DKR-KABUM-16-MA-001: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(One intermediate revision by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་མཆན་འགྲེལ་ཐེག་གསུམ་བདུད་རྩིའི་ཉིང་ཁུ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 16: . Delhi: Shechen Publications, 1994. | |fulltitle=yon tan rin po che'i mdzod kyi mchan 'grel theg gsum bdud rtsi'i nying khu | ||
|citation=[[Khyentse, Dilgo]]. ''Yon tan rin po che'i mdzod kyi mchan 'grel theg gsum bdud rtsi'i nying khu''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 16: 1-328. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourceauthor='jigs med gling pa | |sourceauthor='jigs med gling pa | ||
|sourceauthortib=འཇིགས་མེད་གླིང་པ་ | |sourceauthortib=འཇིགས་མེད་གླིང་པ་ | ||
|tibgenre=Commentary with Annotations - mchan 'grel | |||
|tibgenre= | |||
|terma=No | |terma=No | ||
|dkroutline=Five | |dkroutline=Five | ||
|commentary=Yes | |||
|roottextwylie=yon tan rin po che'i mdzod | |||
|roottexttib=ཡོན་ཏན་རིན་པོ་ཆེའི་མཛོད། | |||
|roottextauthor='jigs med gling pa | |||
|roottextauthortib=འཇིགས་མེད་གླིང་པ་ | |||
|language=Tibetan | |language=Tibetan | ||
|volumenumber=016 | |volumenumber=016 | ||
|volnumtib=༡༦ | |volnumtib=༡༦ | ||
|volyigtib=མ་ | |volyigtib=མ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=001 | |||
|pagenumbers=1-328 | |||
|totalpages=656 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=328b6 | ||
|totalfolios=328 | |||
|multivolumework=No | |||
|rectonotes='grel pa | |||
|versonotes=yon tan mdzod | |||
|colophontib=།ཅེས་མཁས་གྲུབ་བཟང་པོའི་སྤང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པའི་རྡོ་རྗེ་སློབ་དཔོན་ངག་དབང་གྲགས་པ་བསྟན་འཛིན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཡོན་ཏན་མཛོད་མཆན་འགྲེལ་གཞུང་ཟུར་དུ་མ་ཕྱག་བྲིས་དངོས་ལས་ཞལ་བཤུས་ཀྱིས་གཞུང་གཅིག་ཏུ་སྡེབས་ནས་ཞུ་དག་གི་སྲི་ཞུ་སྐབས་བར་མཚམས་རྣམས་སུ་རང་ཚིག་གིས་ཞལ་སྐོང་ཅི་རིག་པར་བགྱིས་ཤིང་སླད་ནས་འཕྲུལ་སྤར་དུ་སྤེལ་འགྲེམ་སྐབས་དབུ་གཤམ་གྱི་ཚིགས་བཅད་འདི་ལྟར་བྲིས་ཞེས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་དང༌། དད་སློབ་དཀོན་མཆོག་བསྟན་འཛིན་ནས་ཡང་ཡང་བསྐུལ་བ་བཞིན་སློབ་གྲལ་དུ་གཏོགས་པ་མངྒ་ལ་ཤྲཱི་བྷཱུ་ཏིས་རྡོར་གླིང་ཀུན་བཟང་ཆོས་འཁོར་གླིང་ནས་བྲིས་པ་ཐེག་པ་མཆོག་གི་ལམ་སྲོལ་ལ་བྱ་བ་བྱེད་པར་གྱུར་ཅིག། | |||
|colophonwylie=/ces mkhas grub bzang po'i spang rtogs kyi yon tan phul du phyin pa'i rdo rje slob dpon ngag dbang grags pa bstan 'dzin klong chen ye shes rdo rje'i yon tan mdzod mchan 'grel gzhung zur du ma phyag bris dngos las zhal bshus kyis gzhung gcig tu sdebs nas zhu dag gi sri zhu skabs bar mtshams rnams su rang tshig gis zhal skong ci rig par bgyis shing slad nas 'phrul spar du spel 'grem skabs dbu gsham gyi tshigs bcad 'di ltar bris zhes rje de'i sku gsung thugs kyi sras lcam dral dang*/_dad slob dkon mchog bstan 'dzin nas yang yang bskul ba bzhin slob gral du gtogs pa mang+ga la shrI b+hU tis rdor gling kun bzang chos 'khor gling nas bris pa theg pa mchog gi lam srol la bya ba byed par gyur cig/ | |||
|pdflink=File:DKR-KABUM-16-MA-001.pdf | |pdflink=File:DKR-KABUM-16-MA-001.pdf | ||
}} | }} | ||
Line 35: | Line 41: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་མཆན་འགྲེལ་ཐེག་གསུམ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།། །། | {{TibP|༄༅། །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་མཆན་འགྲེལ་ཐེག་གསུམ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ།། །།<br><br> | ||
༄༅། །ཆོས་དབྱིངས་ཀློང་ཆེན་རབ་འབྱམས་སྐུ་ལྔའི་སྤྲིན། །མཁྱེན་བརྩེའི་འོད་ཟེར་བརྒྱ་པའི་སྣང་བ་ཡིས། །ཐེག་མཆོག་པདྨོའི་ཚལ་འབྱེད་ཡབ་སྲས་ཟུང༌། །དང་པའི་མཁའ་ལ་འདུ་འབྲལ་མེད་པར་མཆོད། །རྒྱལ་བའི་ཆོས་ཚུལ་མཐའ་དག་གཞུང་གཅིག་གིས། །ལེགས་བསྟན་ཡོན་ཏན་རིན་ཆེན་མཛོད་ཀྱི་དོན། །འབྱེད་ནུས་མཆན་འགྲེལ་ལེགས་བཤད་བདུད་རྩིའི་འོད། །ཚིག་དོན་རབ་གསལ་དགའ་སྟོན་འདིར་དབྱེ་བྱ། །དེ་ལ་འདིར་མདོ་སྔགས་བསྟན་པ་རྒྱ་མཚོའི་སྙིང་པོ། གང་ཟག་གཅིག་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ། གནད་བརྒྱ་འགག་གཅིག་གིས་བཀྲོལ་བའི་གཞུང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་ཟབ་ལམ་མཐའ་དག་ཡོངས་སུ་རྫོགས་པ་སྟོན་པའི་བསྟན་བཅོས་ཆེན་པོའི་མཆན་འགྲེལ་འབྲི་བ་ལ། དང་པོ་མཚན་དོན་ལ་ཆིངས་ཆེན་པོ་ལྔའི་སྒོ་ནས་འཆད་ན། དང་པོ་དགོས་པ་ནི། དབང་པོ་རབ་ཀྱིས་མཚན་དོན་ཤེས་པས་གཞུང་ཡོངས་རྫོགས་གཏན་ལ་ཕེབས། འབྲིང་གིས་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་པ་ཤེས། ཐ་མས་མིང་དོན་གྱི་འབྲེལ་བ་ཤེས་ནས་གླེགས་བམ་འཚོལ་སླ་བའི་དགོས་པ་ཡོད། གཉིས་པ་མཚམས་སྦྱོར་ནི། སྤྱིར་ཆོས་གང་འཆད་ཀྱང་ཐོག་མར་ཀླད་དོན་ནས་འཆད་དགོས་ལ། དེ་ཡང་དང་པོར་མཚན་སྨོས་པ་འབྱུང་བས་མཚན་དེ་ཡང་ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འཇུག་པ་སྟེ་དགོས་པ་གསུམ་དང་ལྡན་པའི་ཕྱིར། མཚན་རྒྱ་སྐད་ལྟར་སྨོས་པ་ནི། རྒྱ་གར་སྐད་དུ། གུ་ཎ་ཀོ་ཥ་རཏྣ་པྲ་མོ་ད་པྲིཥྚི་ནཱ་མ། བོད་སྐད་ལྟར་སྨོས་པ་ལ། བོད་སྐད་དུ། ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ། སྐད་གཉིས་ཤན་སྦྱར་བ་ནི། གུ་ཎ་ཡོན་ཏན། ཀོ་ཥ་མཛོད། རཏྣ་རིན་པོ་ཆེ། པྲ་མོ་ད་བྲྀཥྚི་དགའ་བའི་ཆར། ནཱ་མ་ཞེས་བྱ་བའོ། །གསུམ་པ་ཚིག་དོན་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་མ་ནོར་བ་ཉམས་སུ་བླངས་པའི་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་ཡོན་ཏན། དེ་ཉམས་སུ་བླངས་པས་དོན་གཉིས་ཀྱི་འདོད་པ་ཐམས་ཅད་འབྱུང་བས་ན་རིན་པོ་ཆེ། དེ་ལྟ་བུའི་བརྗོད་བྱ་ཕུན་སུམ་ཚོགས་པས་ཚིག་དང་དོན་གྱི་མཛོད་ཡིན་པས་ན་མཛོད། རང་རྒྱུད་ལ་ལེགས་བྱས་དགེ་བའི་ལོ་ཏོག་བསྐྱེད་པར་འདོད་པའི་སྐལ་བཟང་གང་ཟག་ཐམས་ཅད་དགའ་བར་བྱེད་པའི་ཆར་པ་ལྟ་བུ་ཡིན་པས་ན་དགའ་བའི་ཆར། ཞེས་བྱ་བ་ནི་མིང་སྒྲོགས་པའོ། །བཞི་པ་བསྡུས་དོན་གྱི་དབང་དུ་བྱས་ན། ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་སྟེ། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་གང་ལས་འབྱུང་བའི་མཛོད་ལྟ་བུར་གྱུར་པའོ། །ལྔ་པ་བརྒལ་ལན་ནི། དེ་ལ་ཁ་གཅིག་ན་རེ། ཆར་ཡིན་ན་དགའ་བས་མི་ཁྱབ་སྟེ། དམྱལ་བར་མེ་མདག །ཀླུ་དང་ཡི་དྭགས་སོགས་ལ་བྱེ་ཚན་གྱི་ཆར་སོགས་འབེབས་པའི་ཕྱིར་རོ་ཞེ་ན། གང་དག་དགའ་བ་བསྐྱེད་པར་བྱེད་པའི་ཕྱིར་མཐོ་རིས་ལྷ་མིའི་ཆར་པ་དག་ལ་དཔེ་བྱས་ཀྱི་ངན་སོང་ལ་དཔེ་མ་བྱས་པའི་ཕྱིར་སྙིང་པོ་མེད་དོ། །འཇིག་རྟེན་གྱི་ཁམས་འདིར་དཀོན་པའི་མཆོག་སངས་རྒྱས་ཆོས་དགེ་འདུན་གསུམ་ཡིན། དེ་ལ་བསྟན་བཅོས་རྩོམ་པ་པོས་འགྲོ་བ་མ་ལུས་ཉེས་ཚོགས་ལས་སྐྱོབ་པའི་ཆེད། དུས་བྱང་ཆུབ་སྙིང་པོའི་བར་དུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་པས། དང་པོ་སངས་རྒྱས་ལ། ངོ་བོ། ངེས་ཚིག །དབྱེ་བ། སྒྲ་དོན་ནོ། །དང་པོ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་སངས་རྒྱས་ཀྱི་ངོ་བོ། ངེས་ཚིག་ནི། མ་རིག་པའི་གཉིད་འཐུག་པོ་ལྟ་བུ་སངས་ཤིང་ཤེས་བྱའི་ཆོས་ལ་བློ་གྲོས་པདྨོའི་འདབ་མ་ལྟར་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །དབྱེ་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་རྣམས་སོ། །སྒྲ་དོན་ནི། བུདྡྷ་ཁོང་དུ་ཆུད་པ་ལའོ་ཞེས་པས། ཤེས་བྱ་ཐམས་ཅད་མཁྱེན་ཅིང་ཁོང་དུ་ཆུད་པས་ན་སངས་རྒྱས་སོ། །གཉིས་པ་ཆོས་ལ་བཞི་ལས། ངོ་བོ་ནི། ཉོན་ཤེས་ཀྱི་སྒྲིབ་པ་གང་རུང་སྤང་བའམ། སྤོང་བྱེད་ཀྱི་ཐབས་སུ་གྱུར་པ་ཆོས་ཀྱི་ངོ་བོ། །ངེས་ཚིག་ནི། ནད་པ་ལ་སྨན་གཏོང་བ་ལྟར་རང་རྒྱུད་ཀྱི་ཉོན་མོངས་པ་འཆོས་པས་ན་ཆོས་སོ། །དབྱེ་ན། ལུང་དང་རྟོགས་པའི་ཆོས་སམ། འགོག་ལམ་གྱི་བདེན་པ་གཉིས་སོ། །སྒྲ་དོན་ནི། དྷརྨ་ཞེས་པའི་སྒྲ་ལས་དྲངས་ན་འཛིན་པ་སྟེ། འཁོར་བ་དང་ངན་སོང་གི་ལམ་དུ་མི་གཏོང་ཞིང་ཡང་དག་པའི་ལམ་དུ་འཛིན་པས་ན་ཆོས་སོ། །གསུམ་པ་དགེ་འདུན་ལ་བཞི་སྟེ། རིག་གྲོལ་གྱི་ཡོན་ཏན་གཉིས་ལྡན་དགེ་འདུན་གྱི་ངོ་བོ། ངེས་ཚིག་ནི་ཡང་དག་པ་དགེ་བའི་ལམ་རང་རྒྱུད་དང་མི་ཕྱེད་པར་འདུན་པས་ན་དགེ་འདུན་ནོ། །དབྱེ་ན། ཐེག་དམན་ཉན་རང་གི་དགེ་འདུན། ཐེག་ཆེན་བྱང་སེམས་ཀྱི་དགེ་འདུན་ནོ། །སྒྲ་དོན་ནི་སངྒ་ཞེས་པའི་སྒྲ་ལས་དྲངས་ན་འདུས་པ་སྟེ། འགྲོ་བ་ལྷ་དང་བཅས་པས་ལམ་ལས་མི་ཕྱེད་པས་ན་དགེ་འདུན་ནོ། །ཕྱག་འཚལ་ལོ་ཞེས་པ་རབ་ལྟ་བ་མཇལ་བ་བརྡ། འབྲིང་སྒོམ་པ་གོམས་པ། ཐ་མ་མོས་གུས་ཀྱི་ཕྱག་སྟེ་གསུམ་ཀ་ཚང་བའི་སྒོ་ནས་ཕྱག་འཚལ་བའོ། །དཀོན་མཆོག་རིན་ཆེན་རྣམ་གསུམ་ཞེས་འཇིག་རྟེན་ན་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་ཀྱི་གྲགས་པས་ཁྱབ། དེའི་ཕྱིར་རང་བཞིན་བརྡ་སྤྲོད་པའི་ཆེད་དུ། སྔར་སྟོན་པའི་སྐུ་གཟུགས་དང་ཚིགས་སུ་བཅད་པ་རས་དཀར་ལ་བཀོད་པའི་ཁྱད་པར་སྤྲིང་ཡིག་གི་རྣམ་པ་བསྐུར་བ་མཐོང་བ་ཙམ་གྱིས་ཀྱང་བུ་མོ་མུ་ཏིག་འཁྲི་ཤིང་རྟོག་དཔྱོད་ཀྱིས་དབེན་པ་བསམ་གཏན་དགོངས་པ་གཅིག་པ་ལྟ་བུའི་རབ་ཏུ་དགའ་བ་ཉམས་སུ་མྱོང་ཞིང་དེའི་དོན་བསམ་པར་བྱས་ནས། ཐར་ལམ་ལ་བར་དུ་གཅོད་པའི་མཐོང་སྤང་ཀུན་བཏགས་ཀྱི་རྟོག་པ་བརྒྱ་དང་བཅུ་གཉིས་བདུད་ཀྱི་བུ་མོའི་སླུ་བྱེད་ཀྱི་བཞིན་རས་ཀུནྡའི་ཚལ་ལྟ་བུ་དེ་དག་ཀུན་ཀྱང༌། མཐོང་ལམ་ཡེ་ཤེས་ཀྱི་ཉི་མས་སྐལ་པ་ངན་པར་བྱས་ཏེ་དྲུང་ནས་འབྱིན་པའི་ཚུལ་གྱིས་སྤོང་བར་བགྱིད་ལ། སྒོམ་སྤང་སྤང་བ་ལ་མངོན་པར་ཕྱོགས་པ་ནི་སངས་རྒྱས་ཀྱི་ཐུགས་རྗེའི་མཐུ་ལས་བྱུང་བ་དེའི་ཕྱིར་དཀོན་མཆོག་གསུམ་གྱི་རྒྱུ་འབྲས་མཐའ་དག་དང་འབྲེལ་བའི་ཆོས་ཀྱི་གཏམ་ཡང་དག་པ་ནི་འགྲོ་བ་མཐའ་དག་གིས་མཉན་པར་འོས་ཤིང་སྲིད་པའི་རང་བཞིན་དུ་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་ཆེ་བས་ན་དེ་སྐད་དུ་གཟུགས་ཅན་རྒྱན་དུ་བཀོད་པའོ། །ཤེས་བྱ་ཐམས་ཅད་མཁྱེན་པའི་བློ་གྲོས་མཆོག་མངའ་བ་ཐུབ་པ་ཆེན་པོས་ཕུན་སུམ་ཚོགས་པ་ལྔས་བསྟན་པའི་མདོ་སྔགས་ཀྱི་སྡེ་སྣོད་དཔག་ཏུ་མེད་པ་དང་རྗེས་འཇུག་བྱང་འཕགས་རྣམས་ཀྱིས་མཛད་པའི་བཀའ་དང་བསྟན་བཅོས་རྣམས་ཀྱིས་ཆིངས་ཆེན་པོ་ལྔས་འབྲེལ་དགོད། དགོས་འབྲེལ་ཡན་ལག་བཞིས་གཏན་ལ་ཕབ་པའི་བསྟན་བཅོས་ཚིག་དོན་གྱི་ཡོན་ཏན་དུ་མས་བརྒྱན་པ་དག་བྱེད་ཆུའི་གཏེར་ཏེ་རྒྱ་མཚོ་ཆེན་པོ་ལྟ་བུ་རྒྱ་ཆེ་ལ་གཏིང་ཟབ་པ་རྣམས་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་ཏེ། བྱམས་པས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་པ་ལྟར་གཅིག་ཏུ་བརླིང་ཞིང་ཟབ་ལ་དཔོག་དཀའ་བ་བཀའ་དང་དགོངས་འགྲེལ་མ་ཉམས་པར་མཆིས་པ་ཡིན་ན། རྒྱུ་གསུམ་མ་ཚང་བ་གྱི་ནར་སྨྲ་བ་བདག་གིས་སྤྱི་བརྟོལ་གྱིས་བྱས་པའི་བསྟན་བཅོས་ལ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང༌། ནང་པའི་ཚུལ་གསུམ་གྱི་ཡོན་ཏན་གྱིས་དབེན་ལ། ཕྱི་རོལ་པའི་ངན་པ་དྲུག་གི་ལྷད་ཀྱང་སྲིད་པས་ནགས་སྟུག་པོའི་གཅོང་རོང་གི་འབབ་ཆུའི་རླབས་ཕྲེང་གི་འུར་སྒྲས་གནོད་པ་བཞིན་དུ་ཅ་ཅོ་སྒྲོགས་པའི་བསྟན་བཅོས་རྩོམ་པ་འདི་མཛེས་པ་མི་ངོམ་པའི་གནས་སུ་མཐོང་ཡང༌། དམ་པའི་ཆོས་ཀྱི་བརྗོད་བྱ་ཡང་དག་པ་ལ་བརྟེན་པའི་སླད་ཀྱིས་མཉན་པར་འོས་སོ། །ཞེས་ཁེངས་པ་བསྐྱུངས་པའི་གསུང་སྟེ། རྩིས་མགོ་ཡན་ལག་ལྔ་ཚང་བའི་ཚུལ་ནི། བསྟན་བཅོས་འདི་དང་པོ་མཛད་པ་པོ་སུས་མཛད་ན། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པས་ངོ་བོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་བཟང་དང་པོའི་སངས་རྒྱས་དང་རྣམ་དབྱེར་མེད་ཅིང༌། ཚུ་རོལ་གདུལ་བྱའི་སྣང་ཆར་ཡང་རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་རིག་པའི་གནས་ཆེན་ལྔ་སོགས་ཤེས་བྱའི་ཆོས་ཐམས་ཅད་མ་བསླབ་པར་མཁྱེན་གཉིས་ཀློང་བརྡོལ་ཏེ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཚང་ཞིང༌། ཁྱད་པར་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ་ཀུན་མཁྱེན་དྲི་མེད་འོད་ཟེར་དཔལ་ངག་གི་དབང་ཕྱུག་གི་ཡེ་ཤེས་སྐུས་ལན་གསུམ་རྗེས་སུ་བཟུང་ནས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏེ་དགོངས་ཀློང་དབྱེར་མེད་དུ་གྱུར་ནས་ཐེག་མཆོག་བསྟན་པའི་མངའ་བདག་ཆེན་པོར་བཞུགས་པ་རིག་འཛིན་འཇིགས་མེད་གླིང་པའམ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་མཛད། ལུང་གང་ལས་བཏུས་ན། སངས་རྒྱས་ཀྱི་ཆོས་གསུང་རབ་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ལས་བཏུས། ཕྱོགས་གང་དུ་གཏོགས་ན། སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་ཆེན་ཕྱོགས་སུ་གཏོགས། ཐེག་ཆེན་མདོ་སྔགས་གཉིས་ལས་སྔགས། སྔགས་ཕྱི་ནང་གཉིས་ལས་བླ་མེད་ཕྱོགས་སུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཞེ་ན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་བཀྲལ་ཏེ་བློ་རབ་འབྲིང་ཐ་མ་གསུམ་མཐར་ཐུག་གི་ལམ་དུ་སྐྱེལ་སོ་མཐུན་པར་བྱས་པའོ། །དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། སྔར་བཤད་པ་ལྟར་ཀུན་མཁྱེན་ཆོས་རྗེའི་ཞལ་གཟིགས་བར་མའི་ཚེ་དཔེ་ཆ་བམ་པོ་ཞིག་གཏད་དེ། འདིར་ཤིང་རྟ་ཆེན་པོ་ན་གབ་པའི་ཚུལ་དུ་ཡོད་པ་ཐམས་ཅད་གསལ་པོར་ཡོད་པ་ཡིན་ཞེས་བསྟན་བཅོས་རྩོམ་པའི་གནང་བ་བྱིན་པ་བཞིན། ཤིང་རྟ་ཆེན་པོར་རྒྱས་པར་མ་བཀྲལ་བའི་སོ་ཐར་དང་སྔགས་ཐུན་མོང༌། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་སྐོར་རྣམས་རྩལ་དུ་བཏོན་པས་མཛོད་ཆེན་བདུན་གྱི་ཉིང་ཁུ་ལྟ་བུ་ཡིན་ཏེ། ཕྱི་རབས་རྗེས་འཇུག་གང་ཟག་རྣམས་ཀྱིས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང༌། རྒྱལ་བའི་གཞུང་ལམ་ཚང་ལ་མ་ནོར་བ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་ཉམས་སུ་ལེན་དགོས་པའི་དོན་དུ་མཛད་པ་སྟེ། དེ་ལྟར་རྩིས་མགོ་ཡན་ལག་ལྔ་ཡི་སྒོ་ནས་གཏན་ལ་ཕབ་པས་ཉན་པ་པོ་ཡིད་ཆེས་ཐོབ་ནས་ཆོས་ཀྱི་སྣོད་རུང་དུ་འགྱུར་བའི་དགོས་པ་ཡོད་དོ། །དུས་ཡུན་རིང་པོ་ཐོག་མ་མེད་པ་ནས་བདག་ཏུ་འཛིན་པ་དང་ཉོན་མོངས་པས་བསྐྱེད་པའི་མངལ་ལ་སོགས་པར་སྐྱེ་བ་དང༌། ན་ཚོད་འགྱུར་བའི་རྒ་བ་དང༌། འདུ་བ་འཁྲུགས་པའམ་བསླད་པའི་ན་བ་དང༌། སྲོག་བཏང་བའི་འཆི་བ་ཡི་རིམས་ནད་ཀྱིས་ད་ལྟའི་བར་དུ་བཏབ་པར་སྨན་ཆེན་བདུད་རྩིའི་རོ་ལྟ་བུ། དང་པོ་ཐོས་པའི་དུས་སུ་མི་དད་པ་དད་པར་བྱེད་པ་རྣ་བར་ཚིག་གི་བདུད་རྩི། བར་དུ་བསམ་པའི་དུས་སུ་མི་དགའ་བ་དགའ་བར་བྱེད་ཅིང་བློ་རྣམ་གཡེང་གི་གཉེན་པོར་གྱུར་བ། ཐ་མ་སྒོམ་པའི་དུས་སུ་མ་གྲོལ་བ་གྲོལ་བར་བྱེད་ཅིང་བློ་རྣམ་པར་གྲོལ་བའི་ཤེས་རབ་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པའི་དམ་ཆོས་ཐང་མ་བཞིན་བརྡལ་བ་ལག་ཏུ་མཆིས་པའང་ཁྱིའི་དྲུང་དུ་རྩྭ་བཞག་པ་ལྟར་སྤོང་ཞིང༌། སྡིག་པ་བབ་བཅོལ་དུ་བྱེད་པའི་སྐྱེ་བོ་བླུན་པོ་རྣམས་ལ་ཐེག་དགུའི་དོན་ཐམས་ཅད་བསྟན་བཅོས་གཅིག་ཏུ་བསྡུས་པའི་མན་ངག་ཟབ་མོ་འདི་བདག་གིས་ཇི་ལྟར་འདོམས་ཏེ་དོན་དུ་འགྱུར་དཀའ་མོད་ཀྱང་འོན་ཏེ་བརྩེ་བས་གདུལ་བྱ་ལ་རྗེས་སུ་ཆགས་ཤིང་མི་འདོར་བར་བརྩམ་པར་དམ་བཅའ་བར་མཛད་དོ། །འཁོར་བ་འདི་ཉིད་ན་དུས་རིང་པོ་ནས་འགྲོགས་ཤིང་ཉེས་དམིགས་མ་ཤེས་པར་ཕན་པའི་གནས་སུ་བལྟས་ཏེ་བཤེས་པ་འཁོར་བའི་སྡུག་བསྔལ་གྱི་རྒྱུ་འབྲས་འཕེལ་ཞིང་ཐར་པའི་ཡོན་ཏན་འགྲིབ་པའི་འབྲོག་དགོན་པའི་གནས་གང་དུ་སྔར་ལན་གྲངས་དུ་མར་མགོ་དང་ཡན་ལག་བཅད་པ་ལ་སོགས་སྡུག་བསྔལ་གྱི་ཚོར་བར་བསྲེག་པས་ལུས་སེམས་གདུང་བར་བྱས་ཤིང༌། ཕྱིན་ཆད་སྡུག་བསྔལ་གྱིས་གདུང་བར་འགྱུར་བའི་ལས་དུ་མ་ལྐོག་ཏུ་གྱུར་ནས་ཡོད་པ་མི་ཤེས་པ་རྣམས་ལ་མི་སྐྱོ་བར་མ་ཟད། ད་དུང་ཡང་འགྱུར་བའི་རང་བཞིན་གྱི་མཐོ་རིས་ཀྱི་བདེ་བ་སྙིང་པོ་མེད་པ་ལ་སྲེད་ཅིང༌། དགེ་སྡིག་གི་འཇུག་ལྡོག་གང་ཡང་མ་ཤེས་པར་རྨོངས་པའི་དབང་གིས་སྡིག་པའི་ལས་ཐབས་འབའ་ཞིག་གིས་ཚེ་འདའ་བར་བྱེད་པ་རྣམས་ནི་མི་ལུས་ཙམ་བོ་བཞེས་བྱའོ། །དེ་ལྟར་བསམ་སྦྱོར་མི་དགེ་བས་རྒྱུད་བརླག་ཅིང་དལ་འབྱོར་དོན་མེད་དུ་བྱེད་པ་དེ་ནི་མངོན་མཐོའི་གནས་འདི་ནས་སླར་ཡང་གནས་ངན་དུ་ལྟུང་བར་འགྱུར་ལ། གང་དུ་ལྟུང་ཞེ་ན། ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ་དང༌། མཐའ་འཁོབ་ཀྱི་གནས་དང་དབང་པོ་མ་ཚང་བ་དང་ལྟ་བ་ལོག་པ་དང༌། སངས་རྒྱས་འབྱུང་བ་མེད་པའི་གནས་དག་ཏུ་འཁྱམས། འདི་ལྟར་ཐང་ཅིག་ཙམ་ངལ་བསོ་བའི་སྐབས་བཙལ་དུ་ཡོད་པ་མ་ཡིན་པར་ལྕགས་བསྲེགས་ཀྱི་ས་གཞིར་རལ་གྲི་དང་ཐོ་བ་ལ་སོགས་པའི་མཚོན་ཆ་དྲག་པོ་ཐོགས་པ་ཅན་གྱི་ཆད་པ་རྩུབ་མོས་ཡང་དང་ཡང་དུ་སྲོག་འཕྲོག་ཀྱི་སྡུག་བསྔལ་དྲག་པོ་གཏད་ཀྱང་སྔོན་ལས་ངན་པའི་རྣམ་སྨིན་མ་ཟད་བར་དུ་འཆི་བར་མི་ནུས་པའི་དམྱལ་བ་པ་རྣམས་ད་དུང་ཡང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཁོང་ཁྲོའི་ལས་ངན་རྙི་ལ་འཐོགས་ཏེ་ཚེ་ཚད་དཔག་ཏུ་མེད་དོ། །སྤྱི་མཐུན་གྱི་སྒྲིབ་པ་ཅན་ཐ་ན་རྣག་ཁྲག་ཕྱི་ས་སོགས་མི་གཙང་བ་ངན་ངོན་ཙམ་དག་ཀྱང་མི་རྙེད་པའི་ཡི་དྭགས་རྣམས་ནི་ཟས་སྐོམ་གྱིས་ཕོངས་པས་བཀྲེས་སྐོམ་གྱི་སྡུག་བསྔལ་བས་ཉམ་ཐག་པ་སྨོས་ཅི་དགོས། དབྱར་ཟླ་བ་དང་དགུན་ཉི་མ་གཉིས་ཚ་གྲང་ཕྱིན་ཅི་ལོག །ཆར་དང་སེར་བ་ཕྱིན་ཅི་ལོག་ཏུ་རྡོ་རྗེའི་ཐོག་སེར་རོ། །ཆུ་རླུང་ཕྱིན་ཅི་ལོག་རྣག་ཁྲག་ཏུ་འགྱུར་བ་སོགས་འབྱུང་ངོ༌། །ཕྱི་ཡི་སྒྲིབ་པ་ཅན་ནི་ཆུ་ཀླུང་དང་ལྗོན་པ་ལོ་ཏོག་དང་ལྡན་པ་རྣམས་ལའང་བལྟས་པའི་མོད་ལ་བསྐམ། ནང་གི་སྒྲིབ་པ་ཅན་ནི་ཁ་ཁབ་མིག་ཙམ་ལྟོ་བ་ཡུལ་ལྗོངས་ཙམ་སོགས་མགོ་ལུས་མ་འཚམས་པ་དང༌། བཟའ་བཏུང་ཁོང་དུ་ཅུང་ཟད་སོང་བ་ན་ནང་ཁྲོལ་འཚིག་པའི་སྡུག་བསྔལ་ཟད་མི་ཤེས། སྔོན་སེར་སྣའི་སྒྲིབ་པའི་མཐུས་བྱས་ཚེ་ཚད་ངེས་པ་མེད། སྤྱིར་མི་ཡི་ཟླ་བ་གཅིག་ལ་ཞག་གཅིག་བྱས་པའི་རང་ལོ་ལྔ་བརྒྱའོ། །རྒྱ་མཚོ་ཆེན་པོའི་ནང་གི་བྱིངས་ན་གནས་པའི་དུད་འགྲོ་ཉ་བོ་ཆེ་དང་ཉ་མིད་དང་ཆུ་སྲིན་སོགས་ཆེ་བས་ཆུང་བ་ཁྱུར་མིད་བྱེད་པ་སོགས་ཕན་ཚུན་གཅིག་ལ་གཅིག་བཟའ་ཞིང༌། ཁ་འཐོར་བདག་ཏུ་མ་བཟུང་བའི་རི་དྭགས་རྣམས། རྒྱ། གོ་ར་སྟེ་ལག་དོང༌། དུག་མདའ། རྙི་ལ་སོགས་པ་ཐབས་དུ་མས་རྔོན་པས་དམ་ལ་བཞག་སྟེ་སྦྱོར་བ་རྩུབ་མོས་སྲོག་འཕྲོག་པ་དང༌། བདག་ཏུ་བཟུང་བ་མི་ལ་བརྟེན་པའི་དུད་འགྲོ་ཐམས་ཅད་ནི་བཀོལ་བའི་ཕྱིར་སྒ་སྲབ་སྣ་ཐག་སོགས་འདུལ་བར་བྱེད་པའི་བདག་པོས་འཛིན་ཅིང་ཞོན་འགེལ་བཏགས་དེད་བྱ་གཅོད་སྤུ་འབྲེག་གསོན་ཁྲག་འབྱིན་པ་སོགས་ཀྱིས་གནོད་པས་ཉམ་ཐག་ཅིང་བླུན་པས་མ་ཎི་རྡོག་གཅིག་འདོན་མི་ཤེས་པའི་གནས་སུ་སྐྱེ་བ་ཐོབ་ན་དེ་དུས་ཅི་ཞིག་བྱར་ཡོད་དེ་མེད་དོ། །ཚེ་ཚད་སྲིན་བུ་སོགས་ནི་ཡུན་ཙམ་ནས་ཀླུ་སོགས་ཁ་གཅིག་བསྐལ་པར་གནས་པར་བཤད་དོ། །སྲོག་འཚོ་བའི་མི་གཡོ་བའི་ལས་ཀྱི་མཐའ་ཤིན་ཏུ་རིང་པོས་བར་བསྐལ་ཉི་ཤུ་བསྲིངས་ཏེ་ཚེ་ཡུན་རིང་བས་འཁོར་བར་ངེས་འབྱུང་གི་སེམས་མི་སྐྱེ་བའམ་སྐྱོ་བའི་གོ་སྐབས་མི་དབྱེ་བའི་གཟུགས་མེད་དང༌། གནས་པའི་ཚེ་ན་ཐོས་བསམ་གྱི་རྟེན་ཤེས་པ་མངོན་གྱུར་འགགས་པ་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཐད་གྲོང་དང་དགོན་པའི་ཚུལ་དུ་ཡོད། ཆོས་ཀྱི་འདུ་ཤེས་མེད་པའི་ལྷ་ནམ་འཆི་ཁར་རྟོག་པ་མངོན་གྱུར་དུ་ལྡང་བས་ཐར་པའི་ལམ་མེད་པར་འཛིན་པའི་ལོག་པར་ལྟ་བས་ངན་སོང་དུ་ལྟུང་བའི་ཕྱིར་ཁོམ་ལྡན་གྱི་ལུས་མིན་ནོ། །རྣམ་པ་མི་ཡི་གཟུགས་རྐང་པ་གཉིས་པའི་ཁྱོགས་ལ་རབ་ཏུ་བརྟེན་ནས་འགྲོ་ན་ཡང༌། ཆོས་ཀྱི་ཕྱོགས་ལ་ཤིན་ཏུ་རྨོངས་པ་དུད་འགྲོ་ལྟ་བུ་ལ་དེ་ཡི་འདུ་ཤེས་བསོད་ནམས་མ་ཡིན་པས་མི་དགེ་བའི་དམ་ལ་བཞག་སྟེ་དབང་དུ་བྱེད་ཅིང༌། སྡིག་པའི་ལས་ཐབས་སྣ་ཚོགས་པ་ལ་གཞུངས་པའི་སྡེ་ཀླ་ཀློ་རྣམས་དུག་མདའ་སོགས་ཀྱིས་འཚེ་བ་ལ་ཆོས་སུ་སྤྲོ་བའི་དུད་འགྲོ་ལས་ཀྱང་བླང་དོར་ཤིན་ཏུ་འཆོལ་བའི་ནགས་ན་འཁྱམས་ཏེ་ཐར་ལམ་མི་ཤེས་པས་སོ། །འདིར་རབ་བརྟགས་ཀྱི་རྒྱན་དུ་བཀོད་དེ་མིག་ནས་ཡིད་ཀྱི་བར་དབང་པོའི་མིག་གིས་གཟུགས་ལ་བལྟ་བ་སོགས་རང་རང་གི་དམ་བཅའ་ཉམས་པའི་ངག་རང་གི་བྱ་བ་སྨྲ་མི་ཤེས་པས་ཁྱད་པར་དུ་ཡིད་བླུན་པའི་ལྐུགས་པ་རྣམས། འཕགས་པའི་ས་ལ་གནས་པའི་དེད་དཔོན་དགེ་བའི་བཤེས་གཉེན་དག་དང་འཕྲད་ནས་ཆོས་ཐོས་པར་གྱུར་ཀྱང༌། ཉན་པ་པོ་རང་དབང་པོ་ཉམས་པའི་སྐྱོན་གྱིས་འཆད་པ་པོས་སྨྲས་པའི་ཚིག་དེ་ཡང་བྲག་ཅའི་ཆོ་གས་བཟུང་བའི་ཅ་ཅོའི་སྒྲ་བཞིན་དུ་ཚིག་དོན་གྱི་བརྡ་མི་འཕྲོད་པའི་ཕྱིར་བླང་དོར་གྱི་གནད་མི་ཤེས་པས་སྐལ་པ་ཆད་དེ་འཁོར་བའི་འབྲོག་དགོན་ཆེན་པོ་འཇིགས་སུ་རུང་བའི་གནས་དེར་སྡུག་བསྔལ་གྱིས་གདུང་བའོ། །ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བའི་གཏིང་མཐའ་ཐུག་པ་མེད་པའི་རྒྱ་མཚོ་ཆེན་པོ་ལྟ་བུ་བརྒལ་ནས་ཐར་པའི་གླིང་དུ་བགྲོད་པའི་གྲུ་བོ་ཆེ་མིའི་ལུས་རྟེན་ཐོབ་ཅིང་དབང་པོ་ཚང་བ། དོན་ཀྱང་ཤེས་པས་རྣམ་རིག་གི་བ་དན་ཐར་པའི་ཕྱོགས་སུ་གཡོ་རུང་བ་ཐོབ་ནས་ཀྱང༌། སླར་ཡང་རྟེན་བཟང་ཆུད་གཟོན་པའི་ལྟ་བ་མ་རུངས་པས་རྒྱུད་དཀྲུགས་ཏེ་སངས་རྒྱས་འཇིག་རྟེན་དུ་འབྱུང་ཞིང་ཡང་དག་པའི་ཆོས་བསྟན་པ་ལ་ཞུགས་ནས་མཉེས་པའི་ཐབས་རྣམ་གྲོལ་གྱི་ལམ་སྒྲུབ་པར་མི་བགྱིད་ཅིང༌། འཇིག་རྟེན་ཕ་རོལ་མེད་དོ་སོགས་ལས་འབྲས་ལ་ཡིད་མི་ཆེས་པའི་ལོག་པར་ལྟ་བ་འཛིན་པ་དེ་ནི་ཐར་ལམ་བར་དུ་གཅོད་པའི་བདུད་ཀྱིས་གཙེས་ཏེ་དབང་དུ་སོང་བ་ཡིན་པས་ཁོམ་ལྡན་མིན་ནོ། །བསྐལ་པ་ཆགས་ནས་ཞིག་གི་བར་ཐུབ་པ་རྣམས་ཀྱིས་སྤངས་པས་བསྟན་པའི་སྣང་བ་མེད་པར་མུན་པའི་བསྐལ་པ་དེ་ཡི་སྐབས་སུ་མི་ལུས་ཐོབ་ཀྱང་མི་ཕན་ཏེ། དཔེར་ན་སྐྱེས་བུ་རྐང་པ་ཆག་པ་ཞིག་གཅོང་རོང་མུན་ནག་འཐིབས་པོར་ལྷུང་བར་གྱུར་ན། དེ་སླར་ཡང་ལྡང་བར་བརྩོན་ཀྱང་ལམ་མི་མཐོང་ཞིང་བགྲོད་བྱེད་ཀྱི་རྐང་པ་མེད་པས་མི་ཐར་བ་ལྟར་རྣམ་པར་གྲོལ་བའི་ལམ་གྱི་སྣང་བ་ཡོད་པ་མིན་ཞིང༌། ཐར་པ་བགྲོད་བྱེད་ཀྱི་བསླབ་གསུམ་དང་བྲལ་བས་མ་རིག་པ་དང་ཉོན་མོངས་པའི་དབང་གིས་ཕྱིན་ཅི་ལོག་གི་ལམ་ལ་རྒྱུན་ཆགས་སུ་ལྡན་པ་དེ་ནི། ཉམ་ངའི་གནས་སུ་ལྷུང་ཞིང་ཐར་བར་མི་འགྱུར་བ་མ་ཟད་ཡི་དྭགས་དུད་འགྲོ་སོགས་ནས་དམྱལ་བའི་བར་འོག་ནས་འོག་ཏུ་འགྲོ་བས་མི་ཁོམ་མོ། །དེ་ལྟར་རྒྱུ་སྡིག་པ་འབྲས་བུ་སྡུག་བསྔལ་སྣ་ཚོགས་པ་བསྐལ་པ་འཐོར་བྱེད་ཀྱི་རླུང་འཁྲུགས་པ་ལྟ་བུའི་གནས་རིགས་རྣམས་སུ་ལུས་སྡུག་བསྔལ་གྱིས་ངལ་ཞིང་སེམས་སྐྲག་པ་དང་བཅས་པའི་རང་བཞིན་ནི། བསོད་ནམས་མི་དགེ་བའི་ངང་ཚུལ་རྙོག་པ་ཅན་དམ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་ནས་ཕྲག་པ་དོག་སྟེ་བསྒྲུབ་པའི་གོ་སྐབས་མེད་པའི་མི་ཁོམ་པ་བརྒྱད་དུ་མ་སྐྱེས་པའི་ཚུལ་ལ་ཡང་ཡང་བསམ་ནས་བླ་མ་དང་མན་ངག་ཟབ་མོ་ལ་བསྟེན་ནས་རང་གི་དལ་བ་དོན་ཡོད་པར་བྱ་བའི་ཕྱིར་ཐར་པའི་ལམ་བསྒྲུབ་པ་ལ་བརྩོན་པར་མཛོད་ཅེས་གདམས་པའོ། །ས་ཚིགས་དང་ཆོས་ཚིགས་ཀྱི་ཡུལ་དབུས་ས་གཞི་གཙང་མ་དང་འདྲ་བར་སྐྱེས་པ་དང༌། ལོ་མ་ཡལ་ག་ལྟ་བུའི་ཐོས་བསམ་བསླབ་པའི་རྟེན་དབང་པོ་དང་ཡན་ལག་དང་ཉིང་ལག་ཐམས་ཅད་རབ་ཏུ་རྫོགས་པ་དང༌། དད་པའི་གནས་རྒྱལ་བའི་བསྟན་པ་ལ་དད་པ་ཐོབ་པ་དང༌། སྒོ་གསུམ་གྱི་ལས་མཐའི་མེ་ཏོག་སེར་བས་མ་བཅོམ་པ་སྟེ་སྒོ་གསུམ་མཚམས་མེད་པ་ཆོས་དང་འགལ་བའི་སྡིག་ཏོས་མི་དགེ་བ་བྱེད་པ་དང་དཀོན་མཆོག་ལ་བློ་གཏད་ལོག་པ་སོགས་ཀྱིས་མ་བཅོམ་པའི་ཆོས་ཀྱི་རྟེན་མིར་གྱུར་པ་རྣམ་གྲོལ་གྱི་ཡོན་ཏན་ཐོབ་པའི་རྟེན་དཔག་བསམ་ལྗོན་པ་དང་འདྲ་བར་ཤིན་ཏུ་དཀོན་ཞིང་དོན་ཆེ་བས་རང་རྒྱུད་རྟེན་གྱི་འབྱོར་པ་སྟེ་ལྔ་པོ་ཚང་བ་འདི་ལ་སྙིང་པོ་ལོན་པ་ཞིག་ངེས་པར་གཅེས་སོ། །རྒྱལ་བ་འབྱུང་དཀའ་བ་ཨུ་དུམ་ཝ་ར་ལྟ་བུ་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་དང༌། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་མེ་ཏོག་ཁ་བྱེ་སྟེ་ཆོས་གསུངས་པ་དང༌། ལུང་རྟོགས་ཀྱི་བསྟན་པའི་ཚུལ་བཤད་པ་དང་སྒྲུབ་པའི་སྒོ་ནས་ནུབ་པ་མེད་པར་ད་ལྟ་ཡང་གནས་པ་དང༌། བསྟན་པ་ལ་ཡང་དག་པར་ཞུགས་ཤིང་དགེ་བའི་བཤེས་གཉེན་ཐར་པའི་ལམ་མཁན་དམ་པའི་གྲིབ་བསིལ་ལ་བསྟེན་པ་སྟེ་གཞན་འབྱོར་ལྔ་ནི་དེ་བས་ཀྱང་ཉུང་ངོ༌། །མྱུར་དུ་ལམ་ལ་བརྩོན་དགོས་པའི་རྒྱུ་མཚན་གང་གི་ཕྱིར་ན་རང་ཉིད་འབྱོར་པ་ལྔ་ཡིས་ཕྱུག་པའི་དཔག་བསམ་གྱི་ལྗོན་པ་ལྟར་དཀོན་པའི་དཔེ་དང༌། གཞན་དབང་རྐྱེན་གྱིས་འབྱོར་པ་ལྔའི་ཡོན་ཏན་ནི་དེ་བས་ཀྱང་དཀོན་ཏེ་ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ་བར་གྱུར་པ་དེ་རང་གཞན་གཉིས་ཀའི་ཡོན་ཏན་ཟུང་དུ་ཚོགས་པའི་ཁྱད་ཆོས་འབྱོར་པ་རྣམ་པ་བཅུས། ཁྱད་གཞི་དལ་བ་བརྒྱད་ལ་ཟུང་དུ་འབྲེལ་ནས་འཁྱུད་པ་འདི་ལ་མི་ལུས་རིན་པོ་ཆེ་ཞེས་བརྗོད་དུ་རུང་བས་ད་ལྟ་སྙིང་པོ་ལོན་པར་མ་བྱས་ན་ཕྱིས་ནས་འདི་འདྲ་བའི་དལ་བ་སླར་མི་རྙེད་དོ། །རྙེད་དཀའ་བའི་རྒྱུ་མཚན་ཅིའི་ཕྱིར་སྟོང་གསུམ་རྒྱ་མཚོ་གཅིག་ཏུ་གྱུར་པའི་གཏིང་ན་རུས་སྦལ་ཞར་བ་ལོ་བརྒྱ་ན་ལྡང་བའི་མགྲིན་པ་དང་གཉའ་ཤིང་གི་བུ་ག་འཕྲད་པ་ལས་ཀྱང་དཀོན་པ་དང༌། གྲངས་ནི་མི་དང་དུད་འགྲོ་ཉིན་མཚན་གྱི་སྐར་མས་ཕྱེ་བ་དེ་སྙེད་ཀྱི་དུད་འགྲོ་དང༌། ཡི་དྭགས་དང་དམྱལ་བ་རྣམས་ལ་རིམ་པར་ཤེས་པར་འགྱུར་རོ། །རྙེད་དཀའ་ཞིང་དོན་ཆེ་བ་དེའི་ཕྱིར་རྟེན་དལ་བ་དང་འབྱོར་པའི་གྲུ་ཆེན་རང་དབང་དུ་འཛིན་པའི་དུས་འདིར། འཁོར་བའི་རང་བཞིན་སྡུག་བསྔལ་མཐའ་ཡས་ལ་གཏིང་ཟབ་པ་ཆུ་གཏེར་ལྟ་བུའི་ཕ་མཐའ་ཐར་པའི་སྐམ་སར་མ་བརྒལ་ན། ཆོས་ཀྱི་ལམ་དུ་ཞུགས་པའི་མགྲོན་པོས་རྣམ་གྲོལ་དོན་དུ་གཉེར་ཞིང་ཐོབ་པའི་སྐབས་བཙལ་བའི་ཚེ། འདྲེན་པའི་དེད་དཔོན་བླ་མ་དམ་པའི་གཟིངས་ཀྱི་ཁ་ལོ་བསྒྱུར་བའི་མཉན་པ་དང་འདྲ་བར་ཕྲད་པ་འདི་ཉིད་འབྲས་བུ་མེད་པར་བགྱིད་པ་ལ་མངོན་པར་ཕྱོགས་པ་ཡིན་པས་དེའི་ཚུལ་ལ་བསམ་ནས་འབད་པར་གྱིས་ཤིག་ཅེས་པ་ལྟ་བུའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། དལ་འབྱོར་གྱི་རྣམ་པར་དབྱེ་བའི་ཚོམས་ཏེ་ཚོམས་ཞེས་པ་ནི་གཞུང་སྐོར་ཚོམས་སུ་བཅད་པའི་དོན་ཏེ་ལེའུ་དང་པོའོ།། །།མདོ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་པ་ལྟར་འཁྲུལ་ངོར་གྱི་སྲིད་པ་སྟེ་ཁམས་གསུམ་མི་འཕོ་བའི་བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་སེམས་ཅན་གཉིས་པོ་ཆགས་པ་དང་གནས་པ་དང་འཇིག་པ་དང་སྟོང་པ་སྟེ་བཞི་པོ་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་ཡོད་པའི་བར་བསྐལ་བརྒྱད་ཅུའི་ངོ་བོས་བསྐལ་པ་ཆེན་པོ་ཞེས་པའི་ཚད་དུ་བཏགས་ཤིང་གྲགས་པ་དེའང་སྣོད་འཇིག་པའི་རང་བཞིན་ལ་བཅུད་འཁྲུལ་པའི་སེམས་ཅན་གྱི་རྟེན་དུ་གྱུར་པའི་གླིང་བཞི་རི་རབ་འདོད་ལྷ་ཚངས་པའི་འཇིག་རྟེན་དང་བཅས་པ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ཞིང༌། དེ་སྟོང་ལ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང༌། དེ་སྟོང་ལ་བར་མའི་འཇིག་རྟེན་དང༌། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཞེས་པའི་མིང་གིས་སྨ་ཕབ་པའི་དངོས་པོ་འདི་དག་སྐྱེ་བ་ནས་བཟུང་འཆི་བའི་རང་བཞིན་ཏེ་སྣོད་བཅུད་སོགས་ཆགས་གནས་འཇིག་སྟོང་བཞིའི་རྗེས་སུ་ཆད་པ་གཅོད་པ་ལ་མེ་བདུན་དང་ཆུ་གཅིག་གི་རང་བཞིན་འོང་སྟེ། མི་རྟག་པའི་གཏམ་ལས། གང་དུ་ས་རྣམས་འཇིག་འགྱུར་ཏེ། །ལྷུན་པོའང་ཐལ་བར་འཇིག་པ་དང༌། །རྒྱ་མཚོའི་ཆུ་ཡང་སྐམ་གྱུར་ན། །ལུས་ཅན་དེ་དག་སྨོས་ཅི་དགོས། །ཞེས་པ་ལྟར་རོ། །གདུལ་བྱའི་གཙོ་བོ་ལྷ་མིའི་སྟོན་པ་ངོ་བོ་ཆོས་སྐུ་བགྲེས་རྒུད་དང་བྲལ་བ་རྡོ་རྗེའི་སྐུ་མཆོག་མངའ་བའི་རྒྱལ་བ་རྣམས་ཀྱང་འདུས་བྱས་མི་རྟག་ལ་རྟག་པར་ལྟ་བའི་ལོག་རྟོག་ཅན་རྣམས་ལ་གཟིགས་ནས་བཞུགས་པ་དུས་ལས་ཡོལ་བ་ཡི་ཚུལ་གྱིས་གཞོམ་གཞིག་དང་བྲལ་བའི་ཆོས་ཉིད་བཏང་ཕྱིར་སྲི་ཞུ་ལྷོད་པར་གྱུར་ནས་མྱང་འདས་ཞི་བ་ཆོས་ཀྱི་དབྱིངས་ལ་དགྱེས་པའི་མངོན་རྟོགས་ངོམ་ན་ལྦུ་བ་དང་འདྲ་བ་སྐྱེས་བུའི་ཚེ་སྲོག་ནི་མི་རྟག་པ་ལྟ་ཅི་སྨོས། འཇིག་རྟེན་པའི་བསམ་གཏན་བཞི་དང་སྙོམས་འཇུག་རྣམས་གྲུབ་ནས་སྲིད་རྩེའི་བསྐལ་ཆེན་བརྒྱད་ཁྲི་ཐུབ་པ་ནས་རིམ་བཞིན་ཚངས་རིས་ཀྱི་བར་བསྐལ་པར་གནས་པའི་ཁུར་དེ་ཡང་གཏན་བདེའི་དོན་མེད་པར་གྱུར་ཏེ་དཀར་ནག་གི་ལས་འབྲས་ཀྱི་ཕྱི་བཞིན་འབྲངས་ནས་ཐེ་ཚོམ་མེད་པར་འཆི་བའི་གནས་སྐབས་དེ་མཐོང་ནས། ཚངས་པ་དང༌། དབང་ཕྱུག་དང༌། བདེ་འབྱུང་སྟེ་ཁྱབ་འཇུག་སོགས་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་འཁོར་ལོས་བསྒྱུར་བ་རྣམས་ཀྱང་བདེ་བས་མ་ངོམས་བཞིན་དུ་འཆི་བདག་གི་བདུད་ལས་གཟུར་བའི་ཐབས་དང་བྲལ་ན་བདག་ལྟ་བུ་འཆི་བ་ལས་ཐར་པའི་ཐབས་མི་བསམ་པ་ལྟ་ཅི་སྨོས། མཐོ་རིས་ཀྱི་བདེ་འབྱོར་ཕུན་སུམ་ཚོགས་པ་དཔེར་ན་དབྱར་ཟླ་གསུམ་ཙམ་དུ་སྨན་ལྗོངས་ཉམས་དགར་འཁྲིགས་པ་ལྟ་བུ་ཡི་བློ་བག་ཕེབས་པའི་སྐྱེས་བུ་རི་དྭགས་ལྟ་བུའི་ཚེ་སྲོག་ཡིད་ལ་ཡང་ནས་ཡང་དུ་བགྱིད་པའི་རི་སུལ་ན་བལྟར་མི་མངོན་པའི་རྔོན་པ་ལྟ་བུ་གཤིན་རྗེའི་ཆོམ་པོ་ལག་ན་བེ་ཅོན་ཅན་དེས་འཆི་བའི་རྒྱར་འཛུད་པའི་སྒོ་ནས། དོན་དུ་གཉེར་བ་དེ་ནི་གཅིག་པུ་འཆི་བ་ཉིད་ལས་བྱ་བ་ཐབས་གཞན་མི་སེམས་ཏེ། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་སོ། །སོས་ཀའི་དུས་སུ་ཉི་ཟེར་གྱི་ཚ་བས་གདུང་བའི་རེག་བྱ་ཙམ་ཡང་མི་བཟོད་པར་སྐྱེ་བོ་དག་གིས་སྟོན་ཟླ་གསལ་བའི་འོད་ཀྱིས་བསིལ་དྲོད་སྙོམས་པའི་དུས་ལ་དགའ་བར་གྱུར་ནས་ཡིད་སྨོན་བྱེད་ན་ཡང་དེའི་བར་དུ་ཉིན་ཞག་བརྒྱ་སྟེ་མང་པོ་ཡིས་རང་གི་ཚེ་ཐལ་ཞིང་འཆི་ལ་ཇེ་ཉེར་སོང་བའི་གནས་ཚུལ་ལ་སེམས་ནས་སྐྲག་པར་གྱུར་བ་མེད་དེ། མི་རྟག་པའི་གཏམ་ལས། ལས་ཀྱི་ལམ་ཞུགས་ཐོབ་པ་ཡིས། །སྣོན་པ་མེད་པའི་སྐྱེ་བོ་གང༌། །ཉེས་པ་མེད་པར་སོང་གྱུར་པ། །དེ་ལ་ཅི་ཞིག་ཡོངས་སུ་གདུང༌། །ཞེས་སོགས་གསུངས་པ་ལྟར་རོ། །འདི་ལྟར་སྐྱེས་བུ་གྱད་སྟོབས་པོ་ཆེའི་སྟོབས་དང་ལྡན་པ་བཞིའི་རྩོལ་བས་རང་རང་གི་གདོང་གི་ཕྱོགས་སུ་མདའ་རེ་འཕངས་པར་བྱས་ལ་ཉག་ཕྲན་བཞི་པོ་དེ་སྐྱེས་བུ་མགྱོགས་པའི་མཐར་ཐུག་པ་གཅིག་གིས་བར་སྣང་ནས་དུས་གཅིག་ཏུ་ས་ལ་མི་རེག་པར་འཛིན་ནུས་པ་ཞིག་ཡོད་ན། དེ་ཤིན་ཏུ་མྱུར་ཡང་དེ་བས་ལས་ཀྱི་རྫུ་འཕྲུལ་གྱིས་འགྲོ་ཞིང་ས་ལ་རྒྱུ་བའི་ཡི་དྭགས་མགྱོགས་ཏེ། དེ་བས་ཀྱང་ནམ་མཁར་རྒྱུ་བའི་ཡི་དྭགས་མགྱོགས་ཤིང༌། དེ་བས་ཀྱང་ཉི་མ་དང་ཟླ་བའི་ཤིང་རྟ་མགྱོགས་ལ། དེ་བས་ཀྱང་བསོད་ནམས་ཀྱི་སྟོབས་ཐོབ་པའི་ལྷ་རྣམས་མགྱོགས་ཤིང༌། དེ་ཀུན་ལས་མགྱོགས་པ་མི་ཡི་ཚེ་འགྲོ་བ་ཡིན་ནོ། །ལང་ཚོ་དར་ལ་བབ་ཚེ་ལུས་བཀྲག་སྟོབས་དང་ལྡན་པ་ཡིན་ཡང་འབྱུང་བ་རྒུད་ནས་རྒ་བའི་ཆད་པས་འཚེ་བས་ཉམ་ཐག་པ་དང༌། འདུ་བ་བཞི་པོ་ཆ་སྙོམས་ཤིང་རྣལ་མར་གནས་པ་ཡང་ན་བས་ལུས་སེམས་སྡུག་བསྔལ་གྱིས་དཀྲུགས་པ་དང༌། འཁོར་དང་ལོངས་སྤྱོད་བསྟོད་གྲགས་ལ་སོགས་པ་ཕུན་སུམ་ཚོགས་པའི་བདེ་སྐྱིད་རྣམས་སྔོན་བསགས་དགེ་བའི་ལས་དང་ད་ལྟའི་རྐྱེན་འགའ་ཞིག་གིས་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱི་འཕྲལ་སྣང་ཙམ་ཡོད་པའང་འདུས་འབྲལ་བསགས་འཛད་སོགས་ཀྱི་རྒུད་པས་འཇོམས་པ་དང༌། ཚེའི་འཕེན་པ་རྫོགས་པའམ་གློ་བུར་གྱི་རྐྱེན་གྱིས་འཆི་བའི་འཇིགས་པས་འཚེ་བའི་སྲོག་འདི་ལ་རྒོལ་བ་མྱུར་པོར་འོང་ཚུལ་རྒྱལ་པོ་ལ་གདམས་པའི་མདོ་ལས་དཔེ་དང་བཅས་བསྟན་ཏོ། །དུས་གང་ཚེ་གཅེས་འཛིན་གྱི་ཕུང་པོ་འདི་གཤིན་རྗེའི་གཡུལ་ངོར་ཕམ་པ་གང་ཟག་དེ་ལ་ལག་ན་རྡོ་རྗེས་ཀྱང་སྐྱབས་དང་དཔུང་གཉེན་མི་ནུས་པའི་ཕྱིར་སྐྱབས་དང་བྲལ་བའི་སྡུག་བསྔལ་གྱི་གཡང་སར་རྒྱུག་པའི་གནས་སྐབས་ཟས་གོས་སོགས་འཚོ་བའི་མདངས་ལང་ཚོ་ནི་མེ་ཏོག་སད་ཀྱིས་བཏབ་པ་ལྟར་དང༌། དབང་པོ་ལྔ་ཡི་བྱེད་ལས་ནི་རླུང་ནང་མར་མེ་ལྟར་བདས་པས་བྱ་བ་ཐམས་ཅད་རྣམ་པར་སྤངས་ལ། གནད་འཆད་པའི་ཟུག་རྔུ་ལ་སྨན་གྱིས་བཅོས་སུ་མེད་པས་སྨན་དཀར་པོ་ཆིག་ཐུབ་ཡོད་ཀྱང་མི་ཕན་པ་དང༌། སྨན་པ་འཚོ་བྱེད་གཞོན་ནུ་ལྟ་བུ་དག་ཡོད་ཀྱང་མིག་རིག་རིག་པོར་བལྟ་ཞིང་དེ་ལ་འབྲོས་ཤིང་བྱ་ཐབས་ཟད་དོ། །འདེགས་བྱེད་ཀྱི་རླུང་ཉམས་པས་ལུས་ཟུངས་བསྒུལ་བསྐྱོད་བྱེད་པ་ལ་ངལ་བ་ཐོབ་ཅིང་རླུང་གི་གནས་མལ་འཕྱུགས་པས་ཡན་ལག་གཡོབ་པ་དང༌། འབྱུང་འཇུག་དལ་བར་མི་ནུས་པའི་དབུགས་ནི་དབང་མེད་མཐུ་ཡིས་གཡོབ་ཅིང་ངར་ངར་པོར་འགྱུར་རོ། །ཕ་མ་སོགས་ཉེ་དུ་དང་མཛའ་གྲོགས་སོགས་འབྲེལ་བས་མཐའ་ནས་བསྐོར་ཞིང་གདུང་བ་བརྒྱ་ཕྲག་གིས་དབུགས་དབྱུང་ན་ཡང༌། ད་ལྟ་ཆོས་ཕྱོགས་ལ་བཤོལ་འདེབས་ཤིང་ཐེབས་པའི་ལྕགས་ཀྱུ་དང་འདྲ་བའི་བརྟན་པ་དང་བྲལ་བར་འགྱུར་ཞིང༌། དེ་ཡི་དབུགས་ཀྱི་འགྱུ་བ་བརྩེགས་ཤིང་བརྩེགས་ཏེ་ཤིན་ཏུ་ཕྲ་བའི་རྟ་རྔའི་རྩེ་ལྟར་ཇེ་ཕྲར་གྱུར་པ་དེ། སྙིང་རྗེ་མེད་པའི་འཆི་བདག་གི་དགྲ་སྟྭ་རྣོན་པོ་དབལ་ཅན་གྱིས་གཟས་ཤིང་བཀས་པར་གྱུར་པས། དེའི་མོད་ལ་གསོན་དུས་དགའ་བའི་རྣམ་འགྱུར་མཛེས་པ་སྤངས་པའི་གདོང་སྔོ་ཧམ་མེ། སོ་སྐྱ་ཙིག་གེ །མིག་མཆི་མས་གང་ཞིང་མགོ་ལྤགས་ལྟག་པར་བསྡུས་ཏེ་སོ་ཞོ་ངོམ་བཞིན་དུ། ལས་ཀྱི་དབང་གིས་སྲིད་པ་བར་མ་མདོའི་མུན་ནག་སྟུག་པོས་མདུན་བསུས་ཤིང་ལས་ཀྱི་རླུང་དམར་དྲག་པོས་བདས་ཏེ། གནས། རྟེན། སྤྱོད་ལམ། ཟས། སྲོག །རྣམ་ཤེས་ཏེ་མ་ངེས་པའི་རྟགས་དྲུག་འབྱུང་བ་དང༌། ཆགས་སྡང་རྨོངས་གསུམ་གྱི་སྣང་བ་ཡ་ང་བའི་གཡང་ས་གསུམ་སྟེ་སྐྱ་ཐ་ལེ་བ། དམར་ཟང་ངེ་བ། ནག་ངམ་མེ་བ་རྣམས་དང༌། འཇིགས་པའི་སྒྲ་བཞི་འབྱུང་སྟེ་ས་རླུང་ལོག་པས་རི་བོ་ཉིལ་བའི་སྒྲ་དང༌། མེ་རླུང་ལོག་པས་ནགས་ཚལ་ཚིག་པའི་སྒྲ་དང༌། ཆུ་རླུང་ལོག་པས་རྒྱ་མཚོ་འཁྲུགས་པའི་སྒྲ་དང༌། རླུང་གི་རླུང་ལོག་པས་དུས་ཀྱི་རླུང་སྒྲ་དྲག་པོ་ལྟ་བུ་སྟེ་འཁྲུལ་སྣང་འཇིགས་སྐྲག་དུ་མར་འཇུག་དགོས་པར་འགྱུར་ན་ད་ལྟ་ནས་མི་རྟག་པའི་ལྕག་གིས་བསྐུལ་བར་རིགས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། མི་རྟག་པའི་ཚོམས་ཏེ་ལེའུ་གཉིས་པའོ།། །།གང་ཞིག་དེ་ལྟར་འཇིག་རྟེན་ཕ་རོལ་གྱི་གནས་སུ་སོན་པ་དེ་རྣམས་ཕྱི་མ་སྲིད་པ་མཐོ་དམན་གྱི་གོ་འཕང་སྟེ་གང་དུ་སྐྱེ་བའི་གནས་སུ་འཕེན་པར་བྱེད་པའི་ལས་གང་གི་ཐ་གུས་འདོགས་པ་སྟེ་ལྕགས་ཀྱུས་ཟིན་པའི་ཉ་ལྟར་དེ་དང་དེར་གདོན་མི་ཟ་བར་འགྲོ་བའི་ཚུལ་ནི། རྒྱུ་དགེ་བ་སྤྱད་པ་དང་སྡིག་པ་ལ་གོམས་པ་ཁོ་ནས་ཉེ་བར་ལེན་པ་སྟེ། དོན་དམ་ལ་སྐྱེ་བ་མེད་ཀྱང་ཀུན་རྫོབ་བདེན་པ་ཙམ་དུ་ལས་འབྲས་བསླུ་བ་མེད་པ་ཡིན་ལ། དེ་ཉིད་དཔེ་དོན་གྱིས་སྟོན་པའི་ཕྱིར་གང་ཞིག་དཔེར་ན་ཏིག་ཏ་དང་རྒུན་འབྲུམ་སོགས་ཁ་བ་དང་མངར་བའི་ས་བོན་རྣམ་པ་སྣ་ཚོགས་བཏབ་པའི་མཐུ་ཡིས། ཞིང་པ་རྣམས་ཀྱི་ཐོག་སྐྱེ་བ་ན་དེ་ལ་རོ་དེ་དང་དེ་གསལ་ཞིང་མངོན་པ་བཞིན་དུ་སྐྱེ་བ་གཞན་ཏེ་ཚེ་སྔ་མ་རྣམས་སུ་རྣམ་པ་དུ་མར་རྒྱུད་ལ་འདྲིས་ཤིང་གོམས་པར་བྱས་པའི་དགེ་སྡིག་སྣ་ཚོགས་ཀྱི་ལས་ཚུལ་མང་པོས་འགྲོ་བ་འདིའི་གནས་རིགས་བདེ་སྡུག་སྣ་ཚོགས་བྱས་སོ། །དཔེར་ན་ས་བླ་སྟེ་ནམ་མཁའ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི་གྲིབ་མ་དེ་ཉིད་རེ་ཞིག་མཐོ་བའི་རྐྱེན་གྱིས་བལྟ་བར་མི་མངོན་ན་ཡང༌། གཟུགས་ཅན་ཉིད་དང་འདུ་འབྲལ་སྤངས་པ་བཞིན་དུ་རྐྱེན་སྲེད་ལེན་ཚོགས་ཤིང་འབྲས་བུ་སྨིན་པའི་དུས་ལ་བབ་ཚེ་འགྲོ་བ་སོ་སོའི་གནས་ལུས་བདེ་སྡུག་སོགས་ལྷག་པར་མངོན་པར་འགྱུར་ཏེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །ཇི་སྲིད་དངོས་འཛིན་མ་ཟད་བར་དུ་བསོད་ནམས་མ་ཡིན་པའི་བྱ་བ་ཕྲ་ཞིང་ཕྲ་བའི་འབྲས་བུ་ཆེན་པོ་འབྱིན་པར་བྱེད་པ་རྟ་གདོང་རྒོད་མ་ཁ་ཡི་མེས་ཏེ་བ་ཚྭ་ཅན་གྱི་རྒྱ་མཚོའི་མཐར་འཁོར་བའི་རྡོ་སོལ་གྱི་ལྕགས་རི་དང་འདྲ་བ་དེས་འགྲོ་བ་རྣམས་དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བ་གྲངས་མང་རྒྱ་མཚོའི་རླབས་དང་འདྲ་བ་དག་ཀྱང་སྐེམ་ཞིང་མི་འཕེལ་བར་བྱེད་ནུས་ཤིང༌། རྣམ་མཁྱེན་རིན་ཆེན་གླིང་དུ་བགྲོད་བྱེད་གྲུ་གཟིངས་ལྟ་བུའི་ལུས་བཤིག་ཅིང་མ་རུངས་པར་བྱེད་པའི་དཔེ་དང་དོན་གྱི་རིམ་པ་རྒྱ་ཆེར་དྲན་པ་ཉེར་བཞག་དང༌། ལས་བརྒྱ་པ་དང༌། རྒྱ་ཆེར་རོལ་པ་དང༌། རྣམ་འབྱེད་ལ་སོགས་པས་བསྟན་པ་རྣམས་བལྟ་བར་ཞལ་འཕངས་པའོ། །མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱིས་མནར་ལ་ཤིན་ཏུ་བརྟུལ་ཕོད་པ་སྟེ་འཛེམ་མེད་དུ་གནོད་པར་བྱེད་པའི་ངན་སོང་གསུམ་པོ་དག་གིས་བསོད་ནམས་ཆ་མཐུན་དགེ་བ་བཅུའི་འབྲས་བུ་མཐོ་རིས་ཀྱི་དགའ་བདེ་ལ་སྤྱོད་པའི་དཔུང་པ་བཙན་ཞིང་གནོད་པའི་གཡུལ་གྱིས་རྣམ་པར་མི་བརྫི་བའི་དཔའ་བོའི་ཡུལ་ལ་རེ་ཞིག་གཡུལ་གྱི་ཕྲུ་མས་ཏེ་དམག་དཔུང་བསྒྲིགས་པའམ་བཀོད་པ་ལྟ་བུས་བཏབ་སྟེ་འཇོམས་པར་གྱུར་པ་མ་མཆིས་ནའང༌། འོན་ཏེ་དགེ་བའི་དམ་བཅའ་ཉམས་ནས་མི་དགེ་བ་བཅུ་ལ་སྤྱོད་པ་མཐའ་དག་ངན་སོང་གསུམ་པོ་ཁྱོད་ཀྱི་དབང་དུ་སོང་སྟེ་དེའི་ཚུལ་ཡང༌། གང་ཟག་ལ་ལས་གཏན་གྱི་འདུན་མ་ཡང་དག་པའི་ཚུལ་ཁྲིམས་མཁན་སློབ་སོགས་ལས་བླངས་ཀྱང་འདོད་ཆགས་སོགས་ཉོན་མོངས་པའི་རྟོག་ངན་རེ་རེའི་དབང་གིས་ཕམ་པ་སོགས་ལྟུང་བས་ཉམས་པ་དང༌། ལ་ལའི་ནི་ལོངས་སྤྱོད་སོགས་ཀྱི་ཕྱིར་སེམས་ཅན་བསད་ནས་ཚེ་ཐུང་བའི་ལས་གསོག་པ་དང༌། ལ་ལའི་ནི་ཞེ་སྡང་སོགས་ཀྱི་གཡུལ་ངོར་ཞུགས་ཏེ་སྲོག་འདོར་བ་དང༌། ལ་ལའི་ནི་དགེ་ལ་ཕྱོགས་ཕྱིར་ཟས་གོས་ལ་སོགས་པའི་དཀའ་ཐུབ་ལ་ཡུན་རིང་གནས་ནས་སླར་ཡང་འདོད་པའི་ཁྱིམ་ཐབས་སུ་ཞུགས་པ་དང༌། ལ་ལའི་ནི་ཆོས་ཐོས་བསམ་ལ་ཆེ་ཐང་དུ་འབད་ཀྱང་ཆོས་བརྒྱད་ཀྱི་རྟོག་པའི་སྣ་སྐྱིལ་མ་ནུས་ཏེ་འཇིག་རྟེན་གྱིས་གཡེང་བ་དང༌། ལ་ལའི་ནི་ནོར་དཀོན་མཆོག་གི་ཞིང་ལ་མི་གཏོང་བར་གཉེན་ངོ་དང་གྱོད་སོགས་ལ་འཛད་པ་དང༌། ལ་ལའི་ནི་བདག་དང་ཆོས་ཀྱི་དབང་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། ལ་ལའི་འཇིག་རྟེན་དབང་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ཁྲེལ་ཡོད་པ་དེ་རྣམས་ཐོག་མེད་ནས་གོམས་པའི་སྟོབས་ཀྱིས་ཉེས་སྤྱོད་སྣ་ཚོགས་ལ་འཇུག་སྟེ། དགེ་ཕྱོགས་གཡེལ་ནས་སྡིག་པའི་ཆེད་དུ་གཏོང་བ་ཤིན་ཏུ་མང་བས་དེ་རྣམས་ངན་སོང་གི་གནས་སུ་འབབ་ཅིང་གཞོལ་བར་འགྱུར་རོ། །རང་ཉིད་ཀྱིས་བྱས་པའི་སྡིག་པ་རང་གིས་མྱོང་བ་མ་ཟད་གཞན་གང་གི་ཕྱིར་བྱས་པ་ཡང་ཡོན་གནས་མཆོག་གསུམ་དང་ཉེ་དུ་དང་འཁོར་འབངས་དང༌། ཡུལ་ཁམས་བསྲུང་བའི་སླད་དུ་མ་བརྟགས་པའི་ཀུན་སློང་དེ་རང་དོན་ཡིན་ཏེ་གཡུལ་འཁྲུགས་སོགས་མི་དགེ་བའི་ཀུན་སློང་སྟོབས་ཆེན་གྱི་སྡིག་པའི་ལས་ནི་རྣམ་སྨིན་གཏོས་ཆེ་བས་གཉིས་འཐུང་སྟེ་གླང་པོ་ཆེ་ལྟ་བུ་སྤོང་སེམས་ཀྱི་ཐག་པས་དཀྲིས་པ་བཏང་སྟེ་བག་མེད་དུ་སྤྱོད་ནའང༌། དེའི་རྣམ་སྨིན་ནི་གཞན་ལ་བགོ་བཤའ་བྱ་རུ་མེད་པ་ཡིན་ནོ། །ལོངས་སྤྱོད་ཀྱི་རྙེད་པ་ལ་བརྐམ་ཞིང་ལུས་སེམས་བདེ་བ་འབའ་ཞིག་ལ་སྲེད་པ་དང་ལྐོག་ཏུ་སྙན་པ་བརྗོད་པ་ལྷུར་ལེན་པ་དང༌། དངོས་སུ་མངོན་དུ་བསྟོད་ན་སེམས་ཁེངས་པར་འགྱུར་ལ། དེ་བཞི་པོ་གང་ལས་ཅིག་ཤོས་མི་མཐུན་པའི་ཕྱོགས་མ་རྙེད་པ་དང༌། མི་བདེ་བ་དང༌། མི་སྙན་པ་དང༌། སྨད་པ་སྟེ་བཞི་ཡིས་སྨ་ཕབ་སྟེ་ཡིད་མི་བདེ་ཞིང་སེམས་ཁོང་དུ་ཆུད་པའི་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་འཇིག་རྟེན་ཆོས་བརྒྱད་ཀྱིས་བསླུས་སོ། །འཇིག་རྟེན་གྱི་ཆོས་བཅུ་གསུམ་ནི། རིགས་༡གཙང་བ་གཟུགས༢་ཆེ་མཛེས་འཁོར་ལོངས་སྤྱོད་སོགས་དབང་ཐང༣་ལ་སོགས་ཏེ་སོགས་ཁོང་དུ་ལུགས་གཉིས་ཀྱི་རྣམ་བཞག་མང་པོ་ཤེས་པའི་ཐོས་པ༤་དང༌། ན་ཚོད་དར་ལ་བབ་པའི་ལང་ཚོ༥་སྟེ་ལྔས་མགོ་འཕང་བསྟོད་ཅིང་དྲེགས་པ་དང༌། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྙོམས་ལས༦་སམ་ལེ་ལོ་འཕྱེ་བོ་ལྟ་བུའི་ཕག་ཏུ་ཡིབ་པ་སྟེ་དབང་དུ་སོང་སྟེ་མི་བརྩོན་པས་དགེ་བ་མི་སྐྱེད་པ་དང༌། ཐོབ་བྱ་མ་ཐོབ་བཞིན་དུ་ཐོབ་སྙམ་པས་མངོན་པའི་ང་རྒྱལ༧་མ་རུངས་པས་ཀུན་ནས་སློང་བས་ཡོན་ཏན་རྒྱུད་ལ་སྐྱེ་བའི་གོ་སྐབས་མེད་པ་རྣམས་དང༌། དཀའ་ཐུབ་དམ་པའི་ཆོས་ཀྱི་དཔལ་ལ་སྡང་བ་སྟེ་སྔར་ཡོད་ཉམས་པ་དང༌། ཕྱིས་མི་སྐྱེ་བར་བྱེད་པའི་སྲིན་པོར་འགྱུར་བའི་ཆགས༨་སྡང༩་གཉིས་དང༌། སྦྱིན་པའི་མི་མཐུན་རང་གི་ཕུན་ཚོགས་ལ་བརྐམ༡༠་པ་དང༌། བདག་དང་ལོངས་སྤྱོད་ལ་སྲེད་པས་ཆགས་སེམས༡༡་ཀྱི་ནུས་པ་བརྟན་པོར་གྱུར་པ་ཡིས་ཟིལ་གྱིས་གནོན་པའི་དབང་གིས་བསམ་པ་རབ་ཏུ་མི་བརྟན་པའི་གྱ་གྱུའི་འདུ་ཤེས་དང་འགྲོགས་པའི་གཡོ་རྒྱུའི་འཁྲི་ཤིང་བཅུ་གསུམ་པོ་དེ་དག་གིས། གཞན་ཕ་རོལ་པོ་དག་རྨོངས་ཤིང་མགོ་བསྐོར་བར་བྱས་ཏེ་ལོངས་སྤྱོད་སོགས་ཀྱིས་བདག་ཉིད་བསྲུང་ནའང་དུག་ལྡན་གྱི་བཟའ་བ་ཁོང་དུ་ཆུད་པ་བཞིན་འདི་ཕྱིའི་གནོད་པ་ཆེན་པོ་དེ་ནི་རང་གི་ཁོང་དུ་ཞུགས་ནས་བརླག་པའི་ཕྱིར་དགྲ་བཞིན་སྤང་བར་བྱའོ། །འཁོར་བར་འདུ་བྱེད་པའི་དཀར་པོ་དགེ་བ་དང་ནག་པོ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བདེ་སྡུག་གཉིས་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལས་ཀྱང་འཕེལ་ཆེ་སྟེ། ས་བོན་ཉུང་ངུ་ལས་ཀྱང་འབྲས་བུའི་གཟུགས། སྦོམ་པོའམ་ཆེན་པོར་བསྐྱེད་པ་མི་དབང་ང་ལས་ནུས་སྔོན་ཁྱེའུར་གྱུར་པའི་ཚེ་སངས་རྒྱས་རྣམ་པར་གཟིགས་ལ་སྲན་མ་སྤར་གང་གཏོར་བས་བཞི་ལྷུང་བཟེད་དུ་སོང༌། གཉིས་ཐུགས་ཀར་ཕོག །གཅིག་ན་བཟར་ཆགས་པ་སྟེ་སྲན་མ་རྡོག་པོ་དེ་བདུན་ལས་གླིང་བཞིར་དབང་བའི་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཅིང༌། རིམ་པས་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་གྱི་གྱི་གནས་སུ་ལྷའི་དབང་པོ་སོ་གཉིས་དང་སྟན་ཕྱེད་པ་ལ་འདུག་པའི་དབང་ཐང་ཅན་དུ་གྱུར་པ་དང༌། ཤཱ་རིའི་བུས་དགྲ་བཅོམ་ཞིག་ལ་རས་ཡུག་ཕུལ་བས་ཤེས་རབ་ཆེ་བ་སོགས་དང༌། དགེ་སློང་ཞིག་ལ་ཟླ་བོས་མི་གཙང་བ་ཟོ་སྨྲས་པས་མངལ་གྱི་སྲིན་བུ་དང༌། བཤང་ཁང་དུ་སྲིན་བུར་སྐྱེས་པ་ལ་སོགས། ཇི་སྐད་དུ། དགེ་བ་ཆུང་ངུ་དག་ལ་ཡང༌། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པས་ཀྱང༌། །སྣོད་ཆེན་རིམ་གྱིས་འགེངས་པར་འགྱུར། །སྡིག་པ་ཆུང་ངུ་མོད་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཕྲ་མོ་ཙམ་གྱིས་ཀྱང༌། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་དང༌། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་པ་བཞིན་ནོ། །རྒྱུ་མཚན་དེས་ན་གང་ཞིག་ས་བོན་ཆུང་ངུ་ཡུངས་ཀར་འབྲུ་ཙམ་ས་ལ་བཏབ་པའི་ཤིང་ཨ་ཤྭ་ཏ་ཡི་འབྲས་བུ་ལོ་དུས་སུ་སྨིན་པ་ནི། ཡལ་ག་རེ་ལའང་དཔག་ཚད་ཙམ་རེ་ཡོད་པར་འཕེལ་བ་དེས་ཀྱང་ནང་གི་རྒྱུ་འབྲས་དགེ་སྡིག་གཉིས་ཀྱི་གཟུགས་བརྙན་འཕེལ་ཆེ་བའི་དཔེ་ཟླར་མི་ཕོད་པ་ཡིན་ནོ། །སྣོད་བཅུད་ཀྱི་དངོས་པོ་གང་ལ་གཙོ་བོ་དང་དབང་ཕྱུག་སོགས་བྱེད་པ་པོ་འགའ་ཡང་མ་མཆིས་ཤིང་རང་བཞིན་གྲུབ་པའང་མིན་ནོ། །འོ་ན་ཅི་ཞེ་ན། སེམས་དང་སེམས་བྱུང་གི་བསམ་པ་དཀར་ནག་སྣ་ཚོགས་ཀྱི་དབང་གིས་དཔེར་ན་ཚོས་ཀྱིས་བཙོས་པའི་རས་ཡུག་སྣ་ཚོགས་པ་ལྟར་ཀུན་སློང་གིས་དགེ་སྡིག་ཆུང་ངུ་ལས་མ་བྱས་པ་ལྟར་སྣང་ཡང༌། ལས་དེ་དང་དེ་ཡི་འབྲས་བུ་བདེ་བ་དང་སྡུག་བསྔལ་མཐུ་ཆེན་བྱས་པ་དེ་ཡང༌། སྦྱོར་བ་ལས་དེའི་ཆེད་དུ་ཡུན་རིང་དམིགས་ནས་བསགས་པ་མེད་པ་དང༌། རྗེས་འགྱོད་པ་དྲག་པོས་ལས་གང་བྱས་པའི་སེམས་ཟིལ་གྱིས་མནན་ཏེ་ཐོག་མཐའ་གཉིས་པོ་དང་མི་ལྡན་ན་ནུས་པ་ཆུང་བ་ཡིན་ནོ། །དཔེར་ན་རྩ་བ་སྟེ་ས་བོན་སྨན་དུ་མཆིས་ན་མྱུ་གུ་དང་འབྲས་བུ་ལ་སོགས་པའང་སྨན་ཡིན་ལ། རྩ་བ་དུག་ཡིན་ན་མྱུ་གུ་སོགས་དུག་ཡིན་པ་སྨོས་ཅི་དགོས། དཔེ་དེ་བཞིན་ཀུན་སློང་བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ཀྱི་དབང་ལས། དགེ་བ་དང་སྡིག་པའི་གཟུགས་བརྙན་ཆེ་ཆུང་གི་རྗེས་སུ་མི་འགྲོ་སྟེ། མདོ་ལས། བསམ་པ་བཟང་པོས་མཆིལ་ལྷྭམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང༌། །དེ་བཞིན་གཞན་གྱིས་བསལ་གྱུར་པ། །གཉིས་ཀ་རྒྱལ་སྲིད་ཐོབ་པར་གྱུར། །ཞེས་སོ། །འདོད་ཁམས་ན་སྤྱོད་པའི་དགེ་སྡིག་གི་ལྕི་ཡང་ཁྱད་པར་འདི་ལྟར། སྦྱོར་བའི་ཁྱད་པར་བྱེད་འདོད་ཀྱི་བསམ་པ་རྒྱུན་ལྡན་དུ་ཡོད་པས་རྟག་པ་དང༌། བསམ་པ་ཀུན་སློང་དྲག་པོ་དེ་ཁོ་ན་ལས་གཞན་ལ་ཡིད་མི་གཏོད་པས་མངོན་ཞེན་དང༌། གཉེན་པོའི་ཁྱད་པར་མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱིས་མི་ནོན་པས་གཉེན་པོ་མེད་པ་དང༌། གཞིའི་ཁྱད་པར་གཉིས་ཏེ་ཡོན་ཏན་གཙོ་བོ་མཆོག་དང་ལྡན་པ་དཀོན་མཆོག་གསུམ་དང༌། ཕན་འདོགས་པའི་གཞི་ཕ་མ་སོགས་བྱས་པ་དྲིན་དུ་གཟོ་ནས་ཐག་རིང་མགྲོན་པོ་དབུལ་སྤྲང་སོགས་ལས་བྱུང་བའི་ལས་བསགས་ཚུལ་ཏེ་རྣམ་པ་ལྔ་པོ་ལས་ཀུན་སློང་གསུམ་པོ་ཚང་ཞིང་ཡུལ་དེ་དག་གང་རུང་ལ་བརྟེན་ན་དགེ་སྡིག་ལྕི་ཡང་གང་ཟག་གི་རྒྱུད་ལ་ཉེ་བར་ལེན་པའི་རྣམ་པར་རིག་བྱེད་དེ་དེའི་ཚུལ་ཤེས་པའི་རྒྱུར་ལགས་པར་གསུངས་སོ། །ལས་ཀྱི་འཆར་གཞི་བཤད་པ་ལ། སེམས་ཉིད