JKW-KABUM-02-KHA-001-040: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
m (Text replacement - "Khyentse Metadata" to "Text") |
||
(5 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. ''''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 2: . Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |fulltitletib=ཀྱེ་རྡོར་རབ་གནས་བཟང་པོ་དྲུག་ལྡན་གྱི་ཚུལ་ལས་བརྩམས་པའི་འབེལ་གཏམ། | ||
|fulltitle=kye rdor rab gnas bzang po drug ldan gyi tshul las brtsams pa'i 'bel gtam | |||
|citation=[['jam dbyangs mkhyen brtse'i dbang po]]. ''kye rdor rab gnas bzang po drug ldan gyi tshul las brtsams pa'i 'bel gtam''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 2: 200-232. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editor= | |editor= | ||
|editortib= | |editortib= | ||
|tibgenre=Discourses - gtam | |tibgenre=Consecration Rituals - rab gnas cho ga, Discourses - gtam | ||
|terma=No | |terma=No | ||
|sabcadcategory=Two | |sabcadcategory=Two | ||
|deity=kye rdo rje | |||
|language=Tibetan | |language=Tibetan | ||
|volumenumber=002 | |volumenumber=002 | ||
Line 19: | Line 22: | ||
|textnuminvol=001 | |textnuminvol=001 | ||
|textsubnumber=040 | |textsubnumber=040 | ||
|pagenumbers=200-232 | |||
|totalpages=33 | |||
|beginfolioline=100b3 | |||
|endfolioline=116b2 | |||
|totalfolios=17 | |||
|multivolumework=No | |multivolumework=No | ||
|rectonotes=sde tshan 1 | |rectonotes=sde tshan 1 | ||
Line 27: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པ་བཟང་པོ་དྲུག་ལྡན་གྱི་ཚུལ་ལས་བརྩམས་པའི་འབེལ་གཏམ་ཉུང་ངུ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། འདིར་རྟེན་གསུམ་རབ་ཏུ་གནས་པ་དང་རྗེས་སུ་འབྲེལ་བའི་བཟང་པོ་དྲུག་ལྡན་གྱི་འབེལ་གཏམ་ཅུང་ཟད་ཙམ་སྤྲོ་ན། ཐོག་མར་རྡོ་རྗེ་འཛིན་པ་གདན་གསུམ་འཁོར་ལོའི་མགོན་པོས་བཀའ་ཡི་གནང་བ་བྱིན་ནས། འོ་ལེགས་སོ། །དེ་ལ་སྤྱིར་ཡང་དག་བར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དགོངས་དོན་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་བརྗོད་དོན་མངོན་པར་རྟོགས་པའི་རིམ་པར་བསྡེབས་ནས་ཉམས་སུ་ལེན་པའི་ཚུལ་ལ། རྒྱ་གར་འཕགས་པའི་ཡུལ་གྱི་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་བཞེད་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་པ་ལས། འདིར་རྣལ་འབྱོར་གྱི་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་བརྒྱུད་པ་དང་བཅས་པའི་བཞེད་པ་ལ། རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་དུ་གཏན་ལ་དབབ་ཅིང་། དེ་རྣམས་ཀྱི་ནང་ནས་སྐབས་དོན་ཐབས་ཀྱི་རྒྱུད་ལའང་། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། དེ་རྗེས་སྔགས་ལམ་ཐོག་མ་སྨིན་བྱེད་དབང་། །ལམ་ལ་རྟོགས་པའི་ལྟ་བ་བསྐྱེད་རྫོགས་གཉིས། །སྤྱོད་དང་ཉེ་རྒྱུ་མཆོག་གི་མངོན་རྟོགས་ལྔ། །བཟླས་དང་གཏོར་མ་སྦྱིན་སྲེག་རབ་གནས་དང་། །ལས་ཚོགས་རབ་འབྱམས་ཞེས་བྱ་ཡན་ལག་ལྔ། །གཉིས་ཀའི་ཐུན་མོང་དམ་ཚིག་སྡོམ་པ་སྟེ། །ཐབས་རྒྱུད་མངོན་པར་རྟོགས་པ་བཅུ་གཅིག་གོ །ཞེས་གསུངས་པ་ལྟར་གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ། གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ། དེ་དག་ཐམས་ཅད་ལ་ཐུན་མོང་དུ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་སྟེ་བཅུ་གཅིག་ཏུ་བཤད་པ་ལས། དེ་དག་གི་ནང་ནས་རབ་གནས་ཀྱི་ཆོ་ག་ནི། མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་རྟོགས་ལྔའི་ཡན་ལག་ལྟ་བུར་བཤད་ཀྱང་། གནས་སྐབས་ཀྱི་འབྲས་བུ་འཇིག་རྟེན་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་སོགས་དགེ་ལེགས་ཐམས་ཅད་ཀྱི་གཞི་ཡིན་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུར་བྱེད་ཅིང་། ལྷག་པར་ཡུལ་ཕྱོགས་གང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་གནས་པ་ཡང་། བདེ་བར་གཤེགས་པའི་རྟེན་གསུམ་རབ་གནས་ཅན་བཞུགས་པའི་མཐུ་ཡིན་པས་ན། ཕན་ཡོན་གྱི་སྒོ་ནས་མངོན་རྟོགས་གཞན་ལས་འཕགས་ཤིང་། དགོས་པ་དེ་ལྡན་གྱི་རབ་གནས་ཀྱི་མཚན་ཉིད་ལ། ཐོག་མར་སྒྲ་དོན་ནམ་རྒྱུ་མཚན་ནི། སཾ་སྐྲྀ་ཏ་ལྷའི་སྐད་དུ་སུ་པྲ་ཏིཥྛ་ཞེས་པའི་སྒྲ་ལས་དྲངས་ན། ལེགས་པར་རབ་ཏུ་གནས་པའམ། ཉེར་བསྒྱུར་པྲ་ཏིའི་སྒྲ་ལས་དྲངས་ན། ལེགས་པར་སོ་སོར་རབ་ཏུ་གནས་པར་ཡང་བསྒྱུར་དུ་རུང་བ་སོགས་མདོར་ན་རྟེན་གང་དང་རྟེན་པ་ཡེ་ཤེས་སེམས་དཔའ་དབྱེར་མེད་དུ་ལེགས་པར་རབ་ཏུ་གནས་པའམ། རྟེན་དང་བརྟེན་པའི་ཚུལ་གྱིས་སོ་སོར་ཏིལ་གྱི་གོང་བུ་ཏིལ་གྱིས་གང་བ་ལྟར་གནས་ཤིང་སེམས་ཅན་གྱི་ཉེར་འཚོའི་གཞིར་ཡུན་རིང་དུ་གནས་པར་བྱེད་པའི་ཐབས་སུ་གྱུར་པའོ། །རྒྱུ་མཚན་ནི། སློབ་དཔོན་ནག་པོ་པའི་ཞལ་སྔ་ནས། མཆོག་ཏུ་རབ་ཏུ་གནས་པའི་རབ་གནས། ཞེས་གསུངས་པ་ལྟར། ཡེ་ཤེས་སེམས་དཔའ་ཇི་སྲིད་དུ་བཞུགས་པ་དེ་སྲིད་དུ་ལྷ་མིའི་མཆོད་ གནས་ཟླ་མེད་པར་བཞུགས་པའི་ཕྱིར་ན་རབ་གནས་ཞེས་གསུངས་པ་ཡིན་ལ། དེ་ཡང་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལས་འགྱུར་བ་མེད་པའི་ཕྱིར་རབ་ཏུ་གནས་བྱ་གནས་བྱེད་དང་བྲལ་ཡང་། ཐ་སྙད་ཀུན་རྫོབ་ཙམ་དུ་སྐྱེ་བོ་དད་པ་ཅན་རྣམས་ཀྱི་མཆོད་པའི་ཐབས་སུ་གྱུར་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་རབ་ཏུ་གནས་པ་བགྱིར་ཡོད་པའང་། རབ་གནས་གཞུང་ལས། སྐྱེ་བོ་རབ་ཏུ་དད་པ་ཡིས། །བྱས་པ་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱ་བ་ཡིན། །ཞེས་དང་། རབ་རྒྱུད་ལས། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །གཅིག་ཤོས་ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟག །ཅེས་སོགས་རྒྱ་ཆེར་གསུངས་སོ། །དབྱེ་ན། ནང་དང་། ཕྱིའི་རབ་གནས་གཉིས་ལས། དང་པོ་ནི། བདག་ཉིད་ལྷ་དམ་ཚིག་པར་བསྒོམ་པ་ལ་ཡེ་ཤེས་པ་བཅུག་ནས་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་བཏབ་སྟེ་མཆོད་བསྟོད་བཟླས་པ་སོགས་བྱེད་པ་ཡིན་ལ།གཉིས་པ་ནི། ཡོངས་སུ་དག་པ་བཟང་པོ་དྲུག་ཚང་བའི་སྒོ་ནས་རྟེན་ལ་ཡེ་ཤེས་པ་གནས་པར་བྱེད་པའི་ཐབས་དང་། ལུགས་སྲོལ་གྱི་སྒོ་ནས་སྒྲ་ཙམ་འཇུག་པ་ལ། མདོ་དང་། སྔགས་ནས་བཤད་པ་གཉིས་ལས། དང་པོ་ནི། དམ་པའི་ཆོས་འདུལ་བ་ལས། ཇི་སྐད་དུ། དེ་ཡི་རབ་གནས་བྱ་བ་ནི། །ཤིན་ཏུ་བརྟན་པ་ཆོས་ཀྱི་སྐུ། །བསྐྱེད་པ་མ་ཡིན་འཇིག་བྱེད་མིན། །གདོད་ནས་མ་སྐྱེས་པ་དགེ་བ། །དེ་ལྟར་རབ་གནས་བྱས་ནས་ནི། །དེ་ཡི་སྤྱན་དབྱེར་གྱུར་པ་ཡིན། །ཞེས་གཎྜཱི་ལ་རབ་གནས་བྱ་བར་གསུངས་པའི་གཞུང་ཙམ་ལ་བརྟེན་ནས། སྐུ་གཟུགས་ལ་སོགས་པ་ལེགས་པར་བཞེངས་གྲུབ་པ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་དུས་སྟོན་གྱི་ཚེ་ཁྲི་མཐོན་པོར་བཞུགས་སུ་གསོལ་ནས། དེ་ལ་མཆོད་པ་དང་བཀྲ་ཤིས་པའི་གསོ་སྦྱོང་བྱས་ཏེ་སོ་སོར་ཐར་པའི་མདོ་འདོན་པ་དང་། འདུལ་བ་ལུང་སོགས་ནས་འབྱུང་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ་མེ་ཏོག་འཐོར་བ་ཙམ་ལ་རབ་གནས་ཀྱི་ཐ་སྙད་བཏགས་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་ཤེར་ཕྱིན་སོགས་ལས་ཀྱང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་མཆོད་བསྟོད་བཀྲ་ཤིས་བྱེད་པ་ཙམ་ལ་རབ་གནས་ཀྱི་མིང་གིས་བཏགས་པ་ཙམ་ཡོད་དེ། འཇམ་མགོན་ས་སྐྱ་པཎྜི་ཏས། མདོ་ལས་རབ་གནས་བཤད་པ་མེད། །འོན་ཀྱང་མཆོད་བསྟོད་བཀྲ་ཤིས་སོགས། །རྒྱལ་པོའི་མངའ་དབུལ་ལྟ་བུ་ལ། །རབ་གནས་ཡིན་ཞེས་སྨྲ་ན་སྨྲོས། །ཞེས་དང་། ལྷ་བསྒོམ་པ་དང་སྔགས་བཟླས་དང་། །བུམ་པ་ལྷ་ཡི་སྟ་གོན་དང་། །དངོས་གཞི་དམ་ཚིག་སེམས་དཔའ་ལ། །ཡེ་ཤེས་འཁོར་ལོ་དགུག་གཞུག་དང་། །སྤྱན་དབྱེ་བརྟན་པར་བཞུགས་པ་དང་། །སྔགས་ཀྱི་བྱིན་གྱིས་བརླབས་པ་དང་། མེ་ཏོག་དོར་ནས་ལེགས་མཆོད་པའི། །བཀྲ་ཤིས་རྒྱས་པར་བྱེད་པ་ཡི། །ཆོ་ག་གསང་སྔགས་རྒྱུད་སྡེ་ལས། །གསུངས་ཀྱི་ཕ་རོལ་ཕྱིན་ལ་མིན། །ཞེས་གསལ་བར་གསུངས་པ་ལྟར་དང་། གཉིས་པ་ནི། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྒྱུད་སྡེ་སོ་སོའི་དགོངས་པ་དང་མཐུན་པར་བཀྲལ་བའི་རབ་ཏུ་གནས་པའི་ཆོ་ག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། གངས་ཅན་གྱི་ལྗོངས་འདིར་འགྱུར་བ་ལ། བྱ་རྒྱུད་དང་མཐུན་པར་བཀྲལ་བ་ནི། པཎྜིཏ་སུ་མ་ཏི་ཀཱི་རྟི་དང་། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་དང་། དཔལ་མར་མེ་མཛད་བཟང་པོ་སོགས་ཀྱིས་མཛད་པའི་གཞུང་དུ་མ་བཞུགས་ཤིང་། སྤྱོད་རྒྱུད་ཀྱི་སྐབས་སུ། མཆོད་རྟེན་རབ་གནས་ཅན་བཞུགས་སུ་གསོལ་ལ། ཞེས་དང་། དེ་བཞིན་གཤེགས་པའི་སྐུ་རབ་གནས་ཅན། ཞེས་པ་ཙམ་ལས་ཆོ་གའི་ཚུལ་གསལ་བར་མ་བཤད་ཅིང་། དེ་གཉིས་ཀྱང་བྱ་སྤྱོད་རང་སྐད་ལྟར་ལས་རྒྱུད་སྡེ་གོང་མའི་རྒྱས་བཀའ་དང་མ་འབྲེལ་བའི་ཚེ་རབ་གནས་མཚན་ཉིད་པ་མ་ཡིན་པར་ཤེས་དགོས་ལ། རྣལ་འབྱོར་གྱི་རྒྱུད་སྡེ་དང་མཐུན་པར་བཀྲལ་བ་ལ། རྒྱུད་དེ་ཉིད་ཀྱི་ནང་གསེས་རབ་གནས་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་རྣལ་འབྱོར་སྐྱོང་གིས་མཛད་པའི་སྐུ་གཟུགས་ཀྱི་སྤྱན་དབྱེའི་ཆོ་ག་དང་། གྲུབ་ཆེན་ཀུན་སྙིང་གིས་མཛད་པའི་རབ་གནས་ཀྱི་ཆོ་ག །པྲཛྙཱ་པ་ལི་ཏའི་སྤྱན་དབྱེའི་ཆོ་ག །སློབ་དཔོན་ཞི་བའི་སྙིང་པོའི་མཆོད་རྟེན་སྒྲུབ་པའི་ཆོ་ག་རྣམས་ཡོད་ཅིང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་མཐུན་བར་བཀྲལ་བ་ལ། ཀྱེ་རྡོ་རྗེ་རྩ་བའི་རྒྱུད་ལས། རབ་གནས་མཚན་ཉིད་བཟང་པོ་ཉིད། །ཅེས་གསུངས་པ་ལ་བརྟེན་ནས་གྲུབ་ཆེན་མི་ཐུབ་ཟླ་བས་མཛད་པའི་རབ་གནས་ཀྱི་ཆོ་ག་བཟང་པོ་དྲུག་པ། སློབ་དཔོན་ནག་པོ་ཤཱནྟི་བྷ་དྲས་དེ་དང་མཐུན་པར་བཀྲལ་པའི་རབ་གནས་ཀྱི་ཆོ་ག །གསང་འདུས་འཇམ་པའི་རྡོ་རྗེ་ལ་བརྟེན་ནས་པཎྜིཏ་སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པའི་རབ་གནས། གསང་འདུས་མི་བསྐྱོད་པ་ལ་བརྟེན་ནས་ནག་པོ་དམ་ཚིག་རྡོ་རྗེས་མཛད་པའི་རབ་གནས། བདེ་མཆོག་སྡོམ་འབྱུང་ལ་བརྟེན་ནས་མངའ་བདག་མཻ་ཏྲི་པས་མཛད་པའི་རབ་གནས། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་བརྟེན་ནས་གྲུབ་ཆེན་དཔལ་འཛིན་གྱིས་མཛད་པའི་རབ་གནས། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལ་བརྟེན་ནས་སློབ་དཔོན་ཨ་བྷཱ་ཡཱ་ཀ་རས་མཛད་པའི་རབ་གནས། པཎྜི་ཏ་ས་མནྟ་ཤྲཱིས་མགོན་པོ་མངོན་འབྱུང་གི་རྒྱུད་ལ་བརྟེན་ནས་མཛད་པའི་རབ་གནས། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་པཎྜི་ཏ་སཱ་དྷུ་སཱུ་ཏྲས་མཛད་པའི་རབ་གནས་ཀྱི་ཆོ་ག་སོགས་བཞུགས་ཤིང་། དེ་ལྟ་བུའི་ཆོ་གའི་ཕྱག་སྲོལ་ཡང་། བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། མཚན་བརྗོད་པར་དཀའ་བ་མཁན་ཆེན་ཞི་བ་འཚོས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་ཏུ་གནས་པར་མཛད་པ་ལ་བརྟེན་བོད་གངས་ཅན་གྱི་ལྗོངས་འདིར་དགེ་ལེགས་བྱེ་བའི་ཉི་མ་དང་པོར་ཤར་བ་ཡིན་ཅིང་། བསྟན་པ་ཕྱི་དར་གྱི་དུས་སུ་མ་ཧཱ་པཎྜི་ཏ་དད་པའི་འབྱུང་གནས་གོ་ཆ་དང་། སྤྲུལ་པའི་ལོ་ཙཱ་བ་སྐྱེས་མཆོག་རིན་ཆེན་བཟང་པོ་དཔོན་སློབ་ཀྱིས་མངའ་རིས་སུ་མཐོ་ལིང་གསེར་གྱི་ལྷ་ཁང་ལ་རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་ཅིང་། དེ་བཞིན་དུ་པཎྜི་ཏ་སུམ་ཏི་ཀརྟིས་མངའ་རིས་གུང་ཐང་དུ་བདེ་མཆོག་གི་ལྷ་ཁང་ཞིག་ལ་གཟུངས་གྲྭ་ལྔ་ལ་བརྟེན་ནས་བྱ་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་པ་དང་། བོད་དུ་སྣུར་ཉི་མ་འོད་ཟེར་གྱིས་བོ་དོང་གི་སྤོས་ཁང་གསེར་མ་བྱ་བའི་རྡོར་དབྱིངས་ཀྱི་ལྷ་ཁང་ལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་བརྟེན་ནས་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་ཅིང་། གཞན་ཡང་འགོས་ལོ་ཙཱ་བ། གཉོས་ལོ་ཙཱ་བ། བུ་སྟོན་ཐམས་ཅད་མཁྱེན་པ་ལ་སོགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱིས་རབ་གནས་ཀྱི་གཞུང་དང་། བོད་གངས་ཅན་གྱི་གཙུག་ལག་ཁང་བསམ་གྱིས་མི་ཁྱབ་པ་རབ་ཏུ་གནས་པར་མཛད་པ་སོགས་ལོ་རྒྱུས་མཐའ་ཡས་པ་ལས། ད་ལམ་གྱི་སྐབས་སུ་བབས་པའི་རབ་གནས་ཀྱི་ཆོ་ག་འདི་ཉིད་ནི། སྤྱིར་བཤད་མ་ཐག་པའི་རབ་གནས་དེ་རྣམས་ཀྱང་རྣམ་པར་དག་པ་ལོས་ཡིན་མོད། འོན་ཏེ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་རབ་ཏུ་གནས་པ་སྟོན་པའི་རྒྱུད་ཟུར་པ་ཞིག་མཛད་པས་ན། དེ་དང་མཐུན་པར་བཀྲལ་པའི་རབ་གནས་ནི་ཆེས་ཁྱད་པར་དུ་འཕགས་པར་གྲུབ་ཅིང་། གོང་མ་དེ་རྣམས་རྒྱུད་འདི་ལ་གཙོ་བོར་བརྟེན་པ་མ་ཡིན་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རབ་གནས་འདི་ཉིད་ནི། ལོ་ཆེན་རིན་པོ་ཆེའི་སྡོམ་ཚིག་དང་། རབ་གནས་ཀྱི་གཞུང་བཞི་དང་། རྒྱུད་དོན་གསལ་བར་བྱེད་པའི་དོན་གསལ་འདི་ཉིད་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལ་བརྟེན་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་བྱང་ཕྱོགས་སྒྱུ་མ་མཁན་གྱིས་བཞེངས་པའི་ལྷ་ཁང་ལ་རབ་ཏུ་གནས་པར་མཛད་པས། ད་ལྟ་ཡང་བྱང་ཕྱོགས་སྤྲུལ་པ་སྡེ་ཞེས་ངོ་མཚར་གྱི་གྲགས་པ་དཀར་བ་འདི་བྱུང་ཞིང་། དེའི་རྗེས་སུ་ཁམས་གསུམ་འགྲོ་བའི་བླ་མ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཡུ་གུར་གྱི་བནྡེ་སཾ་གྷཱ་མི་ཏྲའི་དོན་དུ་མཛད་པའི་རབ་གནས་སཾ་གྷཱ་མ་ཞེས་བྱ་བ་དང་། དེ་ཉིད་དང་མཐུན་པར་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་དཔལ་གསང་བ་འདུས་པ་ལ་བརྟེན་པའི་རབ་གནས་བཀྲ་ཤིས་རྒྱ་མཚོ། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ཀྱེ་རྡོ་རྗེའི་རབ་གནས་ཀྱི་ཆོ་ག་དགེ་ལེགས་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་དགྱེས་རྡོར་ལ་བརྟེན་པའི་རབ་གནས་དང་། རྒྱས་པའི་སྦྱིན་སྲེག་གི་ཟིན་བྲིས། སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ཆེན་པོའི་རབ་གནས་ཀྱི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་གཞག །ངོར་ཆེན་དཀོན་མཆོག་དཔལ་ལྡན་གྱིས་མཛད་པའི་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་དཔལ་འབྱོར་༢༤རྒྱ་མཚོ་སོགས་ཀྱི་དགོངས་དོན་མ་ནོར་བ་ལྷུར་ལེན་པ་ལ། ཆོ་ག་ཡོངས་སུ་རྫོགས་པ་ནི་བཟང་པོ་དྲུག་གིས་བསྡུས་ཏེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། རབ་གནས་རྟེན་དང་སློབ་དཔོན་གནས་དང་དུས། །ཡོ་བྱད་ཆོ་ག་བཟང་པོ་རྣམ་པ་དྲུག །ཅེས་གསུངས་པའི་ས་བཅད་དང་མཐུན་པར་ཅུང་ཟད་ཅིག་སྙན་དུ་གསོལ་ན། སྤྱི་དོན་དང་པོ། གང་ཞིག་རབ་ཏུ་གནས་པར་བྱ་བའི་རྟེན་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། རབ་རྒྱུད་ལས། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རྣམས་དང་ལྡན། །ཚད་ནི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་པས་སྐུ་གཟུགས་དངོས་སུ་བསྟན་ཅིང་། དེས་ མཚོན་གསུང་རྟེན་སོགས་ཀྱང་རབ་ཏུ་གནས་བྱར་ཤུགས་ཀྱིས་གྲུབ་པས་ན། འདིར་རབ་ཏུ་གནས་བྱའི་རྟེན་གྱི་གཙོ་བོ་ནི། བདེ་བར་གཤེགས་པའི་བྱིན་རླབས་ཀྱི་རྟེན་ལ། སྐུ་དང་། གསུང་དང་། ཐུགས་ཀྱི་རྟེན་གསུམ་དུ་དབྱེ་བ་ལྟར་ན། ཞེས་པའི་མཚམས། མཆོད་རྟེན་ལྟ་བུ་ལ། ཐུགས་ཀྱི་རྟེན། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུའི་རྟེན་གསུམ་དུ་དབྱེ་བ་ལྟར་ན། ཆོས་སྐུའི་རྟེན། སྤྱི་མིང་བྱེ་བྲག་ལ་བཏགས་པའི་དབང་དུ་བྱས་ན། མཆོད་རྟེན་དུ་གྲགས་པ་སྟེ། དེ་ཡང་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་གྱི་ནང་ནས་འགྲོ་བའི་དོན་དུ་བྱོན་པར་སྔ་བའི་རྟེན་འདི་ཉིད་ལའང་། ནང་གསེས་ཀྱི་སྒོ་ནས་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རང་བཞིན་ལྷུན་གྲུབ་ཀྱི། བླ་ན་མེད་པའི། བྱིན་གྱིས་བརླབས་པའི། དངོས་གྲུབ་འབྱུང་བའི། ཐེག་པ་སོ་སོའི་མཆོད་རྟེན་ཏེ་རྣམ་གྲངས་ལྔ་ཙམ་གསུངས་པ་ལས། དང་པོ་ནི། ལུང་མཆོག་བླ་མ་ལས། གླིང་བཞི་རྒྱས་པའི་རྨང་བཏིང་ནས། །རི་བརྒྱད་དག་གི་བང་རིམ་བརྩེགས། །ཤིང་ཆེན་བུམ་པས་ཡོངས་མཛེས་པ། །སྟོན་པའི་སྐུ་གདུང་འབྱུང་བའོ། །ཞེས་གླིང་གཞི་རྨང་། གསེར་རི་བདུན་རི་རབ་དང་བཅས་པ་བང་རིམ། ཡོངས་འདུའི་ལྗོན་ཤིང་བུམ་པ་སྟེ། དེ་དག་འདུས་པ་ལ་ཕྱི་སྣོད་ཀྱི་མཆོད་རྟེན་དུ་བཤད་པ་དང་། ཡང་དེ་ཉིད་ལས། ཀུན་གཞི་ཁྱབ་བརྡལ་རྨང་བཏིང་ནས། །རྣམ་ཤེས་བརྒྱད་ཀྱི་ཀ་བ་བཙུགས། །རིག་པ་ཕྱི་ཡི་བང་རིམ་ཅན། །བདག་ཉིད་ཆེ་ཡི་བུམ་པ་དྲིལ། །རང་བཞིན་གཡོ་བའི་སྐུ་གདུང་ཡིན། །ཞེས་ཀུན་གཞི་རྨང་། རྣམ་ཤེས་ཚོགས་བརྒྱད་ཀ་བ། དབང་པོ་ལྔ་བང་རིམ། གཙོ་སེམས་ཡིད་ཀྱི་རྣམ་ཤེས་བུམ་པ་སྟེ། དེ་རྣམས་བསྡོམས་པ་ལ་ནང་བཅུད་ཀྱི་མཆོད་རྟེན་དུ་བཤད་པ་དང་། རྡོ་རྗེ་བཀོད་པའི་རྒྱུད་ལས། འདོད་ཁམས་རྨང་གི་རི་མོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོ་རྒྱུན་དུ་གནས། །ཞེས་འདོད་ཁམས་རིགས་དྲུག་རྨང་། གཟུགས་ཁམས་གནས་རིགས་བཅུ་བདུན་བང་རིམ། གཟུགས་མེད་སྐྱེ་མཆེད་མུ་བཞི་བུམ་པ་སྟེ། ཁམས་གསུམ་ལ་མཆོད་རྟེན་དུ་བཤད་པ་དང་། དེ་དང་མཐུན་པར་མ་ཧཱ་པཎྜི་ཏ་སྨྲྀ་ཏིས་སྣོད་བཅུད་ཐམས་ཅད་བསྡོམས་པ་ལ་མཆོད་རྟེན་དུ་བཤད་པ་ལྟ་བུའོ། །གཉིས་པ་ནི། ཐེག་ཆེན་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། །ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །རང་བྱུང་རིན་ཆེན་བརྩེགས་པའོ། །ཞེས་ཤར་ལུས་འཕགས་གླིང་དུ་བྱམས་པ་ཚད་མེད་ཀྱི་ངོ་བོ་རྡོ་རྗེ་དུ་མ་བརྩེགས་པའི་མཆོད་རྟེན་སོགས་ཚད་མེད་བཞིའི་ངོ་བོ་མཆོད་རྟེན་བཞིའོ། །གསུམ་པ་ནི། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་ཤར་ལུས་འཕགས་གླིང་ན་བྱམས་པ་བསོད་ནམས་སྟོབས་དང་། མཐར་ལེགས་གཡུང་དྲུང་རྟོགས་པ་གཉིས། ལྷོ་འཛམ་བུའི་གླིང་ན་ཐུགས་རྗེ་སྤྲུལ་པ་དང་། ཡིད་བཞིན་ལྷུན་གྱིས་གྲུབ་པ་གཉིས། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང་། རྨད་གྲགས་ཆོས་དབྱིངས་ཀྱི་མཆོད་རྟེན་གཉིས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང་། ཁམས་གསུམ་བདེ་རྒྱས་སྒྲོལ་མའི་མཆོད་རྟེན་གཉིས་ཏེ་བརྒྱད་བཞུགས་པ་རྣམས་སོ། །བཞི་པ་ནི། བདུད་རྩི་མཆོག་གི་རྒྱུད་ལས། རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །དེ་དག་རྟེན་གནས་ཆེན་མོ་ཡང་། །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག །ཅེས་པས། མ་ག་དྷར་བདེ་བྱེད། སིངྒ་ལར་རི་བོ་ཏཱ་ལ། བལ་ཡུལ་དུ་བྱ་ཁྲི་ཁ་ཤོར། སིངྒའི་གླིང་དུ་གེའུ་དོ་ཤན། ལི་ཡུལ་དུ་གོ་མཱ་སཱ་ལ་གནྡྷ། ཁ་ཆེར་ཀན་ཀན། ཟ་ཧོར་དུ་བདེ་བྱེད་གཞོན་ནུའི་མཆོད་རྟེན་ཏེ། སྔོན་སྟོན་པ་ཧེ་རུ་ཀས་དྲག་པོ་ཆུང་མ་དང་བཅས་པ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་བརྒྱད་ཀྱི་རྟེན་གནས་མཆོད་རྟེན་བརྒྱད་བཞུགས་པ་རྣམས་ཡིན་ལ། ལྔ་པ་ནི། ཉན་ཐོས་ཀྱི་མཆོད་རྟེན་ཆོས་གོས་བཞི་ལྟབས་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབས་པར་མཁར་གསིལ་བཙུགས་པ་ལྟ་བུ། རང་རྒྱལ་གྱི་མཆོད་རྟེན་རྨང་གྲུ་བཞི། ངོས་ཟླུམ་པོ། བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པའི་རྣམ་པ་ཅན། ཐེག་པ་ཆེན་པོའི་མཆོད་རྟེན་ལ། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལ་བརྟེན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་གྱི་རྟོགས་པ་ལས། ཐུབ་པའི་མཆོད་རྟེན་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་ཞེས་པ་དབྱིབས་ཟླུམ་པོ་ཁང་བུ་ལྟ་བུ་ཞེས་པ་དབྱིབས་གྲུ་བཞི། རྒྱལ་མཚན་ལྟ་བུ་ཞེས་པ་དབྱིབས་རྒྱལ་མཚན་ལྟ་བུ་བང་རིམ་ཅན་ཏེ་རྣམ་གྲངས་གསུམ་དུ་བཤད་པ་དང་། གཞན་ཡང་འདུལ་བ་ལུང་ལས། འཁོར་ལོ་ལ་གདུགས་དང་། གདུགས་ལ་ཆར་ཁེབས་ཀྱི་མིང་མཛད་ནས། རང་རྒྱལ་གྱི་མཆོད་རྟེན་ལ་གདུགས་བཅུ་གསུམ་ཆར་ཁེབས་མེད་པ་དང་། ཉན་ཐོས་ལ་འབྲས་བུའི་གྲངས་ལས་བགྲངས་པའི་གདུགས་ཀྱི་གྲངས་རེ་རེ་ལྷག་པ་ཆར་ཁེབས་མེད་པ་དང་། སོ་སོ་སྐྱེ་བོ་ལ་གདུགས་མེད་པ་བུམ་པའི་སྟེང་དུ་བྲེ་བཞག་པ་ཙམ་དང་། རྫོགས་པའི་སངས་རྒྱས་ལ་གདུགས་རིམ་པ་བཅུ་གསུམ་ཆར་ཁེབས་ཏོག་བཅས་མཚན་ཉིད་ཀུན་ཚང་བར་གསུངས་ཏེ། སྟག་ཚང་ལོ་ཙཱ་བ་ཆེན་པོ་ཤེས་རབ་རིན་ཆེན་གྱིས། ཐུགས་ཀྱི་རྟེན་ནི་མཆོད་རྟེན་ཞེས་བྱ་བ། །རྫོགས་སངས་རྒྱས་ལ་རྣམ་ཀུན་ཡོངས་རྫོགས་ཏེ། །ཤཱཀ་ཐུབ་མཆོད་རྟེན་བརྒྱད་དུ་གྲགས་པ་དང་། །རང་སངས་རྒྱས་ལ་ཆར་ཁེབས་མེད་པ་དང་། །ཉན་ཐོས་འབྲས་བུ་བཞི་ལ་འབྲས་བུའི་གྲངས། །སོ་སོའི་གདུགས་ཀྱི་རིམ་པར་བྱ་བ་དང་། །སོ་སྐྱེ་ལ་ནི་བྱི་བོ་ཞེས་བྱ་བ། །གདུགས་མེད་བུམ་པའི་སྟེང་དུ་བྲེ་ལྡན་ཏེ། །ཞེས་གསུངས་པ་ལྟར་རོ། །དེར་མ་ཟད་རྒྱུད་སྡེ་ཆེན་པོ་བཞི་ལ་སོ་སོའི་ལུགས་ཀྱི་མཆོད་རྟེན་གྱི་ཁྱད་པར། བྱ་སྤྱོད་གཉིས་ལ་བང་རིམ་ནང་དུ་བཅུག་པ་དང་། ཕྱིར་གྱེད་པ། དབུས་མ་འབུར་བ་ལ་མཐའ་གཉིས་ནང་དུ་རུབ་པ། འཁོར་ལོ་བཅུ་གཉིས་པའི་རྣམ་པ་ཅན་དུ་གསུངས་པ་དང་། ཡོ་གའི་མཆོད་རྟེན་རྡོ་རྗེ་བརྩེགས་པའི་རྒྱུད་ལས་གསུངས་པ་རྣམས་དང་། བླ་མེད་ཀྱི་མཆོད་རྟེན་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་བདུད་འདུལ་མེད་པའི་མཆོད་རྟེན་ལ་སོགས་པ་ཡིན་ལ། དེ་ལྟ་བུའི་མཆོད་རྟེན་ལ་གྲུབ་མཐའ་སོ་སོའི་བཞེད་ཚུལ་མང་ཡང་ཐེག་པ་ཆེན་པོ་ཉིད་གཙོ་ཆེ་ཞིང་། དེ་ལ་ཡང་སོ་སྐྱེ་ཉན་རང་སངས་རྒྱས་སོགས་གང་ཟག་རེ་རེ་ལ་མཆོད་རྟེན་སོ་སོར་གསུངས་ཀྱང་། སྤྱིར་རྫོགས་པའི་སངས་རྒྱས་ཀྱི་མཆོད་རྟེན་ཉིད་ཁྱད་པར་འཕགས་ལ། དེ་ལ་ཡང་རྣམ་གྲངས་གསུམ་ཙམ་གསུངས་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འཁྲུལ་པའི་དྲི་མ་ཟད་པ་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། དང་པོ་ལྷུང་བཟེད་ལྟར་གྲགས་པའི་མཚོན་དོན་ནི། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བར་མཚོན་ལ། གཉིས་པ་ཁོང་བུ་ལྟར་ཡོངས་སུ་གྲགས་པའི་མཚོན་དོན་ནི། ཆོས་ཀྱི་སྐུ་ཡོན་ཏན་ཐམས་ཅད་རྫོགས་ཤིང་མཉམ་པ་ཉིད་མཚོན། གསུམ་པ་རྒྱལ་མཚན་ལྟར་ཡོངས་སུ་གྲགས་པས་ནི། ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པས་མཛད་པ་མངོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག །ཅེས་པ་ལྟར་འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོས་མཛད་པ་ཁྱད་པར་ཅན་བསྟན་པའི་ཡུལ་ལྗོངས་སོ་སོར་སྐྱེ་བོ་རྣམས་སྤྲོ་བ་སྐྱེས་ཏེ་དུས་སྟོན་བྱ་བའི་ཕྱིར་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དུ་གྲགས་པ་རྣམས་ཏེ། དང་པོ་གནས་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་དུས་སུ་བྱུང་བའི་པད་སྤུངས་མཆོད་རྟེན། གཉིས་པ་རྒྱལ་པོའི་ཁབ་ཏུ་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་སུ་བྱུང་བ་བྱང་ཆེན་མཆོད་རྟེན། གསུམ་པ་གནས་ཝཱ་ར་ཎཱ་སིར་ཆོས་འཁོར་བསྐོར་བའི་དུས་སུ་བྱུང་བ་བཀྲ་ཤིས་སྒོ་མང་། བཞི་པ་མཉན་ཡོད་ཛཻ་ཏཱའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ་བྱུང་བ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན། ལྔ་པ་ཡངས་པ་ཅན་ནམ་གྲོང་ཁྱེར་གསེར་ཅན་དུ། སྟོན་པ་ལྷའི་ཡུལ་དུ་དབྱར་གནས་མཛད་དེ་ཡུམ་ལ་ཆོས་གསུངས། སྔ་དྲོ་དགག་དབྱེ་མཛད་པའི་ཕྱི་དྲོ་ནམ་མཁའ་ལས་འཛམ་བུའི་གླིང་དུ་བབས་པའི་དུས་བྱུང་བ་ལྷ་བབས་སམ། ཆོ་འཕྲུལ་ཆུང་ངུའི་མཆོད་རྟེན། དྲུག་པ་གནས་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པའི་ཚེ་ཉན་ཐོས་མཆོག་ཟུང་གིས་བསྡུམས་པའི་དུས་སུ་བྱུང་བ་དབྱེན་ཟླུམ་མམ། འོད་ཟེར་ཅན་གྱི་མཆོད་རྟེན་ནམ། བྱང་ངོས་མཆོད་རྟེན། བདུན་པ་ཡངས་པ་ཅན་དུ་སྟོན་པའི་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་བྱུང་བ་རྣམ་རྒྱལ་ལམ། བྱིན་རླབས་མཆོད་རྟེན་དུ་ཡང་གྲགས་པ། བརྒྱད་པ་རྩཱ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་དུས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱི་མཆོད་རྟེན་ནམ། མྱང་འདས་མཆོད་རྟེན་དུ་གྲགས་པ་རྣམས་ཡིན་ལ། འདི་ལའང་སྟོན་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་བརྒྱད། རས་ཚིག་པ་དང་། མ་ཚིག་པ་དང་། སོལ་བ་གཞུག་པའི་མཆོད་རྟེན་ཏེ་བཅུ་གཅིག །ལྷ་རྣམས་ཀྱིས་སྟོན་པའི་མཆེ་བ་ཁྱེར་ནས་བཞེངས་པའི་མཆོད་རྟེན། སྲིན་པོ་གཉིས་ཀྱིས་སྟོན་པའི་མཆེ་བ་བརྐུས་ཏེ་ཁྱེར་ནས་བཞེངས་པའི་མཆོད་རྟེན། མྱ་ངན་ལས་མ་འདས་གོང་དུའང་དབུ་སྐྲ་དང་སེན་མོའི་མཆོད་རྟེན་སོགས་དཔག་ཏུ་མེད་པ་བྱུང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཞེངས་པའི་དཔལ་དུ་བ་ལྟ་བུའམ། རིག་པ་མེད་པའི་མཆོད་རྟེན། ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་བུ་གླིང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་བཞེངས་པ་རྣམས་ཀྱང་བརྒྱད་པོ་འདིར་ཅི་རིགས་སུ་མ་འདུས་པ་མེད་ལ། དེ་རྣམས་ཀྱི་ནང་ནས་ད་ལམ་སྐབས་སུ་བབས་པའི་རབ་ཏུ་གནས་བྱའི་རྟེན་གྱི་གཙོ་བོ་ནི། སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་སུ་བྱུང་བ་བྱང་ཆུབ་ཆེན་པོའི་མཆོད་རྟེན་འདི་ཉིད་ཡིན་ལ། ཞེས་པ་ལྟ་བུའི་སྐབས་སུ་བབས་པ་ཇི་ལྟར་འོས་པའི་མཐར། དེ་ལ་ཡང་གང་ཞིག་དད་པའི་དབང་པོས་ཀུན་ནས་བསླངས་ཏེ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཚད་ལྡན་བརྩིགས་པ་དང་། དྭང་བའི་སེམས་ཀྱིས་ཕྱག་མཆོད་བྱེད་པ་ནི་སྐལ་བ་དང་ལྡན་པའི་དགེ་བའི་ས་བོན་གསར་དུ་འཇོག་པ་ནས་བརྩམས་ཏེ་མཐར་ཐུག་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བར་གྱི་དགེ་ལེགས་ཐམས་ཅད་ཀྱི་གཞི་ཉིད་དུ་ངེས་པ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོར། ལྷ་དང་མིའི་འཁོར་རྣམ་བཞིའི་རིན་པོ་ཆེ་སྣ་བདུན་ལས་མཆོད་རྟེན་བྱས་ཏེ་རིང་བསྲེལ་ལ་མཆོད་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང་། ངེས་པར་སེམས་ཅན་དེ་དག་སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་ནས། མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིས་སམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻ་ཌཱུཪྻ་མཆོག་དེ་བཞིན་ཨནྡ་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ག་རུ་དང་ཙནྡན་དང་། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡིས། །རྒྱལ་བའི་མཆོད་རྟེན་འགའ་ཞིག་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་དག་ཏུ་བཞེངས་པ་དང་། །བྱིས་པས་རྩེད་མོས་དེ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་ན་ཡང་། །དེ་དག་གིས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་རྒྱ་ཆེར་བསྔགས་ཤིང་། ཞེས་པའི་མཚམས། དམིགས་བསལ་བླ་མའི་དགོངས་རྫོགས་ལྟ་བུ་ལ། དེ་དག་ལས་ཁྱད་པར་དུ་རང་གིས་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་རྫོགས་པར་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཆེད་དུ་མཆོད་རྟེན་བཞེངས་པ་དང་། དེ་ལ་མཆོད་པ་དང་བཀུར་སྟི་བྱས་པའི་བསོད་ནམས་ནི་དེ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་ཏེ། བླ་མའི་ཡོན་ཏན་གཟུང་བའི་རྒྱུད་ལས། དེ་ཕྱིར་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་ནས་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་བསྙེགས་པར་འགྱུར། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་ལ། །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །ཤིན་ཏུ་མི་ཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ཤིང་། །མི་སྲོག་བྱིན་ཀྱང་དགེ་བའི་དཔེར་མི་བཟོད། །དེ་རྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ནས། །བསྐལ་པར་མཆོད་ཀྱང་དགེ་བས་དཔེར་མི་བཟོད། །ཞེས་སོགས་རྒྱ་ཆེར་གསུངས་པས་མཚོན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ལན་གཅིག་མ་ཡིན་པར་བསྔགས་པའི་གླིང་བུ་བསྒྱུར་བས་ཡིད་དྲངས་ཏེ། ཐེག་གསུམ་བསྟན་པའི་སྣང་བྱེད། སྐྱབས་གསུམ་འདུས་པའི་ངོ་བོ། སྐུ་གསུམ་ཡོན་ཏན་གྱི་ཕུང་པོ། དུས་གསུམ་གཟིགས་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ། ཞེས་པའི་མཚམས། སོ་སོའི་སྐུ་ཆེ་བའི་ཡོན་ཏན་ནས་བཟུང་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་བར་རྒྱས་བསྡུས་འཚམས་པའི་ངག་གིས་བཤད་པ་སྔོན་དུ་འགྲོ་བས། སྦྱིན་བདག་གང་ཡིན་གྱི་དགོངས་རྫོགས་ཀྱི་ཆེད་དུ་རྟེན་བཞེངས་ཚུལ་ཇི་ལྟར་འོས་པའི་རྗེས། ལེགས་པར་གྲུབ་པ་འདི་ཉིད་ཀྱི་མཚོན་ཚུལ་རྒྱས་པ་ནི། རྨང་གིས་དགེ་བཅུ། བང་རིམ་གྱི་གྲངས་དང་པོས་དྲན་པ་ཉེ་བར་བཞག་པ་བཞི། གཉིས་པས་ཡང་དག་པར་སྤོང་བ་བཞི། གསུམ་པས་རྫུ་འཕྲུལ་གྱི་རྐང་པ་བཞི། བཞི་པས་དབང་པོ་ལྔ། བུམ་གདན་གྱིས་སྟོབས་ལྔ། བུམ་པས་བྱང་ཆུབ་ཀྱི་ཡན་ལག་བདུན། བྲེས་འཕགས་ལམ་ཡན་ལག་བརྒྱད། སྲོག་ཤིང་གིས་ཤེས་པ་བཅུ། འཁོར་ལོ་བརྩེགས་པའི་དང་པོ་བཅུས་སྟོབས་བཅུ། ལྷག་མ་གསུམ་གྱིས་དྲན་པ་ཉེར་བཞག་གསུམ། ཆར་ཁེབས་ནི་ཐུགས་རྗེ་ཆེན་པོ། ཏོག་ནི་ཆོས་སྐུའི་རང་བཞིན་མཚོན་པར་བྱེད་པ་སྟེ། དེ་དག་ནི་གང་ཞིག་རབ་ཏུ་གནས་པར་བྱ་བའི་རྟེན་ཡོངས་སུ་དག་པ་བཟང་པོ་ཉིད་ཡིན་ལ། སྤྱི་དོན་གཉིས་པ་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ནི། སྤྱིར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཅིང་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་མཁྱེན་པ་སྟེ། ཀྱཻ་རྡོ་རྗེ་ལས། རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དང་། བྱེ་བྲག་ཏུ་རབ་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པས་སོ། །ཞེས་དང་། འཇམ་མགོན་ས་སྐྱ་པཎྜི་ཏས། དེ་ཉིད་བཅུ་ལ་རྣམ་གྲངས་མང་། །ཆོ་གའི་དེ་ཉིད་བཅུ་དང་ནི། །གཞན་ཡང་རྡོ་རྗེ་སློབ་དཔོན་ལ། །ཉེ་བར་མཁོ་བའི་དེ་ཉིད་བཅུ། །དེ་བཞིན་དེ་ཉིད་ཁོ་ན་ཡིས། །དེ་ཉིད་བཅུ་ཞེས་བྱ་བ་ཡོད། །ཞེས་གསུངས་པ་ལྟར། གསང་བའི་དེ་ཉིད་བཅུ། སྤྱིའི་དེ་ཉིད་བཅུ། ཆོ་གའི་དེ་ཉིད་བཅུ། རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ། དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་སོགས་མང་དུ་གསུངས་ཀྱང་། འདིར་རབ་ཏུ་གནས་པའི་རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད། ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད། ཕྱག་རྒྱའི་དེ་ཁོ་ན་ཉིད། ལྟ་སྟངས་ཀྱི་དེ་ཁོ་ན་ཉིད། །གདན་གྱི་དེ་ཁོ་ན་ཉིད། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད། སྦྱིན་སྲེག་གི་དེ་ཁོ་ན་ཉིད། མཆོད་པའི་དེ་ཁོ་ན་ཉིད། ལས་ལ་སྦྱར་བའི་དེ་ཁོ་ན་ཉིད། སླར་བསྡུ་བའི་དེ་ཁོ་ན་ཉིད་དང་བཅུ་པོ་འདི་ཉིད་ཡིན་ལ། དེ་དག་དང་ལྡན་པའི་སློབ་དཔོན་དེ་ཉིད་ཀྱང་། དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས་ལྷ་ཁང་ལ་སོགས་རབ་གནས་ཀྱང་། །རྟག་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་ན་ནི་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ཅན་གྱིས་མིན། །ཞེས་གསུངས་པ་ལྟར་ཁྱིམ་པའི་རྡོ་རྗེ་སློབ་དཔོན་ལས་རབ་ཏུ་བྱུང་བ་ཁྱད་པར་དུ་བསྔགས་པ་ལྟར། འདིར་རབ་ཏུ་གནས་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ནི། ཞེས་པའི་མཚམས། བླ་མ་སོ་སོའི་ཆེ་བའི་ཡོན་ཏན་ལས་བརྩམས་པའི་བསྔགས་བརྗོད་ཇི་ལྟར་འོས་པའི་མཐར། ཉིད་གཙོ་བོར་བཞུགས་ཤིང་། གཞན་ཡང་དཔལ་དགྱེས་པ་རྡོ་རྗེའི་གཞིའི་བསྙེན་པ་མཐར་ཕྱིན་ཅིང་ཆོ་ག་ལ་མཁས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཤ་སྟག་ཏུ་འདུས་པའི་ཚོགས་དང་བཅས་པ་ནི་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་བཟང་པོ་ལགས་ཤིང་། སྤྱི་དོན་གསུམ་པ་ནམ་ཞིག་རབ་ཏུ་གནས་པར་བྱ་བའི་དུས་ནི། བཀྲ་ཤིས་པར་བྱེད་པའི་ཚེས་དང་གཟའ་དང་སྐར་མ་དང་། བྱེད་པ་དང་། སྦྱོར་བ་ལ་སོགས་པ་ཕུན་སུམ་ཚོགས་པ་ངེས་པར་དགོས་ཏེ། རབ་རྒྱུད་ལས། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང་། །དབྱར་ར་དེ་བཞིན་དབྱར་འབྲིང་པོ། །དགུན་ཟླ་དཔྱིད་ཀྱི་ཐ་ཆུང་ངམ། །ཉི་མ་བྱང་དུ་བལྟས་པ་ཡི། །དཀར་པོའི་ཕྱོགས་སུ་ཤིས་པའོ། །ཞེས་གསུངས་པ་ལྟར། ལོ་གཅིག་ལ་བགྲོད་པ་གཉིས་ཡོད་པས། དབྱར་ཉི་ལྡོག་ནས་དགུན་ཉི་མ་ལྡོག་བར་དུ་ཉི་མ་ལྷོ་ཕྱོགས་གཤིན་རྗེའི་ཕྱོགས་སུ་བགྲོད་པ་ཡིན་པས་དབང་དང་རབ་གནས་སོགས་དགེ་ལེགས་ཀྱི་བྱ་བ་སྤང་དགོས་པར་གསུངས་ལ། དགུན་ཉི་ལྡོག་ནས་དབྱར་ཉི་མ་ལྡོག་པར་ཉི་མ་བྱང་ཕྱོགས་གནོད་སྦྱིན་གྱི་ཕྱོགས་སུ་བགྲོད་པའི་འོད་ཟེར་གྱིས་ལམ་སྟེང་ནས་སྟེང་དུ་འཕགས་པའི་ཉིན་མོ་ཆེས་རིང་ཞིང་། མཚན་མོ་མུན་པ་སྟོབས་ཆུང་བའི་དུས་སུ་དབང་དང་རབ་གནས་སོགས་ཚེ་དང་བསོད་ནམས་རྒྱས་པར་བྱ་བའི་ལས་ལ་ཤིན་ཏུ་དགེ་བར་གསུངས་པས་ན་ད་ལམ་ཉི་མ་བྱང་བགྲོད་ཀྱི་དུས་དང་། ཟླ་བའང་དབྱར་ཟླ་ར་བ་མཆོག་ཏུ་བསྔགས་པ་ལྟར་ད་ལམ་དབྱར་ཟླ་ར་བ་དང་། ཚེས་གྲངས་ཀྱང་། རབ་རྒྱུད་ལས། དཀར་པོའི་ཕྱོགས་ཀྱི་གཉིས་པའམ། །རིམ་བཞིན་དེ་བཞིན་གསུམ་པའོ། །གང་ཚེ་གཟའ་དང་རྗེས་མཐུན་ན། །ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། །གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་གོང་དུ་འཕེལ་བར་བྱེད། །ཅེས་པ་ལྟར་སྐབས་སུ་བབས་པ་ནི། དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་གཅིག་ལ་རབ་ཏུ་གནས་པའི་ཆོ་ག་དངོས་གཞི་ཡང་དག་པར་གྲུབ་པ་དང་། དུས་དེ་ཉིད་དུ་ཤར་བའི་གཟའ་དང་སྐར་མ་དགེ་བ་ནི། ཇི་སྐད་དུ། ཕུར་བུ་ལྷག་པ་པ་ཝ་སངས། །ཟླ་བའི་གཟའ་སོགས་ཤེས་བྱ་སྟེ། །གཟའ་སྐར་འདི་རྣམས་ལས་བྱས་ན། །རབ་ཏུ་གནས་པ་མཆོག་ཏུ་དགེ །ཞེས་དང་། ཐམས་ཅད་དུ་ནི་ཆུ་སྨད་དང་། །སྣར་མ་དེ་བཞིན་གྲོ་བཞིན་ཏེ། །ལག་པ་སྣུབས་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དང་ནི་དེ་བཞིན་དུ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་རྒུ་འཕེལ་ཞིང་དེ་བཞིན་དུ། །རབ་ཏུ་གནས་པ་མཆོག་ཏུ་དགེ །ཞེས་གསུངས་པ་ལྟར་འདི་ལ་མཆོག་ཏུ་གྱུར་པའི་གཟའ་ཕུར་བུ་དང་། རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་དགའ་མ་ལྷན་ཅིག་ཏུ་རྩེ་བའི་གྲལ་ཚེས་ཤིན་ཏུ་དགེ་བའི་ཉིན་མོར་དུས་ཚོད་ཀྱང་། རབ་རྒྱུད་ལས། སྔ་བར་སྐུ་གཟུགས་སྦྱང་བར་བྱ། །ཞེས་པས་མཚོན་རྒྱུད་དང་བསྟན་བཅོས་དུ་མར་སྔ་དྲོའི་དུས་ཁོ་ནར་བསྔགས་པ་ལྟར། འདིར་འཛམ་བུའི་གླིང་དུ་ཉི་མ་ཤར་དྲོས་ཀྱི་དུས་ཕུན་སུམ་ཚོགས་པ་ལ་བབས་པ་ན། རབ་ཏུ་གནས་པའི་བརྟན་བཞུགས་ཀྱི་ཆོ་གས་མེ་ཏོག་མནྡཱ་རའི་ཆར་དུ་བསྙིལ་བས་ས་གསུམ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་བྱས་པ་ནི་ནམ་ཞིག་རབ་ཏུ་གནས་པའི་དུས་བཟང་བའོ། །ཞེས་པས་མཚོན་དམིགས་བསལ་ཟླ་ཞག་གཟའ་སྐར་རྣམས་འབྱིན་འཇུག་ཇི་ལྟར་རིགས་པ་བྱ། སྤྱི་དོན་བཞི་པ་གང་དུ་རབ་ཏུ་གནས་པའི་གནས་ནི། སྤྱིའི་མཚན་ཉིད་དུ་ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་བཞིན་ཕྱི་ནང་གི་ཉེར་འཚེ་མེད་པ་ཞིག་ངེས་པར་དགོས་ཏེ། དཔལ་དུས་ཀྱི་འཁོར་ལོའི་དབང་མདོར་བསྟན་ལས། གང་ཞིག་ས་ཕྱོགས་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་རྒུ་རྣམས། །བདར་གནས་ས་འཛིན་རྩོད་པ་མེད། །གནས་དེར་རྣལ་འབྱོར་བརྩོན་པར་བྱ། །ཞེས་གསུངས་པ་ལྟར། སྤྱིར་སྟོན་པ་སྤྲུལ་པའི་སྐུ་ཤཱཀྱའི་རྒྱལ་པོའི་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང་བཅས་པ་ཡོད་པ་ལས། གླིང་དང་གླིང་ཕྲན་གཞན་ལས་ཁྱད་པར་དུ་མས་འཕགས་པ་འཛམ་གླིང་ལས་ཀྱི་ས་པ་འདི་ལ། རིའི་རྒྱལ་པོ་གངས་ཅན། བྲག་གསེར་གྱི་བྱ་སྐྱིབས་ཅན། མཚོ་མ་དྲོས་པ། རྫིང་བུ་དལ་གྱིས་འབབས་པ། ཤིང་སཱ་ལའི་རྒྱལ་པོ་ལ་སོགས་པ་ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་པ་ངོ་མཚར་བ་དུ་མས་མཛེས་པ་འདི་ཉིད་ལ། གྲོང་ཁྱེར་ཆེན་པོ་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་། ཡུལ་ཆེན་སོ་གཉིས། གནས་ཆེན་པོ་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད། མི་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་བདུན་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས། བྱེ་བྲག་ཏུ་ཤར་ན་རྒྱ་ནག་དང་ཁྲི་སྟན། རྒྱ་ནག་ཏུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཕོ་བྲང་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་རྒྱ་གར་དང་ཁ་ཆེ། རྒྱ་མཚོའི་འགྲམ་དུ་འཕགས་མཆོག་ཕྱག་ན་པདྨོའི་ཞིང་ཁམས་རི་བོ་གྲུ་འཛིན། ནུབ་ཏུ་སྟག་སྡེ་དང་གཟིག་ཡན། རིག་འཛིན་གྲུབ་པའི་དབང་པོ་རྣམས་དགྱེས་དགུར་སྤྱོད་པའི་གནས་ཨོ་ཌཱི་ཡཱ་ན། བྱང་ཕྱོགས་སུ་ཁྲོམ་དང་གེ་སར། ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་པའི་གནས་ཤམྦྷ་ལ་ཆ་བསགས་ཀྱི་གྲོང་ཁྱེར་བྱེ་བ་དགུ་བཅུ་དང་བཅས་པ་ཡོད་པའི་དབུས་སུ། ཡུལ་གྱི་བྱེ་བྲག་པུར་རྒྱལ་བོད་དུ་གྲགས་པ། གངས་རི་དཔལ་དང་ལྡན་པས་བསྐོར་བའི་ལྗོངས། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་དུ་གྱུར་པ་ནི། པདྨ་དྲྭ་བ་ཅན་གྱི་རྒྱུད་ལས་ལུང་བསྟན་པ་ལྟར། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་མངོན་པར་གང་བའི་ཡུལ་ཡི་དམ་ལྷའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མཚན་མ་གསལ་བྱེད་དུ་བྱིས་པ་དག་གིས་ཀྱང་གསུང་མཆོག་ཡི་གེ་དྲུག་པའི་སྒྲ་རང་བྱུང་དུ་སྒྲོག་པ། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ། རྒྱལ་བསྟན་རིན་པོ་ཆེའི་ཆོས་ཚིགས་ཀྱིས་བྱེ་བའི་ཡུལ་དབུས་གངས་ཅན་ནམ་བོད་དུ་གྲགས་པ་འདི་ལ། སྟོད་ན་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་འབྲི་རྫ་ཟལ་མོ་སྒང་གི་སའི་ཆ། བོད་ཡུལ་དབུས་ཀྱི་ལྟེ་བ་འོག་མིན་འཕགས་པའི་བསྟི་གནས་དང་མཚུངས་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནས་མེ་མཚམས་སུ་ཞག་གི་ཕུང་པོ་གསུམ་ཙམ་བརྒལ་བའི་སར། ཞེས་པའི་མཚམས། ལྷུན་གྲུབ་སྟེང་ལྟ་བུ་ལ། ཆུ་བོ་ཆེན་པོ་འབྲི་ཞེས་བྱ་བའི་ཆུ་ཀླུང་ཆེན་པོ་གསེར་གྱི་སྐ་རགས་དང་ལྡན་པའི་རྒྱུན་ཆེན་པོ་དལ་གྱིས་འབབས་པའི་འགྲམ་ངོགས། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་ཆོས་བློན་དཔལ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་མགར་སྟོང་བཙན་ཡུལ་བཟུང་ནས་རིམ་པར་བྱོན་པ་ལས། ས་འདིར་སྡེ་དགེ་ཞེས་བྱ་བའི་མཚན་སྙན་ཐོག་མར་བྱུང་བ་བསོད་ནམས་སྟོབས་ཀྱི་ལས་ཤུགས་བདོ་བའི་བདེ་ཆེན་བསོད་ནམས་བཟང་པོ་ནས་བགྲང་བའི་གདུང་རབས་བཅུ་གསུམ་པ། མངའ་རིས་རྫོང་སྒོ་བཅོ་བརྒྱད་ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འཇམ་དར་དཀར་པོ་ཡུགས་གཅིག་གིས་ཁེབས་པར་མཛད་པའི་མདོ་སྨད་གནམ་སའི་དབང་ཕྱུག་བླ་ཆེན་བྱམས་པ་ཕུན་ཚོགས་ནས་བགྲངས་པའི་ཁྲི་རབས་བཅུ་གཅིག་པ་མི་རྗེ་སའི་ཚངས་པ་ཆེན་པོ་འདི་ཉིད་སྐུ་མཆེད་ཀྱི་བར་དུ་མཁས་བཙུན་བཟང་གསུམ་འཛོམ་པ་བླ་མའི་བརྒྱུད་པ། ཆེ་བཙན་བཙུན་གསུམ་འཛོམ་པ་རྒྱལ་པོའི་བརྒྱུད་པ། མཐུ་རྩལ་ནུས་པ་དང་ལྡན་པ་སྔགས་འཆང་གི་བརྒྱུད་པ། དཔའ་རྩལ་གདོང་ངར་དང་ལྡན་པ་གེ་སར་གྱི་བརྒྱུད་པ་སྟེ་ཡོན་ཏན་གྱི་ལྡོག་པ་བཞི་དང་ལྡན་པའི་སྒོ་ནས་དམ་པ་ཆོས་ཀྱི་རྒྱལ་མཚན་བཙུགས། ཆབ་འབངས་ཐམས་ཅད་དགེ་བ་བཅུའི་བཀའ་ཁྲིམས་ཀྱིས་བདེ་སྐྱིད་ཀྱི་དཔལ་ལ་བཀོད་པའི་མི་བརྒྱུད་ལྷ་ལས་བབས་པས་ལྷའི་རིགས་རྒྱུན་མི་འཆད་པར་སྐྱོང་བའི་ས། གནམ་སའི་དཔྱད། དབུ་ལ་གདུགས། སྙན་ལ་གསེར་ཉ། ཚེམས་ལ་དུང་། སྐུ་ལ་རྒྱལ་མཚན་སོགས་ཐུབ་པ་ཆེན་པོའི་མཚན་དཔེ་ལ་རྫོགས་པའི་བཀྲ་ཤིས་པའི་རྟགས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པས་སྤྲས་པར་རྒྱལ་བས་ལུང་གིས་བསྟན་པའི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དངོས་སློབ་དཔལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་ནས་བཟུང་སྟེ། ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་གདན་རབས་ཤར་ཆེན་ཀུན་དགའ་བཀྲ་ཤིས། སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁས་གྲུབ་བཀྲ་ཤིས་ལྷུན་གྲུབ། འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་། ཤར་ཆེན་མི་འགྱུར་རྒྱལ་མཚན། ངག་དབང་ཆོས་སྐྱོང་བཟང་པོ། བྱམས་པ་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་རྣམས་དང་། སྙན་བརྒྱུད་རྒྱ་མཚོའི་མངའ་བདག་གནས་གསར་དཔོན་རིན་པོ་ཆེ་གོང་འོག་སོགས་མཁས་པ་དང་གྲུབ་པའི་སྐྱེས་བུ་མང་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་མཆོག་ག་ལ་བར། འཇམ་དཔལ་རྩ་རྒྱུད་ལས། ཆུ་བོ་གསེར་ལྡན་འགྲམ་ངོགས་སུ། །རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་། །ཞེས་ལུང་བསྟན་པའི་ཆོས་རྒྱལ་བསྟན་པ་ཚེ་རིང་དེ་ཉིད་ཀྱིས་རྣམ་དཀར་གྱི་ཕྱག་རྗེས་རྒྱ་ཆེ་བས་དཔལ་ལྡན་ས་ངོར་ཚར་གསུམ་གཙོ་བོར་གྱུར་པའི་གསང་སྔགས་གསར་རྙིང་བཀའ་གཏེར་ལ་སོགས་པའི་བཤད་སྒྲུབ་ཀྱི་ཆུ་ཀླུང་བྱེ་བ་འདུས་པའི་གནས་མཆོག་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་ཞེས་ཡོངས་སུ་གྲགས་པའི་ཆོས་གྲྭ་ཆེན་པོའི་གཙུག་ལག་ཁང་མཐོང་ན་མངོན་པར་དགའ་བ་འདི་ཉིད་ཡུལ་གང་དུ་རབ་ཏུ་གནས་པར་བྱ་བའི་གནས་བཟང་པོ་ལགས་སོ། །སྤྱི་དོན་ལྔ་པ་རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། དཀྱིལ་འཁོར་དང་འབྲེལ་བའི་ཡོ་བྱད། སྦྱིན་སྲེག་དང་འབྲེལ་བའི་ཡོ་བྱད། རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཁྲུས་ཀྱི་ཡོ་བྱད། འཐོར་ནས་དང་། མངའ་དབུལ་དང་། དགའ་སྟོན་ལ་སོགས་པའི་ཡོ་བྱད་ཀྱི་དངོས་པོ་བཟང་ཞིང་གྱ་ནོམ་པ་ཕུན་སུམ་ཚོགས་པ་བཤམས་པ་འདི་རྣམས་ནི་རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་བཟང་པོ་ཡིན་ལ། སྤྱི་དོན་དྲུག་པ་ཇི་ལྟར་རབ་ཏུ་གནས་པར་བྱེད་པའི་ཆོ་ག་མཚན་ཉིད་དང་ལྡན་པ་ནི། རབ་རྒྱུད་ལས། ཆོ་ག་དག་དང་ལྡན་བྱས་ལ། །ཆོ་ག་དམན་པས་མི་བྱ་སྟེ། །ཞེས་གསུངས་པ་ལྟར་ཆོ་ག་རྣམ་པར་དག་པ་ལའང་། འཕགས་བོད་ཀྱི་མཁས་གྲུབ་སོ་སོས་བཀྲལ་བའི་ལུགས་སྲོལ་མི་འདྲ་བ་མང་དུ་མཆིས་པ་ལས། འདིར་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་དང་། ཀུན་མཁྱེན་ཨེ་ཝྃ་པ་བརྒྱུད་འཛིན་དང་བཅས་པའི་གསུང་རབས་རྣམ་པར་དག་པ་ལ་བརྟེན་ནས། ཆོ་ག་དངོས་ལའང་སྦྱོར་དངོས་རྗེས་གསུམ་ལས་ཞིབ་པར་ཕྱེ་ན། ཞལ་དང་འདྲ་བའི་ཆོ་གའི་གཞི་ཆེན་པོ་བརྒྱད། ཞབས་དང་འདྲ་བའི་ཆོ་གའི་ཆིངས་བཞི། སྤྱན་དང་འདྲ་བའི་ཆོ་གའི་ཡན་ལག་ཉི་ཤུ་རྩ་བཞི། ཕྱག་དང་འདྲ་བའི་ཆོ་གའི་གཙོ་བོ་བཅུ་དྲུག་སོགས་ཡོད་པ་ལས། འདིར་མདོར་བསྡུས་སྡོམ་དུ་སྨོས་ན། དཀྱིལ་འཁོར་དང་འབྲེལ་པའི་རྒྱས་པའི་དབང་དུ་ན། བསྙེན་པ་དང་། ས་ཆོག་དང་། སྟ་གོན་དང་། དཀྱིལ་འཁོར་ཆེན་པོ་བྲི་བའམ། རས་བྲིས་བཀོད་པ་དང་། རྒྱན་དགྲམ་པ་དང་། སྒྲུབ་ཅིང་མཆོད་པ་དང་། འཇུག་ཅིང་དབང་བླང་བ་རྣམས་སྔོན་དུ་སོང་ནས་རབ་ཏུ་གནས་པའི་སྟ་གོན་ལ་འཇུག་གོ །གཞན་དུ་ན། ལེགས་བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱོང་བཀྲུ་ཞིང་ཕྱི་བ་དང་། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་དེ་དགུག་གཞུག་བྱ། །རྒྱས་གདབ་མཆོད་བསྟོད་གཏོར་མ་བཏང་། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དགབ་བདག་སྲུང་སྟ་གོན་ནོ། །ཞེས་པ་ལྟར་དོན་ཚན་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྟ་གོན་དང་། དངོས་གཞི་ལ། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱོང་བཀྲུ་ཞིང་ཕྱི་བ་དང་། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང་། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་པ་ལྟར་རྣམ་གྲངས་བཅུ་གསུམ་དང་ལྡན་པའི་དངོས་གཞི་དང་། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླངས། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་སུ་སྦྱིན་སྲེག་མཇུག་དོན་ནོ། །ཞེས་དོན་ཚན་བཅུ་གསུམ་ནི་མཇུག་གི་དོན་ཏེ། དོན་ཚན་སུམ་ཅུ་རྩ་དགུའི་བདག་ཉིད་ཅན་གྱིས་རབ་ཏུ་གནས་པའི་ཆོ་ག་རྣམ་པར་དག་པ་བཟང་པོ་དྲུག་གི་ཆིངས་དང་ལྡན་པས་སྦྱོར་དངོས་རྗེས་གསུམ་ཚང་བ་ལེགས་པར་གྲུབ་པ་སྟེ། དེ་ལྟ་བུའི་རྟེན་འདི་ཉིད་གང་དུ་བཞུགས་པའི་ཡུལ་ཕྱོགས་སུ་གནས་སྐབས་ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས་པ་དང་། ཆར་ཆུ་ལོ་འབྲས་ནོར་ཕྱུགས་འཕེལ་ཞིང་། བརྒྱད་གཉིས་འཇིགས་པའི་ཚོགས་ཀུན་ཞི་ཞིང་ཕྱིར་བཟློག་པ་དང་། མཐར་ཐུག་རབ་ཏུ་གནས་པའི་རྟེན་ཁྱད་པར་ཅན་འདི་མཐོང་ཐོས་རེག་པའི་ལུས་ཅན་ཐམས་ཅད་མི་གནས་བྱང་ཆེན་མཆོག་གི་གོ་འཕང་འཐོབ་པར་འགྱུར་བ་གདོན་མི་ཟ་བ་ལགས་ཤིང་། དེ་ལྟར་ཐུགས་རྟེན་འདི་ཉིད་སྦྱོར་དངོས་རྗེས་གསུམ་ཚང་བ་ལེགས་པར་གྲུབ་པའི་དུས་ནི། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དྲག་པོ་ལྕགས་སྤྲེལ་གྱི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦི་ནཱིའི་ཚལ་དུ་སྐུ་བལྟམས་པ་ནས་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་བཅུ་གཉིས་འདས་པ། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱི་བསྟན་པ་རིན་པོ་ཆེ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ལྔ་སྟོང་སྟེ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། ལྔ་བརྒྱ་པ་གསུམ་རེ་ལ་དུས་རེ་བྱས་པའི་མངོན་པར་རྟོགས་པ་དང་། སྒྲུབ་པ་དང་། ལུང་གི་དུས་ཞེས་གསུམ་དུ་འགྱུར་བ་ལས། མངོན་རྟོགས་ཀྱི་དུས་གསུམ་དང་། སྒྲུབ་དུས་ཀྱི་སྟེང་ནས་ལོ་ཆིག་སྟོང་ཉིས་བརྒྱ་ཉེར་བཞི་འདས་ཤིང་། མ་འོངས་པ་བསྟན་པ་རྣལ་མ་སྒྲུབ་པའི་དུས་ཀྱི་ལོ་སུམ་བརྒྱ་དང་རེ་དགུ། ལུང་གི་དུས་ཡོངས་རྫོགས་བཅས་བསྟན་པ་དངོས་ལོ་ཆིག་སྟོང་བདུན་བརྒྱ་རེ་དགུ། རྟགས་ཙམ་འཛིན་གྱི་ལྔ་བརྒྱ་དང་བཅས་དངོས་གཟུགས་དྲིལ་བས་ལོ་ཉིས་སྟོང་ཉིས་བརྒྱ་རེ་དགུ་གནས་པ། རྒྱུད་ཀྱི་རྒྱལ་པོ་དཔལ་ཀཱ་ལ་ཙ་ཀྲ་བོད་དུ་ཕེབས་ནས་རབ་བྱུང་ཐོག་མར་བརྩིས་པའི་རབ་བྱུང་བཅུ་བཞི་པའི་དུས་ཕུན་སུམ་ཚོགས་པ་ཉིད་དུ་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པ་ལེགས་པར་གྲུབ་པ་ལགས་པས་ཀུན་གྱིས་ཐུགས་ངེས་སུ་མཛད་འཚལ། །ཞེས་སོགས་སྐབས་ཀྱི་ཁ་བསྒྱུར་བཅས་ཏེ་རྒྱ་ཆེར་གླེང་བར་བྱའོ།། །། ༈ }} | ||
དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པ་བཟང་པོ་དྲུག་ལྡན་གྱི་ཚུལ་ལས་བརྩམས་པའི་འབེལ་གཏམ་ཉུང་ངུ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། འདིར་རྟེན་གསུམ་རབ་ཏུ་གནས་པ་དང་རྗེས་སུ་འབྲེལ་བའི་བཟང་པོ་དྲུག་ལྡན་གྱི་འབེལ་གཏམ་ཅུང་ཟད་ཙམ་སྤྲོ་ན། ཐོག་མར་རྡོ་རྗེ་འཛིན་པ་གདན་གསུམ་འཁོར་ལོའི་མགོན་པོས་བཀའ་ཡི་གནང་བ་བྱིན་ནས། འོ་ལེགས་སོ། །དེ་ལ་སྤྱིར་ཡང་དག་བར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དགོངས་དོན་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་བརྗོད་དོན་མངོན་པར་རྟོགས་པའི་རིམ་པར་བསྡེབས་ནས་ཉམས་སུ་ལེན་པའི་ཚུལ་ལ། རྒྱ་གར་འཕགས་པའི་ཡུལ་གྱི་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་བཞེད་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་པ་ལས། འདིར་རྣལ་འབྱོར་གྱི་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་བརྒྱུད་པ་དང་བཅས་པའི་བཞེད་པ་ལ། རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་དུ་གཏན་ལ་དབབ་ཅིང་། དེ་རྣམས་ཀྱི་ནང་ནས་སྐབས་དོན་ཐབས་ཀྱི་རྒྱུད་ལའང་། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། དེ་རྗེས་སྔགས་ལམ་ཐོག་མ་སྨིན་བྱེད་དབང་། །ལམ་ལ་རྟོགས་པའི་ལྟ་བ་བསྐྱེད་རྫོགས་གཉིས། །སྤྱོད་དང་ཉེ་རྒྱུ་མཆོག་གི་མངོན་རྟོགས་ལྔ། །བཟླས་དང་གཏོར་མ་སྦྱིན་སྲེག་རབ་གནས་དང་། །ལས་ཚོགས་རབ་འབྱམས་ཞེས་བྱ་ཡན་ལག་ལྔ། །གཉིས་ཀའི་ཐུན་མོང་དམ་ཚིག་སྡོམ་པ་སྟེ། །ཐབས་རྒྱུད་མངོན་པར་རྟོགས་པ་བཅུ་གཅིག་གོ །ཞེས་གསུངས་པ་ལྟར་གཙོ་བོར་མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ། གཙོ་བོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལྔ། དེ་དག་ཐམས་ཅད་ལ་ཐུན་མོང་དུ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པ་སྟེ་བཅུ་གཅིག་ཏུ་བཤད་པ་ལས། དེ་དག་གི་ནང་ནས་རབ་གནས་ཀྱི་ཆོ་ག་ནི། མཆོག་གི་དངོས་གྲུབ་སྒྲུབ་པའི་མངོན་རྟོགས་ལྔའི་ཡན་ལག་ལྟ་བུར་བཤད་ཀྱང་། གནས་སྐབས་ཀྱི་འབྲས་བུ་འཇིག་རྟེན་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་སོགས་དགེ་ལེགས་ཐམས་ཅད་ཀྱི་གཞི་ཡིན་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་རྒྱུར་བྱེད་ཅིང་། ལྷག་པར་ཡུལ་ཕྱོགས་གང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་གནས་པ་ཡང་། བདེ་བར་གཤེགས་པའི་རྟེན་གསུམ་རབ་གནས་ཅན་བཞུགས་པའི་མཐུ་ཡིན་པས་ན། ཕན་ཡོན་གྱི་སྒོ་ནས་མངོན་རྟོགས་གཞན་ལས་འཕགས་ཤིང་། དགོས་པ་དེ་ལྡན་གྱི་རབ་གནས་ཀྱི་མཚན་ཉིད་ལ། ཐོག་མར་སྒྲ་དོན་ནམ་རྒྱུ་མཚན་ནི། སཾ་སྐྲྀ་ཏ་ལྷའི་སྐད་དུ་སུ་པྲ་ཏིཥྛ་ཞེས་པའི་སྒྲ་ལས་དྲངས་ན། ལེགས་པར་རབ་ཏུ་གནས་པའམ། ཉེར་བསྒྱུར་པྲ་ཏིའི་སྒྲ་ལས་དྲངས་ན། ལེགས་པར་སོ་སོར་རབ་ཏུ་གནས་པར་ཡང་བསྒྱུར་དུ་རུང་བ་སོགས་མདོར་ན་རྟེན་གང་དང་རྟེན་པ་ཡེ་ཤེས་སེམས་དཔའ་དབྱེར་མེད་དུ་ལེགས་པར་རབ་ཏུ་གནས་པའམ། རྟེན་དང་བརྟེན་པའི་ཚུལ་གྱིས་སོ་སོར་ཏིལ་གྱི་གོང་བུ་ཏིལ་གྱིས་གང་བ་ལྟར་གནས་ཤིང་སེམས་ཅན་གྱི་ཉེར་འཚོའི་གཞིར་ཡུན་རིང་དུ་གནས་པར་བྱེད་པའི་ཐབས་སུ་གྱུར་པའོ། །རྒྱུ་མཚན་ནི། སློབ་དཔོན་ནག་པོ་པའི་ཞལ་སྔ་ནས། མཆོག་ཏུ་རབ་ཏུ་གནས་པའི་རབ་གནས། ཞེས་གསུངས་པ་ལྟར། ཡེ་ཤེས་སེམས་དཔའ་ཇི་སྲིད་དུ་བཞུགས་པ་དེ་སྲིད་དུ་ལྷ་མིའི་མཆོད་ གནས་ཟླ་མེད་པར་བཞུགས་པའི་ཕྱིར་ན་རབ་གནས་ཞེས་གསུངས་པ་ཡིན་ལ། དེ་ཡང་དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ལས་འགྱུར་བ་མེད་པའི་ཕྱིར་རབ་ཏུ་གནས་བྱ་གནས་བྱེད་དང་བྲལ་ཡང་། ཐ་སྙད་ཀུན་རྫོབ་ཙམ་དུ་སྐྱེ་བོ་དད་པ་ཅན་རྣམས་ཀྱི་མཆོད་པའི་ཐབས་སུ་གྱུར་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་རབ་ཏུ་གནས་པ་བགྱིར་ཡོད་པའང་། རབ་གནས་གཞུང་ལས། སྐྱེ་བོ་རབ་ཏུ་དད་པ་ཡིས། །བྱས་པ་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱ་བ་ཡིན། །ཞེས་དང་། རབ་རྒྱུད་ལས། སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ཡང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །གཅིག་ཤོས་ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟག །ཅེས་སོགས་རྒྱ་ཆེར་གསུངས་སོ། །དབྱེ་ན། ནང་དང་། ཕྱིའི་རབ་གནས་གཉིས་ལས། དང་པོ་ནི། བདག་ཉིད་ལྷ་དམ་ཚིག་པར་བསྒོམ་པ་ལ་ཡེ་ཤེས་པ་བཅུག་ནས་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་བཏབ་སྟེ་མཆོད་བསྟོད་བཟླས་པ་སོགས་བྱེད་པ་ཡིན་ལ།གཉིས་པ་ནི། ཡོངས་སུ་དག་པ་བཟང་པོ་དྲུག་ཚང་བའི་སྒོ་ནས་རྟེན་ལ་ཡེ་ཤེས་པ་གནས་པར་བྱེད་པའི་ཐབས་དང་། ལུགས་སྲོལ་གྱི་སྒོ་ནས་སྒྲ་ཙམ་འཇུག་པ་ལ། མདོ་དང་། སྔགས་ནས་བཤད་པ་གཉིས་ལས། དང་པོ་ནི། དམ་པའི་ཆོས་འདུལ་བ་ལས། ཇི་སྐད་དུ། དེ་ཡི་རབ་གནས་བྱ་བ་ནི། །ཤིན་ཏུ་བརྟན་པ་ཆོས་ཀྱི་སྐུ། །བསྐྱེད་པ་མ་ཡིན་འཇིག་བྱེད་མིན། །གདོད་ནས་མ་སྐྱེས་པ་དགེ་བ། །དེ་ལྟར་རབ་གནས་བྱས་ནས་ནི། །དེ་ཡི་སྤྱན་དབྱེར་གྱུར་པ་ཡིན། །ཞེས་གཎྜཱི་ལ་རབ་གནས་བྱ་བར་གསུངས་པའི་གཞུང་ཙམ་ལ་བརྟེན་ནས། སྐུ་གཟུགས་ལ་སོགས་པ་ལེགས་པར་བཞེངས་གྲུབ་པ་དང་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་དུས་སྟོན་གྱི་ཚེ་ཁྲི་མཐོན་པོར་བཞུགས་སུ་གསོལ་ནས། དེ་ལ་མཆོད་པ་དང་བཀྲ་ཤིས་པའི་གསོ་སྦྱོང་བྱས་ཏེ་སོ་སོར་ཐར་པའི་མདོ་འདོན་པ་དང་། འདུལ་བ་ལུང་སོགས་ནས་འབྱུང་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་དེ་མེ་ཏོག་འཐོར་བ་ཙམ་ལ་རབ་གནས་ཀྱི་ཐ་སྙད་བཏགས་པ་དང་། དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་ཤེར་ཕྱིན་སོགས་ལས་ཀྱང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་མཆོད་བསྟོད་བཀྲ་ཤིས་བྱེད་པ་ཙམ་ལ་རབ་གནས་ཀྱི་མིང་གིས་བཏགས་པ་ཙམ་ཡོད་དེ། འཇམ་མགོན་ས་སྐྱ་པཎྜི་ཏས། མདོ་ལས་རབ་གནས་བཤད་པ་མེད། །འོན་ཀྱང་མཆོད་བསྟོད་བཀྲ་ཤིས་སོགས། །རྒྱལ་པོའི་མངའ་དབུལ་ལྟ་བུ་ལ། །རབ་གནས་ཡིན་ཞེས་སྨྲ་ན་སྨྲོས། །ཞེས་དང་། ལྷ་བསྒོམ་པ་དང་སྔགས་བཟླས་དང་། །བུམ་པ་ལྷ་ཡི་སྟ་གོན་དང་། །དངོས་གཞི་དམ་ཚིག་སེམས་དཔའ་ལ། །ཡེ་ཤེས་འཁོར་ལོ་དགུག་གཞུག་དང་། །སྤྱན་དབྱེ་བརྟན་པར་བཞུགས་པ་དང་། །སྔགས་ཀྱི་བྱིན་གྱིས་བརླབས་པ་དང་། མེ་ཏོག་དོར་ནས་ལེགས་མཆོད་པའི། །བཀྲ་ཤིས་རྒྱས་པར་བྱེད་པ་ཡི། །ཆོ་ག་གསང་སྔགས་རྒྱུད་སྡེ་ལས། །གསུངས་ཀྱི་ཕ་རོལ་ཕྱིན་ལ་མིན། །ཞེས་གསལ་བར་གསུངས་པ་ལྟར་དང་། གཉིས་པ་ནི། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྒྱུད་སྡེ་སོ་སོའི་དགོངས་པ་དང་མཐུན་པར་བཀྲལ་བའི་རབ་ཏུ་གནས་པའི་ཆོ་ག་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། གངས་ཅན་གྱི་ལྗོངས་འདིར་འགྱུར་བ་ལ། བྱ་རྒྱུད་དང་མཐུན་པར་བཀྲལ་བ་ནི། པཎྜིཏ་སུ་མ་ཏི་ཀཱི་རྟི་དང་། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་དང་། དཔལ་མར་མེ་མཛད་བཟང་པོ་སོགས་ཀྱིས་མཛད་པའི་གཞུང་དུ་མ་བཞུགས་ཤིང་། སྤྱོད་རྒྱུད་ཀྱི་སྐབས་སུ། མཆོད་རྟེན་རབ་གནས་ཅན་བཞུགས་སུ་གསོལ་ལ། ཞེས་དང་། དེ་བཞིན་གཤེགས་པའི་སྐུ་རབ་གནས་ཅན། ཞེས་པ་ཙམ་ལས་ཆོ་གའི་ཚུལ་གསལ་བར་མ་བཤད་ཅིང་། དེ་གཉིས་ཀྱང་བྱ་སྤྱོད་རང་སྐད་ལྟར་ལས་རྒྱུད་སྡེ་གོང་མའི་རྒྱས་བཀའ་དང་མ་འབྲེལ་བའི་ཚེ་རབ་གནས་མཚན་ཉིད་པ་མ་ཡིན་པར་ཤེས་དགོས་ལ། རྣལ་འབྱོར་གྱི་རྒྱུད་སྡེ་དང་མཐུན་པར་བཀྲལ་བ་ལ། རྒྱུད་དེ་ཉིད་ཀྱི་ནང་གསེས་རབ་གནས་ཀྱི་རྒྱུད་ལ་བརྟེན་ནས་སློབ་དཔོན་རྣལ་འབྱོར་སྐྱོང་གིས་མཛད་པའི་སྐུ་གཟུགས་ཀྱི་སྤྱན་དབྱེའི་ཆོ་ག་དང་། གྲུབ་ཆེན་ཀུན་སྙིང་གིས་མཛད་པའི་རབ་གནས་ཀྱི་ཆོ་ག །པྲཛྙཱ་པ་ལི་ཏའི་སྤྱན་དབྱེའི་ཆོ་ག །སློབ་དཔོན་ཞི་བའི་སྙིང་པོའི་མཆོད་རྟེན་སྒྲུབ་པའི་ཆོ་ག་རྣམས་ཡོད་ཅིང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་མཐུན་བར་བཀྲལ་བ་ལ། ཀྱེ་རྡོ་རྗེ་རྩ་བའི་རྒྱུད་ལས། རབ་གནས་མཚན་ཉིད་བཟང་པོ་ཉིད། །ཅེས་གསུངས་པ་ལ་བརྟེན་ནས་གྲུབ་ཆེན་མི་ཐུབ་ཟླ་བས་མཛད་པའི་རབ་གནས་ཀྱི་ཆོ་ག་བཟང་པོ་དྲུག་པ། སློབ་དཔོན་ནག་པོ་ཤཱནྟི་བྷ་དྲས་དེ་དང་མཐུན་པར་བཀྲལ་པའི་རབ་གནས་ཀྱི་ཆོ་ག །གསང་འདུས་འཇམ་པའི་རྡོ་རྗེ་ལ་བརྟེན་ནས་པཎྜིཏ་སྟོང་ཉིད་ཏིང་འཛིན་རྡོ་རྗེས་མཛད་པའི་རབ་གནས། གསང་འདུས་མི་བསྐྱོད་པ་ལ་བརྟེན་ནས་ནག་པོ་དམ་ཚིག་རྡོ་རྗེས་མཛད་པའི་རབ་གནས། བདེ་མཆོག་སྡོམ་འབྱུང་ལ་བརྟེན་ནས་མངའ་བདག་མཻ་ཏྲི་པས་མཛད་པའི་རབ་གནས། དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་བརྟེན་ནས་གྲུབ་ཆེན་དཔལ་འཛིན་གྱིས་མཛད་པའི་རབ་གནས། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལ་བརྟེན་ནས་སློབ་དཔོན་ཨ་བྷཱ་ཡཱ་ཀ་རས་མཛད་པའི་རབ་གནས། པཎྜི་ཏ་ས་མནྟ་ཤྲཱིས་མགོན་པོ་མངོན་འབྱུང་གི་རྒྱུད་ལ་བརྟེན་ནས་མཛད་པའི་རབ་གནས། དཔལ་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་པཎྜི་ཏ་སཱ་དྷུ་སཱུ་ཏྲས་མཛད་པའི་རབ་གནས་ཀྱི་ཆོ་ག་སོགས་བཞུགས་ཤིང་། དེ་ལྟ་བུའི་ཆོ་གའི་ཕྱག་སྲོལ་ཡང་། བསྟན་པ་སྔ་དར་གྱི་དུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། མཚན་བརྗོད་པར་དཀའ་བ་མཁན་ཆེན་ཞི་བ་འཚོས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་ཏུ་གནས་པར་མཛད་པ་ལ་བརྟེན་བོད་གངས་ཅན་གྱི་ལྗོངས་འདིར་དགེ་ལེགས་བྱེ་བའི་ཉི་མ་དང་པོར་ཤར་བ་ཡིན་ཅིང་། བསྟན་པ་ཕྱི་དར་གྱི་དུས་སུ་མ་ཧཱ་པཎྜི་ཏ་དད་པའི་འབྱུང་གནས་གོ་ཆ་དང་། སྤྲུལ་པའི་ལོ་ཙཱ་བ་སྐྱེས་མཆོག་རིན་ཆེན་བཟང་པོ་དཔོན་སློབ་ཀྱིས་མངའ་རིས་སུ་མཐོ་ལིང་གསེར་གྱི་ལྷ་ཁང་ལ་རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་ཅིང་། དེ་བཞིན་དུ་པཎྜི་ཏ་སུམ་ཏི་ཀརྟིས་མངའ་རིས་གུང་ཐང་དུ་བདེ་མཆོག་གི་ལྷ་ཁང་ཞིག་ལ་གཟུངས་གྲྭ་ལྔ་ལ་བརྟེན་ནས་བྱ་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་པ་དང་། བོད་དུ་སྣུར་ཉི་མ་འོད་ཟེར་གྱིས་བོ་དོང་གི་སྤོས་ཁང་གསེར་མ་བྱ་བའི་རྡོར་དབྱིངས་ཀྱི་ལྷ་ཁང་ལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་བརྟེན་ནས་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་རབ་གནས་མཛད་ཅིང་། གཞན་ཡང་འགོས་ལོ་ཙཱ་བ། གཉོས་ལོ་ཙཱ་བ། བུ་སྟོན་ཐམས་ཅད་མཁྱེན་པ་ལ་སོགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱིས་རབ་གནས་ཀྱི་གཞུང་དང་། བོད་གངས་ཅན་གྱི་གཙུག་ལག་ཁང་བསམ་གྱིས་མི་ཁྱབ་པ་རབ་ཏུ་གནས་པར་མཛད་པ་སོགས་ལོ་རྒྱུས་མཐའ་ཡས་པ་ལས། ད་ལམ་གྱི་སྐབས་སུ་བབས་པའི་རབ་གནས་ཀྱི་ཆོ་ག་འདི་ཉིད་ནི། སྤྱིར་བཤད་མ་ཐག་པའི་རབ་གནས་དེ་རྣམས་ཀྱང་རྣམ་པར་དག་པ་ལོས་ཡིན་མོད། འོན་ཏེ་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་རབ་ཏུ་གནས་པ་སྟོན་པའི་རྒྱུད་ཟུར་པ་ཞིག་མཛད་པས་ན། དེ་དང་མཐུན་པར་བཀྲལ་པའི་རབ་གནས་ནི་ཆེས་ཁྱད་པར་དུ་འཕགས་པར་གྲུབ་ཅིང་། གོང་མ་དེ་རྣམས་རྒྱུད་འདི་ལ་གཙོ་བོར་བརྟེན་པ་མ་ཡིན་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རབ་གནས་འདི་ཉིད་ནི། ལོ་ཆེན་རིན་པོ་ཆེའི་སྡོམ་ཚིག་དང་། རབ་གནས་ཀྱི་གཞུང་བཞི་དང་། རྒྱུད་དོན་གསལ་བར་བྱེད་པའི་དོན་གསལ་འདི་ཉིད་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ལ་བརྟེན་ནས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་བྱང་ཕྱོགས་སྒྱུ་མ་མཁན་གྱིས་བཞེངས་པའི་ལྷ་ཁང་ལ་རབ་ཏུ་གནས་པར་མཛད་པས། ད་ལྟ་ཡང་བྱང་ཕྱོགས་སྤྲུལ་པ་སྡེ་ཞེས་ངོ་མཚར་གྱི་གྲགས་པ་དཀར་བ་འདི་བྱུང་ཞིང་། དེའི་རྗེས་སུ་ཁམས་གསུམ་འགྲོ་བའི་བླ་མ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་ཡུ་གུར་གྱི་བནྡེ་སཾ་གྷཱ་མི་ཏྲའི་དོན་དུ་མཛད་པའི་རབ་གནས་སཾ་གྷཱ་མ་ཞེས་བྱ་བ་དང་། དེ་ཉིད་དང་མཐུན་པར་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་དཔལ་གསང་བ་འདུས་པ་ལ་བརྟེན་པའི་རབ་གནས་བཀྲ་ཤིས་རྒྱ་མཚོ། ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་ཀྱེ་རྡོ་རྗེའི་རབ་གནས་ཀྱི་ཆོ་ག་དགེ་ལེགས་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་དགྱེས་རྡོར་ལ་བརྟེན་པའི་རབ་གནས་དང་། རྒྱས་པའི་སྦྱིན་སྲེག་གི་ཟིན་བྲིས། སྙིགས་དུས་བསྟན་པའི་ཉི་མ་སྔགས་འཆང་ཆེན་པོའི་རབ་གནས་ཀྱི་ཆོ་ག་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་གཞག །ངོར་ཆེན་དཀོན་མཆོག་དཔལ་ལྡན་གྱིས་མཛད་པའི་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་དཔལ་འབྱོར་༢༤རྒྱ་མཚོ་སོགས་ཀྱི་དགོངས་དོན་མ་ནོར་བ་ལྷུར་ལེན་པ་ལ། ཆོ་ག་ཡོངས་སུ་རྫོགས་པ་ནི་བཟང་པོ་དྲུག་གིས་བསྡུས་ཏེ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། རབ་གནས་རྟེན་དང་སློབ་དཔོན་གནས་དང་དུས། །ཡོ་བྱད་ཆོ་ག་བཟང་པོ་རྣམ་པ་དྲུག །ཅེས་གསུངས་པའི་ས་བཅད་དང་མཐུན་པར་ཅུང་ཟད་ཅིག་སྙན་དུ་གསོལ་ན། སྤྱི་དོན་དང་པོ། གང་ཞིག་རབ་ཏུ་གནས་པར་བྱ་བའི་རྟེན་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སྟེ། རབ་རྒྱུད་ལས། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རྣམས་དང་ལྡན། །ཚད་ནི་ཚད་ལ་ཕབ་ཅིང་བཟང་། །དེ་འདྲ་རབ་ཏུ་གནས་པར་བྱ། །ཞེས་པས་སྐུ་གཟུགས་དངོས་སུ་བསྟན་ཅིང་། དེས་ མཚོན་གསུང་རྟེན་སོགས་ཀྱང་རབ་ཏུ་གནས་བྱར་ཤུགས་ཀྱིས་གྲུབ་པས་ན། འདིར་རབ་ཏུ་གནས་བྱའི་རྟེན་གྱི་གཙོ་བོ་ནི། བདེ་བར་གཤེགས་པའི་བྱིན་རླབས་ཀྱི་རྟེན་ལ། སྐུ་དང་། གསུང་དང་། ཐུགས་ཀྱི་རྟེན་གསུམ་དུ་དབྱེ་བ་ལྟར་ན། ཞེས་པའི་མཚམས། མཆོད་རྟེན་ལྟ་བུ་ལ། ཐུགས་ཀྱི་རྟེན། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུའི་རྟེན་གསུམ་དུ་དབྱེ་བ་ལྟར་ན། ཆོས་སྐུའི་རྟེན། སྤྱི་མིང་བྱེ་བྲག་ལ་བཏགས་པའི་དབང་དུ་བྱས་ན། མཆོད་རྟེན་དུ་གྲགས་པ་སྟེ། དེ་ཡང་བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་གྱི་ནང་ནས་འགྲོ་བའི་དོན་དུ་བྱོན་པར་སྔ་བའི་རྟེན་འདི་ཉིད་ལའང་། ནང་གསེས་ཀྱི་སྒོ་ནས་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། རང་བཞིན་ལྷུན་གྲུབ་ཀྱི། བླ་ན་མེད་པའི། བྱིན་གྱིས་བརླབས་པའི། དངོས་གྲུབ་འབྱུང་བའི། ཐེག་པ་སོ་སོའི་མཆོད་རྟེན་ཏེ་རྣམ་གྲངས་ལྔ་ཙམ་གསུངས་པ་ལས། དང་པོ་ནི། ལུང་མཆོག་བླ་མ་ལས། གླིང་བཞི་རྒྱས་པའི་རྨང་བཏིང་ནས། །རི་བརྒྱད་དག་གི་བང་རིམ་བརྩེགས། །ཤིང་ཆེན་བུམ་པས་ཡོངས་མཛེས་པ། །སྟོན་པའི་སྐུ་གདུང་འབྱུང་བའོ། །ཞེས་གླིང་གཞི་རྨང་། གསེར་རི་བདུན་རི་རབ་དང་བཅས་པ་བང་རིམ། ཡོངས་འདུའི་ལྗོན་ཤིང་བུམ་པ་སྟེ། དེ་དག་འདུས་པ་ལ་ཕྱི་སྣོད་ཀྱི་མཆོད་རྟེན་དུ་བཤད་པ་དང་། ཡང་དེ་ཉིད་ལས། ཀུན་གཞི་ཁྱབ་བརྡལ་རྨང་བཏིང་ནས། །རྣམ་ཤེས་བརྒྱད་ཀྱི་ཀ་བ་བཙུགས། །རིག་པ་ཕྱི་ཡི་བང་རིམ་ཅན། །བདག་ཉིད་ཆེ་ཡི་བུམ་པ་དྲིལ། །རང་བཞིན་གཡོ་བའི་སྐུ་གདུང་ཡིན། །ཞེས་ཀུན་གཞི་རྨང་། རྣམ་ཤེས་ཚོགས་བརྒྱད་ཀ་བ། དབང་པོ་ལྔ་བང་རིམ། གཙོ་སེམས་ཡིད་ཀྱི་རྣམ་ཤེས་བུམ་པ་སྟེ། དེ་རྣམས་བསྡོམས་པ་ལ་ནང་བཅུད་ཀྱི་མཆོད་རྟེན་དུ་བཤད་པ་དང་། རྡོ་རྗེ་བཀོད་པའི་རྒྱུད་ལས། འདོད་ཁམས་རྨང་གི་རི་མོ་ལ། །གཟུགས་ཁམས་བང་རིམ་ཁྲི་འཕང་ཅན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །སྐུ་གདུང་ཆེན་པོ་རྒྱུན་དུ་གནས། །ཞེས་འདོད་ཁམས་རིགས་དྲུག་རྨང་། གཟུགས་ཁམས་གནས་རིགས་བཅུ་བདུན་བང་རིམ། གཟུགས་མེད་སྐྱེ་མཆེད་མུ་བཞི་བུམ་པ་སྟེ། ཁམས་གསུམ་ལ་མཆོད་རྟེན་དུ་བཤད་པ་དང་། དེ་དང་མཐུན་པར་མ་ཧཱ་པཎྜི་ཏ་སྨྲྀ་ཏིས་སྣོད་བཅུད་ཐམས་ཅད་བསྡོམས་པ་ལ་མཆོད་རྟེན་དུ་བཤད་པ་ལྟ་བུའོ། །གཉིས་པ་ནི། ཐེག་ཆེན་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། །ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །རང་བྱུང་རིན་ཆེན་བརྩེགས་པའོ། །ཞེས་ཤར་ལུས་འཕགས་གླིང་དུ་བྱམས་པ་ཚད་མེད་ཀྱི་ངོ་བོ་རྡོ་རྗེ་དུ་མ་བརྩེགས་པའི་མཆོད་རྟེན་སོགས་ཚད་མེད་བཞིའི་ངོ་བོ་མཆོད་རྟེན་བཞིའོ། །གསུམ་པ་ནི། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང་། །ཞེས་ཤར་ལུས་འཕགས་གླིང་ན་བྱམས་པ་བསོད་ནམས་སྟོབས་དང་། མཐར་ལེགས་གཡུང་དྲུང་རྟོགས་པ་གཉིས། ལྷོ་འཛམ་བུའི་གླིང་ན་ཐུགས་རྗེ་སྤྲུལ་པ་དང་། ཡིད་བཞིན་ལྷུན་གྱིས་གྲུབ་པ་གཉིས། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང་། རྨད་གྲགས་ཆོས་དབྱིངས་ཀྱི་མཆོད་རྟེན་གཉིས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང་། ཁམས་གསུམ་བདེ་རྒྱས་སྒྲོལ་མའི་མཆོད་རྟེན་གཉིས་ཏེ་བརྒྱད་བཞུགས་པ་རྣམས་སོ། །བཞི་པ་ནི། བདུད་རྩི་མཆོག་གི་རྒྱུད་ལས། རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །དེ་དག་རྟེན་གནས་ཆེན་མོ་ཡང་། །མཆོད་རྟེན་བརྒྱད་དུ་རྣམ་པར་བཞག །ཅེས་པས། མ་ག་དྷར་བདེ་བྱེད། སིངྒ་ལར་རི་བོ་ཏཱ་ལ། བལ་ཡུལ་དུ་བྱ་ཁྲི་ཁ་ཤོར། སིངྒའི་གླིང་དུ་གེའུ་དོ་ཤན། ལི་ཡུལ་དུ་གོ་མཱ་སཱ་ལ་གནྡྷ། ཁ་ཆེར་ཀན་ཀན། ཟ་ཧོར་དུ་བདེ་བྱེད་གཞོན་ནུའི་མཆོད་རྟེན་ཏེ། སྔོན་སྟོན་པ་ཧེ་རུ་ཀས་དྲག་པོ་ཆུང་མ་དང་བཅས་པ་བཏུལ་བའི་ཚེ་ཡུལ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་བརྒྱད་ཀྱི་རྟེན་གནས་མཆོད་རྟེན་བརྒྱད་བཞུགས་པ་རྣམས་ཡིན་ལ། ལྔ་པ་ནི། ཉན་ཐོས་ཀྱི་མཆོད་རྟེན་ཆོས་གོས་བཞི་ལྟབས་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབས་པར་མཁར་གསིལ་བཙུགས་པ་ལྟ་བུ། རང་རྒྱལ་གྱི་མཆོད་རྟེན་རྨང་གྲུ་བཞི། ངོས་ཟླུམ་པོ། བང་རིམ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པའི་རྣམ་པ་ཅན། ཐེག་པ་ཆེན་པོའི་མཆོད་རྟེན་ལ། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལ་བརྟེན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་མཆོད་རྟེན་གྱི་རྟོགས་པ་ལས། ཐུབ་པའི་མཆོད་རྟེན་ལྷུང་བཟེད་ཁ་སྦུབས་པ་ལྟ་བུ་ཞེས་པ་དབྱིབས་ཟླུམ་པོ་ཁང་བུ་ལྟ་བུ་ཞེས་པ་དབྱིབས་གྲུ་བཞི། རྒྱལ་མཚན་ལྟ་བུ་ཞེས་པ་དབྱིབས་རྒྱལ་མཚན་ལྟ་བུ་བང་རིམ་ཅན་ཏེ་རྣམ་གྲངས་གསུམ་དུ་བཤད་པ་དང་། གཞན་ཡང་འདུལ་བ་ལུང་ལས། འཁོར་ལོ་ལ་གདུགས་དང་། གདུགས་ལ་ཆར་ཁེབས་ཀྱི་མིང་མཛད་ནས། རང་རྒྱལ་གྱི་མཆོད་རྟེན་ལ་གདུགས་བཅུ་གསུམ་ཆར་ཁེབས་མེད་པ་དང་། ཉན་ཐོས་ལ་འབྲས་བུའི་གྲངས་ལས་བགྲངས་པའི་གདུགས་ཀྱི་གྲངས་རེ་རེ་ལྷག་པ་ཆར་ཁེབས་མེད་པ་དང་། སོ་སོ་སྐྱེ་བོ་ལ་གདུགས་མེད་པ་བུམ་པའི་སྟེང་དུ་བྲེ་བཞག་པ་ཙམ་དང་། རྫོགས་པའི་སངས་རྒྱས་ལ་གདུགས་རིམ་པ་བཅུ་གསུམ་ཆར་ཁེབས་ཏོག་བཅས་མཚན་ཉིད་ཀུན་ཚང་བར་གསུངས་ཏེ། སྟག་ཚང་ལོ་ཙཱ་བ་ཆེན་པོ་ཤེས་རབ་རིན་ཆེན་གྱིས། ཐུགས་ཀྱི་རྟེན་ནི་མཆོད་རྟེན་ཞེས་བྱ་བ། །རྫོགས་སངས་རྒྱས་ལ་རྣམ་ཀུན་ཡོངས་རྫོགས་ཏེ། །ཤཱཀ་ཐུབ་མཆོད་རྟེན་བརྒྱད་དུ་གྲགས་པ་དང་། །རང་སངས་རྒྱས་ལ་ཆར་ཁེབས་མེད་པ་དང་། །ཉན་ཐོས་འབྲས་བུ་བཞི་ལ་འབྲས་བུའི་གྲངས། །སོ་སོའི་གདུགས་ཀྱི་རིམ་པར་བྱ་བ་དང་། །སོ་སྐྱེ་ལ་ནི་བྱི་བོ་ཞེས་བྱ་བ། །གདུགས་མེད་བུམ་པའི་སྟེང་དུ་བྲེ་ལྡན་ཏེ། །ཞེས་གསུངས་པ་ལྟར་རོ། །དེར་མ་ཟད་རྒྱུད་སྡེ་ཆེན་པོ་བཞི་ལ་སོ་སོའི་ལུགས་ཀྱི་མཆོད་རྟེན་གྱི་ཁྱད་པར། བྱ་སྤྱོད་གཉིས་ལ་བང་རིམ་ནང་དུ་བཅུག་པ་དང་། ཕྱིར་གྱེད་པ། དབུས་མ་འབུར་བ་ལ་མཐའ་གཉིས་ནང་དུ་རུབ་པ། འཁོར་ལོ་བཅུ་གཉིས་པའི་རྣམ་པ་ཅན་དུ་གསུངས་པ་དང་། ཡོ་གའི་མཆོད་རྟེན་རྡོ་རྗེ་བརྩེགས་པའི་རྒྱུད་ལས་གསུངས་པ་རྣམས་དང་། བླ་མེད་ཀྱི་མཆོད་རྟེན་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་བདུད་འདུལ་མེད་པའི་མཆོད་རྟེན་ལ་སོགས་པ་ཡིན་ལ། དེ་ལྟ་བུའི་མཆོད་རྟེན་ལ་གྲུབ་མཐའ་སོ་སོའི་བཞེད་ཚུལ་མང་ཡང་ཐེག་པ་ཆེན་པོ་ཉིད་གཙོ་ཆེ་ཞིང་། དེ་ལ་ཡང་སོ་སྐྱེ་ཉན་རང་སངས་རྒྱས་སོགས་གང་ཟག་རེ་རེ་ལ་མཆོད་རྟེན་སོ་སོར་གསུངས་ཀྱང་། སྤྱིར་རྫོགས་པའི་སངས་རྒྱས་ཀྱི་མཆོད་རྟེན་ཉིད་ཁྱད་པར་འཕགས་ལ། དེ་ལ་ཡང་རྣམ་གྲངས་གསུམ་ཙམ་གསུངས་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འཁྲུལ་པའི་དྲི་མ་ཟད་པ་རྗེ་བཙུན་རིན་པོ་ཆེའི་ཞལ་ནས། དང་པོ་ལྷུང་བཟེད་ལྟར་གྲགས་པའི་མཚོན་དོན་ནི། ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བར་མཚོན་ལ། གཉིས་པ་ཁོང་བུ་ལྟར་ཡོངས་སུ་གྲགས་པའི་མཚོན་དོན་ནི། ཆོས་ཀྱི་སྐུ་ཡོན་ཏན་ཐམས་ཅད་རྫོགས་ཤིང་མཉམ་པ་ཉིད་མཚོན། གསུམ་པ་རྒྱལ་མཚན་ལྟར་ཡོངས་སུ་གྲགས་པས་ནི། ལས་ཀྱི་མཐའ་བརྗོད་པའི་མདོ་ལས། སྤྲུལ་པས་མཛད་པ་མངོན་བསྟན་ཕྱིར། །མཆོད་རྟེན་བརྒྱད་དུ་སྐུ་གདུང་བཞག །ཅེས་པ་ལྟར་འོ་སྐོལ་གྱི་སྟོན་པ་ཐུབ་པའི་དབང་པོས་མཛད་པ་ཁྱད་པར་ཅན་བསྟན་པའི་ཡུལ་ལྗོངས་སོ་སོར་སྐྱེ་བོ་རྣམས་སྤྲོ་བ་སྐྱེས་ཏེ་དུས་སྟོན་བྱ་བའི་ཕྱིར་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དུ་གྲགས་པ་རྣམས་ཏེ། དང་པོ་གནས་གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་དུས་སུ་བྱུང་བའི་པད་སྤུངས་མཆོད་རྟེན། གཉིས་པ་རྒྱལ་པོའི་ཁབ་ཏུ་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་སུ་བྱུང་བ་བྱང་ཆེན་མཆོད་རྟེན། གསུམ་པ་གནས་ཝཱ་ར་ཎཱ་སིར་ཆོས་འཁོར་བསྐོར་བའི་དུས་སུ་བྱུང་བ་བཀྲ་ཤིས་སྒོ་མང་། བཞི་པ་མཉན་ཡོད་ཛཻ་ཏཱའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ་བྱུང་བ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན། ལྔ་པ་ཡངས་པ་ཅན་ནམ་གྲོང་ཁྱེར་གསེར་ཅན་དུ། སྟོན་པ་ལྷའི་ཡུལ་དུ་དབྱར་གནས་མཛད་དེ་ཡུམ་ལ་ཆོས་གསུངས། སྔ་དྲོ་དགག་དབྱེ་མཛད་པའི་ཕྱི་དྲོ་ནམ་མཁའ་ལས་འཛམ་བུའི་གླིང་དུ་བབས་པའི་དུས་བྱུང་བ་ལྷ་བབས་སམ། ཆོ་འཕྲུལ་ཆུང་ངུའི་མཆོད་རྟེན། དྲུག་པ་གནས་རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་པའི་ཚེ་ཉན་ཐོས་མཆོག་ཟུང་གིས་བསྡུམས་པའི་དུས་སུ་བྱུང་བ་དབྱེན་ཟླུམ་མམ། འོད་ཟེར་ཅན་གྱི་མཆོད་རྟེན་ནམ། བྱང་ངོས་མཆོད་རྟེན། བདུན་པ་ཡངས་པ་ཅན་དུ་སྟོན་པའི་སྐུ་ཚེ་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་བྱུང་བ་རྣམ་རྒྱལ་ལམ། བྱིན་རླབས་མཆོད་རྟེན་དུ་ཡང་གྲགས་པ། བརྒྱད་པ་རྩཱ་མཆོག་གྲོང་དུ་མྱ་ངན་ལས་འདས་པའི་དུས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱི་མཆོད་རྟེན་ནམ། མྱང་འདས་མཆོད་རྟེན་དུ་གྲགས་པ་རྣམས་ཡིན་ལ། འདི་ལའང་སྟོན་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་བརྒྱད། རས་ཚིག་པ་དང་། མ་ཚིག་པ་དང་། སོལ་བ་གཞུག་པའི་མཆོད་རྟེན་ཏེ་བཅུ་གཅིག །ལྷ་རྣམས་ཀྱིས་སྟོན་པའི་མཆེ་བ་ཁྱེར་ནས་བཞེངས་པའི་མཆོད་རྟེན། སྲིན་པོ་གཉིས་ཀྱིས་སྟོན་པའི་མཆེ་བ་བརྐུས་ཏེ་ཁྱེར་ནས་བཞེངས་པའི་མཆོད་རྟེན། མྱ་ངན་ལས་མ་འདས་གོང་དུའང་དབུ་སྐྲ་དང་སེན་མོའི་མཆོད་རྟེན་སོགས་དཔག་ཏུ་མེད་པ་བྱུང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཞེངས་པའི་དཔལ་དུ་བ་ལྟ་བུའམ། རིག་པ་མེད་པའི་མཆོད་རྟེན། ཆོས་རྒྱལ་མྱ་ངན་མེད་ཀྱིས་འཛམ་བུ་གླིང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་པའི་མཆོད་རྟེན་བྱེ་བ་བཞེངས་པ་རྣམས་ཀྱང་བརྒྱད་པོ་འདིར་ཅི་རིགས་སུ་མ་འདུས་པ་མེད་ལ། དེ་རྣམས་ཀྱི་ནང་ནས་ད་ལམ་སྐབས་སུ་བབས་པའི་རབ་ཏུ་གནས་བྱའི་རྟེན་གྱི་གཙོ་བོ་ནི། སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་སུ་བྱུང་བ་བྱང་ཆུབ་ཆེན་པོའི་མཆོད་རྟེན་འདི་ཉིད་ཡིན་ལ། ཞེས་པ་ལྟ་བུའི་སྐབས་སུ་བབས་པ་ཇི་ལྟར་འོས་པའི་མཐར། དེ་ལ་ཡང་གང་ཞིག་དད་པའི་དབང་པོས་ཀུན་ནས་བསླངས་ཏེ་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཚད་ལྡན་བརྩིགས་པ་དང་། དྭང་བའི་སེམས་ཀྱིས་ཕྱག་མཆོད་བྱེད་པ་ནི་སྐལ་བ་དང་ལྡན་པའི་དགེ་བའི་ས་བོན་གསར་དུ་འཇོག་པ་ནས་བརྩམས་ཏེ་མཐར་ཐུག་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་བར་གྱི་དགེ་ལེགས་ཐམས་ཅད་ཀྱི་གཞི་ཉིད་དུ་ངེས་པ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོར། ལྷ་དང་མིའི་འཁོར་རྣམ་བཞིའི་རིན་པོ་ཆེ་སྣ་བདུན་ལས་མཆོད་རྟེན་བྱས་ཏེ་རིང་བསྲེལ་ལ་མཆོད་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང་། ངེས་པར་སེམས་ཅན་དེ་དག་སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་ནས། མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་འགྱུར་རོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིས་སམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻ་ཌཱུཪྻ་མཆོག་དེ་བཞིན་ཨནྡ་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང་། །གང་གིས་ཨ་ག་རུ་དང་ཙནྡན་དང་། །གང་གིས་ཐང་ཤིང་མཆོད་རྟེན་བྱས་པ་དང་། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང་། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡིས། །རྒྱལ་བའི་མཆོད་རྟེན་འགའ་ཞིག་བྱས་པ་དང་། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་དག་ཏུ་བཞེངས་པ་དང་། །བྱིས་པས་རྩེད་མོས་དེ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོར་བྱས་ན་ཡང་། །དེ་དག་གིས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་རྒྱ་ཆེར་བསྔགས་ཤིང་། ཞེས་པའི་མཚམས། དམིགས་བསལ་བླ་མའི་དགོངས་རྫོགས་ལྟ་བུ་ལ། དེ་དག་ལས་ཁྱད་པར་དུ་རང་གིས་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་རྫོགས་པར་ཐོབ་པའི་རྡོ་རྗེ་སློབ་དཔོན་གྱི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཆེད་དུ་མཆོད་རྟེན་བཞེངས་པ་དང་། དེ་ལ་མཆོད་པ་དང་བཀུར་སྟི་བྱས་པའི་བསོད་ནམས་ནི་དེ་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་ཏེ། བླ་མའི་ཡོན་ཏན་གཟུང་བའི་རྒྱུད་ལས། དེ་ཕྱིར་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་བས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་ནས་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་བསྙེགས་པར་འགྱུར། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་ལ། །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསགས་པའི་སྡིག་ཆེན་རབ་བཅོམ་ནས། །ཤིན་ཏུ་མི་ཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོའི་མིག་བྲལ་སྲོག་ཉམས་ཤིང་། །མི་སྲོག་བྱིན་ཀྱང་དགེ་བའི་དཔེར་མི་བཟོད། །དེ་རྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ནས། །བསྐལ་པར་མཆོད་ཀྱང་དགེ་བས་དཔེར་མི་བཟོད། །ཞེས་སོགས་རྒྱ་ཆེར་གསུངས་པས་མཚོན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ལན་གཅིག་མ་ཡིན་པར་བསྔགས་པའི་གླིང་བུ་བསྒྱུར་བས་ཡིད་དྲངས་ཏེ། ཐེག་གསུམ་བསྟན་པའི་སྣང་བྱེད། སྐྱབས་གསུམ་འདུས་པའི་ངོ་བོ། སྐུ་གསུམ་ཡོན་ཏན་གྱི་ཕུང་པོ། དུས་གསུམ་གཟིགས་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ། ཞེས་པའི་མཚམས། སོ་སོའི་སྐུ་ཆེ་བའི་ཡོན་ཏན་ནས་བཟུང་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་གྱི་བར་རྒྱས་བསྡུས་འཚམས་པའི་ངག་གིས་བཤད་པ་སྔོན་དུ་འགྲོ་བས། སྦྱིན་བདག་གང་ཡིན་གྱི་དགོངས་རྫོགས་ཀྱི་ཆེད་དུ་རྟེན་བཞེངས་ཚུལ་ཇི་ལྟར་འོས་པའི་རྗེས། ལེགས་པར་གྲུབ་པ་འདི་ཉིད་ཀྱི་མཚོན་ཚུལ་རྒྱས་པ་ནི། རྨང་གིས་དགེ་བཅུ། བང་རིམ་གྱི་གྲངས་དང་པོས་དྲན་པ་ཉེ་བར་བཞག་པ་བཞི། གཉིས་པས་ཡང་དག་པར་སྤོང་བ་བཞི། གསུམ་པས་རྫུ་འཕྲུལ་གྱི་རྐང་པ་བཞི། བཞི་པས་དབང་པོ་ལྔ། བུམ་གདན་གྱིས་སྟོབས་ལྔ། བུམ་པས་བྱང་ཆུབ་ཀྱི་ཡན་ལག་བདུན། བྲེས་འཕགས་ལམ་ཡན་ལག་བརྒྱད། སྲོག་ཤིང་གིས་ཤེས་པ་བཅུ། འཁོར་ལོ་བརྩེགས་པའི་དང་པོ་བཅུས་སྟོབས་བཅུ། ལྷག་མ་གསུམ་གྱིས་དྲན་པ་ཉེར་བཞག་གསུམ། ཆར་ཁེབས་ནི་ཐུགས་རྗེ་ཆེན་པོ། ཏོག་ནི་ཆོས་སྐུའི་རང་བཞིན་མཚོན་པར་བྱེད་པ་སྟེ། དེ་དག་ནི་གང་ཞིག་རབ་ཏུ་གནས་པར་བྱ་བའི་རྟེན་ཡོངས་སུ་དག་པ་བཟང་པོ་ཉིད་ཡིན་ལ། སྤྱི་དོན་གཉིས་པ་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་ནི། སྤྱིར་རྡོ་རྗེ་སློབ་དཔོན་དུ་དབང་བསྐུར་བ་ཐོབ་ཅིང་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་མཁྱེན་པ་སྟེ། ཀྱཻ་རྡོ་རྗེ་ལས། རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དང་། བྱེ་བྲག་ཏུ་རབ་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པས་སོ། །ཞེས་དང་། འཇམ་མགོན་ས་སྐྱ་པཎྜི་ཏས། དེ་ཉིད་བཅུ་ལ་རྣམ་གྲངས་མང་། །ཆོ་གའི་དེ་ཉིད་བཅུ་དང་ནི། །གཞན་ཡང་རྡོ་རྗེ་སློབ་དཔོན་ལ། །ཉེ་བར་མཁོ་བའི་དེ་ཉིད་བཅུ། །དེ་བཞིན་དེ་ཉིད་ཁོ་ན་ཡིས། །དེ་ཉིད་བཅུ་ཞེས་བྱ་བ་ཡོད། །ཞེས་གསུངས་པ་ལྟར། གསང་བའི་དེ་ཉིད་བཅུ། སྤྱིའི་དེ་ཉིད་བཅུ། ཆོ་གའི་དེ་ཉིད་བཅུ། རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ། དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་སོགས་མང་དུ་གསུངས་ཀྱང་། འདིར་རབ་ཏུ་གནས་པའི་རྡོ་རྗེ་སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད། ཏིང་ངེ་འཛིན་གྱི་དེ་ཁོ་ན་ཉིད། ཕྱག་རྒྱའི་དེ་ཁོ་ན་ཉིད། ལྟ་སྟངས་ཀྱི་དེ་ཁོ་ན་ཉིད། །གདན་གྱི་དེ་ཁོ་ན་ཉིད། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད། སྦྱིན་སྲེག་གི་དེ་ཁོ་ན་ཉིད། མཆོད་པའི་དེ་ཁོ་ན་ཉིད། ལས་ལ་སྦྱར་བའི་དེ་ཁོ་ན་ཉིད། སླར་བསྡུ་བའི་དེ་ཁོ་ན་ཉིད་དང་བཅུ་པོ་འདི་ཉིད་ཡིན་ལ། དེ་དག་དང་ལྡན་པའི་སློབ་དཔོན་དེ་ཉིད་ཀྱང་། དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས་ལྷ་ཁང་ལ་སོགས་རབ་གནས་ཀྱང་། །རྟག་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་ན་ནི་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ཅན་གྱིས་མིན། །ཞེས་གསུངས་པ་ལྟར་ཁྱིམ་པའི་རྡོ་རྗེ་སློབ་དཔོན་ལས་རབ་ཏུ་བྱུང་བ་ཁྱད་པར་དུ་བསྔགས་པ་ལྟར། འདིར་རབ་ཏུ་གནས་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ནི། ཞེས་པའི་མཚམས། བླ་མ་སོ་སོའི་ཆེ་བའི་ཡོན་ཏན་ལས་བརྩམས་པའི་བསྔགས་བརྗོད་ཇི་ལྟར་འོས་པའི་མཐར། ཉིད་གཙོ་བོར་བཞུགས་ཤིང་། གཞན་ཡང་དཔལ་དགྱེས་པ་རྡོ་རྗེའི་གཞིའི་བསྙེན་པ་མཐར་ཕྱིན་ཅིང་ཆོ་ག་ལ་མཁས་པའི་དགེ་སློང་རྡོ་རྗེ་འཛིན་པ་ཤ་སྟག་ཏུ་འདུས་པའི་ཚོགས་དང་བཅས་པ་ནི་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་བཟང་པོ་ལགས་ཤིང་། སྤྱི་དོན་གསུམ་པ་ནམ་ཞིག་རབ་ཏུ་གནས་པར་བྱ་བའི་དུས་ནི། བཀྲ་ཤིས་པར་བྱེད་པའི་ཚེས་དང་གཟའ་དང་སྐར་མ་དང་། བྱེད་པ་དང་། སྦྱོར་བ་ལ་སོགས་པ་ཕུན་སུམ་ཚོགས་པ་ངེས་པར་དགོས་ཏེ། རབ་རྒྱུད་ལས། དཔྱིད་ཟླ་ར་བའམ་དཔྱིད་ཟླ་འབྲིང་། །དབྱར་ར་དེ་བཞིན་དབྱར་འབྲིང་པོ། །དགུན་ཟླ་དཔྱིད་ཀྱི་ཐ་ཆུང་ངམ། །ཉི་མ་བྱང་དུ་བལྟས་པ་ཡི། །དཀར་པོའི་ཕྱོགས་སུ་ཤིས་པའོ། །ཞེས་གསུངས་པ་ལྟར། ལོ་གཅིག་ལ་བགྲོད་པ་གཉིས་ཡོད་པས། དབྱར་ཉི་ལྡོག་ནས་དགུན་ཉི་མ་ལྡོག་བར་དུ་ཉི་མ་ལྷོ་ཕྱོགས་གཤིན་རྗེའི་ཕྱོགས་སུ་བགྲོད་པ་ཡིན་པས་དབང་དང་རབ་གནས་སོགས་དགེ་ལེགས་ཀྱི་བྱ་བ་སྤང་དགོས་པར་གསུངས་ལ། དགུན་ཉི་ལྡོག་ནས་དབྱར་ཉི་མ་ལྡོག་པར་ཉི་མ་བྱང་ཕྱོགས་གནོད་སྦྱིན་གྱི་ཕྱོགས་སུ་བགྲོད་པའི་འོད་ཟེར་གྱིས་ལམ་སྟེང་ནས་སྟེང་དུ་འཕགས་པའི་ཉིན་མོ་ཆེས་རིང་ཞིང་། མཚན་མོ་མུན་པ་སྟོབས་ཆུང་བའི་དུས་སུ་དབང་དང་རབ་གནས་སོགས་ཚེ་དང་བསོད་ནམས་རྒྱས་པར་བྱ་བའི་ལས་ལ་ཤིན་ཏུ་དགེ་བར་གསུངས་པས་ན་ད་ལམ་ཉི་མ་བྱང་བགྲོད་ཀྱི་དུས་དང་། ཟླ་བའང་དབྱར་ཟླ་ར་བ་མཆོག་ཏུ་བསྔགས་པ་ལྟར་ད་ལམ་དབྱར་ཟླ་ར་བ་དང་། ཚེས་གྲངས་ཀྱང་། རབ་རྒྱུད་ལས། དཀར་པོའི་ཕྱོགས་ཀྱི་གཉིས་པའམ། །རིམ་བཞིན་དེ་བཞིན་གསུམ་པའོ། །གང་ཚེ་གཟའ་དང་རྗེས་མཐུན་ན། །ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། །གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་གོང་དུ་འཕེལ་བར་བྱེད། །ཅེས་པ་ལྟར་སྐབས་སུ་བབས་པ་ནི། དཀར་པོའི་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་གཅིག་ལ་རབ་ཏུ་གནས་པའི་ཆོ་ག་དངོས་གཞི་ཡང་དག་པར་གྲུབ་པ་དང་། དུས་དེ་ཉིད་དུ་ཤར་བའི་གཟའ་དང་སྐར་མ་དགེ་བ་ནི། ཇི་སྐད་དུ། ཕུར་བུ་ལྷག་པ་པ་ཝ་སངས། །ཟླ་བའི་གཟའ་སོགས་ཤེས་བྱ་སྟེ། །གཟའ་སྐར་འདི་རྣམས་ལས་བྱས་ན། །རབ་ཏུ་གནས་པ་མཆོག་ཏུ་དགེ །ཞེས་དང་། ཐམས་ཅད་དུ་ནི་ཆུ་སྨད་དང་། །སྣར་མ་དེ་བཞིན་གྲོ་བཞིན་ཏེ། །ལག་པ་སྣུབས་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་དང་ནི་དེ་བཞིན་དུ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་རྒུ་འཕེལ་ཞིང་དེ་བཞིན་དུ། །རབ་ཏུ་གནས་པ་མཆོག་ཏུ་དགེ །ཞེས་གསུངས་པ་ལྟར་འདི་ལ་མཆོག་ཏུ་གྱུར་པའི་གཟའ་ཕུར་བུ་དང་། རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་དགའ་མ་ལྷན་ཅིག་ཏུ་རྩེ་བའི་གྲལ་ཚེས་ཤིན་ཏུ་དགེ་བའི་ཉིན་མོར་དུས་ཚོད་ཀྱང་། རབ་རྒྱུད་ལས། སྔ་བར་སྐུ་གཟུགས་སྦྱང་བར་བྱ། །ཞེས་པས་མཚོན་རྒྱུད་དང་བསྟན་བཅོས་དུ་མར་སྔ་དྲོའི་དུས་ཁོ་ནར་བསྔགས་པ་ལྟར། འདིར་འཛམ་བུའི་གླིང་དུ་ཉི་མ་ཤར་དྲོས་ཀྱི་དུས་ཕུན་སུམ་ཚོགས་པ་ལ་བབས་པ་ན། རབ་ཏུ་གནས་པའི་བརྟན་བཞུགས་ཀྱི་ཆོ་གས་མེ་ཏོག་མནྡཱ་རའི་ཆར་དུ་བསྙིལ་བས་ས་གསུམ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་བྱས་པ་ནི་ནམ་ཞིག་རབ་ཏུ་གནས་པའི་དུས་བཟང་བའོ། །ཞེས་པས་མཚོན་དམིགས་བསལ་ཟླ་ཞག་གཟའ་སྐར་རྣམས་འབྱིན་འཇུག་ཇི་ལྟར་རིགས་པ་བྱ། སྤྱི་དོན་བཞི་པ་གང་དུ་རབ་ཏུ་གནས་པའི་གནས་ནི། སྤྱིའི་མཚན་ཉིད་དུ་ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་བཞིན་ཕྱི་ནང་གི་ཉེར་འཚེ་མེད་པ་ཞིག་ངེས་པར་དགོས་ཏེ། དཔལ་དུས་ཀྱི་འཁོར་ལོའི་དབང་མདོར་བསྟན་ལས། གང་ཞིག་ས་ཕྱོགས་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་རྒུ་རྣམས། །བདར་གནས་ས་འཛིན་རྩོད་པ་མེད། །གནས་དེར་རྣལ་འབྱོར་བརྩོན་པར་བྱ། །ཞེས་གསུངས་པ་ལྟར། སྤྱིར་སྟོན་པ་སྤྲུལ་པའི་སྐུ་ཤཱཀྱའི་རྒྱལ་པོའི་འདུལ་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང་བཅས་པ་ཡོད་པ་ལས། གླིང་དང་གླིང་ཕྲན་གཞན་ལས་ཁྱད་པར་དུ་མས་འཕགས་པ་འཛམ་གླིང་ལས་ཀྱི་ས་པ་འདི་ལ། རིའི་རྒྱལ་པོ་གངས་ཅན། བྲག་གསེར་གྱི་བྱ་སྐྱིབས་ཅན། མཚོ་མ་དྲོས་པ། རྫིང་བུ་དལ་གྱིས་འབབས་པ། ཤིང་སཱ་ལའི་རྒྱལ་པོ་ལ་སོགས་པ་ཡུལ་གྱི་བཀོད་པ་ཕུན་སུམ་ཚོགས་པ་ངོ་མཚར་བ་དུ་མས་མཛེས་པ་འདི་ཉིད་ལ། གྲོང་ཁྱེར་ཆེན་པོ་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་། ཡུལ་ཆེན་སོ་གཉིས། གནས་ཆེན་པོ་ཉེར་བཞི། དུར་ཁྲོད་ཆེན་པོ་བརྒྱད། མི་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་བདུན་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས། བྱེ་བྲག་ཏུ་ཤར་ན་རྒྱ་ནག་དང་ཁྲི་སྟན། རྒྱ་ནག་ཏུ་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཕོ་བྲང་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་རྒྱ་གར་དང་ཁ་ཆེ། རྒྱ་མཚོའི་འགྲམ་དུ་འཕགས་མཆོག་ཕྱག་ན་པདྨོའི་ཞིང་ཁམས་རི་བོ་གྲུ་འཛིན། ནུབ་ཏུ་སྟག་སྡེ་དང་གཟིག་ཡན། རིག་འཛིན་གྲུབ་པའི་དབང་པོ་རྣམས་དགྱེས་དགུར་སྤྱོད་པའི་གནས་ཨོ་ཌཱི་ཡཱ་ན། བྱང་ཕྱོགས་སུ་ཁྲོམ་དང་གེ་སར། ཆོས་རྒྱལ་རིགས་ལྡན་རིམ་པར་བྱོན་པའི་གནས་ཤམྦྷ་ལ་ཆ་བསགས་ཀྱི་གྲོང་ཁྱེར་བྱེ་བ་དགུ་བཅུ་དང་བཅས་པ་ཡོད་པའི་དབུས་སུ། ཡུལ་གྱི་བྱེ་བྲག་པུར་རྒྱལ་བོད་དུ་གྲགས་པ། གངས་རི་དཔལ་དང་ལྡན་པས་བསྐོར་བའི་ལྗོངས། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་དུ་གྱུར་པ་ནི། པདྨ་དྲྭ་བ་ཅན་གྱི་རྒྱུད་ལས་ལུང་བསྟན་པ་ལྟར། ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་མངོན་པར་གང་བའི་ཡུལ་ཡི་དམ་ལྷའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མཚན་མ་གསལ་བྱེད་དུ་བྱིས་པ་དག་གིས་ཀྱང་གསུང་མཆོག་ཡི་གེ་དྲུག་པའི་སྒྲ་རང་བྱུང་དུ་སྒྲོག་པ། ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ། རྒྱལ་བསྟན་རིན་པོ་ཆེའི་ཆོས་ཚིགས་ཀྱིས་བྱེ་བའི་ཡུལ་དབུས་གངས་ཅན་ནམ་བོད་དུ་གྲགས་པ་འདི་ལ། སྟོད་ན་མངའ་རིས་སྐོར་གསུམ། བར་དུ་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་འབྲི་རྫ་ཟལ་མོ་སྒང་གི་སའི་ཆ། བོད་ཡུལ་དབུས་ཀྱི་ལྟེ་བ་འོག་མིན་འཕགས་པའི་བསྟི་གནས་དང་མཚུངས་པ་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ནས་མེ་མཚམས་སུ་ཞག་གི་ཕུང་པོ་གསུམ་ཙམ་བརྒལ་བའི་སར། ཞེས་པའི་མཚམས། ལྷུན་གྲུབ་སྟེང་ལྟ་བུ་ལ། ཆུ་བོ་ཆེན་པོ་འབྲི་ཞེས་བྱ་བའི་ཆུ་ཀླུང་ཆེན་པོ་གསེར་གྱི་སྐ་རགས་དང་ལྡན་པའི་རྒྱུན་ཆེན་པོ་དལ་གྱིས་འབབས་པའི་འགྲམ་ངོགས། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་ཆོས་བློན་དཔལ་གསང་བདག་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་མགར་སྟོང་བཙན་ཡུལ་བཟུང་ནས་རིམ་པར་བྱོན་པ་ལས། ས་འདིར་སྡེ་དགེ་ཞེས་བྱ་བའི་མཚན་སྙན་ཐོག་མར་བྱུང་བ་བསོད་ནམས་སྟོབས་ཀྱི་ལས་ཤུགས་བདོ་བའི་བདེ་ཆེན་བསོད་ནམས་བཟང་པོ་ནས་བགྲང་བའི་གདུང་རབས་བཅུ་གསུམ་པ། མངའ་རིས་རྫོང་སྒོ་བཅོ་བརྒྱད་ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འཇམ་དར་དཀར་པོ་ཡུགས་གཅིག་གིས་ཁེབས་པར་མཛད་པའི་མདོ་སྨད་གནམ་སའི་དབང་ཕྱུག་བླ་ཆེན་བྱམས་པ་ཕུན་ཚོགས་ནས་བགྲངས་པའི་ཁྲི་རབས་བཅུ་གཅིག་པ་མི་རྗེ་སའི་ཚངས་པ་ཆེན་པོ་འདི་ཉིད་སྐུ་མཆེད་ཀྱི་བར་དུ་མཁས་བཙུན་བཟང་གསུམ་འཛོམ་པ་བླ་མའི་བརྒྱུད་པ། ཆེ་བཙན་བཙུན་གསུམ་འཛོམ་པ་རྒྱལ་པོའི་བརྒྱུད་པ། མཐུ་རྩལ་ནུས་པ་དང་ལྡན་པ་སྔགས་འཆང་གི་བརྒྱུད་པ། དཔའ་རྩལ་གདོང་ངར་དང་ལྡན་པ་གེ་སར་གྱི་བརྒྱུད་པ་སྟེ་ཡོན་ཏན་གྱི་ལྡོག་པ་བཞི་དང་ལྡན་པའི་སྒོ་ནས་དམ་པ་ཆོས་ཀྱི་རྒྱལ་མཚན་བཙུགས། ཆབ་འབངས་ཐམས་ཅད་དགེ་བ་བཅུའི་བཀའ་ཁྲིམས་ཀྱིས་བདེ་སྐྱིད་ཀྱི་དཔལ་ལ་བཀོད་པའི་མི་བརྒྱུད་ལྷ་ལས་བབས་པས་ལྷའི་རིགས་རྒྱུན་མི་འཆད་པར་སྐྱོང་བའི་ས། གནམ་སའི་དཔྱད། དབུ་ལ་གདུགས། སྙན་ལ་གསེར་ཉ། ཚེམས་ལ་དུང་། སྐུ་ལ་རྒྱལ་མཚན་སོགས་ཐུབ་པ་ཆེན་པོའི་མཚན་དཔེ་ལ་རྫོགས་པའི་བཀྲ་ཤིས་པའི་རྟགས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པས་སྤྲས་པར་རྒྱལ་བས་ལུང་གིས་བསྟན་པའི་སྐྱེས་བུ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་དངོས་སློབ་དཔལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པ་ནས་བཟུང་སྟེ། ཀུན་མཁྱེན་ཨེ་ཝྃ་པ་ཆེན་པོའི་གདན་རབས་ཤར་ཆེན་ཀུན་དགའ་བཀྲ་ཤིས། སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་ཕུན་ཚོགས། མཁས་གྲུབ་བཀྲ་ཤིས་ལྷུན་གྲུབ། འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་། ཤར་ཆེན་མི་འགྱུར་རྒྱལ་མཚན། ངག་དབང་ཆོས་སྐྱོང་བཟང་པོ། བྱམས་པ་ནམ་མཁའ་འཆི་མེད། མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་རྣམས་དང་། སྙན་བརྒྱུད་རྒྱ་མཚོའི་མངའ་བདག་གནས་གསར་དཔོན་རིན་པོ་ཆེ་གོང་འོག་སོགས་མཁས་པ་དང་གྲུབ་པའི་སྐྱེས་བུ་མང་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་མཆོག་ག་ལ་བར། འཇམ་དཔལ་རྩ་རྒྱུད་ལས། ཆུ་བོ་གསེར་ལྡན་འགྲམ་ངོགས་སུ། །རྒྱལ་པོ་བྱིས་པའི་མིང་ཅན་འབྱུང་། །ཞེས་ལུང་བསྟན་པའི་ཆོས་རྒྱལ་བསྟན་པ་ཚེ་རིང་དེ་ཉིད་ཀྱིས་རྣམ་དཀར་གྱི་ཕྱག་རྗེས་རྒྱ་ཆེ་བས་དཔལ་ལྡན་ས་ངོར་ཚར་གསུམ་གཙོ་བོར་གྱུར་པའི་གསང་སྔགས་གསར་རྙིང་བཀའ་གཏེར་ལ་སོགས་པའི་བཤད་སྒྲུབ་ཀྱི་ཆུ་ཀླུང་བྱེ་བ་འདུས་པའི་གནས་མཆོག་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་ཞེས་ཡོངས་སུ་གྲགས་པའི་ཆོས་གྲྭ་ཆེན་པོའི་གཙུག་ལག་ཁང་མཐོང་ན་མངོན་པར་དགའ་བ་འདི་ཉིད་ཡུལ་གང་དུ་རབ་ཏུ་གནས་པར་བྱ་བའི་གནས་བཟང་པོ་ལགས་སོ། །སྤྱི་དོན་ལྔ་པ་རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ནི། དཀྱིལ་འཁོར་དང་འབྲེལ་བའི་ཡོ་བྱད། སྦྱིན་སྲེག་དང་འབྲེལ་བའི་ཡོ་བྱད། རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཁྲུས་ཀྱི་ཡོ་བྱད། འཐོར་ནས་དང་། མངའ་དབུལ་དང་། དགའ་སྟོན་ལ་སོགས་པའི་ཡོ་བྱད་ཀྱི་དངོས་པོ་བཟང་ཞིང་གྱ་ནོམ་པ་ཕུན་སུམ་ཚོགས་པ་བཤམས་པ་འདི་རྣམས་ནི་རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་བཟང་པོ་ཡིན་ལ། སྤྱི་དོན་དྲུག་པ་ཇི་ལྟར་རབ་ཏུ་གནས་པར་བྱེད་པའི་ཆོ་ག་མཚན་ཉིད་དང་ལྡན་པ་ནི། རབ་རྒྱུད་ལས། ཆོ་ག་དག་དང་ལྡན་བྱས་ལ། །ཆོ་ག་དམན་པས་མི་བྱ་སྟེ། །ཞེས་གསུངས་པ་ལྟར་ཆོ་ག་རྣམ་པར་དག་པ་ལའང་། འཕགས་བོད་ཀྱི་མཁས་གྲུབ་སོ་སོས་བཀྲལ་བའི་ལུགས་སྲོལ་མི་འདྲ་བ་མང་དུ་མཆིས་པ་ལས། འདིར་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་དང་། ཀུན་མཁྱེན་ཨེ་ཝྃ་པ་བརྒྱུད་འཛིན་དང་བཅས་པའི་གསུང་རབས་རྣམ་པར་དག་པ་ལ་བརྟེན་ནས། ཆོ་ག་དངོས་ལའང་སྦྱོར་དངོས་རྗེས་གསུམ་ལས་ཞིབ་པར་ཕྱེ་ན། ཞལ་དང་འདྲ་བའི་ཆོ་གའི་གཞི་ཆེན་པོ་བརྒྱད། ཞབས་དང་འདྲ་བའི་ཆོ་གའི་ཆིངས་བཞི། སྤྱན་དང་འདྲ་བའི་ཆོ་གའི་ཡན་ལག་ཉི་ཤུ་རྩ་བཞི། ཕྱག་དང་འདྲ་བའི་ཆོ་གའི་གཙོ་བོ་བཅུ་དྲུག་སོགས་ཡོད་པ་ལས། འདིར་མདོར་བསྡུས་སྡོམ་དུ་སྨོས་ན། དཀྱིལ་འཁོར་དང་འབྲེལ་པའི་རྒྱས་པའི་དབང་དུ་ན། བསྙེན་པ་དང་། ས་ཆོག་དང་། སྟ་གོན་དང་། དཀྱིལ་འཁོར་ཆེན་པོ་བྲི་བའམ། རས་བྲིས་བཀོད་པ་དང་། རྒྱན་དགྲམ་པ་དང་། སྒྲུབ་ཅིང་མཆོད་པ་དང་། འཇུག་ཅིང་དབང་བླང་བ་རྣམས་སྔོན་དུ་སོང་ནས་རབ་ཏུ་གནས་པའི་སྟ་གོན་ལ་འཇུག་གོ །གཞན་དུ་ན། ལེགས་བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱོང་བཀྲུ་ཞིང་ཕྱི་བ་དང་། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་དེ་དགུག་གཞུག་བྱ། །རྒྱས་གདབ་མཆོད་བསྟོད་གཏོར་མ་བཏང་། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དགབ་བདག་སྲུང་སྟ་གོན་ནོ། །ཞེས་པ་ལྟར་དོན་ཚན་བཅུ་གསུམ་གྱི་བདག་ཉིད་ཅན་གྱི་སྟ་གོན་དང་། དངོས་གཞི་ལ། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱོང་བཀྲུ་ཞིང་ཕྱི་བ་དང་། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང་། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་པ་ལྟར་རྣམ་གྲངས་བཅུ་གསུམ་དང་ལྡན་པའི་དངོས་གཞི་དང་། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླངས། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་སུ་སྦྱིན་སྲེག་མཇུག་དོན་ནོ། །ཞེས་དོན་ཚན་བཅུ་གསུམ་ནི་མཇུག་གི་དོན་ཏེ། དོན་ཚན་སུམ་ཅུ་རྩ་དགུའི་བདག་ཉིད་ཅན་གྱིས་རབ་ཏུ་གནས་པའི་ཆོ་ག་རྣམ་པར་དག་པ་བཟང་པོ་དྲུག་གི་ཆིངས་དང་ལྡན་པས་སྦྱོར་དངོས་རྗེས་གསུམ་ཚང་བ་ལེགས་པར་གྲུབ་པ་སྟེ། དེ་ལྟ་བུའི་རྟེན་འདི་ཉིད་གང་དུ་བཞུགས་པའི་ཡུལ་ཕྱོགས་སུ་གནས་སྐབས་ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས་པ་དང་། ཆར་ཆུ་ལོ་འབྲས་ནོར་ཕྱུགས་འཕེལ་ཞིང་། བརྒྱད་གཉིས་འཇིགས་པའི་ཚོགས་ཀུན་ཞི་ཞིང་ཕྱིར་བཟློག་པ་དང་། མཐར་ཐུག་རབ་ཏུ་གནས་པའི་རྟེན་ཁྱད་པར་ཅན་འདི་མཐོང་ཐོས་རེག་པའི་ལུས་ཅན་ཐམས་ཅད་མི་གནས་བྱང་ཆེན་མཆོག་གི་གོ་འཕང་འཐོབ་པར་འགྱུར་བ་གདོན་མི་ཟ་བ་ལགས་ཤིང་། དེ་ལྟར་ཐུགས་རྟེན་འདི་ཉིད་སྦྱོར་དངོས་རྗེས་གསུམ་ཚང་བ་ལེགས་པར་གྲུབ་པའི་དུས་ནི། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དྲག་པོ་ལྕགས་སྤྲེལ་གྱི་ལོ་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦི་ནཱིའི་ཚལ་དུ་སྐུ་བལྟམས་པ་ནས་ལོ་གྲངས་ཉིས་སྟོང་བརྒྱད་བརྒྱ་བཅུ་གཉིས་འདས་པ། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱི་བསྟན་པ་རིན་པོ་ཆེ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ལྔ་སྟོང་སྟེ་ལྔ་བརྒྱ་ཕྲག་བཅུར་གནས་པ་ལས། ལྔ་བརྒྱ་པ་གསུམ་རེ་ལ་དུས་རེ་བྱས་པའི་མངོན་པར་རྟོགས་པ་དང་། སྒྲུབ་པ་དང་། ལུང་གི་དུས་ཞེས་གསུམ་དུ་འགྱུར་བ་ལས། མངོན་རྟོགས་ཀྱི་དུས་གསུམ་དང་། སྒྲུབ་དུས་ཀྱི་སྟེང་ནས་ལོ་ཆིག་སྟོང་ཉིས་བརྒྱ་ཉེར་བཞི་འདས་ཤིང་། མ་འོངས་པ་བསྟན་པ་རྣལ་མ་སྒྲུབ་པའི་དུས་ཀྱི་ལོ་སུམ་བརྒྱ་དང་རེ་དགུ། ལུང་གི་དུས་ཡོངས་རྫོགས་བཅས་བསྟན་པ་དངོས་ལོ་ཆིག་སྟོང་བདུན་བརྒྱ་རེ་དགུ། རྟགས་ཙམ་འཛིན་གྱི་ལྔ་བརྒྱ་དང་བཅས་དངོས་གཟུགས་དྲིལ་བས་ལོ་ཉིས་སྟོང་ཉིས་བརྒྱ་རེ་དགུ་གནས་པ། རྒྱུད་ཀྱི་རྒྱལ་པོ་དཔལ་ཀཱ་ལ་ཙ་ཀྲ་བོད་དུ་ཕེབས་ནས་རབ་བྱུང་ཐོག་མར་བརྩིས་པའི་རབ་བྱུང་བཅུ་བཞི་པའི་དུས་ཕུན་སུམ་ཚོགས་པ་ཉིད་དུ་དཔལ་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་ཏུ་གནས་པ་ལེགས་པར་གྲུབ་པ་ལགས་པས་ཀུན་གྱིས་ཐུགས་ངེས་སུ་མཛད་འཚལ། །ཞེས་སོགས་སྐབས་ཀྱི་ཁ་བསྒྱུར་བཅས་ཏེ་རྒྱ་ཆེར་གླེང་བར་བྱའོ།། །། ༈ }} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 15:51, 1 June 2024
🚧 This website is under continued development. We appreciate your patience!
Wylie title | kye rdor rab gnas bzang po drug ldan gyi tshul las brtsams pa'i 'bel gtam | |
---|---|---|
Location | mkhyen brtse'i bka' 'bum Volume 2, sde tshan 1, Text 40, Pages 200-232 (Folios 100b3 to 116b2) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Citation | 'jam dbyangs mkhyen brtse'i dbang po. kye rdor rab gnas bzang po drug ldan gyi tshul las brtsams pa'i 'bel gtam. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 2: 200-232. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Consecration Rituals - rab gnas cho ga · Discourses - gtam | |
Deity | kye rdo rje |
1 Texts in this Section (sde tshan or chos tshan)