཛིན་པའོ། །དང་པོ་ནི། ལུས་གནད་བསྲང་། རླུང་རང་བབས་སུ་བཞག །དྲན་པ་རྩེ་གཅིག་ཏུ་བྱས་ཏེ། ང་ནི་ཐ་མལ་པ་ནམ་ཡང་མ་ཡིན། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། འབྲས་བུས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་བཞུགས་པ་དཔལ་འཁོར་ལོ་སྡོམ་པ་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བསྐྱེད། དེའང་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་ཀློད། ཐ་མ་རང་སོ་བཟུང་ཞེས་སྤེལ་མའི་ཚུལ་དུ་ཉམས་སུ་བླང་། གཉིས་པ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། རང་འཁོར་ལོ་སྡོམ་པར་གསལ་བའི་སྐུའི་རྣམ་པ་སྤྱི་ཙམ་པ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་དབུ་ནས་ཞབས་ཀྱི་བར་བློ་ལ་གཅིག་ཅར་དུ་སྣང་བ་ལ་སྔར་བཞིན་སེམས་གཟུང་། གཉིས་པ་ལ་གཉིས། རྒྱན་མེད་དང་། རྒྱན་ཅན་ནོ། །དང་པོ་ནི། རྣམ་པ་སྤྱིའི་གསལ་སྣང་མ་ཤོར་བའི་ངང་སྤྱན་དབུས་མ་ནས་བརྩམས་ཏེ་ཡབ་ཡུམ་གྱི་སྐུའི་ཆ་ཤས་སོ་སོ་དང་། དེས་མཚོན་ཏེ་ལུས་དཀྱིལ་གྱི་ལྷ་སོ་སོ་ལ་སེམས་གཟུང་། གཉིས་པ་ནི། སོ་སོའི་རྒྱན་ཆ་རགས་ཕྲ་ནས་མེ་རི་དང་གདན་ཁྲིའི་བར་དུ་སེམས་བཟུང་ཞིང་། ཡུན་ཐུང་ལ་གྲངས་མང་བའི་ཚུལ་གྱིས་བསླབས་པས་གསལ་སྣང་མཐར་ཕྱིན་པར་བྱའོ། །ཐུན་མཐར་རྡོ་རྗེ་སེམས་དཔའི་བསྡུ་བས་འོད་གསལ་དུ་འཇུག་པ་ནི། རྒྱུ་མཚན་རྒྱས་པར་འོག་ཏུ་འབྱུང་ཞིང་། འདིར་དམིགས་པའི་ངོ་བོ་ཙམ་བརྗོད་ན། རང་གི་ལྟེ་བར་པད་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་ཅིང་། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཕྱི་ནང་གི་ལྷ་ཐམས་ཅད་དང་། ཁམས་གསུམ་སྣོད་བཅུད་མ་ལུས་པ་གསལ་ཞིང་གཡོས་ཏེ། རང་ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། ཡུམ་ཡབ་ལ། ཡབ་ལྟེ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། དེའི་ཡུམ་རྡོ་རྗེ་སེམས་དཔའ་ལ། དེ་ཐུགས་ཀའི་ཧཱུྃ་ནས་ནཱ་དའི་བར་དུ་ཐིམ་སྟེ། མཐར་ནཱ་དའང་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་བསམས་ལ། གནས་ལུགས་བརྗོད་བྲལ་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་མཉམ་པར་བཞག །སླར་ཡང་རང་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་སྐུར་གྱུར་པར་བསམས་ལ་དག་དྲན་རྒྱས་བསྡུས་གང་རུང་བྱའོ། །གསུམ་པ་ལྡང་བའི་རིམ་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་གསུམ། སྤྱོད་ལམ་གྱི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར་རོ། དང་པོ་ནི། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག །ཕྲག་པ་གཉིས་སུ་པཽ་ཥ་ཊ་ཧེ་ནག་པོ་ཧེ་རུ་ཀ །མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་གུ་རྟ་མཆོག་གི་ངོ་བོ། ཡུམ་གྱི་ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧེཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲེཾ་མྃ་དཀར་མོ་རྨོངས་བྱེད་མ། སྤྱི་བོར་ཧྲཱིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཀ་ཙཎྜི་ཀིའི་ངོ་བོར་མོས་པ་ནི་ཡབ་ཡུམ་གྱི་གོ་ཆ་དང་། པུ་ཛཱ་སོགས་ཉེར་བཞི་བརྗོད་པས་ལུས་དཀྱིལ་གྱི་ལྷ་རྣམས་རང་རང་གི་གནས་སུ་ཐིམ་པར་བསམ་པ་ནི་གོ་ཆ་ཆེན་པོ་དང་། སྡིགས་མཛུབ་དང་བཅས་སུམྦྷའི་སྔགས་བརྗོད་ཅིང་། ཕྱོགས་གཡོན་སྐོར་དང་། མཚམས་གཡས་སྐོར་དུ་སེ་གོལ་གཏོགས་པ་ཚམ་རྔམས་སྔགས་ཀྱི་སྲུང་བ་སྟེ། དེ་ལྟ་བུའི་སྲུང་བ་རྣམ་པ་གསུམ་གྱིས་བསྲུངས་ལ། རང་དང་སྣང་བ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ངོ་བོར་ཤེས་པས་སྔགས་ཟློས་བཞིན་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །འཁོར་ལོ་བདེ་མཆོག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེའི་ས་ལ་འགོད་པར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་ཀྱང་། །རོལ་མོ་གླུ་དབྱངས་སིལ་སྙན་སོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་ཆོས་གསུང་ཡང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ཐམས་ཅད་ལྷ་དང་ཡེ་ཤེས་སུ་ཤེས་པས་དུས་འདའ་བར་བྱའོ། །གཉིས་པ་ནི། ཐོད་པ་ལ་སོགས་པའི་སྣོད་དུ་ཤ་ཆང་གི་དམ་རྫས་དང་བཅས་པའི་གཏོར་མ་བཤམས། འོད་གསལ་གྱི་ངང་ལས་ལྷ་སྐུར་ལྡངས་ཏེ། ནང་མཆོད་ཆུ་ཆང་དང་སུམྦྷས་བསང་། སྭབྷཱ་བས་སྦྱང་། རྒྱས་པར་མངོན་རྟོགས་རྣམས་ནས་འབྱུང་བ་ལྟར་རམ། བསྡུ་ན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཧྲཱིཿས་བརླབ། མདུན་གྱི་ནམ་མཁར་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པ་གསལ་བར་དམིགས་ལ། བདག་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་དུར་ཁྲོད་བརྒྱད་ལ་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ཆ་བརྒྱད་དུ་གྱུར་པར་བསམས་ལ་འབར་བའི་ཕྱག་རྒྱ་དང་ལྡན་པས་ངག་ཏུ་ཕཻཾ་ཞེས་བརྗོད་ཅིང་། སེམས་ཀྱིས་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆ་དགུ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་དཀྱིལ་འཁོར་ཆ་དགུ་ལ་དགུག་གཞུག་བཅིངས་དབང་དུ་བྱས། ཨོཾ་ཡོ་ག་ཞེས་སོགས་བརྗོད་ཅིང་རྣམ་ལྔ་འདོད་སྐོར་བྱ་སྟེ་བརྟན་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུྃ་ལས་རྡོ་རྗེ་སྦུ་གུ་ཅན་ཧཱུྃ་གིས་མཚན་པར་བསམ། གཏོར་མ་ལས་ཐོད་པ་བདུད་རྩིས་གང་བ་དུ་མ་ཆད་དེ་ཐམས་ཅད་ཀྱི་ཕྱག་ཏུ་བཞག་པས་གསོལ་བར་བསམ་ཞིང་ལག་པ་རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ངག་ཏུ། ཨོཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲི་ཤྱ་ཧོཿཨོཾ་ཨཱཿཧཱུྃ། ཞེས་ལན་ལྔ་བརྗོད་པས་འཁོར་ལོ་དགུ་ཚན་ལྔ་རིམ་པ་བཞིན་ཚིམ་པར་བསམས་ཏེ། །སྔགས་མཆོད་དང་། ཕྱི་ནང་གིས་མཆོད། བསྟོད་པ་ཅི་རིགས་ཀྱི་མཐར། ཧེ་རུ་ཀ་དཔལ་འཁོར་བཅས་རྣམས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ། གཏོར་མ་གཉིས་པ་སོགས་ཡོད་ན་ཆོས་སྐྱོང་དང་། མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་གཏང་། ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་ཏེ། སྤྱན་དྲངས་པའི་གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས། མདུན་དུ་སྤྲུལ་པ་རྣམས་བདག་གི་ལུས་ལ་ཐིམ་པར་བསམ། དེ་ནས་དག་དྲན་དང་། གོ་ཆ་དགོད་པ་སོགས་སྔར་ལྟར་བྱའོ། །གསུམ་པ་ནི། ཁ་ཟས་ལ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་རེག་སྟེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་བདུད་རྩིའི་རང་བཞིན་དུ་བརླབས་ལ་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམ་པར་རོལ་པའི་མཐར་བདག་མེད་པའི་ངང་དུ་ངལ་བསོ། ནུབ་མོ་ཉལ་བའི་ཚེ་རྡོ་རྗེ་སེམས་དཔའ་བསྡུ་བའི་རིམ་པས་འོད་གསལ་ལ་འཇུག །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་སྔར་བཞིན་དུ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །བསྙེན་པ་བྱེད་ན་རྒྱས་པར་གཞན་དུ་ཤེས། བསྡུ་ན་མཚམས་དམ་དུ་བཅད། ཇི་སྐད་བཤད་པའི་མངོན་རྟོགས་ཐུན་བཞིའམ། གསུམ་དུ་བསྒོམས་ལ་ཡབ་ཡུམ་གྱི་སྙིང་པོ་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་བཟླས་པས་ཀྱང་ལས་རུང་ཙམ་དུ་འགྱུར་བ་ཡིན་ནོ། །གཉིས་པ་བརྟེན་པ་རྫོགས་པའི་རིམ་པ་ནི། རྒྱས་པར་རྩ་དབུ་མ་ཆེ་བའི་ཁྲིད་ཡིག་ལྟར་ཉམས་སུ་བླང་བར་བྱ་ཞིང་། འདིར་གཞུང་གི་དངོས་བསྟན་བསྡུ་བ་གསུམ་གྱི་རྫོགས་རིམ་ཅུང་ཟད་བརྗོད་ན་གསུམ། རྩ་བའི་གཞུང་གིས་མདོར་བསྟན་པ། དེའི་དོན་རྒྱས་པར་བཀྲལ་བ། ཉམས་སུ་ལེན་པའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་དང་། གྲུབ་ཆེན་གྱི་གཞུང་ལས། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེ་མཆོག་གི་གནས་གྱུར་པ། །དེ་ཡི་དབུས་སུ་རྣམ་པར་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་ཆོས་ཉིད་ཡིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་གྱིས་མི་ཁྱབ་དེ་བསམས་ནས། །དེ་ལས་གཟུགས་ནི་ཐོབ་པར་འགྱུར། །ཅེས་གསུངས་སོ། །གཉིས་པ་ནི། དེའི་དོན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། དེ་བརྗོད་པ་ལ་གསུམ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བ་དང་། ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བའོ། །དང་པོ་ནི། རྩ་བའི་དཔེ་ལྔ་དང་། ཡན་ལག་གི་དཔེ་དུ་མས་མཚོན་པ་སྟེ། དེའང་བསྐྱེད་པའི་རིམ་པའི་ཐུན་གྱི་མཇུག་ཏུ། བཅོམ་ལྡན་འདས་ཀྱི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བས་བརྒྱན་པར་བསྒོམ། དེར་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་དུ་བཞུགས་པ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡི་གེ་ཧཱུྃ་བསྒོམ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ཕྱིའི་ཧེ་རུ་ཀ་ཡབ་ཡུམ་ནས་འཁོར་ལོ་ནང་མ་དེ་ནས་རིམ་གྱིས་ཇེ་གསལ་ཇེ་གསལ་ཁམས་གསུམ་སྣོད་བཅུད་ཐམས་ཅད་གསལ་བར་བྱས་ལ། དེའི་སྟོབས་ཀྱིས་ཐམས་ཅད་ཕྲིག་ཕྲིག་གཡོས་པར་བསམས་ཏེ། དེ་ནི་རྡོ་ཁབ་ལེན་གྱིས་ལྕགས་གཡོ་བ་ཞེས་བྱ་བའི་དཔེ་དང་པོ་ཡིན་ནོ། །དེ་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་སྲུང་བའི་འཁོར་ལོ་ལ་བསྡུ་བ་ནས། བཅོམ་ལྡན་འདས་ཀྱི་ཞལ་བཞི་ལ་བསྡུ་བའི་བར་ཏེ། དཔེ་གཉིས་པ་ལྕི་བས་དངུལ་ཆུ་སྡུད་པ་ཞེས་བྱ་བ་ཡིན་ནོ། །འབྲིང་བསྡུས་གཉིས་ལ་ཕྱིའི་དཀྱིལ་འཁོར་མེད་པས་ཁམས་གསུམ་ལུས་ལ་སྡུད་པ་ཉིད་དཔེ་གཉིས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་ནི། ཞལ་གཅིག་ཕྱག་གཉིས་པར་བསྡུ་སྟེ། དཔེ་གསུམ་པ་རུས་སྦལ་ཡན་ལག་འཁུམས་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་བདག་ཕྱིའི་ཧེ་རུ་ཀ་ཡབ་ཡུམ་ལ་བསྡུ། ཡབ་ལྟེ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་བསྡུ། རྡོ་རྗེ་སྙེམས་མའང་ཡབ་ལ། ཡབ་ཧཱུྃ་ལ། ཧཱུྃ་གི་གདན་ཟླ་བ་ཞབས་ཀྱུ་ལ། ཞབས་ཀྱུ་ཁོག་པ་ལ། ཁོག་པ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ་བསྡུ་སྟེ། དེ་ནི་དཔེ་བཞི་པ་སྐར་མདའ་གཅིག་ལ་གཅིག་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཐིག་ལེའང་ཇེ་ཕྲ་ཇེ་ཕྲ་མི་དམིགས་པ་བསམ་གྱིས་མི་ཁྱབ་པའི་ངང་ལ་གཞག་པར་བྱ་སྟེ། དེ་ནི་རྩ་བའི་དཔེ་ལྔ་པ་ལན་ཚྭ་ཆུ་ལ་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཡན་ལག་གི་དཔེ་ནི་ངོ་བོ་ཉིད་ཀྱི་སྟེང་དུ་གཏན་ལ་དབབ་སྟེ། གོང་གི་སྤྲོས་པ་རྣམས་ནི་ཆ་ལུགས་སམ། འོད་ཟེར་རམ། རླབས་ཞེས་བྱ་བ་ཡིན་ལ། བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་ནི་གར་མཁན་དངོས་སམ། ཉི་མའམ། རྒྱ་མཚོ་ཉིད་དང་འདྲ་བ་ཡིན་པས་ན་གར་མཁན་ཉིད་དང་ཆ་ལུགས་དང་། ཉི་མ་དང་འོད་ཟེར་དང་། མཚོ་དང་རླབས་དག་ངོ་བོ་ཉིད་ཀྱི་སྟེང་དུ་ནི་ཆུ་ལ་ཆུ་བཞག་པའམ། མར་ལ་མར་བཞག་པ་སྟེ་ཡན་ལག་གི་དཔེ་ལྔས་མཚོན་པ་ཡིན་ནོ། །དེའི་ངང་ལ་བློ་ཇི་ཙམ་གནས་པ་ཅིག་བཞག་ལ། ལྡང་བར་འདོད་ན་གོང་དུ་བསྟན་པའི་ལྡང་བའི་རྣལ་འབྱོར་གྱིས་ཧེ་རུ་ཀར་ལངས་ཏེ། དག་པ་རྗེས་སུ་དྲན་པ་བྱ་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུ་བ་ཞེས་བྱ་བའི་རིམ་པ་འདི་ནི་བསྐྱེད་པའི་རིམ་པའི་རྗེས་ལ་ཅིས་ཀྱང་བསྒོམ་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུ་བའོ། །ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བ་འདི་གཉིས་ནི་བསྐྱེད་རིམ་གྱི་རྗེས་ལ་ཅིས་ཀྱང་འབྱུང་བའི་རྫོགས་རིམ་ནི་མ་ཡིན་ཏེ། རྣལ་འབྱོར་པ་བསྐྱེད་རིམ་ལ་བརྟེན་པའམ། ཡང་ན་ལས་དང་པོ་པ་ཉིད་ནས་ཀྱང་རུང་སྟེ། རླུང་དང་སེམས་ཀྱི་དམིགས་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་མྱུར་དུ་ཚོལ་བར་འདོད་པའི་རྟེན་ཡིན་པས། བསྐྱེད་པའི་རིམ་པ་རྒྱས་པར་བསྒོམས་པའི་རྗེས་སམ། འདི་ཉིད་གཙོ་བོར་བྱེད་པའི་དུས་སུ་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་དུ་དྲན་པར་བྱས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་ཤར་དུ་ས་རླུང་གི་རང་བཞིན་ལ་སེར་པོ། གཡོན་དུ་ཆུ་རླུང་གི་རང་བཞིན་ཝ་དཀར་པོ། རྒྱབ་ཏུ་མེ་རླུང་གི་རང་བཞིན་ར་དམར་པོ། གཡས་སུ་རླུང་རླུང་གི་རང་བཞིན་ཡ་ལྗང་གུ། དབུས་སུ་ནམ་མཁའི་རླུང་གི་རང་བཞིན་ཐིག་ལེ་ཁ་དོག་སྔོན་པོ་ཅིག་བསམས་ལ། རིམ་གྱིས་བློ་སྦྱང་བའི་ཕྱིར་དབུགས་ཕྱིར་རྒྱུ་བའི་དུས་སུ་མདུན་གྱི་ལ་སེར་པོ་ལས་འོད་ཟེར་ཁ་དོག་སེར་པོ་སྦོམ་ཕྲ་སྐུད་པ་འབྲིང་པོ་ཙམ་ལངས་ཏེ་གྱེན་དུ་བྱུང་བ་སྣ་སྒོ་གཡོན་པ་ནས་ཕྱུང་སྟེ། མདུན་དུ་སོར་བཅུ་དྲུག་ཙམ་གྱི་ཚད་དུ་བྱུང་བར་བསམ། རླུང་ནང་དུ་འཇུག་པ་དང་བསྟུན་ལ་འོད་ཟེར་དེ་ནང་དུ་བསྡོགས། ལ་སེར་པོ་དེ་ལ་བསྟིམས་ལ་ཡིད་ཀྱིས་ལ་སེར་པོ་དེ་ལ་བལྟ་ཞིང་རླུང་ཁ་སྦྱོར་གྱི་དམིགས་པ་བྱའོ། །དེས་དུ་བ་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་ས་རླུང་དབང་དུ་གྱུར་པའི་རྟགས་ཡིན་པས་ལ་སེར་པོ་དེ་གཡོན་གྱི་ཝ་དཀར་པོ་ལ་བསྟིམ། ཝ་དཀར་པོ་ལས་འོད་ཟེར་དཀར་པོ་སྣ་བུག་གཡོན་པ་ནས་འབྱུང་བ་དང་། འཇུག་པ་དང་། རླུང་གི་རྣལ་འབྱོར་དང་བཅས་པ་སྔ་མ་བཞིན་བསྒོམས་པས་སྨིག་རྒྱུ་ལྟ་བུ་མཐོང་བ་དེའི་ཚེ་ཆུ་རླུང་དབང་དུ་འདུས་པ་ཡིན་པས་ཝ་དཀར་པོ་དེ་རྒྱབ་ཀྱི་ར་དམར་པོ་ལ་བསྟིམ། ར་དམར་པོ་ལས་འོད་ཟེར་དམར་པོ་སྣ་གཡོན་ནས་འབྱུང་བ་དང་། འཇུག་པ་དང་། རླུང་གི་རྣལ་འབྱོར་སྔ་མ་བཞིན་དུ་བསྒོམས་པས་སྲིན་བུ་མེ་ཁྱེར་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་མེ་རླུང་དབང་དུ་འདུས་པ་ཡིན་པས་ར་དམར་པོ་དེ་གཡས་ཀྱི་ཡ་ལྗང་གུ་ལ་བསྟིམས་ལ་བཞག །ཡ་དེ་ལས་འོད་ཟེར་ལྗང་གུ་སྣ་གཡོན་ནས་འབྱུང་བ་དང་། འཇུག་པ་དང་། རླུང་གི་རྣལ་འབྱོར་སྔ་མ་བཞིན་དུ་བསྒོམས་པས་མར་མེ་འབར་བ་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་རླུང་གི་རླུང་དབང་དུ་འདུས་པའི་རྟགས་ཡིན་པས་ཡི་གེ་ཡ་ལྗང་གུ་དེ་དབུས་ཀྱི་ཐིག་ལེ་སྔོན་པོ་ལ་བསྟིམས་ལ་བཞག །དེ་ནས་ཐིག་ལེ་སྔོན་པོ་ལས་འོད་ཟེར་འབྱུང་འཇུག་མེད་པར་ཐིག་ལེ་ལ་ཡིད་ཀྱིས་བལྟ་ཞིང་རླུང་ཁ་སྦྱར་གྱི་རྣལ་འབྱོར་པས་ནམ་མཁའ་སྤྲིན་མེད་ལྟ་བུ་མཐོང་བ་དེའི་ཚེ་ནམ་མཁའི་རླུང་དབང་དུ་འདུས་པ་ཡིན་པས། འདིའི་མཇུག་ཏུ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་ཞེས་གསུངས་སོ། །ཡི་གེ་བསྡུ་བའོ། །ཐིག་ལེ་བསྡུ་བ་ནི། ཡི་གེ་རྣམས་ཀྱི་ཤུལ་དུ་ཐིག་ལེ་བསྒོམ་པ་སྟེ། ཤར་དུ་ཐིག་ལེ་སེར་པོ། གཡོན་དུ་དཀར་པོ། རྒྱབ་ཏུ་དམར་པོ། གཡས་སུ་ལྗང་གུ་རྣམས་བསྒོམས་ལ། འོད་ཟེར་གྱི་སྐུད་པའི་འབྱུང་འཇུག་དང་། རླུང་གི་རྣལ་འབྱོར་ལ་སོགས་པ་སྔ་མའི་ཚུལ་དུ་བསྒོམས་པས་མཐར་ཕྱིན་པའི་ཚད་སྔ་མ་བཞིན་དུ་འབྱུང་བར་འགྱུར་རོ། །དེས་ན་འདི་གཉིས་ཀྱང་རྣལ་འབྱོར་པ་རང་གི་བློ་ལ་གང་བདེ་བ་བསྒོམ་པ་ཡིན་ལ། གཅིག་གི་རྗེས་ལ་གཅིག་བསྒོམ་པ་ནི་མ་ཡིན་ནོ། ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་རིམ་ནི་བསྐྱེད་རིམ་གྱི་མཇུག་ཏུ་ངེས་པར་བསྒོམ་པའི་ཚུལ་གོང་དུ་བསྟན་ཟིན་ཅིང་། ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བ་ནི་བསྐྱེད་རིམ་དང་འབྲེལ་ན་རྡོ་རྗེ་སེམས་དཔའ་བསྡུ་བའི་གོང་དུ་བསྒོམ། བསྐྱེད་རིམ་ལ་ཅུང་ཟད་བརྟན་པ་ཐོབ་པས་རྫོགས་རིམ་གཙོ་བོར་བྱེད་ནས་འདི་རྐྱང་པ་བསྒོམ་ན། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་རྣམས་སྔོན་དུ་འགྲོ་བས། བླ་མ་རང་ལ་བསྟིམས་པའི་རྐྱེན་གྱིས་རང་སྐད་ཅིག་གིས་དཔལ་འཁོར་ལོ་བདེ་མཆོག་གི་སྐུར་གྱུར་པར་བསམས་ལ་སེམས་གཟུང་། གསལ་སྣང་ཐོན་པ་ན་ལུས་བསྲང་། རླུང་རོ་བསལ། རང་གི་ལུས་ཀྱི་ནང་ཐམས་ཅད་སྟོང་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྲུལ་འཁོར་གྱི་ལྟེ་བར་ཇི་སྐད་བཤད་པའི་ཡི་གེའམ་ཐིག་ལེ་བསྒོམ། དེ་ལ་སེམས་ཟིན་པ་ན་འོད་ཀྱི་འབྱུང་འཇུག་བྱ། དེ་བརྟན་པའི་ཕྱིར་བུམ་པ་ཅན་ཁ་སྦྱར་དུ་བཟུང་བ་སོགས་ཇི་སྐད་གསུངས་པ་ལྟར་ཉམས་སུ་བླང་ངོ་། །དེ་ལྟར་བསྐྱེད་རྫོགས་ཀྱི་རིམ་པ་ཟབ་མོ་འདི་ནི་སྐུ་གསུམ་ལམ་བྱེད་ཀྱི་རྣལ་འབྱོར་དུ་ཇི་ལྟར་འགྱུར་པའི་ཚུལ་རྗེ་བཙུན་རིན་པོ་ཆེས། དེ་ལ་སློབ་དཔོན་ལཱུ་ཧི་པའི་དགོངས་པ་ཇོ་བོ་ནཱ་རོ་ཏ་པས་བསྐངས་པས་མངོན་པར་རྟོགས་པ་གཅིག་ལ་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཡིན་ཏེ། དེ་ཡང་བློའི་སྤྱོད་ཡུལ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པ་དང་། མངོན་པར་རྟོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པའོ། །དང་པོ་བདག་གི་བློ་སྣང་གི་དཀྱིལ་འཁོར་ནི་ཞིང་སྐྱེས་ཀྱིས་སྤྲུལ་ལ། ཞིང་སྐྱེས་ཉིད་ཀྱང་ལྷན་སྐྱེས་ཀྱིས་སྤྲུལ་པའི་ཕྱིར། དེ་གཉིས་ཀའང་སྤྲུལ་པའི་སྐུའོ། །ལྷན་སྐྱེས་ནི་གནས་འཕོ་བ་མེད་པའི་ཚུལ་གྱིས་ཟག་པ་མེད་པའི་བདེ་བ་དང་། ཆོས་ལ་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའོ། །ཆོས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཉིད་དོ། །གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་འཇོག་ན། བདེ་བ་ཆེན་པོའི་འཁོར་ལོ་ནི་ཆོས་ཀྱི་སྐུ། འཁོར་ལོ་གསུམ་ནི་ལོངས་སྐུ། སྒོ་མཚམས་མ་བརྒྱད་ནི་སྤྲུལ་པའི་སྐུའོ། །མངོན་པར་རྟོགས་པ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་འཇོག་ན། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་བཅས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། རྫོགས་པའི་རིམ་པ་སྤྱོད་པ་གཅིག་དང་བཅས་པ་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་སོ། །དེ་ལ་འབྲིང་བསྡུས་གཉིས་ཀྱི་དབང་དུ་བྱས་ན་ཕྱིའི་དཀྱིལ་འཁོར་མེད་པས། ལུས་ལ་ལྷ་རྣམས་རྫོགས་པར་བསྐྱེད་པ་ཙམ་ནི་སྤྲུལ་པའི་སྐུ་ཡིན་ལ། བསྐྱེད་པ་གསལ་གདབ་པ་དང་། ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་ནི་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། མདོར་ན་རིམ་གཉིས་བཟླས་པ་དང་བཅས་པ་ལ་བརྩོན་པས་དྲོད་ཅི་རིགས་པ་ཐོབ་ནས། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་བོགས་དབྱུང་ཞིང་། ཡེ་ཤེས་ལ་དབང་འབྱོར་པ་ན་གཞན་དོན་དུ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པས་མཚམས་སྦྱར་ཏེ་མཐར་ཐུག་གི་འབྲས་བུ་ལ་རེག་པར་འགྱུར་རོ། །བཞི་པ་དེས་གྲུབ་པའི་འབྲས་བུ་ནི། དམན་བཞི་སོགས་ལས་རབ་འབྱམས་དང་། འབྲིང་གྲུབ་པ་ཆེན་པོ་བརྒྱད་དང་། འབྲིང་གི་རབ་མཁའ་སྤྱོད་ཀྱི་རིག་པ་འཛིན་པ་ཐོབ་པར་འགྱུར་བ་ནི་གནས་སྐབས་ཀྱི་འབྲས་བུ་ཡིན་ལ། །མཐར་ཐུག་ལམ་ལྔ་དང་ས་བཅུ་བདེ་བླག་ཏུ་བགྲོད་དེ་མཆོག་གི་དངོས་གྲུབ་སྐུ་གསུམ་གྱི་རང་བཞིན་སངས་རྒྱས་ཀྱི་ས་རྡོ་རྗེ་འཛིན་པ་ཉིད་འགྲུབ་པར་འགྱུར་བ་ཡིན་ནོ། །རྣལ་འབྱོར་གསང་མཐའ་འཁོར་ལོ་བདེ་མཆོག་གི། །རིམ་གཉིས་མན་ངག་གྲུབ་པའི་ཞལ་གྱི་ལུང་། །བདེ་ཆེན་འདོད་འཇོ་འདིར་བསྟེན་ཡིད་ཅན་ཀུན། །འཆི་མེད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྗེ་བཙུན་རྡོ་རྗེ་འཆང་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ཇི་ལྟ་བ་ལ། ཀུན་མཁྱེན་ཆེན་པོའི་རྣམ་བཤད་དང་། རྗེ་སངས་རྒྱས་དཔལ་བཟང་སློབ་ཚོགས་དང་བཅས་པའི་ཟིན་བྲིས་སོགས་ལས་དོན་གྱི་སྙིང་པོ་མདོར་བསྡུས་ཏེ། མང་དུ་ཐོས་པ་ལྟར་སྣང་བའི་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །འདིའི་རྫོགས་རིམ་ནི། རྗེ་བཙུན་རིན་པོ་ཆེའི་གསུང་གི་དངོས་བསྟན་བླ་མ་ཕྱི་མ་རྣམས་ཀྱིས་ཀྱང་སོར་བཞག་ཏུ་མཛད་པ་ལྟར་བྲིས་པ་ཡིན་ལ། དམིགས་པ་ཉམས་སུ་ལེན་ཚུལ་ཞིབ་པར་ཁྲིད་ཡིག་དག་ལས་ཤེས་པར་བྱའོ།། །། | ཨོཾ་སྭསྟི་སིདྡྷཾ། གང་གི་དྲིན་གྱིས་ལྷན་སྐྱེས་བདེ་བ་མཆོག །སྩོལ་མཛད་འཁོར་ལོའི་དབང་ཕྱུག་བླ་མ་ལ། །བཏུད་ནས་དངོས་གྲུབ་མཆོག་བརྙེས་ལཱུ་ཧི་པའི། །གདམས་ཟབ་བསྐྱེད་རྫོགས་སྙིང་པོ་ཅུང་ཟད་དབྱེ། །འདི་ལ་གཉིས། རྒྱུད་ལས་ཇི་ལྟར་གསུངས་པའི་ཁུངས་དགོད་པ་དང་། མངོན་པར་རྟོགས་པ་བསྒོམ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། རྩ་རྒྱུད་ཀྱི་གླེང་གཞིའི་གསང་བ་ཞེས་པའི་ཚིག་གིས་བསྟན་པའི་ལམ་རིམ་དང་། ལེའུ་ལྔ་བཅུ་རྩ་གཅིག་པའི་དེ་ཁོ་ན་ཉིད་བཅུ་བཞིས་བསྟན་པའི་ལམ་རིམ་དང་། བཤད་རྒྱུད་ཀུན་སྤྱོད་ནས་གསུངས་པའི་ལམ་གྱི་རིམ་པའོ། །དང་པོ་ནི། རྩ་རྒྱུད་ཀྱི་ཐོག་མར། དེ་ནས་གསང་བ་བཤད་བྱ་བ། །ཞེས་བྱ་བའི་གསང་བ་ཞེས་པའི་ཚིག་ངེས་དོན་དུ་བཤད་ན། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་དང་། དེ་དག་གི་བསྒྲུབས་པའི་འབྲས་བུ་གསུམ་བསྟན་པ་ལས། དང་པོ་ནི། གསང་བ་མཆོག་གི་དགེས་པ་ན། །ཞེས་སོགས་ཚིག་བཅད་གཉིས་ཀྱི་སྟོན་ཏེ། འདི་ལ་རྟེན་ལ་སྦྱར་བ་དང་། བརྟེན་པ་ལ་སྦྱར་བ་གཉིས་ལས། དང་པོ་ནི། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་རྣལ་འབྱོར་པའི་རྟེན་རི་བོ་ཚང་ཚིང་རི་སུལ་ལ་སོགས་པ་སྟོན་ཅིང་། ལྷའི་རྟེན་མངལ་སྐྱེས་སྒོང་སྐྱེས་གང་བསྒོམ་ཡང་རླུང་གི་དཀྱིལ་འཁོར་ནས་རི་རབ་ཀྱི་བར་བསྟན་ནོ། །ཡང་ལྷའི་རྟེན་ཐུན་མོང་མ་ཡིན་པ་ཆོས་འབྱུང་ནས་གཞལ་ཡས་ཁང་གི་བར་ཡང་བསྟན་ནོ། །བརྟེན་པ་ལྷ་བསྐྱེད་པ་ལ། མཁའ་འགྲོ་ཀུན་དངོས་སེམས་པ་ནི། ཞེས་པ་ནས། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། ཞེས་པའི་བར་ཚིག་རྐང་བ་དྲུག་གིས་མངལ་སྒོང་གཉིས་ཆར་གྱི་བསྐྱེད་རིམ་རྫོགས་པར་བསྟན་ནོ། །གཉིས་པ་རྫོགས་པའི་རིམ་པ་ལ་སྦྱར་ན། གསང་བ་མཆོག་གི་དགེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་པས་རྫོགས་རིམ་རིམ་བཞིའི་དང་པོ་ཤེས་བྱ་རྒྱུད་ཀྱི་རིམ་པ་བསྟན། སྒྲ་ཡི་ཚུལ་ལ་ངེས་འབྱུང་ཞིང་། །དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན། །ཅེས་པས་སྔགས་ཀྱི་རིམ་པ་བསྟན། །མཁའ་འགྲོ་ཀུན་དངོས་སེམས་པ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཅེས་པས་ཡེ་ཤེས་ཀྱི་རིམ་པ་བསྟན། །འདི་ནི་རང་བྱུང་བཅོམ་ལྡན་པ། །མཁའ་འགྲོ་དྲྭ་བའི་སྡོམ་པ་ནི། །ཞེས་པས་གསང་བའི་རིམ་པ་བསྟན་ཏེ། དེ་ལྟར་ན་གསང་བ་ཞེས་དང་། དེའི་དོན་ཚིགས་བཅད་གཉིས་ཀྱིས་ལམ་གྱི་གསང་བ་བསྐྱེད་རྫོགས་གཉིས་ཀ་སྟོན་པས། འཁོར་ལོ་བདེ་མཆོག་གི་ལམ་གྱི་རིམ་པ་མ་ལུས་པ་བསྟན་ནོ། །གསུམ་པ་དེ་དག་གིས་བསྒྲུབས་པའི་འབྲས་བུ་གསང་བ་ནི། ཐུན་མོང་དང་མཆོག་གི་དངོས་གྲུབ་སྟེ། །སྔགས་བཟླས་བསམ་གཏན་ལ་སོགས་ལྡན། །ཆོ་གའི་སྦྱོར་ཉིད་ཡེ་ཤེས་ཀྱང་། །ཞེས་པས་བསྟན་ནོ། །གཉིས་པ་ནི། རྩ་རྒྱུད་ལེའུ་ལྔ་བཅུ་རྩ་གཅིག་པ་ལས། གོས་དང་ཕྱག་རྒྱ་ལྔ་ལ་སོགས། །ཤེས་རབ་ཡན་ལག་ཕུར་བུ་དྲ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ། །རྒྱུ་སོགས་སྟོང་པ་སྔོན་འགྲོ་བ། །འཇུག་པ་སྒྲ་ལ་སོགས་པ་ནས། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཞིང་། །བདུད་རྩི་ཚིམ་བྱེད་མྱ་ངན་འདས། །ལག་པའི་མཆོད་པ་དབང་བསྐུར་བ། །གོ་ཆ་ཆེན་པོས་ཡང་དག་བསྲུང་། །སྔགས་རྣམས་ཀུན་གྱིས་མཆོད་པ་ཡིན། དེ་ལྟར་དེ་ཉིད་བཅུ་བཞི་ནི། །མདོར་བསྡུས་ནས་ནི་བཤད་པ་ཡིན། །ཞེས་གསུངས་ཏེ། འདི་ཉིད་ལྷ་མངལ་སྐྱེས་ལྟར་ན། བསྐྱེད་རིམ་འབའ་ཞིག་གི་མཉམ་བཞག་རྗེས་སྤྱོད་དང་བཅས་ལ་སྦྱར་བ་དང་། ལྷ་སྒོང་སྐྱེས་ལྟར་ན། བསྐྱེད་རྫོགས་མ་ལུས་པ་སྦྱར་བ་གཉིས་ལས། འདིར་ཕྱི་མ་ལྟར་བཤད་ན། གོས་ནི་ཕན་འདོགས་པས་གོས་ཞེས་བྱ་སྟེ། བསྐྱེད་རིམ་གྱི་སྔོན་འགྲོ་ཚངས་པའི་གནས་བཞི་བསྒོམ་པ་ལ་སོགས་པའོ། །ཕྱག་རྒྱ་ལྔ་ལ་སོགས་པ་ནི་མཉམ་བཞག་གི་དུས་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་ལ་ཡོད་པའི་རྒྱན་ནོ། །ཤེས་རབ་ཡན་ལག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དག་པ་དྲན་པའོ། །ཕུར་བུ་དྲ་བ་ནི་རྗེས་སྤྱོད་ཀྱི་དུས་སུ་ཚམ་རྔམ་སྔགས་ཀྱིས་སྲུང་བ་བྱེད་པའོ། །ཨཱ་ལི་ཀཱ་ལི་ཞེས་བརྗོད་པ་ནི་ངག་དག་པར་བྱེད་པ་སྟེ། དེས་མཚོན་ནས་ཐོག་མ་ཉིད་དུ་ལུས་ངག་ཡིད་གསུམ་དག་པར་བྱ་བའོ། །རྒྱུ་སོགས་བསོད་ནམས་ཀྱི་ཚོགས། སྟོང་པ་སྔོན་འགྲོ་བ་ཡེ་ཤེས་ཀྱི་ཚོགས་སོ། །འཇུག་པ་ནི་སེམས་ཅན་གྱི་དོན་ལ་འཇུག་ཅིང་སྤྲོ་བ་ཡིན་ལ། སྒྲ་ལ་སོགས་པས་ནི། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྣ་ཚོགས་པདྨའི་བར་དུ་བསྐྱེད་པ་དང་། སྣ་ཚོགས་པདྨའི་ལྟེ་བར་ཨཱ་ལི་ལས་ཟླ་བ། དེའི་སྟེང་དུ་ཀཱ་ལི་ལས་ཉི་མ། དེའི་བར་དུ་ཧཱུྃ། ཉི་མའི་སྟེང་དུ་ཡི་གེ་གསུམ་རིམ་པ་བཞིན་དུ། དེའི་སྟེང་དུ་པདྨ། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཧཱུྃ་སྟེ་ཡི་གེ་གསུམ་མས་རིམ་གྱིས་གཅིག་ལ་གཅིག་ཐིམ་ནས་ཧཱུྃ་གི་ཐིག་ལེ་ནཱ་དར་གྱུར་པའི་བར་ནི་སྒྲ་ཡིན་ལ། སོགས་པ་ཞེས་པའི་ནི་ནཱ་ད་སྒྲ་དེ་ཉི་ཟླའི་བར་གྱི་ཚུལ་ཧཱུྃ་ལ་ཐིམ་སྟེ། དེ་ཐམས་ཅད་གྱུར་པ་ལས། རྟེན་བརྟེན་པ་ཐམས་ཅད་དུས་གཅིག་ལ་བསྐྱེད་པའོ། །དེ་ནས་བརྩམ་ནས། ཇི་སྲིད་བསྡུས་པའི་སྦྱོར་ལྡན་ཞིང་ནི། སྤྲུལ་སྐུ་ལ་དམིགས་པའི་རྗེས་ལ་ལུས་དཀྱིལ་བསྒོམ་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་ལ་དམིགས་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པ་དང་། །ཆོས་ཀྱི་སྐུ་ལ་དམིགས་པའི་བར་དང་། ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་བར་བསྡུ་བའོ། །བདུད་རྩི་ཚིམ་བྱེད་ནི་མཆོད་པ་བྱེད་པའི་དུས་སུ་བདུད་རྩི་མྱོང་བའོ། མྱ་ངན་འདས་ནི་ཕྱག་རྒྱ་བཞི་དང་། རྡོ་རྗེ་སེམས་དཔའ་བསྡུ་བ་སོགས་རྫོགས་རིམ་བསྒོམ་པ་སྟེ། དེ་ལྟར་དེ་ཁོ་ན་ཉིད་བཅུ་པ་དེས་ནི་མཉམ་གཞག་ཁོ་ན་བསྟན་ཏོ། །ལག་པའི་མཆོད་པ་ལ་སོགས་པ་བཞི་ནི་རྗེས་སྤྱོད་ཁོ་ན་སྟེ། རྗེས་སྤྱོད་ཀྱི་དུས་སུ་ལག་མཆོད་བྱ་བ་དང་། དབང་བསྐུར་བ་ཁྲུས་ཀྱི་རྣལ་འབྱོར་བྱ་བ་དང་། རྗེས་ཀྱི་དུས་སུ་གོ་ཆ་ཆེན་པོས་བདག་ཉིད་བསྲུང་བ་དང་། རྩ་བའི་སྔགས་བརྗོད་པ་ལ་སོགས་པའི་སྔགས་རྣམས་ཀུན་གྱིས་མཆོད་པ་བྱ་བ་སྟེ། དེ་ལྟར་ན་འབྲས་བུ་འགྲུབ་པ་ལ་མི་བསླུ་ཞིང་། སྒྲུབ་པ་པོ་ལ་ཕན་འདོགས་པར་བྱེད་པ་དེ་ཁོ་ན་ཉིད་བཅུ་བཞི་པོ་དེ་ནི། བདེ་མཆོག་ཉུང་ངུའི་རྒྱུད་འདིར། འབུམ་ཕྲག་གསུམ་པའི་རྒྱུད་ལས། མདོར་བསྡུས་ནས་བཤད་པ་ཡིན་ནོ། །གསུམ་པ་ནི། བཤད་རྒྱུད་ཀུན་སྤྱོད་ལས་གསུངས་པའི་ལམ་གྱི་རིམ་པ་ལ་གཉིས་ཏེ། རྒྱུད་ཀྱི་བརྗོད་བྱ་མ་ལུས་པ་འཁྲུགས་བསྡེབས་པའི་ལམ་རིམ་དང་། ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུ་བའོ། །དང་པོ་ནི། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་བརྗོད་བྱ་ཐམས་ཅད་གཉིས་སུ་བསྡུ་བ་དང་། གསུམ་དུ་བསྡུ་བ་དང་། བཞིར་བསྡུ་བ་དང་གསུམ་ལས། །དང་པོ་ནི། དེ་བཞིན་གཤེགས་པའི་དབུགས་དབྱུང་དང་། རྡོ་རྗེ་འཛིན་པའི་དབུགས་དབྱུང་གཉིས་ཏེ། དེ་ཉིད་རྒྱུའི་དབང་དུ་བྱས་ན་ཀུན་རྫོབ་ཀྱི་བདེན་པ་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་། དོན་དམ་པའི་བདེན་པ་ནི་རྡོ་རྗེ་འཛིན་པའི་དབུགས་དབྱུང་། ལམ་གྱི་དབང་དུ་བྱས་ན་བསྐྱེད་རིམ་དང་། རྫོགས་རིམ་གཉིས། འབྲས་བུའི་དབང་དུ་བྱས་ན་གཟུགས་སྐུ་དང་། ཆོས་སྐུ་གཉིས་ལ་དབུགས་དབྱུང་གཉིས་སྦྱར་དགོས་ཏེ། ཀུན་སྤྱོད་ལས། རྒྱུད་འདི་ཡི་ནི་རྣལ་འབྱོར་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་དང་། ཀུན་སྤྱོད་ལེའུ་བཅུ་གསུམ་པ་ལས། བསོད་ནམས་ཡེ་ཤེས་ཚོགས་དག་ནི། །བདེན་པ་གཉིས་ལ་བརྟེན་པ་ཡིན། །ཞེས་དང་། ལེའུ་བཅུ་གཅིག་པ་ལས། བདེ་གཤེགས་དབུགས་དབྱུང་གསུངས་པ་ནི། །དག་པའི་ལུས་ནི་སྐྱོན་མེད་པ། །ཞེས་གསུངས་པས་སོ། །གཉིས་པ་ནི། ལམ་གྱི་ཀུན་ཏུ་སྤྱོད་པ་དང་། དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་ཏུ་སྤྱོད་པ་དང་། འབྲས་བུའི་ཀུན་ཏུ་སྤྱོད་པ་གསུམ་དུ་འདུས་སོ། །གསུམ་པ་ནི། དེའི་སྔོན་དུ་རྒྱུའི་ཀུན་སྤྱོད་སྔོན་དུ་སོང་བས་ཉམས་སུ་ལེན་པའི་རྟེན་གྱི་གང་ཟག་བགྲངས་ན་བཞིར་འགྱུར་རོ། །དེ་ལྟར་བཤད་ན་རྟེན་གྱི་གང་ཟག་ལ་གཉིས་ཏེ། ལམ་ལ་འཇུག་པ་དང་། ཞུགས་པའོ། །དང་པོ་ལ་གསུམ། མི་དགེ་བ་འབའ་ཞིག་སྤྱོད་པ་ལམ་དག་པ། ཕ་རོལ་ཏུ་ཕྱིན་པས་རྒྱུད་ཅི་རིགས་སྦྱངས་བ་དག་པ། རེས་སྡིག་པ། རེས་དགེ་བ་སྤྱོད་པ་འདྲེས་པ་སྟེ། དེ་སྐད་དུ། དག་དང་མ་དག་འདྲེས་པ་སྟེ། །སྒྲུབ་པ་པོ་ནི་གསུམ་དུ་གནས། །ཞེས་གསུངས་པས་སོ། །ལམ་ཞུགས་ལའང་གསུམ་སྟེ། བསྐྱེད་རིམ་འབའ་ཞིག་ལ་དགའ་བ་མཉེས་པར་བྱེད་པའི་སྒྲུབ་པ་པོ་དང་། རྫོགས་རིམ་འབའ་ཞིག་བསྒོམ་པ་རྣམ་པར་དག་པའི་སྒྲུབ་པ་པོ་དང་། ཟུང་དུ་འཇུག་པ་ལ་དགའ་བ་གསལ་བྱེད་ཡོན་ཏན་ལྡན་པ་ཞེས་བྱ་བ་སྟེ། དེ་ཡང་། མཉེས་བྱ་རྣམ་པར་དག་པ་དང་། །གསལ་བྱེད་ཡོན་ཏན་ལྡན་པའི་མི། །ཞེས་གསུངས་པ་ཡིན་ནོ། །ཡང་རྒྱུད་འདིར་ནི་གང་ཟག་གཉིས་ཏེ། སྤང་བར་བྱ་བ་དང་། བསྒྲུབ་པར་བྱ་བའི་གང་ཟག་གོ། །དང་པོ་ནི། ལེའུ་བཅུ་གཅིག་པ་ལས། ལྐུགས་ཤིང་གླེན་པ་སྡིག་དང་ལྡན། །བྱིས་པའི་ཤེས་པས་ཤེས་པ་ཅན། །སེམས་ཅན་ཡོངས་སུ་མ་སྨིན་དང་། །ཕྱི་རོལ་བསྟན་བཅོས་ཀྱིས་འཆལ་བ། །དེ་དག་ཀུན་གྱིས་མི་ཤེས་ཏེ། །མི་ཤེས་མུན་པས་ཁེབས་པ་དང་། །ཁེངས་པ་ལ་ནི་རྟག་དགའ་བ། །ང་རྒྱལ་ལ་སོགས་བདུན་སེམས་ལྡན། །དེ་དག་ཀུན་ཀྱང་སངས་རྒྱས་ཀྱི། །སྤྱོད་ཡུལ་གསང་བ་མི་ཤེས་སོ། །ཞེས་པའི་ཡན་ལག་གསུངས་པ་དང་། །སྒྲུབ་པའི་མཚན་ཉིད་ཀྱང་དེ་ཉིད་ལས། །བླ་མའི་རིམ་པ་ཇི་ལྟར་བསྟན། །གང་གིས་མྱུར་དུ་ཤེས་འགྱུར་བ། །སྐྱེ་བོ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། དད་པ་ཡང་དག་ལྡན་པ་དང་། །རྣལ་འབྱོར་སྤྱོད་ཚུལ་ལ་གནས་ཡིན། །ཞེས་གསུངས་ལ། ལེའུ་དང་པོ་ལ་རྣལ་འབྱོར་གྱི་དབང་ཕྱུག་ཅེས་གསུངས་སོ། །དང་པོ་ལམ་གྱི་ཀུན་ཏུ་སྤྱོད་པ་ལ་གསུམ། རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ཕྱིའི་ཀུན་སྤྱོད་སྤྲུལ་པའི་སྐུ་ལམ་དུ་བྱེད་པ་དང་། ལུས་ལ་ལྷ་རྣམས་རྫོགས་པར་བསྒོམ་པ་ནང་གི་ཀུན་སྤྱོད་ལོངས་སྐུ་ལམ་དུ་བྱེད་པ་དང་། རྫོགས་པའི་རིམ་པ་ཉམས་མྱོང་དང་བཅས་པ་ནི་རྫོགས་པའི་ཀུན་སྤྱོད་ཆོས་སྐུ་ལམ་དུ་བྱེད་པའོ། །གཉིས་པ་དེ་རྫོགས་པར་བྱེད་པ་ཡན་ལག་གི་ཀུན་ཏུ་སྤྱོད་པ་ལ་གསུམ་སྟེ། དང་པོ་རྫོགས་པར་བྱེད་པའི་ཡན་ལག་དང་། གསུམ་ག་རྫོགས་པར་བྱེད་པའི་ཡན་ལག་དང་། དེ་དག་བརྟན་པར་བྱེད་པའི་སྤྱོད་པའོ། །དང་པོ་ལ་ལྔ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་སྦྱང་བསྒྱུར་དང་། ཚོགས་གཉིས་བསགས་པ་དང་། གོ་ཆ་བཅིང་བ་དང་། ཡེ་ཤེས་པ་དགུག་པ་དང་། དབང་བསྐུར་བའོ། །གཉིས་པ་ལ་ལྔ་སྟེ། སྔགས་མཆོད་དང་། །གསང་པའི་མཆོད་པ་དང་། དམ་ཚིག་ཅན་ལ་གཏོར་མ་སྦྱིན་པ་དང་། དམ་ཚིག་དང་། སྡོམ་པ་དང་། ཐུན་མོང་གི་བྱ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དང་། ཐུན་མཚམས་གྱི་ཕྱེ་བའོ། །འདི་ལའང་ལྔ་སྟེ། ཁམས་དང་རྒྱན་ཆའི་དག་པ་དང་། སུམ་བྷ་ནིའི་སྲུང་བ། སྤྱོད་ལམ་གྱི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར། ཉལ་བ་དང་ལྡང་བའི་རྣལ་འབྱོར་རོ། །གསུམ་པ་ལ་རང་དོན་གྱི་སྤྱོད་པ་དང་། གཞན་དོན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་གཉིས་ལས། དང་པོ་ལ་གསུམ་སྟེ། བསྐྱེད་རིམ་བརྟན་པར་བྱེད་པ་སྤྲོས་བཅས་ཀྱི་སྤྱོད་པ། རྫོགས་རིམ་བརྟན་པར་བྱེད་པ་སྤྲོས་མེད་ཀྱི་སྤྱོད་པ། །གཉིས་ཀ་བརྟན་པར་བྱེད་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །གསུམ་པ་འབྲས་བུའི་ཀུན་ཏུ་སྤྱོད་པ་ལ། ཐུན་མོང་གི་དངོས་གྲུབ་དང་། མཆོག་གི་དངོས་གྲུབ་དང་། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་གསུམ་སྟེ། དེ་ལྟར་ན་ཀུན་ཏུ་སྤྱོད་པ་ཞེས་པའི་ཚིག་དེ་ཉིད་ཀྱིས། འཁོར་ལོ་བདེ་མཆོག་གི་ལམ་དང་འབྲས་བུ་མ་ལུས་པ་བསྟན་ཅིང་། ལེའུ་གང་ནས་གང་འབྱུང་བ་ནི་རྒྱུད་ཀྱི་སྟེང་དུ་རྟོགས་པར་བྱའོ། །གཉིས་པ་ལམ་གྱི་དངོས་གཞི་ཉིན་ཞག་ཕྲུགས་གཅིག་ལ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་པ་ནི། ཀུན་སྤྱོད་ལེའུ་བཅུ་གཉིས་པ་ལས། འདུག་དང་ལྡང་བ་ཉིད་དང་ནི། །འཇུག་དང་རྫོགས་པ་ཉིད་དག་དང་། །བྱིན་གྱིས་བརླབ་དང་དབང་བསྐུར་དང་། །ཏིང་འཛིན་མཆོད་པ་བསྡུ་བ་ཡིན། །ཞེས་བྱ་བ་དེ་ཁོ་ན་ཉིད་བཅུ་སྟེ། དེ་ལ་གདུག་པ་ཞེས་བྱ་བ་ནི། ཚངས་པའི་གནས་བཞི་དང་། གཞི་སྦྱང་བསྒྱུར་དང་། སྲུང་བའི་འཁོར་ལོ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་བདག་མེད་པ་ལ་བློ་ཅུང་ཟད་འདུག་པ་ཡིན་ནོ། །གཉིས་པ་ལྡང་བ་ནི། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་སེམས་ཅན་གྱི་དོན་བྱའོ་སྙམ་པའི་བསམ་པས་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྒོམ་པའོ། །གསུམ་པ་འཇུག་པ་ནི། རི་རབ་ཀྱི་སྟེང་དུ་མངོན་པར་བྱང་ཆུབ་པ་ལྔ་ལས་རྟེན་དང་བརྟེན་པ་དུས་གཅིག་ཏུ་ཕྱིའི་དཀྱིལ་འཁོར་བསྒོམ་པའོ། །བཞི་པ་རྫོགས་པ་ནི། ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྒོམ་པ་སྔགས་ཀྱི་བྱིན་གྱིས་བརླབ་པའོ། །ལྔ་པ་བྱིན་གྱིས་བརླབ་པ་ནི། ཕོ་ཉ་བསྲེ་བ། གོ་ཆ་བཅིང་པ། ཡེ་ཤེས་པ་དགུག་པ་རྣམས་ཡིན་ནོ། །དྲུག་པ་ནི། དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་གདབ་པ་དང་བཅས་པའོ། །བདུན་པ་ཏིང་ངེ་འཛིན་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་དྲན་པར་བྱས་ལ། ལྷའི་སྐུ་མདོག་དང་ཕྱག་མཚན་ལ་སེམས་ཅུང་ཟད་འཛིན་པ་ཡིན་ནོ། །བརྒྱད་པ་མཆོད་པ་ནི། སྔགས་ཀྱི་མཆོད་པ་དང་། ཕྱིའི་མཆོད་པ་དང་། བདུད་རྩིའི་མཆོད་པ་དང་། མཉེས་པའི་མཆོད་པ་དང་། ཡིད་ལས་བྱུང་བའི་མཆོད་པ་དང་། བསྟོད་པའི་མཆོད་པ་དང་། གསང་བའི་མཆོད་པ་སྟེ། དེ་རྣམས་བཟླས་པ་སྔགས་མཆོད་ཀྱི་ཁོངས་སུ་འདུ་ལ། གསང་བའི་མཆོད་པ་ནི་རྫོགས་པའི་རིམ་པར་འགྲོ་བའི་སྐབས་ཀྱང་ཡོད་དོ། །གཏོར་མའང་མཆོད་པའི་སྐབས་སུ་འདུ་བ་ཡིན་ཏེ། ཐུན་གོང་མ་རྣམས་ལ་གཏོར་མ་ཐུན་མཇུག་བསྡུ་བའི་རྗེས་ལ་གཏོང་ལ། ཐུན་ཐ་མ་ལ་ནི་གཏོར་མ་དང་དག་པ་དྲན་པའི་རྗེས་ལ་བསྡུ་བ་བསྒོམ་པ་ཡིན་ནོ། །ཐུན་མཚམས་ཀྱི་བྱ་བ་ལ། ཁ་ཟས་དང་། སྤྱོད་ལམ་དང་། ཕྱི་མཆོད་དང་། ལག་མཆོད་ཀྱང་མཆོད་པའི་ཁོངས་སུ་བསྡུ་ལ། ཚེས་བཅུའི་མཆོད་པའང་དེར་འདུའོ། །དགུ་པ་བསྡུ་བ་ཞེས་བྱ་བ་ནི་རྫོགས་པའི་རིམ་པ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བའི་རིམ་པས་དཀྱིལ་འཁོར་བསྡུས་ལ། ཐུན་གོང་མ་རྣམས་ལ་ནི། དེ་ལས་ལངས་ལ་དག་པ་དྲན་པ་བྱེད་ལ། ཐུན་ཐ་མ་ལ་ནི་དག་པ་རྗེས་དྲན་གྱི་རྗེས་ལ་རྡོ་རྗེ་སེམས་དཔའི་བསྡུ་བ་བྱས་ནས་དེའི་ངང་ལ་ཉལ་བའི་རྣལ་འབྱོར་བྱེད་པ་ཡིན་ནོ། །བཅུ་བ་ཡིན་ཞེས་པ་ནི་ངེས་པ་སྟེ། དག་པ་ནི་ཁམས་ཀྱི་དག་པ་དང་། རྒྱན་ཆའི་དག་པ་བྱས་ལ། དཀྱིལ་འཁོར་གྱི་འཁོར་ལོ་བསྡུས་ཏེ་ཚམ་རྔམས་སྔགས་ཀྱིས་བསྲུངས་ལ། སྤྱོད་ལམ་གྱི་རྣལ་འབྱོར་བྱེད་པ་ཡིན་ནོ་ཞེས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་གསུངས་སོ། །གཉིས་པ་ནི། དེ་ལྟ་བུའི་རྒྱུད་སྡེ་ཟབ་མོའི་དགོངས་པ་སྤྱི་དང་། ཁྱད་པར་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལ་བརྟེན་ནས་གྲུབ་ཆེན་ལཱུ་ཧི་པའི་ཞལ་སྔ་ནས་བསྐྱེད་རྫོགས་གཉིས་ཀའི་སྙིང་པོ་བསྡུས་པ་དཔལ་མངོན་པར་རྟོགས་པ་ཞེས་བྱ་བའི་གཞུང་འདི་མཛད་པ་སྟེ། འདིའི་དོན་ཉེ་བར་བསྡུ་ན་བཞི། གང་དུ་བསྒོམ་པའི་གནས། གང་གིས་སྒོམ་པའི་གང་ཟག །དེས་བསྒོམ་པའི་ལམ། ལམ་དེས་གྲུབ་པའི་འབྲས་བུའོ། །དང་པོ་ནི། རིའི་སུལ་དང་། ཆུ་བོའི་ངོགས་དང་། ཤིང་གཅིག་གི་དྲུང་སོགས་མདོར་ན་དབེན་ཞིང་ཡིད་དང་མཐུན་པའི་གནས་ཇི་ལྟར་རིགས་པའོ། །གཉིས་པ་ནི། གཞུང་ལས། དང་པོར་རེ་ཞིག་རྣལ་འབྱོར་པའི་དབང་ཕྱུག་གིས་ཞེས་གསུངས་པའི་དོན་འཕགས་པ་རིན་པོ་ཆེས། བྱང་ཆུབ་སེམས་བརྟན་དབང་རབ་ཐོབ། །སྔགས་རིག་རྣལ་འབྱོར་དབང་ཕྱུག་གིས། །ཞེས་གསུངས་པ་ལྟར། ངེས་འབྱུང་དང་སྙིང་རྗེ་ཆེན་པོས་རྒྱུད་ལེགས་པར་སྦྱངས་པས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟན་པ་ཐོབ་པ། དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བསྐུར་བ་རྫོགས་པར་ཐོབ་ཅིང་། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། གསང་སྔགས་ཀྱི་རྒྱུད་སྡེའི་དོན་ཐོས་བསམ་གྱིས་གཏན་ལ་ཕབ་པས་ཇི་ལྟ་བ་བཞིན་རིག་པ་སློབ་པའི་རྣལ་འབྱོར་པས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཚེ་འདི་ཉིད་ལ་དོན་དུ་གཉེར་བའི་བློས་རིམ་པ་གཉིས་ཀྱི་ལམ་འདིར་འཇུག་པར་བྱའོ། །གསུམ་པ་ནི། པཎ་གྲུབ་ནཱ་རོ་ཏ་པའི་སློབ་བཤད་ཀྱི་མན་ངག་འཛིན་པ་བལ་པོ་ཕམ་མཐིང་པ་ཡབ་སྲས་དང་། མལ་གྱོ་བློ་གྲོས་གྲགས་པའི་དགོངས་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས་འདི་ལྟར་གསུངས་ཏེ། ལམ་མངོན་པར་རྟོགས་པ་ནི་བཞིས་བཅིངས་པ་སྟེ། མཉམ་པར་གཞག་པའི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར་རོ། །ཉལ་བའི་རྣལ་འབྱོར་ནི་རྫོགས་པའི་རིམ་པའི་ཁོངས་སུ་འདུ་ལ། ལྡང་བའི་རྣལ་འབྱོར་དང་། ཁྲུས་ཀྱི་རྣལ་འབྱོར་གཉིས་ནི་བསྐྱེད་རིམ་གྱི་སྔོན་འགྲོ་ཡིན་ཞིང་། དག་པ་རྗེས་སུ་དྲན་པ་ནི་ཁ་ཅིག་སྤྱོད་ལམ་གྱི་རྣལ་འབྱོར་གྱི་ཁོངས་སུའང་བསྡུ་མོད་ཀྱི། འདིར་བསྐྱེད་རིམ་བརྟན་པར་བྱེད་པ་ཡིན་པས་མཉམ་གཞག་གི་ཁོངས་སུ་བསྡུའོ། །དང་པོ་མཉམ་པར་གཞག་པའི་རྣལ་འབྱོར་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས་ཏེ། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ལ་མཆོད་པ་དང་། བཟླས་པའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། རྒྱས་པ་ལ་དགའ་བས་ཇི་སྙེད་ཡོད་པའི་ཆོས་ཇི་ལྟ་བ་བཞིན་དུ་བསྒོམ་པ་དང་། འབྲིང་ལ་དགའ་བས་ཇི་ལྟ་བ་བཞིན་བསྒོམ་པ་དང་། བསྡུས་པ་ལ་དགའ་བས་རང་གི་ལུས་ལ་ཇི་ལྟར་གྲུབ་པ་ཙམ་ཞིག་བསྒོམ་པའོ། །ཞེས་གསུངས་པའི་དང་པོ་རྒྱས་པར་བསྒོམ་པ་ལ་གཉིས། བདག་ཉིད་སངས་རྒྱས་སུ་བསྐྱེད་པ་དང་། དེ་ལ་མཆོད་པའོ། །དང་པོ་ལ་གཉིས། རྒྱུ་ཚོགས་གཉིས་བསགས་པ་དང་། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་བསག་པ་དང་། ཡེ་ཤེས་ཀྱི་ཚོགས་བསྒོམ་པའོ། །དང་པོ་ལ་བཞི། ཉལ་བ་དང་ལྡང་བའི་རྣལ་འབྱོར་སྔོན་དུ་འགྲོ་བས་ཚངས་པའི་གནས་བཞི་བསྒོམ་པ། ཚོགས་གསོག་པའི་རྟེན་བདག་གི་གཞི་སྦྱང་བསྒྱུར། ཚོགས་བསག་པ་དངོས་ལ་ཚོགས་བསག་བཅུ་གསུམ། ཡེ་ཤེས་ཀྱི་ཚོགས་བསྒོམ་པ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་སྲུང་བའི་འཁོར་ལོ་བསྒོམ་པའོ། །འབྲས་བུ་ལྷ་བསྐྱེད་པ་ལ་བཞི། དམ་ཚིག་སེམས་དཔའ་བསྐྱེད་པ། ཡེ་ཤེས་ཀྱི་འཁོར་ལོ་དགུག་བཞུག་བྱ་བ། གོ་ཆ་བཅིང་པ། དབང་བསྐུར་ཞིང་རྒྱས་གདབ་པའོ། །དེའི་དང་པོ་ལ་གཉིས། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་བསྒོམ་པ་དང་། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱི་བྱིན་གྱིས་བརླབ་པ་དང་བཅས་བསྒོམ་པའོ། །དེ་ལྟར་བདག་ཉིད་སངས་རྒྱས་སུ་བསྐྱེད་ནས་མཆོད་པ་དང་བཟླས་པས་མཉེས་པར་བྱ། རྫོགས་པའི་རིམ་པས་འོད་གསལ་དུ་བསྡུ་ཞིང་། སླར་ཡང་ལྷའི་སྐུར་ལངས་ཏེ་དག་པ་རྗེས་སུ་དྲན་པ་དང་། གཏོར་མ་དང་། སྤྱོད་ལམ་དང་། ཁ་ཟས་ཀྱི་རྣལ་འབྱོར་སོགས་ཅི་རིགས་པ་ལ་འཇུག་པར་བྱ་སྟེ། མདོར་ན་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་དང་། རྡོ་རྗེ་སེམས་དཔའི་སྒོམ་བཟླས་རྣམས་ཁ་བསྐངས་ཏེ། རང་འཁོར་ལོ་བདེ་མཆོག་ཏུ་གསལ་གདབ། བདུད་རྩི་བྱིན་གྱིས་བརླབས་པ་མྱང་བ་ནས་བརྩམས་ཏེ་སྒྲུབ་ཐབས་རྒྱས་པ་ནས་ཇི་ལྟར་གསུངས་པ་བཞིན་ཉམས་སུ་བླང་བ་ཡིན་ནོ། །གཉིས་པ་འབྲིང་དུ་བསྒོམ་པ་ནི། ཉལ་བ་དང་ལྡང་བའི་རྣལ་འབྱོར་སྔོན་དུ་འགྲོ་བས་དགའ་བ་གསུམ་གྱི་རྣལ་འབྱོར་དང་། སེམས་བསྐྱེད་པ་དང་། རང་གི་ལུས་གདོད་ནས་གྲུབ་པའི་དཀྱིལ་འཁོར་གྱི་འཁོར་ལོ་དྲན་པ་དང་། བླ་མ་ལ་གསོལ་བ་གདབ་ཅིང་སྲུང་བའི་འཁོར་ལོ་བསྒོམ་པ་ཙམ་སྔོན་དུ་འགྲོ་བས་ལུས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བསྒོམ། སྔགས་ཀྱིས་བྱིན་བརླབ། དག་པ་དྲན་པར་བྱ་བའམ་མ་བྱས་ཀྱང་རུང་། ཡེ་ཤེས་པ་བཅུག་ཅིང་གོ་ཆ་བཅིང་བ་སོགས་ལྷག་མ་རྣམས་རྒྱས་པའི་སྐབས་ལྟར་བྱའོ། །གསུམ་པ་བསྡུས་ཏེ་བསྒོམ་པའི་ཚུལ་འདིར་གསལ་བར་བརྗོད་ན་གཉིས། རྟེན་བསྐྱེད་པའི་རིམ་པ་དང་། བརྟེན་པ་རྫོགས་པའི་རིམ་པའོ། །དང་པོ་ལ་གསུམ། འཇུག་པའི་རིམ་པ། གནས་པའི་རིམ་པ། ལྡང་བའི་རིམ་པའོ། །དང་པོ་ལ་བརྒྱད། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར། ཚད་མེད་པའི་རྣལ་འབྱོར། བླ་མའི་རྣལ་འབྱོར། བདག་ཉིད་སངས་རྒྱས་སུ་བསྐྱེད་པའི་རྣལ་འབྱོར། མཆོད་པའི་རྣལ་འབྱོར། བཟླས་པའི་རྣལ་འབྱོར་རོ། །དང་པོ་ཉལ་བའི་རྣལ་འབྱོར་ནི། མདངས་ནུབ་མོར་ཉལ་བའི་རྣལ་འབྱོར་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་སེམས་དཔའི་བསྡུ་བའི་རྫོགས་རིམ་སྟོང་པ་ཉིད་ཀྱི་ངང་དུ་ཉལ། །གཉིས་པ་ལྡང་བའི་རྣལ་འབྱོར་ནི། །ཐོ་རངས་ནམ་གྱི་བཞི་ཆའམ་བརྒྱད་ཆའི་དུས་སུ་བབ་པ་ན། ནམ་མཁའ་ནས་ཌཱ་མ་རུའི་སྒྲ་སྔགས་ཀྱི་གདངས་སུ་བསྒྲགས་པས་གཉིད་བསྐུལ་ནས། དེའི་སྐད་ཅིག་ལ་དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྐུར་ལངས་ཏེ་ལྡང་བ་ནི་སྐུའི་དགའ་བ། བདུད་རྩི་རིལ་བུ་དངོས་སམ། ནང་མཆོད་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ཏེ་མྱོང་ཞིང་། ངག་ཏུ། ཤྲཱི་ཧེ་རུ་ཀ་ཨ་ཧཾ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱ་བ་གསུང་གི་དགའ་བ། སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག །ཨ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས། ཟླ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས། ཧཱུྃ་ནི་གཟུང་འཛིན་གཉིས་དང་བྲལ་བའི་ཡིད་ཡེ་ཤེས་ལྔའི་རང་བཞིན་ནོ་ཞེས་མོས་པ་ནི་ཐུགས་ཀྱི་དགའ་བའོ། །གསུམ་པ་ཁྲུས་ཀྱི་རྣལ་འབྱོར་ནི། བསམ་གཏན་གྱི་གྲོགས་སུ་འགྲོ་ན། ཆུ་གཙང་མའམ་རྡོ་རྗེའི་ཆུས་དབང་ལྷ་སྤྱན་དྲངས་པས་ཁྲུས་མཛད་པར་བསམས་ལ། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ཁྲུས་བྱའོ། །བཞི་པ་ཚད་མེད་པའི་རྣལ་འབྱོར་ནི། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། སྐྱབས་ཡུལ་འཁོར་ལོ་སྡོམ་པའི་རྣམ་པར་གསལ་བཏབ་ལ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྤྲོ་ན་རྡོར་སེམས་སྒོམ་བཟླས་ཀྱང་མ་རྒྱུད་སྤྱི་ལྟར་བྱའོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་རྩ་བའི་བླ་མ་སངས་རྒྱས་རྡོ་རྗེ་ཆོས་ཀྱི་རྣམ་པ་ཅན། སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར་པར་བསམས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མོས་གུས་དྲག་པོས་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་བསམས་ལ། ཆོས་ཐམས་ཅད་རང་གི་སེམས་ཀྱི་རྣམ་འཕྲུལ་དང་། དེའང་སྒྱུ་མ་ལྟ་བུ་དང་། རང་བཞིན་མེད་པའི་སྟོང་ཉིད་དུ་ཤེས་པའི་ངང་ལ་མཉམ་པར་གཞག །དྲུག་པ་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ནི། འོག་གི་རླུང་གིས་རང་གི་ལུས་ལ་གདོད་ནས་གྲུབ་པའི་ལྟེ་བའི་ཨྃ་མས་ཡར་ཕུལ་བ་ནི་ཚུལ། ལྟག་པའི་རླུང་གིས་སྤྱི་གཙུག་གི་ཧྃ་ཡས་མར་ཕུལ་བ་ནི་སྒྲ་སྟེ། དེ་ལྟར་སྒྲ་ཚུལ་གཉིས་སྙིང་གར་འདྲེས་པའི་རྐྱེན་གྱིས་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཅིག་ཅར་དུ་གྱུར་པ་ནི། རྐང་མཐིལ་རླུང་གི་དཀྱིལ་འཁོར། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། མགོ་བོ་རི་རབ་ཀྱི་སྟོད། དཔྲལ་བ་དང་། ལྟག་པ་རྣ་བ་གཉིས་སྣ་ཚོགས་རྡོ་རྗེ། ཀླད་པ་དཀར་པོ་ཟླ་བ། ཀླད་ཁྱིམ་དམར་པོ་ཉི་མ། དེ་གཉིས་ཀྱི་བར་ན་གནས་པའི་ཧྃ་ཡིག་ནི་ཡི་གེ་ཧཱུྃ་རྡོ་རྗེ་སེམས་དཔའི་རང་བཞིན། ལུས་འདོམ་གང་གྲུ་བཞི་ནི་གཞལ་ཡས་ཁང་པ་གྲུ་བཞི། སྙིང་ག་ཆོས་ཀྱི་འཁོར་ལོ་ནས་འབྱུང་བ་བཞིའི་རླུང་རྒྱུ་བའི་སྒོ་བཞི། རྐང་བརྒྱད་ཀ་བ་བརྒྱད། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། མཆུ་དང་། རྒྱུ་ལོང་ལ་སོགས་པ་ནི་གཞལ་ཡས་ཁང་གི་རྒྱན། རང་ཉིད་ཕྱི་དབྱིབས་ཀྱི་ལུས་དང་སྙིང་གའི་ནང་གི་ཧཱུྃ་གཉིས་ཀའང་བཅོམ་ལྡན་འདས་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཞལ་བཞི་ཕྱག་བཅུ་གཉིས་པ། རྩ་ཞལ་སྔོན་པོ། གཡོན་ལྗང་། རྒྱབ་དམར། གཡས་སེར་བ། ཞལ་རེ་རེ་བཞིན་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་བཞི་བཞི་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོ་ཆེའི་པགས་པ་བརྒྱངས་ཏེ་འཛིན་པ། གཡས་ཀྱི་གསུམ་པ་ན་ཌཱ་མ་རུ། །བཞི་པ་ན་དགྲ་སྟ། ལྔ་པ་ན་གྲི་གུག །དྲུག་པ་ན་མདུང་རྩེ་གསུམ་པ་སྒྲེང་བ། གཡོན་གྱི་གསུམ་པ་ན་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག །བཞི་པ་ན་ཁྲག་གིས་བཀང་པའི་ཐོད་པ། ལྔ་པ་ན་རྡོ་རྗེའི་ཞགས་པ། དྲུག་པ་ན་ཚངས་པའི་མགོ་བོ་བསྣམས་པ། པདྨ་དང་ཉི་མའི་སྟེང་ན་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་དང་། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་རྩེར་ཡིད་བཞིན་གྱི་ནོར་བུས་སྤྲས་ཤིང་གཡོན་ན་ཚེས་གཅིག་གི་ཟླ་བ་དང་མཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེས་མཚན་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། །སྒེག་པ་དཔའ་བ་མི་སྡུག་པ། །དགོད་ཅིང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་ཡི། །གར་དགུའི་ཉམས་དང་ལྡན་པ་ཉིད། །དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་དང་ལྡན་པ། ཕྱག་གཡོན་པས་བདུད་དང་གདུག་པའི་ཁྲག་གིས་གང་པའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ། གཡས་པས་སྡིགས་མཛུབ་དང་བཅས་པའི་གྲི་གུག་གིས་ཕྱོགས་ཐམས་ཅད་དུ་བསྡིགས་པ། དབུ་སྐྲ་གྲོལ་བ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་ལེགས་པར་འཁྱུད་ཅིང་། གཅེར་བུའི་མཆོག་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་མི་མགོ་སྐམ་པོ་ལྔ་བཅུའི་དོ་ཤལ་དང་རུས་པའི་རྒྱན་ལྔས་བརྒྱན་པ། གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཕྱིའི་ཧེ་རུ་ཀའི་ཕྱག་གཡས་ཀྱི་དང་པོ་ལ་མཁའ་འགྲོ་མ་ནག་མོ། །གཉིས་པ་ལཱ་མཱ་ལྗང་གུ། གཡོན་གྱི་དང་པོ་ལ་ཁཎྜ་རོ་ཧ་དམར་མོ། གཉིས་པ་ལ་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་སྤྱན་གསུམ་མ། ཕྱག་བཞིའི་གཡས་ཌ་མ་རུ་དང་གྲི་གུག །གཡོན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། སྐྲ་གྲོལ་བ། གཅེར་བུ་གཡས་བརྐྱངས་པས་བཞུགས་པ་ཕྱག་རྒྱ་ལྔས་བརྒྱན་པའོ། །གཡས་ཀྱི་གསུམ་པ་ན་ཁྭ་གདོང་མ་སྔོན་མོ། བཞི་པ་ན་འུག་གདོང་མ་ལྗང་གུ། ལྔ་པ་ན་ཁྱི་གདོང་མ་དམར་མོ། །དྲུག་པ་ན་ཕག་གདོང་མ་སེར་མོ། གཡོན་གྱི་གསུམ་པ་ན་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། བཞི་པ་ན་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། ལྔ་པ་ན་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། དྲུག་པ་ན་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྔོ་བ་སྟེ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་ན་ཌ་མ་རུ་དང་གྲི་གུག །གཡོན་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། གཅེར་བུ་ཕྱག་རྒྱས་ལྔས་བརྒྱན་པ། ཡི་དྭགས་ཀྱི་གདན་ལ་ཞབས་གཡས་བརྐྱངས་པས་བཞུགས་ཤིང་སེམས་ཅན་གྱི་དོན་ལ་བརྩོན་པ། རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བར་རྡོ་རྗེའི་ཕྲེང་བས་བརྒྱན་པའོ། །དེ་ནས་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་པུ་ཛཱ་ཨོ་ཨ་གོ་རཱ་དེ་མཱ། ཀཱ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུའི་དབྱིབས་སུ་གནས་པའི་ཁམས་དང་རྩ་རྣམས་དཔའ་བོ་དང་རྣལ་འབྱོར་མ་རྣམས་སུ་གྱུར་པ་ནི། སྤྱི་བོ་པུ་ལླི་ར་མཱ་ལ་ཡང་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ། །སྤྱི་གཙུག་ཛཱ་ལནྡྷ་ར་ར་མ་ཧཱ་ཀཾ་ཀཱ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་ཨཽ་ཌྱ་ན་དུ་ཀངྐཱ་ལ་དང་འོད་ལྡན་མ། ལྟག་པ་ཨརྦུ་དང་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་སྟེ་གནས། རྣ་བ་གཡོན་པ་གོ་དཱ་ཝ་རཱི་ར་སུར་ཝི་རེ་དང་བརྟན་པའི་བློ་ཅན་མ། སྨིན་མའི་དབུས་རཱ་མེ་ཤྭ་རཱི་ར་འོད་དཔག་མེད་དང་མིའུ་ཐུང་མ། མིག་གཉིས་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་གཉིས་མཱ་ལ་ཝ་ར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཉེ་བའི་གནས་རྣམས་ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་མཁའ་ལ་སྤྱོད་པའོ། །མཆན་ཁུང་གཉིས་ཀཱ་མ་རཱུ་པ་ར་ཨངྐུ་རི་དང་ཨཻ་རཱ་ཝ་ཏཱི། ནུ་མ་གཉིས་ཨོ་ཏྲེ་རར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་ཞིང་། ལྟེ་བ་ཏྲི་ཤ་ཀུ་ནེ་ར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ་སྟེ་ཉེ་བའི་ཞིང་། ཁ་ཀ་ལིངྒར་རབ་ཏུ་བཟང་མོ་དང་ཤྲཱ་མ་དེ་ཝཱི། མགྲིན་པ་ལམྦཱ་ཀ་ར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཚནྡོ། སྙིང་ག་ཀཱཉྩི་ར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམས་པ་ར་ཧི་མཱ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་ན་སྟེ་ཉེ་བའི་ཚནྡོ་རྣམས་གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའོ། །མཚན་མ་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བཤང་ལམ་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ་སྟེ་འདུ་བ། བརླ་གཉིས་སཽ་རཱ་ཥྟར་རྟ་མགྲིན་དང་ཤོཎྜི་ནཱི། བྱིན་པ་གཉིས་སུ་ཝརྞ་དཱི་བར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བ། སོར་མོ་བཅུ་དྲུག་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་སིནྡྷུར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ་དུར་ཁྲོད། མཐེ་བོང་བཞི་མ་རོ་ལ་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་རྣམས་སྐུའི་འཁོར་ལོ་ཁ་དོག་དཀར་པོས་འོག་ན་སྤྱོད་པའོ། ཁཎྜ་ཀ་པཱ་ལི་ལ་སོགས་པའི་དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་རལ་པའི་ཐོར་ཚུགས་ཀྱིས་མཚན་པའི་ཅོད་པན་ཅན། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གཡས་འོག་མས་ཌཱ་མ་རུ། གཡོན་འོག་མས་ཁ་ཊྭཱཾ་ཀ་འཛིན་པ། སྐུ་ལ་ཕྱག་རྒྱ་དྲུག་གིས་བརྒྱན་པ་གཡས་བརྐྱང་པའི་གནས་པས་བཞུགས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་མོ་རྣམས་ནི་ཞལ་གཅིག་ཕྱག་གཉིས་མ་གཡོན་ཐོད་པ་བསྣམས་པས་ཡབ་ལ་འཁྱུད་པ། གཡས་སྡིགས་མཛུབ་དང་བཅས་པས་གྲི་གུག་བསྣམས་པ། སྤྱན་གསུམ་པ་དྲག་མོའི་གཟུགས་ཅན་མ། སྐྲ་གྲོལ་བས་རྣམ་པར་མཛེས་མ། །གཉིས་སུ་མེད་པའི་སྦྱོར་བ་ལ་བརྩོན་པ། གཅེར་བུའི་མཆོག་རྒྱན་ལྔ་དང་ཚངས་པའི་སྐུད་པས་བརྒྱན་པ། མི་མགོའི་དོ་ཤལ་དང་སྐ་རགས་སིལ་སིལ་གྱི་སྒྲ་སྒྲོགས་པའོ། །དེ་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པ་ནི། ངག་ཏུ་ཨོཾ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱ་ཀ྄་ཙིཏྟ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་པས་བདག་གིས་བསྒོམས་པའི་ལུས་དཀྱིལ་དང་། འཛམ་བུའི་གླིང་ན་བཞུགས་པ་དང་། འོག་མིན་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་དབྱེར་མི་ཕྱེད་པའི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ངའོ་སྙམ་དུ་ང་རྒྱལ་བཟུང་། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷོཉ་ཧཾ་ཞེས་བརྗོད་པས་ཐམས་ཅད་སྟོང་པ་ཉིད་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག་པའི་ངོ་བོ་བདག་ཡིན་ནོ་སྙམ་པ་ལན་གསུམ་དུ་བྱའོ། །དེ་ནས་ལྷ་ལ་ཞེན་པ་སྐྱེ་བ་དང་ལམ་ལ་སོམ་ཉི་ཟ་ན་བྱང་ཆུབ་ཕྱོགས་ཀྱི་དག་པ་དྲན་པ་སྐབས་འདིར་བྱ། མི་སྐྱེ་ན་མི་དགོས་ཞེས་གསུངས་པས་དག་དྲན་བྱེད་ན་རྒྱས་པར་མངོན་རྟོགས་རྒྱས་པའི་སྐབས་ལྟར་བརྗོད། བསྡུ་ན། བདག་གི་བློ་ལ་སྣང་བའི་ལྷ་སུམ་ཅུ་རྩ་བདུན་པོ་འདི་ཉིད་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཡིན་ལ། བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཀྱང་ལྷ་སུམ་ཅུ་རྩ་བདུན་གྱི་ངོ་བོར་རྣམ་པར་དག་པ་ཡིན་ནོ། །ཞེས་བརྗོད་ཅིང་དོན་དྲན་པར་བྱའོ། །བདུན་པ་མཆོད་པའི་རྣལ་འབྱོར་ལ་དྲུག་ལས། དང་པོ་སྔགས་ཀྱི་མཆོད་པ་ནི། རྒྱས་པར་རྩ་སྔགས་དང་། སྙིང་པོ་དང་། ཉེ་སྙིང་གཉིས་མེད་ཞལ་བཞི་པ་དང་སྙིང་པོའི་རྣལ་འབྱོར་མ། དཔའ་བོ་དང་དཔའ་མོ་ཉེར་བཞི། ཡབ་ཀྱི་རྐང་བརྒྱད་དང་སྒོ་མཚམས་མ་བརྒྱད་རྣམས་སྤེལ་བའི་སོགས་ལན་རེ་བརྗོད་པས་ལྷ་གསལ་གདབ་པའི་ཚུལ་གྱིས་མཆོད། བསྡུ་ན་སྙིང་པོ་གཉིས་སུ་མེད་པ་བརྗོད་ཅིང་ལྷ་ཐམས་ཅད་གསལ་གདབ་པའམ། ཧཱུྃ་བྃ་མཱྃ་ཏཱྃ་པཱྃ་ལཱྃ། པཱུ་ཛ་ཨོ་ཨ་གོ་རཱ་དེ་མཱ། ཀ་ཨོ་ཏྲི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ནཱ་སི་མ་ཀུ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་ས་བོན་ཙམ་བརྗོད་པས་ཀྱང་རུང་བར་རྗེ་གྲོལ་མཆོག་སོགས་ཀྱིས་གསུངས་སོ། །གཉིས་པ་ཕྱི་མཆོད་ནི། དངོས་སུ་བཤམས་པའམ་ཡིད་ཀྱིས་སྤྲུལ་པ་ལ་དམིགས་ཏེ་སུམྦྷས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཨཱཿབདུན་ལས་ཐོད་པའི་སྣོད་བདུན་དུ། ཧཱུྃ་ལས་མཆོད་ཡོན་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་གྱིས་གང་བར་བསམ་ཞིང་། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་བརླབ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ་པྲ་ཏཱི་ཙྪ་སྭཱ་ཧཱ། བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་བི་དྱེའི་བར་སྦྱར་བས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་། ཨོཾ་བཛྲ་གཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ་ཏེ། བཛྲ་དྷརྨཱ་ཧྲི་ད་ཡ་སནྟོཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། །ཞེས་རོལ་མོ་འབུལ། །གསུམ་པ་བདུད་རྩིའི་མཆོད་པ་ནི། བདུད་རྩི་དངོས་སམ་ཡིད་ཀྱིས་སྤྲུལ་པ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས་ནས། གཡོན་པའི་མཐེབ་སྲིན་གྱིས་སྤྱི་བོ་ནས་འཐོར་ཞིང་། དྲིན་ཅན་རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། སྙིང་གའི་ཐད་ནས་འཐོར་ཏེ། ཧཱུྃ་བྃ་སོགས་ཀྱི་མཐར་ཨོཾ་ཨཱཿཧཱུྃ་ཞེས་དང་། རང་གི་ལྕེ་རྩེ། སྨིན་མཚམས། སྤྱི་གཙུག་རྣམས་སུ་བདུད་རྩིའི་ཐིག་ལེ་བྱས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ལུས་ཀྱི་ལྷ་ཐམས་ཅད་ཚིམ་པར་བསམ། ལྟེ་བའི་ཐད་ནས་འཐོར་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཨོཾ་ཨཱཿཧཱུྃ། ཨོཾ་ཤྲཱི་དྷརྨ་པཱ་ལ་ཙ་ཏུ་རྨུ་ཁ་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་དོ། །བཞི་པ་མཉེས་པའི་མཆོད་པ་ནི། རང་གི་ལྕེ་ལ་བདུད་རྩི་མྱངས་པས་ཕྱི་ནང་གི་ལྷ་ཐམས་ཅད་དགྱེས་ཤིང་། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཅེས་གསུངས་པར་བསམས་ལ། སྙིང་གར་རྣམ་ལྔ་འདོད་སྐོར་གྱི་མཐར་འཁྱུད་རྒྱ་བྱའོ། །ལྔ་པ་ཡིད་བྱུང་གི་མཆོད་པ་ནི། དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་གྱི་རླབས་དང་། གསང་སྔགས་དང་ཕྱག་རྒྱའི་མཐུ་དང་། བདག་གི་མོས་པ་དང་ཏིང་འཛིན་དང་སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག །ཅེས་བརྗོད་ལ་སེ་གོལ་བརྡབ། ཡང་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་ཧོ། ན་མཿས་སནྟ་བུདྡྷཱ་ནཱཾ། ཨ་བྷི་སྨ་ར་ཡེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཱཾ། སརྦ་ཏ་ཐཱ་ག་ཏ་ཨ་པ་རི་ཤོ་དྷ་ཡེ། མཎྜ་ལེ་མ་མ་པྲ་ཎི་དྷི་པུཎྱ་ཛྙཱ་ན་བ་ལ་ན། སརྦ་ཏ་ཐཱ་ག་ཏ་བ་ལོནྡྷ་བནྡྷ་སྭསྠཱ་ན་བ་ལེ་ན་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་དེ་ཕྱག་རྒྱ་བཀྲོལ་ཏེ་སེ་གོལ་ལན་གཉིས་བརྡབ་པར་བྱའོ། །དྲུག་པ་བསྟོད་པའི་མཆོད་པ་ནི། རྡོ་རྗེ་དྲིལ་བུ་འཛིན་པས་ཡབ་ཡུམ་གྱི་རྐང་བརྒྱད་ཚང་བར་བརྗོད། དེ་ཙམ་མི་ནུས་ན། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང་།།ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད་དོ། །བརྒྱད་པ་བཟླས་པའི་རྣལ་འབྱོར་ལ། དམིགས་པ་ནི། ཡབ་ཀྱི་ཐུགས་ཀའི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་བྱུང་། ཡབ་ཀྱི་ཞལ་ནས་འཐོན། ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིབས་བརྒྱུད། ཡུམ་གྱི་པདྨ་ནས་ཡབ་ཀྱི་གསུང་བའི་རྡོ་རྗེའི་བུ་གར་ཞུགས། སྐུའི་དབྱིབས་བརྒྱུད་དེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པའི་ཚུལ་གྱིས་རྒྱུན་མི་འཆད་པར་འཁོར་བས་བདེ་བ་ཆེན་པོའི་ཡེ་ཤེས་བརྟན་པར་བསམས་ལ། བཟླ་བྱའི་སྔགས་ནི། རིན་ཆེན་བཞི་པོ་གང་མོས་པ་གཉིས་མེད་དུ་བཟླ་བར་གསུངས་པས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྦ་རི་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡབ་ཡུམ་གྱི་སྙིང་པོ་གཉིས་སུ་མེད་པ་གཙོ་བོར་བཟླ། གཞན་རྣམས་བཟླ་བར་འདོད་ན་སྒྲུབ་ཐབས་རྒྱས་པར་ཤེས། མཐར་ཐལ་མོ་སྦྱར་ཏེ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། མྱུར་ཏུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་འཁོར་ལོ་བདེ་མཆོག་གི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དངོས་གྲུབ་བླངས་ལ་ཡིག་བརྒྱ་ལན་གསུམ་གྱིས་བརྟན་པར་བྱའོ། །གཉིས་པ་གནས་པའི་རིམ་པ་ནི། བསྐྱེད་རིམ་གྱི་སེམས་འཛིན་ཏེ། དེ་ལ་གཉིས། ང་རྒྱལ་དང་། རྣམ་པ་ལ་སེམས་འཛིན་པའོ། །དང་པོ་ནི། ལུས་གནད་བསྲང་། རླུང་རང་བབས་སུ་བཞག །དྲན་པ་རྩེ་གཅིག་ཏུ་བྱས་ཏེ། ང་ནི་ཐ་མལ་པ་ནམ་ཡང་མ་ཡིན། སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། འབྲས་བུས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་བཞུགས་པ་དཔལ་འཁོར་ལོ་སྡོམ་པ་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བསྐྱེད། དེའང་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་ཀློད། ཐ་མ་རང་སོ་བཟུང་ཞེས་སྤེལ་མའི་ཚུལ་དུ་ཉམས་སུ་བླང་། གཉིས་པ་ལ་གཉིས། སྤྱི་དང་། བྱེ་བྲག་གོ །དང་པོ་ནི། རང་འཁོར་ལོ་སྡོམ་པར་གསལ་བའི་སྐུའི་རྣམ་པ་སྤྱི་ཙམ་པ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་དབུ་ནས་ཞབས་ཀྱི་བར་བློ་ལ་གཅིག་ཅར་དུ་སྣང་བ་ལ་སྔར་བཞིན་སེམས་གཟུང་། གཉིས་པ་ལ་གཉིས། རྒྱན་མེད་དང་། རྒྱན་ཅན་ནོ། །དང་པོ་ནི། རྣམ་པ་སྤྱིའི་གསལ་སྣང་མ་ཤོར་བའི་ངང་སྤྱན་དབུས་མ་ནས་བརྩམས་ཏེ་ཡབ་ཡུམ་གྱི་སྐུའི་ཆ་ཤས་སོ་སོ་དང་། དེས་མཚོན་ཏེ་ལུས་དཀྱིལ་གྱི་ལྷ་སོ་སོ་ལ་སེམས་གཟུང་། གཉིས་པ་ནི། སོ་སོའི་རྒྱན་ཆ་རགས་ཕྲ་ནས་མེ་རི་དང་གདན་ཁྲིའི་བར་དུ་སེམས་བཟུང་ཞིང་། ཡུན་ཐུང་ལ་གྲངས་མང་བའི་ཚུལ་གྱིས་བསླབས་པས་གསལ་སྣང་མཐར་ཕྱིན་པར་བྱའོ། །ཐུན་མཐར་རྡོ་རྗེ་སེམས་དཔའི་བསྡུ་བས་འོད་གསལ་དུ་འཇུག་པ་ནི། རྒྱུ་མཚན་རྒྱས་པར་འོག་ཏུ་འབྱུང་ཞིང་། འདིར་དམིགས་པའི་ངོ་བོ་ཙམ་བརྗོད་ན། རང་གི་ལྟེ་བར་པད་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོར་དྲིལ་འཛིན་ཅིང་། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཕྱི་ནང་གི་ལྷ་ཐམས་ཅད་དང་། ཁམས་གསུམ་སྣོད་བཅུད་མ་ལུས་པ་གསལ་ཞིང་གཡོས་ཏེ། རང་ཧེ་རུ་ཀ་ཡབ་ཡུམ་ལ་ཐིམ། ཡུམ་ཡབ་ལ། ཡབ་ལྟེ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ། དེའི་ཡུམ་རྡོ་རྗེ་སེམས་དཔའ་ལ། དེ་ཐུགས་ཀའི་ཧཱུྃ་ནས་ནཱ་དའི་བར་དུ་ཐིམ་སྟེ། མཐར་ནཱ་དའང་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་བསམས་ལ། གནས་ལུགས་བརྗོད་བྲལ་བསམ་གྱིས་མི་ཁྱབ་པའི་དབྱིངས་སུ་མཉམ་པར་བཞག །སླར་ཡང་རང་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་ལུས་དཀྱིལ་གྱི་ལྷ་དང་བཅས་པའི་སྐུར་གྱུར་པར་བསམས་ལ་དག་དྲན་རྒྱས་བསྡུས་གང་རུང་བྱའོ། །གསུམ་པ་ལྡང་བའི་རིམ་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ་གསུམ། སྤྱོད་ལམ་གྱི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཁ་ཟས་ཀྱི་རྣལ་འབྱོར་རོ། དང་པོ་ནི། རང་གི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། ཡབ་ཀྱི་སྙིང་གར་ཨོཾ་ཧ་དཀར་པོ་རྡོ་རྗེ་སེམས་དཔའ། མགོ་བོར་ན་མ་ཧི་སེར་པོ་རྣམ་པར་སྣང་མཛད། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་དམར་པོ་པདྨ་གར་གྱི་དབང་ཕྱུག །ཕྲག་པ་གཉིས་སུ་པཽ་ཥ་ཊ་ཧེ་ནག་པོ་ཧེ་རུ་ཀ །མིག་གཉིས་སུ་ཧཱུྃ་ཧཱུྃ་ཧོ་དམར་སེར་རྡོ་རྗེ་ཉི་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཧཾ་ལྗང་གུ་རྟ་མཆོག་གི་ངོ་བོ། ཡུམ་གྱི་ལྟེ་བར་ཨོཾ་བྃ་དམར་མོ་རྡོ་རྗེ་ཕག་མོ། སྙིང་གར་ཧེཾ་ཡོཾ་སྔོན་མོ་གཤིན་རྗེ་མ། ཁར་ཧྲེཾ་མྃ་དཀར་མོ་རྨོངས་བྱེད་མ། སྤྱི་བོར་ཧྲཱིཾ་ཧྲཱིཾ་སེར་མོ་སྐྱོད་བྱེད་མ། སྤྱི་གཙུག་ཏུ་ཧུྃ་ཧཱུྃ་ལྗང་གུ་སྐྲག་བྱེད་མ། ཚིགས་ཆེན་བརྒྱད་ལ་ཕཊ་ཕཊ་དུད་ཀ་ཙཎྜི་ཀིའི་ངོ་བོར་མོས་པ་ནི་ཡབ་ཡུམ་གྱི་གོ་ཆ་དང་། པུ་ཛཱ་སོགས་ཉེར་བཞི་བརྗོད་པས་ལུས་དཀྱིལ་གྱི་ལྷ་རྣམས་རང་རང་གི་གནས་སུ་ཐིམ་པར་བསམ་པ་ནི་གོ་ཆ་ཆེན་པོ་དང་། སྡིགས་མཛུབ་དང་བཅས་སུམྦྷའི་སྔགས་བརྗོད་ཅིང་། ཕྱོགས་གཡོན་སྐོར་དང་། མཚམས་གཡས་སྐོར་དུ་སེ་གོལ་གཏོགས་པ་ཚམ་རྔམས་སྔགས་ཀྱི་སྲུང་བ་སྟེ། དེ་ལྟ་བུའི་སྲུང་བ་རྣམ་པ་གསུམ་གྱིས་བསྲུངས་ལ། རང་དང་སྣང་བ་ཐམས་ཅད་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་ཀྱི་ངོ་བོར་ཤེས་པས་སྔགས་ཟློས་བཞིན་ཏུ། དགེ་བ་འདི་ཡིས་མྱུར་དུ་བདག །འཁོར་ལོ་བདེ་མཆོག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེའི་ས་ལ་འགོད་པར་ཤོག །འཆི་ཚེ་མགོན་དང་དཔའ་བོ་མ་ཚོགས་ཀྱིས། །མེ་ཏོག་གདུགས་དང་རྒྱལ་མཚན་ཐོགས་ནས་ཀྱང་། །རོལ་མོ་གླུ་དབྱངས་སིལ་སྙན་སོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་འཁྲིད་པར་ཤོག །ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང་། །དེས་ཆོས་གསུང་ཡང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ཀྱང་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ཐམས་ཅད་ལྷ་དང་ཡེ་ཤེས་སུ་ཤེས་པས་དུས་འདའ་བར་བྱའོ། །གཉིས་པ་ནི། ཐོད་པ་ལ་སོགས་པའི་སྣོད་དུ་ཤ་ཆང་གི་དམ་རྫས་དང་བཅས་པའི་གཏོར་མ་བཤམས། འོད་གསལ་གྱི་ངང་ལས་ལྷ་སྐུར་ལྡངས་ཏེ། ནང་མཆོད་ཆུ་ཆང་དང་སུམྦྷས་བསང་། སྭབྷཱ་བས་སྦྱང་། རྒྱས་པར་མངོན་རྟོགས་རྣམས་ནས་འབྱུང་བ་ལྟར་རམ། བསྡུ་ན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཧྲཱིཿས་བརླབ། མདུན་གྱི་ནམ་མཁར་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུར་ཁྲོད་ཆེན་པོ་བརྒྱད་དང་བཅས་པ་གསལ་བར་དམིགས་ལ། བདག་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ཏེ་དུར་ཁྲོད་བརྒྱད་ལ་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་ཆ་བརྒྱད་དུ་གྱུར་པར་བསམས་ལ་འབར་བའི་ཕྱག་རྒྱ་དང་ལྡན་པས་ངག་ཏུ་ཕཻཾ་ཞེས་བརྗོད་ཅིང་། སེམས་ཀྱིས་སྙིང་གའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆ་དགུ་སྤྱན་དྲངས་ལ། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་དཀྱིལ་འཁོར་ཆ་དགུ་ལ་དགུག་གཞུག་བཅིངས་དབང་དུ་བྱས། ཨོཾ་ཡོ་ག་ཞེས་སོགས་བརྗོད་ཅིང་རྣམ་ལྔ་འདོད་སྐོར་བྱ་སྟེ་བརྟན་པར་བྱའོ། །དེ་ནས་ལྷ་ཐམས་ཅད་ཀྱི་ལྗགས་ལ་ཧཱུྃ་ལས་རྡོ་རྗེ་སྦུ་གུ་ཅན་ཧཱུྃ་གིས་མཚན་པར་བསམ། གཏོར་མ་ལས་ཐོད་པ་བདུད་རྩིས་གང་བ་དུ་མ་ཆད་དེ་ཐམས་ཅད་ཀྱི་ཕྱག་ཏུ་བཞག་པས་གསོལ་བར་བསམ་ཞིང་ལག་པ་རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ངག་ཏུ། ཨོཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བྃ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲི་ཤྱ་ཧོཿཨོཾ་ཨཱཿཧཱུྃ། ཞེས་ལན་ལྔ་བརྗོད་པས་འཁོར་ལོ་དགུ་ཚན་ལྔ་རིམ་པ་བཞིན་ཚིམ་པར་བསམས་ཏེ། །སྔགས་མཆོད་དང་། ཕྱི་ནང་གིས་མཆོད། བསྟོད་པ་ཅི་རིགས་ཀྱི་མཐར། ཧེ་རུ་ཀ་དཔལ་འཁོར་བཅས་རྣམས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ། གཏོར་མ་གཉིས་པ་སོགས་ཡོད་ན་ཆོས་སྐྱོང་དང་། མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་གཏང་། ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་ཏེ། སྤྱན་དྲངས་པའི་གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས། མདུན་དུ་སྤྲུལ་པ་རྣམས་བདག་གི་ལུས་ལ་ཐིམ་པར་བསམ། དེ་ནས་དག་དྲན་དང་། གོ་ཆ་དགོད་པ་སོགས་སྔར་ལྟར་བྱའོ། །གསུམ་པ་ནི། ཁ་ཟས་ལ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་རེག་སྟེ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་བདུད་རྩིའི་རང་བཞིན་དུ་བརླབས་ལ་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམ་པར་རོལ་པའི་མཐར་བདག་མེད་པའི་ངང་དུ་ངལ་བསོ། ནུབ་མོ་ཉལ་བའི་ཚེ་རྡོ་རྗེ་སེམས་དཔའ་བསྡུ་བའི་རིམ་པས་འོད་གསལ་ལ་འཇུག །ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་སྔར་བཞིན་དུ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བྱའོ། །བསྙེན་པ་བྱེད་ན་རྒྱས་པར་གཞན་དུ་ཤེས། བསྡུ་ན་མཚམས་དམ་དུ་བཅད། ཇི་སྐད་བཤད་པའི་མངོན་རྟོགས་ཐུན་བཞིའམ། གསུམ་དུ་བསྒོམས་ལ་ཡབ་ཡུམ་གྱི་སྙིང་པོ་འབུམ་ཕྲག་བཞི་ཁ་སྐོང་དང་བཅས་བཟླས་པས་ཀྱང་ལས་རུང་ཙམ་དུ་འགྱུར་བ་ཡིན་ནོ། །གཉིས་པ་བརྟེན་པ་རྫོགས་པའི་རིམ་པ་ནི། རྒྱས་པར་རྩ་དབུ་མ་ཆེ་བའི་ཁྲིད་ཡིག་ལྟར་ཉམས་སུ་བླང་བར་བྱ་ཞིང་། འདིར་གཞུང་གི་དངོས་བསྟན་བསྡུ་བ་གསུམ་གྱི་རྫོགས་རིམ་ཅུང་ཟད་བརྗོད་ན་གསུམ། རྩ་བའི་གཞུང་གིས་མདོར་བསྟན་པ། དེའི་དོན་རྒྱས་པར་བཀྲལ་བ། ཉམས་སུ་ལེན་པའི་ཚུལ་གྱིས་དོན་བསྡུ་བའོ། །དང་པོ་ནི། རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་དང་། གྲུབ་ཆེན་གྱི་གཞུང་ལས། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོ་ངལ་བསོ་སྟེ། །ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསྒོམ། །ཡི་གེ་མཆོག་གི་གནས་གྱུར་པ། །དེ་ཡི་དབུས་སུ་རྣམ་པར་བསྒོམ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །དེ་ནི་གཟུགས་ལས་འདས་པ་སྟེ། །དངོས་པོ་མེད་པའི་ཆོས་ཉིད་ཡིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་གྱིས་མི་ཁྱབ་དེ་བསམས་ནས། །དེ་ལས་གཟུགས་ནི་ཐོབ་པར་འགྱུར། །ཅེས་གསུངས་སོ། །གཉིས་པ་ནི། དེའི་དོན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། དེ་བརྗོད་པ་ལ་གསུམ་སྟེ། རྡོ་རྗེ་སེམས་དཔའ་བསྡུ་བ་དང་། ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བའོ། །དང་པོ་ནི། རྩ་བའི་དཔེ་ལྔ་དང་། ཡན་ལག་གི་དཔེ་དུ་མས་མཚོན་པ་སྟེ། དེའང་བསྐྱེད་པའི་རིམ་པའི་ཐུན་གྱི་མཇུག་ཏུ། བཅོམ་ལྡན་འདས་ཀྱི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བས་བརྒྱན་པར་བསྒོམ། དེར་ཧཱུྃ་ལས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་སྙེམས་མ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པའི་ཚུལ་དུ་བཞུགས་པ། གཉིས་ཀའང་རུས་པའི་རྒྱན་གྱིས་བརྒྱན་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡི་གེ་ཧཱུྃ་བསྒོམ། ཧཱུྃ་དེ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་། ཕྱིའི་ཧེ་རུ་ཀ་ཡབ་ཡུམ་ནས་འཁོར་ལོ་ནང་མ་དེ་ནས་རིམ་གྱིས་ཇེ་གསལ་ཇེ་གསལ་ཁམས་གསུམ་སྣོད་བཅུད་ཐམས་ཅད་གསལ་བར་བྱས་ལ། དེའི་སྟོབས་ཀྱིས་ཐམས་ཅད་ཕྲིག་ཕྲིག་གཡོས་པར་བསམས་ཏེ། དེ་ནི་རྡོ་ཁབ་ལེན་གྱིས་ལྕགས་གཡོ་བ་ཞེས་བྱ་བའི་དཔེ་དང་པོ་ཡིན་ནོ། །དེ་ནས་ཁམས་གསུམ་སྣོད་བཅུད་ཐམས་ཅད་སྲུང་བའི་འཁོར་ལོ་ལ་བསྡུ་བ་ནས། བཅོམ་ལྡན་འདས་ཀྱི་ཞལ་བཞི་ལ་བསྡུ་བའི་བར་ཏེ། དཔེ་གཉིས་པ་ལྕི་བས་དངུལ་ཆུ་སྡུད་པ་ཞེས་བྱ་བ་ཡིན་ནོ། །འབྲིང་བསྡུས་གཉིས་ལ་ཕྱིའི་དཀྱིལ་འཁོར་མེད་པས་ཁམས་གསུམ་ལུས་ལ་སྡུད་པ་ཉིད་དཔེ་གཉིས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་ནི། ཞལ་གཅིག་ཕྱག་གཉིས་པར་བསྡུ་སྟེ། དཔེ་གསུམ་པ་རུས་སྦལ་ཡན་ལག་འཁུམས་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་བདག་ཕྱིའི་ཧེ་རུ་ཀ་ཡབ་ཡུམ་ལ་བསྡུ། ཡབ་ལྟེ་བའི་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་བསྡུ། རྡོ་རྗེ་སྙེམས་མའང་ཡབ་ལ། ཡབ་ཧཱུྃ་ལ། ཧཱུྃ་གི་གདན་ཟླ་བ་ཞབས་ཀྱུ་ལ། ཞབས་ཀྱུ་ཁོག་པ་ལ། ཁོག་པ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ་བསྡུ་སྟེ། དེ་ནི་དཔེ་བཞི་པ་སྐར་མདའ་གཅིག་ལ་གཅིག་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཐིག་ལེའང་ཇེ་ཕྲ་ཇེ་ཕྲ་མི་དམིགས་པ་བསམ་གྱིས་མི་ཁྱབ་པའི་ངང་ལ་གཞག་པར་བྱ་སྟེ། དེ་ནི་རྩ་བའི་དཔེ་ལྔ་པ་ལན་ཚྭ་ཆུ་ལ་ཐིམ་པ་ཞེས་བྱ་བ་ཡིན་ནོ། །དེ་ནས་ཡན་ལག་གི་དཔེ་ནི་ངོ་བོ་ཉིད་ཀྱི་སྟེང་དུ་གཏན་ལ་དབབ་སྟེ། གོང་གི་སྤྲོས་པ་རྣམས་ནི་ཆ་ལུགས་སམ། འོད་ཟེར་རམ། རླབས་ཞེས་བྱ་བ་ཡིན་ལ། བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་ནི་གར་མཁན་དངོས་སམ། ཉི་མའམ། རྒྱ་མཚོ་ཉིད་དང་འདྲ་བ་ཡིན་པས་ན་གར་མཁན་ཉིད་དང་ཆ་ལུགས་དང་། ཉི་མ་དང་འོད་ཟེར་དང་། མཚོ་དང་རླབས་དག་ངོ་བོ་ཉིད་ཀྱི་སྟེང་དུ་ནི་ཆུ་ལ་ཆུ་བཞག་པའམ། མར་ལ་མར་བཞག་པ་སྟེ་ཡན་ལག་གི་དཔེ་ལྔས་མཚོན་པ་ཡིན་ནོ། །དེའི་ངང་ལ་བློ་ཇི་ཙམ་གནས་པ་ཅིག་བཞག་ལ། ལྡང་བར་འདོད་ན་གོང་དུ་བསྟན་པའི་ལྡང་བའི་རྣལ་འབྱོར་གྱིས་ཧེ་རུ་ཀར་ལངས་ཏེ། དག་པ་རྗེས་སུ་དྲན་པ་བྱ་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུ་བ་ཞེས་བྱ་བའི་རིམ་པ་འདི་ནི་བསྐྱེད་པའི་རིམ་པའི་རྗེས་ལ་ཅིས་ཀྱང་བསྒོམ་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་བསྡུ་བའོ། །ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བ་འདི་གཉིས་ནི་བསྐྱེད་རིམ་གྱི་རྗེས་ལ་ཅིས་ཀྱང་འབྱུང་བའི་རྫོགས་རིམ་ནི་མ་ཡིན་ཏེ། རྣལ་འབྱོར་པ་བསྐྱེད་རིམ་ལ་བརྟེན་པའམ། ཡང་ན་ལས་དང་པོ་པ་ཉིད་ནས་ཀྱང་རུང་སྟེ། རླུང་དང་སེམས་ཀྱི་དམིགས་པ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་ཡེ་ཤེས་མྱུར་དུ་ཚོལ་བར་འདོད་པའི་རྟེན་ཡིན་པས། བསྐྱེད་པའི་རིམ་པ་རྒྱས་པར་བསྒོམས་པའི་རྗེས་སམ། འདི་ཉིད་གཙོ་བོར་བྱེད་པའི་དུས་སུ་སྐད་ཅིག་གིས་ཧེ་རུ་ཀ་ཡབ་ཡུམ་དུ་དྲན་པར་བྱས་པའི་ལྟེ་བར་པདྨ་འདབ་མ་བཞི་པའི་ཤར་དུ་ས་རླུང་གི་རང་བཞིན་ལ་སེར་པོ། གཡོན་དུ་ཆུ་རླུང་གི་རང་བཞིན་ཝ་དཀར་པོ། རྒྱབ་ཏུ་མེ་རླུང་གི་རང་བཞིན་ར་དམར་པོ། གཡས་སུ་རླུང་རླུང་གི་རང་བཞིན་ཡ་ལྗང་གུ། དབུས་སུ་ནམ་མཁའི་རླུང་གི་རང་བཞིན་ཐིག་ལེ་ཁ་དོག་སྔོན་པོ་ཅིག་བསམས་ལ། རིམ་གྱིས་བློ་སྦྱང་བའི་ཕྱིར་དབུགས་ཕྱིར་རྒྱུ་བའི་དུས་སུ་མདུན་གྱི་ལ་སེར་པོ་ལས་འོད་ཟེར་ཁ་དོག་སེར་པོ་སྦོམ་ཕྲ་སྐུད་པ་འབྲིང་པོ་ཙམ་ལངས་ཏེ་གྱེན་དུ་བྱུང་བ་སྣ་སྒོ་གཡོན་པ་ནས་ཕྱུང་སྟེ། མདུན་དུ་སོར་བཅུ་དྲུག་ཙམ་གྱི་ཚད་དུ་བྱུང་བར་བསམ། རླུང་ནང་དུ་འཇུག་པ་དང་བསྟུན་ལ་འོད་ཟེར་དེ་ནང་དུ་བསྡོགས། ལ་སེར་པོ་དེ་ལ་བསྟིམས་ལ་ཡིད་ཀྱིས་ལ་སེར་པོ་དེ་ལ་བལྟ་ཞིང་རླུང་ཁ་སྦྱོར་གྱི་དམིགས་པ་བྱའོ། །དེས་དུ་བ་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་ས་རླུང་དབང་དུ་གྱུར་པའི་རྟགས་ཡིན་པས་ལ་སེར་པོ་དེ་གཡོན་གྱི་ཝ་དཀར་པོ་ལ་བསྟིམ། ཝ་དཀར་པོ་ལས་འོད་ཟེར་དཀར་པོ་སྣ་བུག་གཡོན་པ་ནས་འབྱུང་བ་དང་། འཇུག་པ་དང་། རླུང་གི་རྣལ་འབྱོར་དང་བཅས་པ་སྔ་མ་བཞིན་བསྒོམས་པས་སྨིག་རྒྱུ་ལྟ་བུ་མཐོང་བ་དེའི་ཚེ་ཆུ་རླུང་དབང་དུ་འདུས་པ་ཡིན་པས་ཝ་དཀར་པོ་དེ་རྒྱབ་ཀྱི་ར་དམར་པོ་ལ་བསྟིམ། ར་དམར་པོ་ལས་འོད་ཟེར་དམར་པོ་སྣ་གཡོན་ནས་འབྱུང་བ་དང་། འཇུག་པ་དང་། རླུང་གི་རྣལ་འབྱོར་སྔ་མ་བཞིན་དུ་བསྒོམས་པས་སྲིན་བུ་མེ་ཁྱེར་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་མེ་རླུང་དབང་དུ་འདུས་པ་ཡིན་པས་ར་དམར་པོ་དེ་གཡས་ཀྱི་ཡ་ལྗང་གུ་ལ་བསྟིམས་ལ་བཞག །ཡ་དེ་ལས་འོད་ཟེར་ལྗང་གུ་སྣ་གཡོན་ནས་འབྱུང་བ་དང་། འཇུག་པ་དང་། རླུང་གི་རྣལ་འབྱོར་སྔ་མ་བཞིན་དུ་བསྒོམས་པས་མར་མེ་འབར་བ་ལྟ་བུའི་རྟགས་མཐོང་བ་དེའི་ཚེ་རླུང་གི་རླུང་དབང་དུ་འདུས་པའི་རྟགས་ཡིན་པས་ཡི་གེ་ཡ་ལྗང་གུ་དེ་དབུས་ཀྱི་ཐིག་ལེ་སྔོན་པོ་ལ་བསྟིམས་ལ་བཞག །དེ་ནས་ཐིག་ལེ་སྔོན་པོ་ལས་འོད་ཟེར་འབྱུང་འཇུག་མེད་པར་ཐིག་ལེ་ལ་ཡིད་ཀྱིས་བལྟ་ཞིང་རླུང་ཁ་སྦྱར་གྱི་རྣལ་འབྱོར་པས་ནམ་མཁའ་སྤྲིན་མེད་ལྟ་བུ་མཐོང་བ་དེའི་ཚེ་ནམ་མཁའི་རླུང་དབང་དུ་འདུས་པ་ཡིན་པས། འདིའི་མཇུག་ཏུ་མཐོང་བའི་ལམ་གྱི་ཡེ་ཤེས་སྐྱེ་ཞེས་གསུངས་སོ། །ཡི་གེ་བསྡུ་བའོ། །ཐིག་ལེ་བསྡུ་བ་ནི། ཡི་གེ་རྣམས་ཀྱི་ཤུལ་དུ་ཐིག་ལེ་བསྒོམ་པ་སྟེ། ཤར་དུ་ཐིག་ལེ་སེར་པོ། གཡོན་དུ་དཀར་པོ། རྒྱབ་ཏུ་དམར་པོ། གཡས་སུ་ལྗང་གུ་རྣམས་བསྒོམས་ལ། འོད་ཟེར་གྱི་སྐུད་པའི་འབྱུང་འཇུག་དང་། རླུང་གི་རྣལ་འབྱོར་ལ་སོགས་པ་སྔ་མའི་ཚུལ་དུ་བསྒོམས་པས་མཐར་ཕྱིན་པའི་ཚད་སྔ་མ་བཞིན་དུ་འབྱུང་བར་འགྱུར་རོ། །དེས་ན་འདི་གཉིས་ཀྱང་རྣལ་འབྱོར་པ་རང་གི་བློ་ལ་གང་བདེ་བ་བསྒོམ་པ་ཡིན་ལ། གཅིག་གི་རྗེས་ལ་གཅིག་བསྒོམ་པ་ནི་མ་ཡིན་ནོ། ཞེས་གསུངས་པ་ལྟར་རོ། །གསུམ་པ་ནི། དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་བསྡུ་བའི་རྫོགས་རིམ་ནི་བསྐྱེད་རིམ་གྱི་མཇུག་ཏུ་ངེས་པར་བསྒོམ་པའི་ཚུལ་གོང་དུ་བསྟན་ཟིན་ཅིང་། ཡི་གེ་བསྡུ་བ་དང་། ཐིག་ལེ་བསྡུ་བ་ནི་བསྐྱེད་རིམ་དང་འབྲེལ་ན་རྡོ་རྗེ་སེམས་དཔའ་བསྡུ་བའི་གོང་དུ་བསྒོམ། བསྐྱེད་རིམ་ལ་ཅུང་ཟད་བརྟན་པ་ཐོབ་པས་རྫོགས་རིམ་གཙོ་བོར་བྱེད་ནས་འདི་རྐྱང་པ་བསྒོམ་ན། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་རྣམས་སྔོན་དུ་འགྲོ་བས། བླ་མ་རང་ལ་བསྟིམས་པའི་རྐྱེན་གྱིས་རང་སྐད་ཅིག་གིས་དཔལ་འཁོར་ལོ་བདེ་མཆོག་གི་སྐུར་གྱུར་པར་བསམས་ལ་སེམས་གཟུང་། གསལ་སྣང་ཐོན་པ་ན་ལུས་བསྲང་། རླུང་རོ་བསལ། རང་གི་ལུས་ཀྱི་ནང་ཐམས་ཅད་སྟོང་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྲུལ་འཁོར་གྱི་ལྟེ་བར་ཇི་སྐད་བཤད་པའི་ཡི་གེའམ་ཐིག་ལེ་བསྒོམ། དེ་ལ་སེམས་ཟིན་པ་ན་འོད་ཀྱི་འབྱུང་འཇུག་བྱ། དེ་བརྟན་པའི་ཕྱིར་བུམ་པ་ཅན་ཁ་སྦྱར་དུ་བཟུང་བ་སོགས་ཇི་སྐད་གསུངས་པ་ལྟར་ཉམས་སུ་བླང་ངོ་། །དེ་ལྟར་བསྐྱེད་རྫོགས་ཀྱི་རིམ་པ་ཟབ་མོ་འདི་ནི་སྐུ་གསུམ་ལམ་བྱེད་ཀྱི་རྣལ་འབྱོར་དུ་ཇི་ལྟར་འགྱུར་པའི་ཚུལ་རྗེ་བཙུན་རིན་པོ་ཆེས། དེ་ལ་སློབ་དཔོན་ལཱུ་ཧི་པའི་དགོངས་པ་ཇོ་བོ་ནཱ་རོ་ཏ་པས་བསྐངས་པས་མངོན་པར་རྟོགས་པ་གཅིག་ལ་སྐུ་གསུམ་ལམ་དུ་བྱེད་པའི་སྒྲུབ་ཐབས་ཡིན་ཏེ། དེ་ཡང་བློའི་སྤྱོད་ཡུལ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པ་དང་། མངོན་པར་རྟོགས་པ་གཅིག་ལ་སྐུ་གསུམ་དུ་བཞག་པའོ། །དང་པོ་བདག་གི་བློ་སྣང་གི་དཀྱིལ་འཁོར་ནི་ཞིང་སྐྱེས་ཀྱིས་སྤྲུལ་ལ། ཞིང་སྐྱེས་ཉིད་ཀྱང་ལྷན་སྐྱེས་ཀྱིས་སྤྲུལ་པའི་ཕྱིར། དེ་གཉིས་ཀའང་སྤྲུལ་པའི་སྐུའོ། །ལྷན་སྐྱེས་ནི་གནས་འཕོ་བ་མེད་པའི་ཚུལ་གྱིས་ཟག་པ་མེད་པའི་བདེ་བ་དང་། ཆོས་ལ་ལོངས་སྤྱོད་པའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུའོ། །ཆོས་ཀྱི་སྐུ་ནི་ཆོས་ཀྱི་སྐུ་ཉིད་དོ། །གཉིས་པ་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་འཇོག་ན། བདེ་བ་ཆེན་པོའི་འཁོར་ལོ་ནི་ཆོས་ཀྱི་སྐུ། འཁོར་ལོ་གསུམ་ནི་ལོངས་སྐུ། སྒོ་མཚམས་མ་བརྒྱད་ནི་སྤྲུལ་པའི་སྐུའོ། །མངོན་པར་རྟོགས་པ་རྫོགས་པ་གཅིག་ལ་སྐུ་གསུམ་དུ་འཇོག་ན། ཕྱིའི་དཀྱིལ་འཁོར་དག་པ་དང་བཅས་པ་སྤྲུལ་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། ལུས་ཀྱི་དཀྱིལ་འཁོར་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་བཅས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས། རྫོགས་པའི་རིམ་པ་སྤྱོད་པ་གཅིག་དང་བཅས་པ་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་སོ། །དེ་ལ་འབྲིང་བསྡུས་གཉིས་ཀྱི་དབང་དུ་བྱས་ན་ཕྱིའི་དཀྱིལ་འཁོར་མེད་པས། ལུས་ལ་ལྷ་རྣམས་རྫོགས་པར་བསྐྱེད་པ་ཙམ་ནི་སྤྲུལ་པའི་སྐུ་ཡིན་ལ། བསྐྱེད་པ་གསལ་གདབ་པ་དང་། ཐིམ་པའི་ཚུལ་གྱིས་ལོངས་སྤྱོད་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། རྫོགས་པའི་རིམ་པ་སྤྱོད་པ་དང་བཅས་པ་ནི་ཆོས་ཀྱི་སྐུ་ལམ་དུ་བྱེད་པའི་སྒྲུབ་ཐབས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། མདོར་ན་རིམ་གཉིས་བཟླས་པ་དང་བཅས་པ་ལ་བརྩོན་པས་དྲོད་ཅི་རིགས་པ་ཐོབ་ནས། སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་བོགས་དབྱུང་ཞིང་། ཡེ་ཤེས་ལ་དབང་འབྱོར་པ་ན་གཞན་དོན་དུ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པས་མཚམས་སྦྱར་ཏེ་མཐར་ཐུག་གི་འབྲས་བུ་ལ་རེག་པར་འགྱུར་རོ། །བཞི་པ་དེས་གྲུབ་པའི་འབྲས་བུ་ནི། དམན་བཞི་སོགས་ལས་རབ་འབྱམས་དང་། འབྲིང་གྲུབ་པ་ཆེན་པོ་བརྒྱད་དང་། འབྲིང་གི་རབ་མཁའ་སྤྱོད་ཀྱི་རིག་པ་འཛིན་པ་ཐོབ་པར་འགྱུར་བ་ནི་གནས་སྐབས་ཀྱི་འབྲས་བུ་ཡིན་ལ། །མཐར་ཐུག་ལམ་ལྔ་དང་ས་བཅུ་བདེ་བླག་ཏུ་བགྲོད་དེ་མཆོག་གི་དངོས་གྲུབ་སྐུ་གསུམ་གྱི་རང་བཞིན་སངས་རྒྱས་ཀྱི་ས་རྡོ་རྗེ་འཛིན་པ་ཉིད་འགྲུབ་པར་འགྱུར་བ་ཡིན་ནོ། །རྣལ་འབྱོར་གསང་མཐའ་འཁོར་ལོ་བདེ་མཆོག་གི། །རིམ་གཉིས་མན་ངག་གྲུབ་པའི་ཞལ་གྱི་ལུང་། །བདེ་ཆེན་འདོད་འཇོ་འདིར་བསྟེན་ཡིད་ཅན་ཀུན། །འཆི་མེད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་རྗེ་བཙུན་རྡོ་རྗེ་འཆང་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ཇི་ལྟ་བ་ལ། ཀུན་མཁྱེན་ཆེན་པོའི་རྣམ་བཤད་དང་། རྗེ་སངས་རྒྱས་དཔལ་བཟང་སློབ་ཚོགས་དང་བཅས་པའི་ཟིན་བྲིས་སོགས་ལས་དོན་གྱི་སྙིང་པོ་མདོར་བསྡུས་ཏེ། མང་དུ་ཐོས་པ་ལྟར་སྣང་བའི་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། །འདིའི་རྫོགས་རིམ་ནི། རྗེ་བཙུན་རིན་པོ་ཆེའི་གསུང་གི་དངོས་བསྟན་བླ་མ་ཕྱི་མ་རྣམས་ཀྱིས་ཀྱང་སོར་བཞག་ཏུ་མཛད་པ་ལྟར་བྲིས་པ་ཡིན་ལ། དམིགས་པ་ཉམས་སུ་ལེན་ཚུལ་ཞིབ་པར་ཁྲིད་ཡིག་དག་ལས་ཤེས་པར་བྱའོ།། །། | ||
Latest revision as of 15:59, 1 June 2024
Wylie title | dpal 'khor lo bde mchog lU hi pa'i bskyed rdzogs kyi snying po shin tu bsdus pa bde chen 'dod 'jo | |
---|---|---|
Location | mkhyen brtse'i bka' 'bum Volume 7, sde tshan 10, Pages 165-208 (Folios 1a to 22b5) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. dpal 'khor lo bde mchog lU hi pa'i bskyed rdzogs kyi snying po shin tu bsdus pa bde chen 'dod 'jo. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 7: 165-208. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Generation Stage - bskyed rim · Completion Stage - rdzogs rim | |
Deity | 'khor lo bde mchog | |
Colophon |
།ཅེས་པའང་རྗེ་བཙུན་རྡོ་རྗེ་འཆང་གྲགས་པ་རྒྱལ་མཚན་གྱི་གསུང་རབ་ཇི་ལྟ་བ་ལ། ཀུན་མཁྱེན་ཆེན་པོའི་རྣམ་བཤད་དང་། རྗེ་སངས་རྒྱས་དཔལ་བཟང་སློབ་ཚོགས་དང་བཅས་པའི་ཟིན་བྲིས་སོགས་ལས་དོན་གྱི་སྙིང་པོ་མདོར་བསྡུས་ཏེ། མང་དུ་ཐོས་པ་ལྟར་སྣང་བའི་བྱ་བྲལ་སྤོང་བ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། | |
ces pa'ang rje btsun rdo rje 'chang grags pa rgyal mtshan gyi gsung rab ji lta ba la/__kun mkhyen chen po'i rnam bshad dang /__rje sangs rgyas dpal bzang slob tshogs dang bcas pa'i zin bris sogs las don gyi snying po mdor bsdus te/__mang du thos pa ltar snang ba'i bya bral spong ba pa 'jam dbyangs mkhyen brtse'i dbang pos bris pa dge legs mchog tu gyur cig__/sarba dA ka l+yA NaM b+ha ba tu |
1 Texts in this Section (sde tshan or chos tshan)