་འདུས་མ་བྱས་པའི་སྒྲིབ་བྱེད་དུ་གྱུར་ཞིང་དབྱེ་བསལ་གང་ཡང་མེད་པ་བག་ཆགས་སྣ་ཚོགས་ཀུན་གྱི་རྟེན་བྱེད་པའི་ཀུན་གཞི་ལུང་དུ་མ་བསྟན་པ་ལྷན་ཅིག་སྐྱེས་པའི་མ་རིག་པའི་ཆར་གནས་པ་དེ་ལས་གསལ་ཞིང་རིག་པའི་ཆ་མེ་ལོང་གི་དྭངས་ལྟར་ཚོགས་བདུན་གྱི་ཤེས་པ་འཕེལ་འགྲིབ་ཅན་གྱི་གོ་འབྱེད་པའི་ཀུན་གཞིའི་རྣམ་ཤེས་ཤར་ཞིང༌། དེ་ལས་ཡུལ་གྱི་ངོ་བོ་ཙམ་འཛིན་པའི་བློ་ཕྲ་བ་མ་ཡིན་པ་ཆེ་ལོང་དུ་ཤར་བའི་ཡིད་ཀྱི་ཤེས་པ་དང༌། ནང་དུ་ངར་འཛིན་པ་དང་ཕྱིར་དགག་སྒྲུབ་ཀྱི་རྣམ་པ་ཅན་གྱི་ཉོན་མོངས་པ་ཅན་གྱི་ཡིད་དང༌། མིག་ལ་བརྟེན་ནས་གཟུགས་མཐོང་བ་ནས། ལུས་ལ་བརྟེན་ནས་རེག་བྱ་མྱོང་བའི་ཆའི་ཡུལ་ལྔའི་ཤེས་པ་ཀུན་གཞི་དེ་ལས་མཆེད་པའམ་ལངས་ནས་ལས་སོགས་པར་འགྱུར་རོ། །དེ་ཡང་ཡིད་ཤེས་དང་སྒོ་ལྔ་ཙམ་གྱིས་ལས་མི་སོགས་ཀྱང༌། ཤེས་པ་ཀུན་ལ་ཁྱབ་བྱེད་དུ་སོང་བའི་བདག་འཛིན་མ་རིག་པ་འཁྲུལ་སྣང་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་སོ་སྐྱེའི་གནས་སྐབས་སུ་དུག་གསུམ་གྱི་རྩ་བར་གྱུར་པ་ལྟ་ཡང་ཅི་སྨོས་ཏེ། དེར་མ་ཟད་འཕགས་པའི་ས་ཐོབ་དུས་སུ་ཡང་ཉོན་ཡིད་གནས་མ་གྱུར་གྱི་བར་དུ་ཞིང་དག་པ་ལ་དབང་འབྱོར་བ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་རྩོལ་མེད་དུ་སྐྱེ་བ་ལ་སོགས་པ་ཡོན་ཏན་དུ་མ་ལ་བར་དུ་གཅོད་པར་གསུངས་སོ། མཆན། གདོན་ཆེན་གྱིས་ནི་ཉོན་མོངས་པ་དུག་གསུམ་པོ་བཟུང་སྟེ། དེའི་དབང་གིས་མི་དགེ་བའི་ལས་བསགས་པས་ངན་སོང་གསུམ་དང༌། གཏི་མུག་གིས་ས་པས་བསྡུས་པའི་བསོད་ནམས་ཆ་མཐུན་གྱིས་མཐོ་རིས་སུ་འཕེན་ཏེ། དེ་ཡང་ང་རྒྱལ་མཚུངས་ལྡན་གྱིས་ལྷ་མི་གཉིས་དང༌། ཕྲག་དོག་དང་མཚུངས་ལྡན་གྱིས་ལྷ་མིན་ཏེ་འཁོར་བར་གནས་རིགས་མཐོ་དམན་བྱས་ཤིང་གྲུབ་བོ། །དེ་ལྟར་གྲུབ་པ་ལའང་དགེ་སྡིག་གཉིས་ཀྱི་འཕེན་རྫོགས་ཀྱི་ཁྱད་པར་ནི་མུ་བཞི་སྟེ། འཕེན་བྱེད་དགེ་བས་འཕངས་ལ་རྫོགས་བྱེད་དགེ་བས་རྫོགས་པ་ལྷ་མིའི་རྟེན་ལ་རིགས་གཟུགས་དཔལ་འབྱོར་མཐའ་དག་ཕུན་སུམ་ཚོགས་པ་ལྟ་བུའོ། །འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་ནི་བདེ་འགྲོར་སྐྱེས་ཀྱང་དབང་པོ་དང་ཡན་ལག་མ་ཚང་ཞིང་དབང་ཐང་ཆུང་ངུར་གྱུར་པ་སོགས་སྡུག་བསྔལ་བ་རྣམས་སོ། །འཕེན་བྱེད་མི་དགེ་བས་འཕངས་ལ་རྫོགས་བྱེད་མི་དགེ་བས་རྫོགས་ན་ངན་སོང་གང་རུང་དུ་སྐྱེས་ནས་སྡུག་བསྔལ་གྱིས་མཐའ་གཅིག་ཏུ་མནར་ཞིང་སྤྱོད་པའོ། །འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་ན་དུད་འགྲོའམ་ཡི་དྭགས་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའི་རིགས་ཁ་ཅིག་ལྟ་བུའོ། །དེའང་ལས་གཅིག་གིས་ལུས་གཅིག་ལས་མི་འཕེན་པ་རང་གི་བུ་ལ་སྙིང་རྗེ་སྐྱེས་པའི་བུད་མེད་ཚངས་པར་སྐྱེས་པ་ལྟ་བུ་དང༌། ལས་གཅིག་གིས་ལུས་དུ་མ་འཕེན་པ། འཕགས་པ་མ་འགགས་པས། བདག་ནི་བསོད་ནམས་གཅིག་པུ་དེའི་རྣམ་པར་སྨིན་པས་སུམ་ཅུ་རྩ་གསུམ་གྱི་ལྷར་ལན་བདུན་སྐྱེས་ཤིང༌། ད་ལྟར་ཤཱཀྱ་ཕྱུག་པོར་སྐྱེས་སོ་ཞེས་པ་ལྟ་བུའོ། །ལས་དུ་མས་ལུས་གཅིག་འཕེན་པ་ལྷས་བྱིན་གྱིས་ཚེ་རབས་དུ་མར་བསགས་པའི་ལས་ཀྱིས་དགེ་སློང་གི་གཟུགས་ལ་སྡིག་པའི་ཀུན་ཏུ་སྤྱོད་པ་ཅན་དུ་གྱུར་པ་ལྟ་བུ་དང༌། ལས་དུ་མས་ལུས་དུ་མར་འཕེན་པ་འཕགས་པ་ཉེ་སྡེ་ལས་དུ་མའི་རྐྱེན་གྱིས་གསོས་ནས་ལུས་དུ་མ་གྲུབ་པ་ལྟ་བུ་ནི་མདོ་སྡེ་པ་ཡན་ཆད་ཀྱིས་འདོད་ལ། མཛོད་ལས་ནི། གཅིག་གི་སྐྱེ་བས་གཅིག་འཕེན་ནོ། །ཡོང་རྫོགས་བྱེད་པ་དུ་མ་ཡིན། འཕེན་བྱེད་གཅིག་གིས་སྐྱེ་བས་གཅིག་འཕེན་ཀྱི་དུ་མ་མི་འཕེན། འཕེན་བྱེད་དུ་མས་སྐྱེ་བ་གཅིག་ཁོ་ན་མི་འཕེན་པར་བཤད་དོ། །དེ་དག་ཀྱང་འཕེན་བྱེད་ཀྱི་རྒྱུ་སྟོབས་ཆེ་ཆུང་གི་དབང་གིས་ཏེ། འདི་ལྟར་གནོད་སེམས་ཀྱང་སྐྱེས། གནོད་པ་ཡང་སེམས་ཁེངས་པ་ཙམ་དུ་བྱས་པ་ལྟ་བུ་བྱས་ཤིང་བསགས་པ་དང༌། ཕ་རོལ་གྱི་མངའ་ཐང་འཕྲོག་པ་དང༌། དགྲ་ཟླ་ཉམས་ཉེས་པར་བྱེད་པའི་འདུ་ཤེས་གང་ཡང་མེད་བཞིན་དུ་གཞན་གྱིས་རང་སྲིད་ལ་གཙེས་ནས་སྲོག་བསྲུང་བ་དང༌། སྲིད་སྡེ་ཆོས་བཞིན་སྐྱོང་བ་ལ་གེགས་སུ་གྱུར་པར་དོགས་ནས་སྐྲག་པས་ལས་དེ་མི་འདོད་བཞིན་དུ་འགྱོད་བཞིན་དུ་དབང་མེད་དུ་སྤྱོད་དགོས་པ་ལྟ་བུ་བྱས་ལ་མ་བསགས་པ་དང༌། རྫུན་དུ་སྨྲ་བ་ལ་སོགས་པ་དུས་རིང་མོ་ནས་བློ་ལ་དང་དུ་བླངས་ཀྱང་དོན་ལ་མ་སྨྲས་པ་ལྟ་བུ་བསགས་ལ་མ་བྱས་པ་དང༌། ཀུན་སློང་བཏང་སྙོམས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་མི་ནུས་པ་ལུང་མ་བསྟན་པའི་ལས་ནི་མ་བྱས་ཤིང་མ་བསགས་པ་སྟེ་མུ་བཞིའོ། །དེ་ལྟར་མུ་བཞི་དང༌། གོང་དུ་བཤད་པའི་རྟག་དང་མངོན་ཞེན་སོགས་ལྔ་པོ་དང་ལྡན་མི་ལྡན་ལ་གཞལ་བས་ཀྱང་བྱས་བསགས་ཀྱི་དགེ་སྡིག་ཆེ་ཆུང་དང་དེའི་འབྲས་བུ་ཆེ་ཆུང་གི་ཁྱད་པར་ཤེས་སོ། །དཔེ་ཇི་ལྟར་ན། མེ་ནི་རབ་ཏུ་འབར་ཞིང་ཁང་ཁྱིམ་སོགས་བསྲེག་པར་བྱེད་ན། དེ་ཡི་གཉེན་པོར་ཆས་པ་ནི་ཆུ་ཁོ་ན་ཡིན་པས་ཆུ་དེ་ཉིད་སྣོད་དུ་བསྩལ་ནས་མེས་མིང་ཙམ་ཡང་མེད་པར་བསྐམ་པར་བྱས་ན་དེ་ལས་གཞན་མེ་དེ་གསོད་པའི་གཉེན་པོ་གང་ཡང་བཙལ་དུ་མེད་ན་མེ་དེ་ཇི་ལྟར་ཞི་བར་བྱེད། དེ་བཞིན་དུ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཤིག་པ་དང༌། སྐུར་ཞིང་བརྙས་པ་བྱས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང༌། དེ་དག་གི་དཀོར་ལ་འབག་པ་སོགས་དཀོན་མཆོག་གསུམ་པོ་ངན་སེམས་ཀྱིས་བསླུས་ཤིང་སྐྱབས་སུ་མི་བརྟེན་པར་རྒྱབ་ཏུ་སྤངས་པ་ཡི་སྡིག་ཆེན་འདི་ནི་བྱ་བ་གཉེན་པོ་གཞན་གྱིས་གསོ་ཐབས་མེད་པའི་ཕྱིར། དེ་ལ་དོ་ཟླ་འགྲོ་བའི་སྡིག་པའི་ལས་གང་ཡང་རྙེད་པ་མིན་ནོ། །ཇི་སྐད་བཤད་པ་དེ་ལས་གཞན་དུ་འགྲོ་བ་ཕལ་པའི་ཀུན་རྟོག་གཟུང་འཛིན་གྱི་རྣམ་པ་ཅན་ལ་རང་བཞིན་འབྲེལ་བར་གྱུར་པའི་ཚོགས་དྲུག་གི་དབང་པོ་དང་བཅས་པ་ལས་གསོག་པའི་སྒོ་དང༌། དགེ་མི་དགེ་བར་སེམས་པའི་ཡིད་དང༌། བར་མའི་ཡིད་རྣམས་ཀྱིས་དཀར་ནག་གི་ལས་གསོག་པར་བྱས་ཏེ་ཀུན་གཞིའི་སྟེང་དུ་ཚོར་བ་གསུམ་དང་འདུ་ཤེས་གསུམ་ལ་སོགས་པའི་སེམས་བྱུང་རྣམས་གྲོགས་བྱེད་པའི་ཚུལ་གྱིས་དགེ་མི་དགེའི་ལས་དུ་མ་འདུ་བྱེད་པ་ཡིན་ཞིང༌། གཞན་དུ་ན་ཀུན་རྟོག་ཚོགས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་ལས་ཕྲ་བ་གསོག་པའི་ཚུལ་དང་གྲངས་མཐའ་དག་གཅིག་ཏུ་འདི་ལྟ་བུའོ་ཞེས་བློ་ཡིས་ཐུག་ཅིང་དཔོག་པ་མ་མཆིས་མོད་ཀྱང་ལས་ཁོ་ན་ལས་བྱུང་བར་མངོན་ནོ། །འདིར་ལུས་ངག་ཡིད་ལ་རྟེན་དང་བརྟེན་པ་ཅན་གྱི་སྤང་བྱའི་རྒྱུ་འབྲས་རྣམ་པ་བཅུར་གནས་པའི་ཐོག་མར་ལུས་ཀྱི་གསུམ་པོ་ནི་སྲོག་གཅོད་པ་དང༌། མ་བྱིན་པར་བླངས་པ་དང༌། ལོག་པར་གཡེམ་པ་རྣམས་ལས་དང་པོ་སྲོག་གཅོད་པ་ནི། ཡན་ལག་ལྔས་དངོས་གཞིར་རྫོགས་ཏེ་གཞི་སེམས་ཅན་ཡིན་པ༡་དང༌། དེར་འདུ་ཤེས་མ་འཁྲུལ་བ༢་དང༌། གཞན་གྱི་སྲོག་གཅོད་འདོད་ཀྱི་བསམ་པ་ཡོད་པ༣་དང༌། བསམ་བཞིན་དུ་གཅོད་པའི་ཐབས་ལ་སྦྱོར་བ༤་དང༌། དེའི་ཚེའམ་གཞན་གྱི་ཚེ་ཤི་བའོ༥། །དེའི་ཕྱོགས་མཐུན་གནོད་སེམས་མངོན་གྱུར་མེད་ཀྱང་བརྡེག་བཙོག་ལ་སོགས་པའི་འཚེ་བ་བགྱིད་པའི་རྐྱེན་གྱིས་ཤི་བའོ། །གཉིས་པ་མ་བྱིན་བླང་བ་ནི་ཡན་ལག་བཞིས་རྫོགས་ཏེ། གཞན་ནོར་ཡིན་པ༡་དང༌། ཡིན་པར་ཤེས༢། ཤེས་བཞིན་བརྐུ་བའི་ཐབས་ལ་བརྩོན་པ༣་དང༌། གནས་སྤོས་ཏེ་ཐོབ་པར༤་བྱས་པའོ། །ཕྱོགས་མཐུན་གཡོ་སྟེ་ཚོང་དང་འོས་མིན་གྱི་ཆད་པ་སོགས་ཐབས་ཀྱིས་བསྟེན་པ་དང༌། བྲེ་ལོག་སྲང་ལོག་སོགས་སྒྱུ་ཡི་སྒོ་ནས་ལེན་པ་དང༌། གསུམ་པ་འདོད་པས་ལོག་པར་གཡེམ་པ་ནི། ཡན་ལག་གསུམ་སྟེ་གཞན་གྱིས་བདག་ཏུ་བཟུང་བའི་ཆུང་མའམ་སྨད་འཚོང་མ་ལ་སོགས་པ་གླ་རྔན་ཐོབ་པའམ། རབ་བྱུང་གི་རྟགས་ཡིན་མིན་གང་རུང་གིས་རྟེན་སོགས་ཀྱི་དྲུང་དང༌། དེར་ཡུལ་དུས་གཞན་གྱིས་བསྲུང་བ༡་ལ། དེ་དང་དེར་འདུ་ཤེས་པས་དབང་པོའི་རེག་པ་སྤྲོད་དེ་སྦྱོར་བ༢་དང༌། བདེ་བ་མྱོང་བའོ༣། །ཕྱོགས་མཐུན་ནི་བགྲོད་བྱ་མ་ཡིན་པ་དབང་པོ་ལས་གཞན་སོགས་ལ་འཁྲིག་པའི་ཆོས་བསྟན་པའོ། །ངག་གི་ལས་བཞི་ནི་དང་པོ་རྫུན་ལ་ཡན་ལག་བཞིས་རྫོགས་ཏེ་སྨྲ་བའི་གཞི་མ་ནོར་བ༡་དང༌། གཞན་བསླུ་བའི་བསམ་པ༢་དང༌། སྨྲ་རྒྱུ་དེའི་དོན་ཡིད་ལ་བསམ་ནས་རྫུན་སྨྲས་པ༣་དང༌། དེར་འདུ་ཤེས་བསྒྱུར་ནས་གཞན་དག་གིས་ཀྱང་འཁྲུལ་བཞིན་བཟུང་བའོ༤། །ཕྱོགས་མཐུན་ནི་དོན་རྣལ་མར་གོ་བའི་འདུ་ཤེས་དྲང་པོར་བརྫུ་ཐབས་ཀྱིས་བསླད་ནས་ཇི་བཞིན་མི་སྤྲོད་པར་གཞན་སེམས་བསླུ་བའོ། །གཉིས་པ་ཕྲ་མ་ནི་ཡན་ལག་གསུམ་གྱིས་རྫོགས་ཏེ་དབྱེ་གཞི་ནང་མཐུན་པ་ཡིན་ནམ་བཏང་སྙོམས་སུ་གནས་པ༡་དང༌། དབྱེན་སྦྱོར་གྱི་ཚིག་སྨྲས་པ༢་དང༌། མཐར་ཐ་དད་དུ་འདྲལ་བའམ་དོན་གོ་བའོ༣། །ཕྱོགས་མཐུན་ནི་སྔར་གཞན་གྱིས་སྨྲས་པའི་སྐྱོན་གྱིས་ཚིག་ལ་གཞན་དུས་ཕྱིས་སླར་ཡང་བཟློས་ནས་ཁོན་དུ་འཆོས་པའོ། །གསུམ་པ་ངག་འཁྱལ་ནི་ཡན་ལག་གསུམ་གྱིས་རྫོགས་ཏེ། ཉོན་མོངས་པའི་སེམས་ཀྱིས་བསླང་བ༡་དང༌། ཆོས་དང་མི་ལྡན་པ་ལ་དེར་བསམ་པ༢་དང༌། མཆོད་སྦྱིན་སྙན་ངག་སྲིད་སྲུང་སོགས་དང༌། གླུ་སྒྲུང་དང༌། སྨད་འཚོང་མ་དང་ཆོམ་རྐུན་སོགས་བྲེ་མོའི་གཏམ་སྣ་ཚོགས་སྨྲས་པ་ལས་ཆགས་སྡང་བསྐྱེད་པའོ༣། །ཕྱོགས་མཐུན་ནི་ཆགས་སྡང་མི་བསྐྱེད་ཀྱང་དམག་དང་ཆོམ་རྐུན་སོགས་འབྲེལ་མེད་གཏམ་སྣ་ཚོགས་སྨྲ་བའོ། །བཞི་པ་ཚིག་རྩུབ་ནི་ཡན་ལག་གསུམ་གྱིས་རྫོགས་ཏེ། གང་ཟག་དེ་ལ་ཆེད་དུ་དམིགས་པ༡་དང༌། སྦྱོར་བ་སྐྱོན་མཚང་འབྲུ་བ་དོན་མ་རུང་བ༢་སྨྲས་པ་དང༌། མཐར་ཐུག་ཕ་རོལ་པོའི་སྙིང་ལ༣་འབིགས་པ་སྟེ་ཡིད་མི་དགའ་བར་བྱས་པའོ། །ཕྱོགས་མཐུན་ནི་སྙན་པ་ལྟར་སྨྲས་ཀྱང་གཞན་དེའི་ཡིད་མི་བདེ་བའི་རྐྱེན་དང་སྤྲོད་པའོ། །ཡིད་ཀྱི་ལས་བཤད་པ་ལ་གསུམ་ལས། དང་པོ་བརྣབ་སེམས་ནི་ཡན་ལག་གཉིས་ཀྱིས་རྫོགས་ཏེ། གཞན་གྱི་འབྱོར་པའི་དཔལ་ཡིན་པ༡་དང༌། བསམ་པ་དེ་ལ་བརྔམས་ཤིང་ཆགས་ནས་འཁུ་སེམས་ཀྱིས་བདག་གིར་བྱེད་པའོ། །ཕྱོགས་མཐུན་ནི་ཕ་རོལ་པོའི་རྫས་དང་ཐོས་སོགས་ཀྱི་ཡོན་ཏན་ལ་བརྐམ་ཞིང་བདག་ལ་ཡོད་ན་ཅི་མ་རུང་སྙམ་དུ་ཡང་ཡང་དེའི་རོ་མྱོང་བའོ། །གཉིས་པ་གནོད་སེམས་ཀྱང་ཡན་ལག་གཉིས་ཀྱིས་རྫོགས་ཏེ། གཞན་སེམས་ཅན་ཡིན་པ་དང༌། བསམ་པས་དེ་ལ་ཁོང་འཁྲུག་ཅིང་ལུས་སེམས་ལ་སྡུག་བསྔལ་བྱེད་འདོད་ཀྱི་འཚེ་བ་གཏིང་ནས་སློང་བའོ༢། །དབྱེ་ན་དགུ་སྟེ་བདག་ལ་གནོད་པ་སྔར་བྱས་སོ། །ད་ལྟ་བྱེད་དོ། །མ་འོངས་པར་བྱེད་པར་འགྱུར་རོ་སྙམ་པ་དང༌། བཤེས་ལ་དེ་བཞིན་གསུམ་དང༌། དགྲ་ལ་ཕན་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །རྗེས་དཔྱོད་སྡང་སེམས། ཁྲོ་སེམས། ང་རྒྱལ། འཁུ་སེམས། གཏི་མུག་སྟེ་ལྔའོ། །ཕྱོགས་མཐུན་ནི་ཚེ་སྲོག་འབྱོར་པ་སོགས་ཕན་པས་འབྲེལ་པ་ལ་མི་དགའ་ཞིང༌། ངན་པ་འདུ་བ་དང་བཟང་པོ་འབྲལ་བར་བསྒོམ་པའོ། །གསུམ་པ་ལོག་ལྟ་ལ་ཡན་ལག་གཉིས་ཏེ། བསླུ་མེད་ཀྱི་རྒྱུ་འབྲས་ལ་མེད་པར་ལྟ་བ་དང༌། བདག་དང་འཇིག་རྟེན་ལ་རྟག་པའམ་ཡང་ན་ཆད་པར་ལྟ་བའོ། །ཕྱོགས་མཐུན་ནི་གང་ཟག་ཁྱད་པར་ཅན་ལ་སྡང་སེམས་སོགས་ཀྱིས་སྐྱོན་མེད་པ་ལ་ཡོད་ཞེས་སྒྲོ་འདོགས་པ་དང༌། ཡོན་ཏན་ཡོད་པ་ལ་མེད་དོ་ཞེས་སྐུར་པ་འདེབས་ཤིང་ཐེ་ཚོམ་བསྐྱེད་པ་སོགས་སོ། །མི་དགེ་བ་བཅུ་པོ་ཀུན་རེ་རེ་ལ་འབྲས་བུ་བཞི་བཞིར་སྨིན་པའི་ཚུལ་ནི། རིམ་པ་བཞིན་རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་པ་སྟེ་བཞི་ལས། དང་པོ་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པའི་ཚུལ་ནི། །འདི་ལྟར་དགེ་མི་དགེའི་ལས་དེ་དག་ཀུན་ནས་སློང་བའི་སེམས༡་དང༌། རྗེས་སུ་སྤྱོད་པའི་སྦྱོར་བ༢་དང༌། སྦྱོར་བའི་གཞི་བསམ་པ་དེ་ཉིད༣་དང༌། སྦྱོར་བའི་འབྲས་བུ་དངོས་གཞི་ཉིད་སྤྱད་པ༤་དང༌། མཇུག་རྗེས་སུ་ཡི་རང་བ༥་སྟེ་ཆོས་ལྔ་ལྡན་ནམ་ལྡན་པ་མིན་ཀྱང་རུང་སྟེ། ཀུན་སློང་གསུམ་གྱིས་གཏི་མུག་སྡིག་སེམས་མ་ཤེས་པའི་སྲོག་གཅོད་ལྟ་བུ་ཆུང་ངུས་དུད་འགྲོ་དང༌། ཤ་པགས་རྭ་རུས་མུ་ཏིག་སོགས་ལ་ཆགས་པས་བསད་ན་འབྲིང་འདོད་ཆགས་ཀྱི་དབང་གིས་ཡི་དྭགས་དང༌། ཁྲོས་ནས་དགྲ་གསོད་པ་སོགས་ཞེ་སྡང་ཆེན་པོས་དམྱལ་བར་འཕེན་ནོ། །རྒྱུ་མཐུན་གྱི་འབྲས་བུ་ནི་རྣམ་པ་གཉིས་སུ་གྲུབ་སྟེ། བྱེད་པ་རྒྱུ་མཐུན་ནི་ཚེ་སྔ་མའི་མི་དགེ་བའི་ལས་གོམས་འདྲིས་བྱེད་ཅིང་ཀུན་ཆུབ་བྱས་པས་ཕྱིས་ཀྱང་ལས་དེ་དང་མཐུན་པར་སྐྱེ་ནས་སྤྱོད་ངན་ལ་འཇུག་པར་གསུངས་སོ། །མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་སྔོན་གྱི་དགེ་བས་འཕངས་ནས་མཐོ་རིས་ཀྱི་ལུས་རྟེན་ཐོབ་པར་གྱུར་ཀྱང་སྡིག་པ་དེའི་དབང་གིས་རིམ་བཞིན་མི་དགེ་བཅུ་ལ་སྡུག་བསྔལ་གྱི་རྣམ་གྲངས་གཉིས་རེ་གཉིས་རེར་ལྡན་ཏེ་འདི་ལྟར་སྲོག་བཅད་པས་འཚོ་བའི་ཡུན་ཚེ་ཐུང་ལ་ནད་ཀྱང་མི་འདྲ་བའི་རྣམ་གྲངས་མང་པོས་མནར་ཞིང་སྡུག་བསྔལ་བར་འགྱུར་རོ། །མ་བྱིན་པ་བླངས་པས་ཕྱུགས་དང་འབྲུ་གོས་སོགས་ཡོ་བྱད་ཉུང་བས་དབུལ་ཞིང་ལོངས་སྤྱོད་ཅུང་ཟད་ཡོད་ཀྱང་དགྲ་དང་འཁོན་པ་སོགས་ཀྱིས་མི་དབང་བས་ཐུན་མོང་ཅན་དུ་འགྱུར་རོ། །འདོད་ལོག་གིས་ཁྱིམ་ཐབས་མི་མཛེས་ཤིང་ཁྱོ་དང་མི་མཐུན་ཅིང་ལྷོད་པ་དང༌། ཁྱིམ་གྱི་བྱ་བ་དོར་བའི་དགྲ་ཟླར་གྱུར་པ་གང་ཞིག་དང་མཐུན་པས་འབྲེལ་ནས་སྙིང་མི་ཉེ་བ་དང༌། རྫུན་གྱིས་རང་གིས་ཉེས་མ་ཉེས་གང་ལ་ཡང་གཞན་གྱི་སྒོ་ནས་ཁ་སྨྲས་ངན་པའི་སྐུར་པས་རང་སེམས་གདུང་ཞིང་གཞན་སུ་ལ་བློ་གཏད་ཀྱང་དེ་ཀུན་གྱིས་བསླུ་བ་མང་པོས་མགོ་བསྐོར་བ་དང༌། ཕྲ་མ་བྱས་པས་གཉེན་ཉེ་འཁོར་དང་བྲན་གཡོག་ཐམས་ཅད་མཐུ་ནུས་ངན་ཞིང་ནང་ཕན་ཚུན་རྩོད་ཅིང་འདུམ་པར་དཀའ་བ་ལ་སོགས་གནོད་པར་གྱུར་པ་དང༌། ངག་འཁྱལ་གྱིས་རང་གི་ཚིག་སྨྲས་པ་ཐམས་ཅད་གཞན་གྱི་རྣ་བར་མི་འགྲོ་ཞིང་སེམས་ལ་བཟུང་མི་འོས་པས་ཡིད་ཆེས་ཞན་ཅིང་བློ་མི་གཏད་པ་སྟེ་བདེན་དུ་མི་བརྩི་བ་དང༌། ཚིག་རྩུབ་མོ་སྨྲས་པས་དུས་དང་དུས་སུ་མི་འདོད་པའི་གཏམ་ངན་མི་སྙན་པ་མང་པོ་ཐོས་པ་དང༌། གཞན་ལ་ཕན་ཚིག་སྨྲས་ཀྱང་འཐབ་མོའི་ཚིག་ཏུ་འཁྲུལ་ནས་རྩོད་པ་ལ་སོགས་པས་མི་བདེ་བ་དང༌། བརྣབ་སེམས་ཀྱིས་ལོངས་སྤྱོད་ཡོད་པ་དང་ཐོབ་པས་ཆོག་མི་ཤེས་པ་དང༌། ད་དུང་མང་པོ་ཐོབ་ཏུ་རེ་ཞིང་འདོད་པས་མི་འགྲུབ་པའི་དོགས་པ་ལ་སོགས་པས་གདུང་བ་དང༌། གནོད་སེམས་ཀྱིས་ནད་གདོན་དགྲ་ལ་སོགས་པའི་གནོད་པ་མང་པོ་ངང་གིས་འདུ་ཞིང་གཉེན་ལོངས་སྤྱོད་སོགས་ཕན་པ་སྒྲུབ་པའི་རྐྱེན་དང་འབྲལ་བ་དང༌། ལོག་ལྟས་ཆོས་ལ་ཡིད་མི་ཆེས་ཤིང་ཆོས་མིན་གྱི་ལྟ་བ་ངན་པ་རྒྱུད་ལ་སྐྱེ་བ་དང༌། རྟག་ཏུ་བསམ་པ་མི་དྲང་ཞིང་གཡོ་སྒྱུས་རྒྱུད་འཁྲུག་པའོ། །བདག་འབྲས་སམ་དབང་གི་འབྲས་བུ་ནི་ཡུལ་སྡུག་བསྔལ་གྱི་རྐྱེན་དུ་གྱུར་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དྲན་པ་ཉེར་བཞག་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང༌། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་དང༌། སྤྱོད་འཇུག་ལས། ལྕགས་བསྲེག་ས་གཞི་སུ་ཡིས་བྱས། མེ་ཚོགས་དེ་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །སྲོག་གཅོད་ཀྱི་སྡིག་ཏོ་དྲག་པོའི་ཁུར་གྱི་ལྷག་མས་ནོན་ཅིང་མ་བཏང་བ་གང་ཡིན་པ་དེ། གང་དུ་སྐྱེ་བའི་ས་ཕྱོགས་ཉམས་དགའ་དང༌། །བག་ཡངས་ཆུང་ལ་མཐུན་རྐྱེན་སྨན་ཤིང་མེ་ཏོག་ལ་སོགས་པ་ཉུང་ཞིང་རྨོས་པའི་ལོ་མ་དང༌། སྐྱེ་ཤིང་གི་འབྲས་བུ་སོགས་བཟའ་བ་དང༌། བཏུང་བའི་རིགས་ཀྱང་བཀྲེས་སྐོམ་སེལ་བའི་མཐུ་ཉམས་ཤིང༌། རེས་འགའ་འཇུ་དཀའ་ལ་ནད་སྣ་ཚོགས་སྐྱེད་པའི་རྒྱུར་འགྱུར་ཞིང༌། གང་དུ་སོང་དང་སྡོད་ཀྱང་ཆུ་དང་གཡང་ས་དགྲ་གཅན་གཟན་སོགས་ཀྱིས་སྲོག་ལ་གནོད་འཚེའི་ཚོགས་མང་བས་ཡ་ངའི་གནས་སུ་ཕྱིན་ཅིང་གནས་དགོས་པར་འགྱུར་རོ། །མ་བྱིན་བླངས་པས་མྱུ་གུ་སོགས་ལོངས་སྤྱོད་ཀྱི་དངོས་པོ་མེད་པ་དང༌། ཅུང་ཟད་རེ་ཡོད་ཀྱང་འཇོམས་པ་སླ་བ་དང༌། ལོངས་སྤྱད་བྱའི་བཟའ་ཤིང་ཡོད་ཀྱང་རོ་ནུས་ལྡན་པའི་འབྲས་བུ་བཟང་པོས་རྣམ་པར་སྨད་དེ་ཉམས་པར་འགྱུར་རོ། །བ་ལང་དང་འབྲི་སོགས་ཀྱང་འོ་མ་མི་འབྱུང་ཞིང་ལོ་ཐོག་སོགས་ཡོད་པའང་སད་ཀྱིས་གདུང་ཞིང་སེར་བས་རྣམ་པར་འཐག་པར་འགྱུར་བ་དང༌། ཕྱུགས་སོགས་གོད་ཅིང་མུ་གེས་ཉེན་ནས་ཟས་སྐོམ་སྒྲུབ་པའི་རྩོལ་བ་དང་རེ་དོགས་སོགས་ཀྱིས་སྡུག་བསྔལ་སྙིང་ལ་འཕོ་བར་སྐྱེའོ། །འདོད་པས་ལོག་པར་གཡེམ་པས་ཕྱུགས་ལྷས་གྲོང་འདབས་སོགས་སུ་བཤང་བ་དང་གཅི་བའི་འདམ་རྫབ་ཀྱིས་གང་བའི་ཁྲོད་དུ་དྲི་ངའི་ཚོར་བ་རྩུབ་མོས་ལུས་སེམས་གདུང་བས་དབུགས་མི་ཕྱིན་པར། མི་གཙང་ལྗན་ལྗིན་གྱིས་བག་ཡངས་པའི་གོ་སྐབས་མེད་པར་དོག་ཅིང་ཉམས་མི་དགའ་བའི་ཡུལ་དེ་ཉིད་དུ་མི་ཡི་སྐྱེ་བའི་འཁྲི་ཤིང་སྔོན་ལས་ཀྱི་སྟོབས་ཀྱིས་དབང་མེད་དུ་འཛུགས་བཞིན་རྟག་ཏུ་གནས་དགོས་སོ། །རྫུན་གྱིས་ལོངས་སྤྱོད་དབང་ཐང་སོགས་ཀྱི་འབྱོར་པ་འཕྲལ་དུ་གཡོ་ཞིང་འགྱུར་བ་དང༌། ཡུལ་གང་དུ་གནས་ཀྱང་ཡུལ་དེར་མི་མཐུན་པ་དང༌། གཞན་དགྲ་གཉེན་བར་མ་ཀུན་གྱིས་བསླུ་ཞིང་མགོ་བསྐོར་བ་དང༌། དེ་སོགས་རྐྱེན་ངན་སྣ་ཚོགས་པས་འཇིགས་པས་བརྟབས་ཏེ་བག་མི་ཕེབས་ཤིང་སྐྲག་པར་འགྱུར་རོ། །ཕྲ་མས་ནི་གང་དུ་སྐྱེ་བའི་ས་ཕྱོགས་ཐམས་ཅད་བྲག་རི་གཟེངས་མཐོ་བ་སོགས་ངམ་གྲོག་དང་ལྟུང་གནས་གཅོང་རོང་ཅན་དང༌། གྱེན་མཐོན་པོ་དང་ཐུར་གཟར་བས་བགྲོད་དཀའ་བ། མཐོ་དམན་ཅན་གྱི་ཡུལ་ལ་གནས་ཤིང་ཉམས་མི་བདེ་བ་དང༌། བརྗོད་པ་རྩུབ་མོ་སྟེ་ཚིག་རྩུབ་མོས་ཡུལ་ཐམས་ཅད་རྡོ་དང་གསེག་མ་ལ་སོགས་པས་ཁེབས་ཤིང༌། རྩི་ཤིང་ཐམས་ཅད་ཀྱང་ཚེར་མ་ཅན་དང༌། ལྗོན་བཟང་བྲལ་ཞིང་སྡོང་དུམ་གྱིས་གང་བ། འབྲས་བུ་ཐམས་ཅད་ཀྱང་ནུས་པ་མེད་པས་ངན་པ་དང༌། ནད་སྣ་ཚོགས་སྐྱེད་པས་རྩུབ་པ་དང་དེ་སོགས་ཉམས་མི་བདེ་བ་དང༌། ཆུ་རྣམས་ཀུན་ཀྱང་དྭངས་བསིལ་དང་བྲལ་བ་རྙོག་ཅིང་ཚྭ་སྒོ་ཅན་དང༌། ས་གཞི་དག་ཏུ་རྡུལ་མང་བ་སོགས་ཉལ་ཉིལ་གྱིས་གང་བའི་ཁྲོད་དེར་རྒྱུན་དུ་ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་རོ། །བཀྱལ་ཀས་ཏེ་ངག་འཁྱལ་གྱིས་སོ་ནམ་ཞིང་རྨོ་སོན་འདེབས་ཕྱུགས་སྐྱོང་ཚོང་སྐྱེད་སོགས་ཀྱང་ངལ་བ་ལ་འབྲས་བུ་མེད་ཅིང༌། དཔྱིད་ཀ་སྣང་ཞིང་སྟོན་དུས་འབྲས་བུ་མེད་པ་དུས་ཀྱི་རྗེས་སུ་མི་འགྲོ་བར་ཉམས་ཤིང་མི་བརྟན་པས་ངན་པར་འགྱུར་རོ། །བརྣབ་སེམས་ཀྱིས་འབྲུ་རྣམས་ལ་སྦུན་དང་འབྲས་བུ་གོ་ལྡོག་ཅིང་སྦུན་མང་ལ་འབྲས་བུ་མེད་པ་དང༌། གང་དུ་སྐྱེ་བའི་གནས་སྔར་བཟང་ཡང་དུས་ཚིགས་ལོག་སྟེ་ངན་ཅིང་གདུག་པས་སྐབས་བཙལ་ཏེ་གནོད་པ་མང་པོ་མཐོང་ཞིང་སྡུག་བསྔལ་བར་འགྱུར་བར་དེར་སྐྱེའོ། །གནོད་སེམས་ཀྱིས་དམག་འཁྲུགས་སོགས་མངའ་འབངས་སྡུག་བསྔལ་ལ་སྦྱོར་བའི་སྡིག་སྤྱོད་རྒྱལ་པོ་དང་འབྲེལ་ནས་ཉམས་ཉེས་འབྱུང་ཞིང་སྡུག་བསྔལ་བ་དང༌། ཆོམ་རྐུན་དང་སྦྲུལ་གདུག་པ་དང་མི་རྒོད་དང་སྟག་གཟིག་སོགས་གཅན་གཟན་སྣ་ཚོགས་པས་བསམ་སྦྱོར་ངན་པས་རྩུབ་ཅིང་འཚེ་བ་དང༌། ལོ་ཏོག་དང་འབྲས་བུ་རྣམས་རོ་ཡང་མི་འདོད་པའི་ཚ་ཞིང་ཁ་བ་དང༌། ལུས་ཟུངས་ངན་པ་དང་གཞན་གྱིས་རང་བཞིན་གནོད་པའི་རྐྱེན་དུ་མས་བཀབ་ཅིང་སྡུག་བསྔལ་བའི་ཡུལ་དུ་སྐྱེའོ། །ལོག་ལྟས་ནི་རིན་པོ་ཆེ་དང་དར་གོས་ལ་སོགས་པ་ཕུན་ཚོགས་ཀྱི་དངོས་པོའི་འབྱོར་པས་དུས་ཀུན་ནས་སྤོང་པས་དབུལ་ཞིང༌། ཡིད་དུ་འོང་བའི་བཟའ་ཤིང་དང་སྨན་ཤིང་སོགས་མེད་པའམ་ཉུང་བ་དང༌། ལོངས་སྤྱད་བྱའི་མེ་ཏོག་དང་འབྲས་བུ་ལ་སོགས་པ་དག་ཀྱང་བཀྲེས་སྐོམ་སེལ་བའི་མཐུ་ཆུང་བས་ལུས་ཟུངས་སུ་མི་འགྲོ་ལ། དགྲ་གདོན་སོགས་ཀྱིས་ཉེན་པས་སྐྱབས་གནས་མེད་པ་དང་སྐྱོབ་པ་དཔུང་གཉེན་སོགས་མེད་པར་རང་གཅིག་པུར་སྐྱེའོ། །སྐྱེས་བུ་བྱེད་པའི་ལས་ཀྱི་འབྲས་བུ་ནི། སྲོག་གཅོད་པ་སོགས་གང་བྱས་པའི་ལས་དེ་དང་དེ་སྲིད་པ་ཕྱི་མར་ཉིང་མཚམས་སྦྱོར་བ་ལ་མི་ལྟོས་པར་སྐད་ཅིག་རེ་རེ་བཞིན་མང་པོར་འཕེལ་བའི་རྒྱུ་ཆུང་ངུ་ལས་ཀྱང་འབྲས་བུ་སྡུག་བསྔལ་མཐའ་དག་སྟེ་མང་པོ་བསྐྱེད་དོ། །སྡིག་པས་འདི་ལྟར་ཐོག་མེད་ནས་ཆོས་ཉིད་ཀྱི་དོན་མ་རིག་པའི་མུན་པ་སྟུག་པོས་ཁེབས་ཤིང་དེ་ལས་ཀྱང་ཐུ་བ་གཏན་མི་མཐོང་བའི་མུན་ནག་གིས་བསླད་པ་ཅན་གྱི་འཁྲུལ་སྣང་བར་མ་ཆད་པར་འཁོར་ཞིང་ཐར་དཀའ་བའི་བཙོན་ར་ཤིན་ཏུ་བརྣག་ཅིང་བསྲན་དཀའ་བར་གཟུགས་སོགས་ཉེར་ལེན་ཕུང་པོ་ལྔའི་སྟེང་དུ་སྡུག་བསྔལ་དྲག་པོ་སྤུ་གྲི་རྣོན་པོ་ལྟ་བུའི་དབལ་གྱིས་བཟོད་དཀའི་ཚོར་བ་ཡུན་རིང་པོར་མྱོང་བའི་གནས་སྐབས་ཐོབ་པར་གྱུར་པ་འདི་ནི། མི་དགེ་བ་བཅུ་དང༌། མཚམས་མེད་ལྔ། མཆོད་རྟེན། བྱང་སེམས། དགྲ་བཅོམ་སོགས་བཅོམ་པའི་སྡིག་པ་སྣ་ཚོགས་པར་བྱས་པས་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ན་འཁྲུལ་སྣང་ལ་དངོས་པོ་རང་མཚན་དུ་བཟུང་བའི་མཐོ་དམན་དུ་སྣང་བ་མ་དག་གཞན་དབང་གི་གནས་སྐབས་སོ་སྐྱེ་རང་རྒྱུད་པའི་དུས་ན། མཐོ་རིས་འཕེན་བྱེད་ཀྱི་རྒྱུ་ནི་དགེ་བའི་ལས་ལམ་བཅུ་ཡིན་ལ། མི་དགེ་བཅུ་ལས་ཕྱི་རོལ་ཕྱོགས་པ་ཡི་ཞེས་དེ་ལས་ལྡོག་པ་སྲོག་སྐྱོབ་པ་སོགས་དགེ་བའི་ལས་བཅུ་པོ་ལ་ཡང་དག་བསྙེན་པར་མཛོད་ཅིག་ཅེས་གསུངས་ཏེ། རིན་ཆེན་ཕྲེང་བ་ལས། ཆོས་འདིས་དམྱལ་བ་ཡི་དྭགས་དང༌། །དུད་འགྲོ་རྣམས་ལས་རྣམ་གྲོལ་ཞིང༌། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་ཐོབ། །བསམ་གཏན་བཞི་དང་གཟུགས་མེད་བཞི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་སོ། །དེ་ལྟ་བུའི་དགེ་མི་དགེའི་རྣམ་བཞག་ཇི་ལྟར་བསྟན་པ་བཞིན་ཤེས་ནས་དེ་རྒྱུད་ལ་བསྙེན་པ་ལས། བསོད་ནམས་ཆ་མཐུན་བཅུ་པོ་དེས་རྣམ་སྨིན་བདེ་འགྲོར་འཕེན་ཅིང༌། མི་དགེ་རྣམ་པ་བཅུས་ངན་འགྲོར་འཕེན་པས་དཀར་ནག་རྒྱུ་འབྲས་ལ་བླང་དོར་ཚུལ་བཞིན་བགྱིད་པ་ནི་སྐྱེས་བུ་ཆུང་ངུའི་ལམ་སྟེ་མདོ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང༌། །ངན་གྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །དེ་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བ་ནི། ལས་དང་ཉོན་མོངས་པའི་ཟག་པ་ལྷག་མེད་དུ་དག་པའི་མྱ་ངན་ལས་འདས་པ་དམ་པའི་རྒྱུ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་དགེ་བ་བཅུ་དང༌། བསམ་གཏན་བཞི་དང་གཟུགས་མེད་སྙོམས་འཇུག་བཞི་དང༌། སྦྱིན་སོགས་ནས་ཤེས་རབ་བར་དྲུག་པོ་བླང་དོར་བྱེད་པ་ཡིན་ལ། དེ་ཡང་ཚོགས་ལམ་ཐོས་པ་གཙོ་ཆེ་བ་དང༌། སྦྱོར་ལམ་སྒོམ་བྱུང་གཙོ་ཆེ་བ་དང༌། མཐོང་ལམ་བདག་མེད་གཙོ་ཆེ་བ་དང༌། སྒོམ་ལམ་བདག་མེད་དང་ཚུལ་ཁྲིམས་གཙོ་ཆེ་བ་བཅས་བསྒྲུབས་ནས་མི་སློབ་པའི་ལམ་སྟེ་ལྔས་བསྡུས་པའི་ཟག་མེད་ཀྱི་དགེ་ཚོགས་ཡིན་ནོ། །ཉན་རང་བཞིན་དགེ་བཅུ་སོགས་བསྒྲུབ་བྱ་དེ་ཡང་བླང་དོར་དུ་དམིགས་པ་ཅན་མ་ཡིན་པར་ཆོས་དང་གང་ཟག་གིས་བསྡུས་པའི་ཕྱི་ནང་ཐམས་ཅད་བདག་མེད་གཉིས་ཀྱི་རང་བཞིན་སྟོང་ཉིད་ཀྱི་དོན་ཤེས་རབ་ཆེན་པོས་ཚུལ་བཞིན་རྟོགས་ནས། དེ་ལྟར་སྟོང་ཉིད་དེ་སྙིང་རྗེས་ཟིན་པའི་སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་ལ་རྒྱས་ཐེབས་པའི་ཐབས་ཤེས་ཟུང་འབྲེལ་གྱི་དགེ་བ་གསེར་འགྱུར་གྱི་རྩི་ལྟ་བུ་དེས། སྲིད་པ་ལ་དོར་བྱའི་མཚན་མ་དང༌། ཞི་བ་ལ་བླང་བྱའི་མཚན་མར་བཟུང་ནས་དེ་གཉིས་མཉམ་ཉིད་དུ་མ་ཤེས་པར་འགལ་བ་ཅན་དུ་ལྟ་བའི་ལྕགས་ཁམས་ལྟ་བུ་ལ་ཐེབས་པས། སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་ཡེ་ཤེས་རྒྱལ་བའི་གཟུགས་སྐུ་ཕྲིན་ལས་རྩོལ་མེད་དུ་འབྱུང་བའི་ཁམས་མཐར་ཐུག་པ་འགྲུབ་པའི་རྒྱུ་ནི། འཇིག་རྟེན་ལས་ཤིན་ཏུ་འདས་པའི་དགེ་བ་ཡིན་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཐེག་ཆེན་སློབ་པའི་ལམ་བཞི་པོའི་དུས་སུ་སྦྱིན་སོགས་སྒྱུ་མའི་ཚུལ་དུ་དམིགས་པར་བྱས་ནས་རྣམ་པ་དང་བཅས་པ་ཉམས་སུ་ལེན་པའི་བསོད་ནམས་ཀྱི་ཚོགས་དང༌། འཁོར་གསུམ་དམིགས་མེད་ཤེས་རབ་ཀྱིས་ཟིན་པའི་ཆ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཟུང་འཇུག་གི་ནུས་པ་ཆེར་གོམས་པའི་སྟོབས་ཀྱིས། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་སྦྱངས་ཏེ་འབྲས་བུ་སྐུ་གཉིས་མངོན་དུ་འཐོབ་པར་འགྱུར་ཏེ་རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །དེ་ཡང་རང་བཞིན་རྣམ་དག་ཆོས་ཉིད་བདེ་གཤེགས་སྙིང་པོ་སྤྲོས་མཐའ་བྲལ་བའི་དག་པའི་ཚུལ་ལ་རྒྱུ་འབྲས་ཐ་སྙད་དུ་བཏགས་པ་ཙམ་ལས་ཐུན་མོང་གི་ཐེག་པ་ལྟར་བསྐྱེད་བྱ་སྐྱེད་བྱེད་དུ་མ་གྲུབ་པའི་དོན་འདི་ནི་ཕལ་གྱིས་རྟོགས་དཀའ་བའི་དེ་ཁོ་ན་ཉིད་ཟབ་མོའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལགས་ཏེ། དགོངས་པ་ངེས་འགྲེལ་ལས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང༌། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ལས་རྒྱུ་འབྲས་ཀྱི་ཚོམས་ཏེ་ལེའུ་གསུམ་པའོ།། །།སྲིད་པའི་གནས་རིས་ན་མངོན་པར་མཐོ་བའི་ལྷ་མིའི་ལུས་རྟེན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་བོ་མཆོག་ལ་བརྟེན་པ་དེ་རྣམས། རེ་ཞིག་ཚེ་འདི་ལ་ངན་སོང་གསུམ་གྱི་ཆུ་སྲིན་གདུག་པའི་ལྕེས་བཏང་བ་སྟེ་དེར་ལྷུང་ཟིན་པ་མ་ཡིན་ཡང༌། ཐར་པ་མྱ་ངན་ལས་འདས་པའི་སྐམ་སར་ཉོན་མོངས་པའི་རླན་དང་བྲལ་བར་མ་ཕྱིན་ཏེ། རྩེ་མོ་ཐོབ་པ་རྩ་མི་འཆད། །བཟོད་ཐོབ་ངན་སོང་ལྷུང་མི་སྲིད། །ཅེས་ཙམ་ཡང་མ་ཐོབ་པས་འཕགས་པའི་བདེན་པ་བཞི་ཡི་དེད་དཔོན་བསྟེན་པར་བྱ་ཞེས་གཟུགས་ཅན་རྒྱན་དུ་སྦྱར་ཏེ། དེ་ཡང་བདག་ཅག་གི་སྟོན་པས་ཝཱ་ར་ཎ་སིར་ལྔ་སྡེ་བཟང་པོ་སོགས་ལ། དགེ་སློང་དག །འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་ངོ༌། །འདི་ནི་འགོག་པའོ། །འདི་ནི་ལམ་མོ། །ཞེས་ངོ་བོའི་སྒོ་ནས་དང༌། ཡང་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་མངོན་དུ་ཐོབ་བྱ། ལམ་བསྟེན་བྱའོ། །ཞེས་རྒྱུའི་སྒོ་ནས་དང༌། ཡང་དགེ་སློང་དག་སྡུག་བསྔལ་ཤེས་ཟིན་ཤེས་པར་བྱ་བ་གཞན་མེད། ཀུན་འབྱུང་སྤངས་ཟིན་སྤང་བར་བྱ་བ་གཞན་མེད། འགོག་པ་མངོན་དུ་བྱས་ཟིན་མངོན་དུ་བྱ་བ་གཞན་མེད། ལམ་རྒྱུད་ལ་བསྟེན་ཟིན་བསྟེན་པར་བྱ་བ་གཞན་མེད། ཅེས་འབྲས་བུའི་སྒོ་ནས་བཟླས་ཏེ་ལན་གསུམ་དུ་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལ་སྡུག་བསྔལ་གྱི་རང་བཞིན་ཤེས་པར་བྱ་བ་ནི། འདི་ལྟར་འཁོར་བའི་གནས་རིགས་དྲུག་པོ་དམའ་བ་ངན་སོང་གསུམ་པོའམ་མཐོ་བ་བདེ་འགྲོ་གསུམ་པོ་ཡང་རུང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་གྱིས་གཏུགས་པ་ལྟ་བུ། འགྱུར་བའི་སྡུག་བསྔལ་བདེ་བ་སྡུག་བསྔལ་ལ་འགྱུར་བ་སྟེ་སྤྲོ་བསངས་ལ་ཕྱིན་པ་དུག་སྦྲུལ་གྱིས་གཙེས་པའམ་ཁ་ཟས་རོ་བདའ་བ་ཟོས་པས་སྲིན་ཕོ་ལང་དུ་སོང་བ་ལྟ་བུ། ཉོན་མོངས་པས་ལྐོག་ཏུ་བྱས་པའི་ཕྱི་ནང་སྡུག་བསྔལ་གྱི་རང་བཞིན་དུ་མ་རིག་པའི་འདུ་བྱེད་པ་ཁྱབ་པ་འདུ་བྱེད་དེ་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པ་འཁོར་བའི་གནས་གང་ཡང་ཡོད་པ་མ་ཡིན་ཏེ་ངན་སོང་གསུམ་སྡིག་འབྲས་ཀྱི་སྡུག་བསྔལ། མི་དང་འདོད་ལྷར་མངོན་གྱུར་དང༌། ཁམས་གོང་མར་བསམ་གཏན་གྱི་ཚོར་བ་སོགས་ཡོད་དོ། །འདི་ལྟར་འཕྲལ་ཕུགས་ཀུན་ཏུ་ཕུང་ཀྲོལ་ཏེ་གནོད་པའི་རྒྱུ་འབྲས་བསྐྱེད་པར་བྱེད་ལ། དུག་སྦྲུལ་གདུག་པ་མགོ་འཕང་བསྟོད་པ་ཡི་གནོད་པ་ལྟར། ཤིན་ཏུ་མ་རུངས་པ་ནི་ནང་དུ་སེམས་ཆགས་སྡང་སོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་འཁྲུལ་སྣང་ལ་མངོན་པར་ཞེན་པ་འདོད་པའི་གདོན་དང༌། ཕྱི་རོལ་གཟུགས་སྒྲ་སོགས་ཡུལ་གྱི་ངོ་བོ་ནམ་མྱོང་བའི་ཚེ་བདེ་བར་སྣང་ཡང་ཕྱིས་གནོད་པས་དུག་དང་འདྲ་སྟེ། དེ་གཉིས་ཕན་ཚུན་ཡུལ་གྱི་རྣམ་པས་སེམས་བསླད་དེ་ལྕགས་བསྲེགས་ཀྱི་དུས་ཀྱི་ཚ་བ་ལྟར་འཛིངས་ཤིང་གཏུགས་ལ། འདོད་པའི་ཉེས་དམིགས་ཤེས་པའི་བློ་གྲོས་ཀྱིས་དབེན་པའི་ཕྱིར་བཙོན་ར་དེ་ཡི་ནང་ནས་ཐར་པའི་གོ་སྐབས་མེད་པར་སྡུག་བསྔལ་གྱིས་གདུངས་ཤིང་ཉམ་ཐག་པའི་རང་ཅག་འཁོར་བར་བསམ་ན་སྙིང་ནས་སྐྱོ་བ་འཕེལ་ལོ། །འཁོར་བའི་སྐྱེ་བོ་བདེ་བ་འདོད་ཅིང་དེ་སྒྲུབ་པ་ལ་མངོན་པར་སྦྱོར་ཞིང་སྒོ་གསུམ་ཚེགས་ཆེན་པོས་བརྩོན་པ་དག་ཀྱང༌། དེའི་རྒྱུ་མི་ཤེས་པས་གཏི་མུག་གི་མཐུས་ནོན་ཏེ་ལོག་གཡེམ་སོགས་སྡུག་བསྔལ་གྱི་རྒྱུ་སྣ་ཚོགས་པ་དེའི་འབྲས་བུ་སྡུག་བསྔལ་གྱི་མཚོན་ཆ་རྣོན་པོའི་དབལ་ལ་བརྟེན་པར་བྱས་པས། འཕྲལ་དང་ཡུན་གྱི་གནོད་པའི་གནས་སུ་རང་གིས་རང་ཉིད་ཡང་དག་སྦྱར་ཏེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། བདག་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སོ། །ཆགས་པས་འདི་ཕྱིར་སྡུག་བསྔལ་བྱེད་པ་ནི། མར་མེའི་གཟུགས་མཛེས་པ་དང་དེར་ཕྱེ་མ་ལེབ་ཆགས་པས་བསྲེགས་ནས་འཆི་བ་བཞིན་དུ། བསྟོད་སོགས་སྙན་པའི་སྒྲ་ལ་རྣ་ཤེས་དང༌། ཐ་མ་ཁ་སྟེ་སྣ་དུད་སོགས་དྲི། ཤ་སོགས་རོ། བུད་མེད་དང་དར་གོས་སོགས་ལུས་རེག་བྱ་ལ་ཆགས་པར་བྱས་པས་བསླུས་ཏེ་ཐར་པའི་ལམ་གྱི་སྲོག་འཕྲོག་པར་འགྱུར་བ་ནི། རྣ་བ་སྒྲར་ཆགས་པས་པི་ཝཾ་སོགས་ལ་བརྟེན་ནས་རི་དྭགས་དུག་མདས་གསོད། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་འཛིན་པ་དང༌། གླང་པོ་ཆེ་དགའ་མའི་རེག་བྱ་ལ་ཆགས་པས་འདམ་དུ་རང་སྲོག་དང་བྲལ་བ་སོགས་འདོད་པའི་ཡུལ་ལྔ་དག་རེ་རེས་བསླུས་པ་དང་རྟེན་ཅིང་འབྲེལ་ཏེ། དབྱིག་གཉེན་གྱིས། སྐྱེས་བུ་དག་ནི་གཅིག་ལ་ཡང༌། །ལྔ་པོ་འདི་དག་རྟག་ལྡན་ཞིང༌། །ཉིན་མཚན་དུ་ནི་རབ་འཇོམས་ན། །བདེ་བ་ཇི་ལྟར་ཐོབ་པར་འགྱུར། ཞེས་སོ། །སྲིད་པ་འཁོར་བའི་ཡུལ་ལ་སྡུག་བསྔལ་ཐུ་བ་ནི་གང་དང་ཕྲད་པ་ཙམ་གྱིས་ཚར་གཅོད་པར་བྱེད་པ་གཏུམ་པོའི་མེ་ཡིན་ནའང་སྡུག་བསྔ་ལ། བཤེས་མེད་དུ་ཁྲོ་ཞིང་འཚེ་བའི་མངོན་སྤྱོད་རྩུབ་པ་སྟག་དང་སེང་གེ་སོགས་གཅན་གཟན་དང༌། མི་རྒོད་སོགས་ཀྱི་གནོད་པས་གཙེས་པ་དང༌། རྒྱལ་པོའི་ཆད་པས་བཙོན་དོང་དུ་བཅུག་པ་སོགས་ཀྱིས་འཚེ་བ་དང༌། དེ་ལས་ཀྱང་ཤུགས་མྱུར་ཞིང་རྒྱུན་རིང་བའི་སྡུག་བསྔལ་ནི། རྩ་བའི་སྡུག་བསྔལ་གསུམ་དང༌། སྐྱེ་རྒ་ན་འཆི་སོགས་ཡན་ལག་གི་སྡུག་བསྔལ་བརྒྱད་རྣམས་སྔ་ཕྱི་བརྒྱུད་མར་འབྱུང་བས་འགྲོ་བ་འདི་མནར་བ་ཡིན་ནོ། །ཐོག་མེད་ནས་འཁོར་བའི་གནས་འདིར་བདག་ལ་ཕ་མ་སོགས་ཕན་འདོགས་པའི་བཤེས་སམ། མཐུན་མི་མཐུན་གང་ཡང་མིན་པའི་བར་མ་དང༌། ཉེ་བའི་གཉེན་དང༌། འཁོན་པའི་དགྲ་བོ་འདི་ཙམ་ཞེས་བསམ་པར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། མཐའ་དག་སྟེ་མ་ལུས་པའི་སེམས་ལྡན་གྱི་ནང་ནས་རེ་རེས་ཀྱང་དགྲ་དང་གཉེན་མཛའ་བཤེས་དང་བར་མའི་ཕྱོགས་གསུམ་བཟུང་ནས། ཕ་མ་སོགས་གཉེན་བཤེས་སུ་གྱུར་ན་ཕན་བཏགས་པ་དང༌། དགྲར་གྱུར་པའི་ཚེ་གནོད་པ་སྦྱིན་པ་དང༌། བར་མ་བཏང་སྙོམས་སོགས་བསམ་ལས་འདས་པ་མཆིས་ན་སེམས་ཅན་སྨོས་ཅི་འཚལ་ཏེ། འཕགས་པ་ཀཱཏྱ་ནས་བསོད་སྙོམས་བྱོན་པའི་ཚེ་སྔར་གྱི་ལས་འབྲས་གཟིགས་ཏེ། ཕ་ཤ་ཟ་ཞིང་མ་ལ་བརྡེག །ལས་ངན་དགྲ་བོ་པང་དུ་ཁུར། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་དང༌། བཤེས་སྤྲིངས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིགས་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སོ། །སྲོག་ཆགས་གྲོག་སྦུར་སོགས་ཤིན་ཏུ་ཕྲ་བ་རྡུལ་ཕྲན་ལྟ་བུའི་སེམས་ཅན་མང་པོའི་ལུས་ཀྱི་རྣམ་གྲངས་མང་པོ་སྨོས་ཅི་དགོས། བདག་གཅིག་པུའི་སྲོག་གི་རྟེན་འོས་པ་ཤིན་ཏུ་ཕྲ་བའི་གཟུགས་སུ་གྱུར་པ་དེ་དང༌། འདོད་པའི་དངོས་པོ་བསྒྲུབ་པའི་ཕྱིར། མགོ་དང་ཡན་ལག་རྣམས་མཚོན་ཆ་སོགས་ཀྱིས་བཅད་གཏུབ་བགྱིས་སོ་ཅོག་སྤུངས་ན་དཔག་ཚད་བརྒྱད་ཁྲི་རི་རབ་ལྷུན་པོའི་ཆེ་ཐང་ཡང་ཉམས་ཏེ་དེ་བས་ཀྱང་ཆེས་ལྷག་པར་འགྱུར་ཞིང༌། ཚ་དམྱལ་གྱི་གནས་སུ་ལན་གྲངས་མང་དུ་ཟངས་ཞུན་ཁོལ་མ་འཐུངས་པ་དང༌། བརྒྱ་ལ་རེས་འགའ་ཡི་དྭགས་ཀྱི་ལུས་སུ་གྱུར་ནས་རྣག་ཁྲག་དང་ཕྱི་ས་སོགས་མི་གཙང་བ་ཟོས་པ་དང༌། འཁོར་བའི་གནས་མཐོ་དམན་ཀུན་ཏུ་ལུས་སེམས་སྡུག་བསྔལ་བའི་རྒྱུ་ལས་མཆི་མ་ཟག་པ་རྣམས་ཀྱང་ཕྱོགས་མཐའ་ལ་གཏུགས་པའི་རྒྱ་མཚོར་འབབ་པའི་ཆུ་ཀླུང་དག་ལས་ཀྱང་མང་ངོ་ཞེས་དྲན་པ་ཉེར་བཞག་སོགས་ལས་གསུངས་སོ། །སྤྱིར་འཁོར་བའི་གནས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཀྱང་ཁྱད་པར་ངན་སོང་གསུམ་དང༌། དེའི་ནང་ནས་ཀྱང་དམྱལ་བའི་སྡུག་བསྔལ་ནི་ཚད་མེད་དེ་མཐའ་ཡས་སོ། །འོན་ཏེ་ཕྱོགས་ཙམ་བཤད་ན་ལྕགས་ཀྱི་མདག་མེ་འབར་ཐར་གནས་བཞིན་ཕན་ཚུན་གཅིག་གིས་གཅིག་མཐོང་ན་དགྲ་མི་ཤ་བོ་བཞིན་ཞེ་ལྡང་གི་མཚོན་ཆ་སྣ་ཚོགས་པས་གསོད་ཅིང་ལས་ཀྱིས་སོས་ཞེས་སྒྲ་གྲགས་པའི་མོད་ལ་སླར་ཡང་སོས་པར་འགྱུར་ལ། དེ་ཡང་དྲན་པ་ཉེར་བཞག་ལས། །མི་གང་མི་ནི་གསོད་པ་དང༌། །གཞན་ཡང་བསྐྱེད་ནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །ཞེས་སོ། །ཐིག་ནག་ནི་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ནས་གྲངས་མེད་བར་སོག་ལེས་གཤོག་ལ། སླར་ཡང་ལས་ཀྱི་དབང་གིས་འབྱར་ལ་གཤོག་པ་སོགས་སྡུག་བསྔལ་རྒྱུན་མི་འཆད་པར་མྱོང་བར་འགྱུར་ཏེ། དེའི་རྒྱུ་ནི། ཕ་མ་དང་ནི་གྲོགས་དང་གཉེན། །གཉེན་བཤེས་ལ་ནི་འཁུ་བྱེད་དང༌། །ཕྲ་མ་རྫུན་ནི་སྨྲས་པའི་མི། །ཐིག་ནག་ཏུ་ནི་འགྲོ་བར་འགྱུར། །ཞེས་དྲན་པ་ཉེར་བཞག་ལས་གསུངས་སོ། །གསུམ་པ་བསྡུས་འཇོམས་ནི། ད་ལྟ་བསད་པའི་སྲོག་ཆགས་ཀྱི་མགོ་བརྙན་དུ་ཡོད་པའི་བྲག་རི་ཕན་ཚུན་འཐབ་པའི་བར་བཅར་བ་དང༌། གཏུན་དང་ཐོ་བས་འཐག་པར་བྱེད་དེ། རྒྱུ་ནི། ར་དང་ལུག་དང་ཝ་ཕག་དང༌། །རི་བོང་བྱི་བ་རི་དྭགས་སོགས། །གཞན་ཡང་བསྐྱེད་ནས་བསད་བྱས་ན། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །ཞེས་དྲན་ཉེར་ལས་སོ། །བཞི་པ་ངུ་འབོད་ནི། ངུ་འབོད་དྲག་པོའི་སྡུག་བསྔལ་གྱིས་གདུང་སྟེ་ལྕགས་ཞུན་བསྐོལ་བར་ལས་ངན་པའི་སེམས་ཅན་མང་པོ་རབ་ཏུ་འཚོད་ཅིང༌། མེ་འབར་བའི་ཐོ་བ་རལ་གྲི་སོགས་ཀྱིས་དབད་ཅིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོའི་འོ་དོད་འབོད་པ་སྟེ། རྒྱུ་ནི། འདིར་ནི་ལུས་ཅན་གང་དག་གིས། །ལུས་དང་ངག་ཡིད་ཉོན་མོངས་བྱེད། །གང་དག་ལྷད་འཇུག་གཞན་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །ཞེས་པ་ལྟར་རོ། །ལྔ་པ་ངུ་འབོད་ཆེན་པོ་ནི། སྔར་གྱི་དེ་ལས་སྡུག་བསྔལ་ཆེ་བས་འབོད་སྒྲོག་ཆེན་པོ་ལྕགས་ཁྱིམ་འབར་བ་ཉིས་རིམ་སོགས་སུ་བཙུད་ནས་བསྲེག་པས་འོ་དོད་འདོན་ཏེ། རྒྱུ་ནི། གང་གིས་ལྷ་དང་བྲམ་ཟེ་དང༌། །བླ་མའི་རྫས་འཕྲོག་སྡུག་བསྔལ་བྱས། །གང་དག་གཏམས་པའི་འཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །ཞེས་པ་ལྟར་རོ། །དྲུག་པ་ཚ་བ་ནི་ལྕགས་ཀྱི་ས་གཞི་འབར་བར་གན་རྐྱལ་དུ་བརྡུང་ཞིང་བསྲེགས་པས་ཚ་བ་དང༌། ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བས་ལུས་ཀུན་ལ་གྱེན་དུ་དྲངས་ཤིང་ཐལ་མར་འབིགས་པའོ། །བདུན་པ་རབ་ཏུ་ཚ་བ་ནི། སྔ་མ་བས་ཀྱང་མེ་མཚོན་སོགས་རབ་ཏུ་ཚ་བའི་སྡུག་བསྔལ་མྱོང་ཏེ། མདུང་ཐུང་རྩེ་གསུམ་པས་ལུས་ཀྱི་གཞུང་འབིགས་ཤིང༌། ཕྱི་ནས་ལྕགས་བསྲེག་ཀྱི་ལེབ་མས་དཀྲི་བ་དང༌། ཡང་ལྕགས་ཟངས་ཀུན་ཏུ་འབར་བའི་ནང་ཁྲོ་ཆུ་ཁོལ་མར་འཚོད་ཅིང་རུས་གོང་དཀར་ནག་སོགས་སྐྱི་གཡའ་བ་དང་བཅས་པའོ། །བརྒྱད་པ་མནར་མེད་པ་ནི། སྡུག་བསྔལ་བར་མཚམས་མེད་ཅིང་དེ་ལས་ལྷག་པར་མནར་དུ་མེད་དོ། །ཕྱོགས་མཚམས་མེད་པར་ཀུན་ཏུ་འབར་བའི་ལྕགས་ཁྱིམ་ཉིས་རིམ་དང་བཞི་རིམ་དུ་ཚུད་ནས་རབ་ཏུ་འབར་བར་སྲེག་བྱེད་ཀྱི་མེ་དང༌། བསྲེག་བྱའི་སེམས་ཅན་གཉིས་མེད་དུ་བསྲེགས་པར་འགྱུར་ཏེ། དམྱལ་བའི་རབས་ལས། ཡོན་ཏན་དག་གི་ཆེ་བ་ལ། ཆོས་སྤངས་ཤིང་སྐུར་པ་བཏབ་པ་སོགས། མཆན། །གནོད་པ་དྲག་པོ་བྱས་པ་ལས། །ཕ་མ་བླ་མ་བསད་བྱས་པ། །ངེས་པར་བསྐལ་པར་མནར་མེད་འཚེད། །ཅེས་སོ། །ཉེ་འཁོར་དུ་དམྱལ་གནས་བརྒྱད་པོའི་སྡུག་བསྔལ་ཉིད་ལས་ཅུང་སྲབ་ནས་དེ་ལས་ཐར་པའི་དབུགས་འབྱིན་པར་སྣང་ནས་བྲོས་པའི་ཀུན་རྟོག་གིས་སོང་བ་ན། སོ་སོའི་ཕྱོགས་བཞི་ན་ཡོད་པ་ཉེ་འཁོར་བཅུ་དྲུག་ཞེས་བྱ་སྟེ་གནས་སྔ་མ་དེ་དག་གི་སྒོ་འཕར་བྱེ་བ་སྣང་ཚེ། ཆུ་ཀླུང་གི་འདུ་ཤེས་ཀྱིས་བསྙེགས་པས་ལྕགས་ཁྱི་རལ་པ་ཅན་གྱིས་དེད་ནས་མདག་མེའི་འོབས་སུ་ཚུད་པ་དང༌། སླར་བསིལ་ཉམས་ཀྱི་བདེ་བར་སེམས་ནས་སོང་བས་རོ་མྱགས་རུལ་བ་དང་ཕྱི་སའི་འདམ་རྫབ་སྟུག་པོར་ལྷུང་ནས་འབུ་རྡོ་རྗེའི་མཆུ་ཅན་གྱིས་ཕུག་པ་དང༌། སླར་ཡིད་དུ་འོང་བའི་ཐང་མཐོང་ནས་སོང་བས་རལ་གྲིའི་ལོ་མའི་ནགས་ཚལ་གྱིས་དུམ་བུར་བཅད་པ་དང༌། སླར་སོང་བས་ཐལ་ཚན་གྱི་ཆུ་བོ་རབ་མེད་དུ་བྱིང་ནས་སྡུག་བསྔལ་གཤིན་རྗེའི་ཁ་བས་ཐུ་བར་འགྱུར་རོ། །འདོད་ལོག་སྤྱད་པས་རོ་མྱགས་འདམ་དུ་སྐྱེ་བ་དང༌། སེམས་ཅན་ལ་མཚོན་ཆས་སྡུག་བསྔལ་བར་བྱས་བར་བྱས་པ་རལ་གྲིའི་ནགས་ཚལ་དང༌། མ་སྨིན་པའི་གཞོན་ནུ་མ་བསྟེན་པ་དང༌། དགེ་འདུན་གྱི་རྫས་ལ་རློམ་སེམས་བྱས་པ་དང༌། ཆུ་གནས་སོགས་བསད་པ་ཆུ་བོ་རབ་མེད་དེ། དམྱལ་གནས་དེ་དག་གི་ཕྱོགས་བཞིར་ཤལ་མ་ལི་ཡི་སྡོང་པོར་མཛའ་ཞིང་ཡིད་བཅུགས་པ་དག་གིས་སྔར་ཆགས་པའི་དམ་བཅའ་དྲན་ནས་དེར་བསྙེགས་པའི་ལམ་དུ་ཁྱི་དང་ལྕེ་སྤྱང་སོགས་ཀྱིས་དེད་ནས། ལྕགས་ཀྱི་ཚེར་མ་རྣོན་པོ་གྱེན་ཐུར་དུ་བསྟན་པས་ཚབས་ཆེན་ཕུག་པའི་ལུས་དེའི་རྩེར་ཐོན་པའི་ཚེ་སྔར་གྱི་འཛའ་གཅུག་དེ་འབར་ཞིང་རྩུབ་པའི་ལྕགས་ཀྱི་བུད་མེད་ཀྱི་ལུས་སུ་གྱུར་ནས། དམ་དུ་བཟུང་ཞིང་འཁྱུད་པས་ལུས་ཚིག་ཅིང་ཤ་ཁྲག་འཐོར་ཀླད་པ་ཆིལ་གྱིས་བྱུང་བ་སོགས་མྱོང་མཐར། ཁྭ་ཏ་རྡོ་རྗེའི་མཆུ་ཅན་དང༌། བྱ་རྒོད་དུར་བྱ་སོགས་ཀྱིས་མིག་ལ་འདྲུ་ཞིང་ལྟོ་འདྲེན་པར་བྱེད་དེ། དྲན་པ་ཉེར་བཞག་ཚིག་ལེའུར་བྱས་པ་ལས། བྱི་ཕོ་བྱེད་པ་ཤལ་མ་ལིར། །འཛེག་ཅིང་ལྕགས་ཀྱི་བུད་མེད་འཚེ། །ཞེས་སོ། །ཚེ་ཚད་ནི་གོང་མར་འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་སོགས་ཤེས་པར་བྱའོ། །གྲང་དམྱལ་ནི། གཅོང་རོང་ཡ་ང་བར་ཁ་ཆར་བུ་ཡུག་གིས་སྦྲེབས་པ་དེས་ལུས་འདར་བའི་ཐག་པ་ལྟ་བུ་ཡིས་བཅིངས་ཏེ་ཕན་ཚུན་འགུལ་བསྐྱོད་བྱེད་པར་མི་ནུས་ཤིང༌། གུམ་གུམ་པོར་འགྱུར་བཞིན་སྡུག་བསྔལ་གྱི་ཚོར་བར་རྣམ་ཤེས་འཐོགས་ནས་གསོན་པའི་སྐབས་ཙམ་དེ་ཡང་ཡོལ་མི་ཐུབ་པར། དཔེས་མཚོན་དུ་མེད་པའི་རླུང་གི་མཚོན་ཆ་རྣོ་ངར་ཅན་གྱིས་རུས་པའི་གཏིང་ཕུག་པའི་སྟོབས་ཀྱིས། གྲང་རེག་གིས་ལུས་ཕྱི་ནང་ཐམས་ཅད་བཏབ་པ་ནི། དཔེར་ན་སོ་ཡི་བར་དུ་ཏིལ་འབྲུ་འཚིར་བ་ལྟར་གྲང་རེག་གིས་གདུང་བར་འགྱུར་རོ། །ཧ་ཅང་གྲང་ཆེ་བས་ལུས་ལ་ཆུ་བུར་བྱུང་བས་ཆུ་བུར་ཅན་དང༌། དེ་བརྡོལ་ནས་རྨར་གྱུར་པས་ཆུ་བུར་བརྡོལ་བ་དང༌། གྲང་ཚོར་མི་བཟོད་པའི་ཨ་ཆུའི་སྨྲེ་སྔགས་ནར་མར་འབྱིན་པ་དང༌། དེ་ཙམ་སྨྲ་མི་ནུས་པས་ཀྱི་ཧུད་ཅེས་ཤུགས་རིང་འདོན་པ་དང༌། དེའང་ཟེར་མ་ནུས་པར་སྐྲ་སྤུ་རྣམས་གཡེང་ནས་ལུས་སེམས་བློང་བློང་པོར་འགྱུར་བས། སོ་འཐམ་འཐམ་པ་ཅན་དང༌། དེ་ནས་ཨུཏྤལ་ལྟར་པགས་པ་སྔོན་པོར་གྱུར་ནས་དྲུག་ཚལ་དུ་གས་པ་དང༌། དེ་གཉིས་རིམ་སོགས་པདྨ་དང་ནི་པདྨ་ཆེན་པོ་གཉིས་ནི་རིམ་པ་ལྟར་བརྒྱད་དང་བཅུ་དྲུག་ནས་གྲངས་མེད་དུ་གས་པའོ། །དེ་ལྟར་གས་པའི་རྨ་ནང་ནས་ཁྲག་ཆུ་སེར་སོགས་འཛག་ཅིང་སྲོག་ཆགས་མཆུ་རྣོན་པོ་ཅན་མང་པོ་སྐྱེས་ཤིང་དེ་ཀུན་གྱིས་འབིགས་ཤིང་བཟའ་བ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །ཚེ་ཚད་ནི་ཏིལ་བྲེ་བོ་ཆེ་ཁལ་ཉི་ཤུ་ཤོང་བའི་ཚད་དེ། མངོན་པ་མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་རེར། །ཏིལ་རེ་ཕྱུང་བས་ཟད་གྱུར་ན། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་སོ། །ཡན་ལག་ཉི་ཚེ་བ་ནི། མགལ་དུམ་སོགས་ལ་ལུས་སུ་འདུ་ཤེས་པས་དེ་བཅད་གཤགས་སོགས་བྱས་པས་སྡུག་བསྔལ་བ་དང༌། སྒོ་འཕར་མེད་པ་རྡོ་ཆུང་ངུ་དང༌། ཕ་ཝང་སོགས་རྡོ་ཆེན་པོ་ལ་རྟག་ཏུ་འཐུམས་ནས་སྡུག་བསྔལ་བ་དང༌། དེ་བཞིན་དུ་སྒོ་དང་ཀ་བ་དང་ཐབ་ཀ་དང༌། ཐག་པ་གང་དང་ཆབ་རོམ་ཤིང་ལོར་འཐུམས་པ་དང༌། ནམ་མཁར་གཡོ་བ་སོགས་སྔོན་དགེ་འདུན་གྱི་རྫས་དང་གཙུག་ལག་ཁང་གི་ཆ་རྐྱེན་སོགས་ལ་དབང་ཟོས་ཏེ། མི་དབང་བཞིན་ལོངས་སྤྱད་པ་ལ་སོགས་པ་སྣ་ཚོགས་པའི་མི་དགེ་བའི་ལས་ཀྱིས་མེད་བཞིན་སྤྲུལ་པའི་སྣང་བ་ལ་རང་གཟུགས་འདུ་ཤེས་ནས། དེ་ལ་ཉེ་བར་ལེན་པའི་སྡུག་བསྔལ་ཟད་མི་ཤེས་པ་རྟག་པར་རམ། ཉིན་མཚན་ཕྱེད་མའམ། ཡུད་ཙམ་སོགས་མྱོང་བ་ཡིན་ཏེ། མོངྒལ་གྱི་བུས། སྲིད་པ་ན་ནི་བདེ་བ་མེད། །ཉི་འཚེ་བ་བཞིན་འགྲོ་བ་ཀུན། །སོ་སོའི་སྡུག་བསྔལ་རྣམས་ཀྱིས་གདུངས། །འབར་བའི་ཁྲོད་ན་གནས་པ་འདྲ། །ཞེས་གསུངས་སོ། །དེ་ཡི་ཕྱིར་ན་སྐྱེ་བའི་རང་བཞིན་ཡུལ་ཕྲན་ལ་ཤྭ་འོད་དེ་ཆུ་ལོག་ཆེན་པོ་བརྡོལ་བ་ལྟར་སྡུག་བསྔལ་གྱི་རྦ་རླབས་ཅ་ཅོ་སྒྲོགས་པ་འདི་ཉིད། ད་ལྟ་ཐོས་བསམ་སོགས་ཤེས་རབ་ཀྱིས་མ་བཟློག་ན། ཆོས་སྒྲུབ་པའི་རྟེན་ལྷ་བས་ལྷག་པའི་ལུས་རྟེན་ཆུ་ལོན་ཏེ་ཆུ་བཀག་པའི་ར་བ་ཡང༌། གློ་བུར་དུ་བཤིག་ཅིང་འཚོ་བའི་བརྟན་པ་དང་བྲལ་ཏེ་སྐྱེ་བ་ཕྱི་མར་ཉིང་མཚམས་སྦྱར་བའི་དབང་གིས་མྱ་ངམ་གྱི་ཐང་གནོད་པ་དང་སྡུག་བསྔལ་དུ་མའི་རང་བཞིན་ཅན་སྲིད་པའི་གནས་སུ་ཡང་དང་ཡང་དུ་འཁྱམས་ཤིང་འཁོར་བར་འགྱུར་རོ། །མངོན་མཐོའི་གོ་འཕང་ཐོབ་ཀྱང་མི་ཕན་པར་གདམས་ཏེ། ཁམས་གོང་མའི་གཟུགས་མེད་བཞི་ནི་བདེ་སྡུག་གི་ཚོར་བ་མེད་པའི་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལུང་མ་བསྟན་པའི་འཕེན་བྱེད་ཀྱི་ལས་དང༌། ཏིང་འཛིན་གྱི་ཤུགས་ཟད་ནས་སྔོན་གྱི་ལས་སྲེད་ལེན་གྱིས་གསོས་བཏབ་ནས་སྲིད་པ་ཕྱི་མར་སྐྱེ་བ་འདུ་བྱེད་ཅིང་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་དང༌། ཚངས་རིས་ནས་འབྲས་བུ་ཆེ་བའི་བར་གཟུགས་ཁམས་ཀྱི་ལྷ་རྣམས་བསམ་གཏན་བཞིའི་བདེ་བ་དེ་དང༌། སྔ་མའི་འཕེན་བྱེད་ཀྱི་ལས་ཟག་བཅས་ཀྱི་བདེ་བ་ཟད་དེ། འོག་མ་དམྱལ་བ་ལ་སོགས་པར་ལྟུང་བར་འགྱུར་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །ཆགས་བྲལ་གྱི་བདེ་བ་ལ་ལོངས་སྤྱོད་པའི་ཚངས་པ་དང༌། འདོད་ཁམས་པའི་ས་གཞིར་བརྟེན་ནོ་ཅོག་གི་དཔལ་འབྱོར་ལོངས་སྤྱོད་ཆེ་བ་ལྷ་དབང་ཀཽ་ཤི་ཀ་དང༌། རིན་པོ་ཆེ་སྣ་བདུན་གྱིས་བདར་ཞིང་གླིང་བཞིར་དབང་བའི་འཁོར་ལོས་བསྒྱུར་བ་ལ་སོགས་པ་ཡང༌། དཔེར་ན་སྤྲིན་བར་ཉི་བཞིན་དཀར་པོའི་ལས་ཀྱི་རྣམ་སྨིན་སྟོབས་ལྡན་གྱིས་སྐབས་བཙལ་ཏེ། བདེ་སྐྱིད་ལ་ལོངས་སྤྱོད་མྱོང་བ་དེ་སྔ་མའི་དགེ་འབྲས་ཟད་ཅིང་སྤངས་པའི་མོད་ལ། དཔེར་ན་མར་མེའི་ལྕེས་རིམ་བཞིན་འཐུང་བའི་ཞུན་མར་ཟད་པ་ན་མར་མེའི་འོད་ཉམས་པ་བཞིན་དུ་བདེ་འབྱོར་ཐམས་ཅད་ཉམས་པར་འགྱུར་ཏེ། བཤེས་སྤྲིང་ལས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་སོ། །ཇི་ལྟར་རི་རབ་ཀྱི་སྤོ་ཁ་ཁྱེར་སྟེང་གི་གྲོང་ཁྱེར་ལྟ་ན་སྡུག་གི་ས་གཞི་ལ་རྐང་པས་མནན་ན་ནེམས་ཤིང་བཏེགས་ན་སྤར་བར་བྱེད་པའི་གནས་དང༌། ལྷ་གོས་པན་ཙ་ལི་ཀ་ལ་སོགས་པ་རེག་པ་འཇམ་པོ་དང༌། ཉེ་དབང་དང་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་དང༌། ཀླུ་དང༌། མིའམ་ཅིའི་རྒྱལ་པོ་སོགས་ཀྱི་གཙུག་གི་ལ་ཐོད་དང་ནོར་བུ་མརྒད་སོགས་རིན་པོ་ཆེའི་ཐོར་ཚུགས་རྣམས་གཏུགས་པའི་འོད་ཀྱིས་རྐང་པའི་ཆུ་སྐྱེས་དམར་པོར་བྱས་པའི་ལྷའི་དབང་པོ་ཡང་ལས་ཀྱི་འཕེན་པ་ཟད་ནས་དམྱལ་བར་སྐྱེས་པས་ལྕགས་ཀྱི་གསལ་ཤིང་འབར་བའི་རྩེ་མོར་བསྐྱོན་ཏེ་གདུང་བར་འགྱུར་རོ། །འདོད་པའི་ཉེས་དམིགས་འདི་ལྟར་མཐོ་རིས་ལྷའི་བུ་མོའི་ལང་ཚོའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པའི་ནུ་མ་གསར་པ་ལ་རེག་པའི་བདེ་བའི་འཁྲི་ཤིང་བསྟེན་ཏེ། དཔག་བསམ་ཤིང་སོགས་གོས་རྒྱན་སྣ་ཚོགས་པའི་དགའ་ཚལ་དང༌། རིན་པོ་ཆེའི་གཞལ་མེད་ཁང་མཛེས་ཤིང་ཡིད་དུ་འོང་བའི་མུ་ཏིག་སོགས་རིན་པོ་ཆེའི་དྲྭ་ཕྱེད་དང་དྲིལ་གཡེར་གོས་རྒྱན་སྣ་ཚོགས་པའི་རྒྱན་ཆ་ཅན་དག་ཀྱང་སྤངས་ནས་མེ་མུར་གྱི་འོབས་དང༌། རལ་གྲིའི་ཚལ་སོགས་ཀྱི་ནང་སྤྱིའུ་ཚུགས་སུ་ལྷུང་སྟེ། འཆི་ལ་ཉེ་བའི་སྐབས་སྔ་ལྟས་སུ་གོས་ལ་དྲི་ཆགས་པ་དང༌། རང་གི་མལ་སྟན་དང་མེ་ཏོག་རྙིང་པར་གྱུར་པའི་ཚེ། སྔར་བསྙེན་བཀུར་བྱེད་པའི་ལྷ་མོ་དག་གིས་ཀྱང་དོར་ཏེ། སྔོན་མེད་ཀྱི་རྔུལ་གྱིས་ལྷ་དེའི་ལུས་དང་གདོང་པ་ལ་གོས་པར་གྱུར་ནས་བཀྲུ་བའི་ཟོལ་ཏེ་ཚུལ་དེ་དག་ཞིག་ནས་དྲུང་དུ་མི་ཉེ་བར་གྱུར་པ་ན། འདུ་ཤེས་ནི་འཁྲུགས་ཕྱི་མའི་སྐྱེ་གནས་རྣམས་ལྷའི་མིག་གིས་མཐོང་ཞིང་བསྡངས་ལ་བརྒྱལ་བས། མཛའ་བཤེས་རྣམས་ཀྱིས་རྒྱང་རིང་ནས་བོས་ཏེ་ལྷ་མིར་སྐྱེ་བའི་སྨོན་ལམ་འདེབས་པ་ལས་ཉེ་མི་ནུས་སོ། །དེའི་ཚེ་སྙིང་རྗེའི་སྐད་དུ་ཀྱི་ཧུད་སོགས་ཟེར་བཞིན་ཉེ་དུ་རྣམས་ལ་བལྟ་ཞིང་ངུ་བ་ཡི། གནས་དེར་འཆི་ཞིང་གཞན་དུ་འཕོ་བའི་སྡུག་བསྔལ་ལྷའི་ཞག་བདུན་དུ་མྱོང་བ་ལྟ་བུ་ནི་མི་རྣམས་ལ་གཏན་དུའང་མེད་དོ། །རི་རབ་ཀྱི་ཕྱེད་དུ་སླེབས་པའི་གཉའ་ཤིང་འཛིན་རིའི་ས་བླ་ཡི་སྟེང་དུ་འགེགས་པ་ཡི་རྒྱ་ཁྱོན་དང་ལྡན་པ་གདུགས་ལྟ་བུར་གྱུར་ཅིང་གླིང་བཞིའི་མུན་པ་སེལ་བའི་སྣང་བྱེད་ཆེན་པོ་ཉི་ཟླ་གཉིས་པོའི་རྟེན་དང་གཞལ་མེད་ཁང་གི་འོད་ཡིན་ནའང༌། སླན་ཆད་གླིང་བར་མུན་པའི་སྨག་གི་བཙོན་ར་རུ་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་ལོང་བ་ཆེན་པོའི་གནས་སྐབས་འཐོབ་པར་འགྱུར་རོ། །གསེར་གྱི་ས་གཞིར་བརྟེན་པའི་ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ཀྱིས་ཁང་བཟང་གདམས་པ་ཅན་དང༌། གྲོང་ཁྱེར་གསེར་ལྡན་འདུན་ས་ནོར་བཟང་སོགས་འབྱོར་པ་དུ་མས་སྙེམས་ནའང་སུམ་ཅུ་རྩ་གསུམ་པའི་ལྷ་ཡི་རྣམ་རྒྱལ་ཁང་བཟང་དང༌། གྲོང་ཁྱེར་ལྟ་ན་སྡུག །འདུན་ས་ཆོས་བཟང་སོགས་ཆེས་ལྷག་པའི་དཔལ་འབྱོར་ལ་སྡང་བའི་ཕྲག་དོག་གི་དགྲ་སྟྭ་མ་རུངས་པས་རང་སྙིང་ཀྱི་ཤེས་རྒྱུད་ཚལ་པར་བཀས་ཏེ་ཉམས་པར་བྱས་ནས་སླར་ལྷ་རྣམས་དང་འཐབ་པའི་ཚེ། ལྷའི་དཔུང་བརྡལ་པ་ནི་ཤིན་ཏུ་གཏུམ་པོའི་མཚོན་ཆ་སྣ་ཚོགས་ཀྱིས་གཡུལ་ངོར་ལྷ་རྣམས་དབུ་བཅད་ན་མ་གཏོགས་ཕམ་པ་དང་བྲལ་ཞིང༌། ལྷ་མ་ཡིན་རྣམས་ནི་མི་བཞིན་དུ་བདག་ཉིད་ཀྱི་གནད་ཆེ་སར་ཕོག་ན་འཆི་བར་འགྱུར་བས། ལྷའི་མཚོན་ཆ་དྲག་པོ་རྣམས་ཀྱིས་མགོ་དང་ཡན་ལག་བཏུབ་པ་ལ་སོགས་པའི་སྡུག་བསྔལ་གྱིས་ལྷ་མིན་མནར་ཏེ། རྒྱུ་ནི། ལྷ་མིན་རབས་ལས། རྟག་ཏུ་གཡོ་དང་སྒྱུ་སྤྱོད་ཅིང༌། སྡིག་པ་དག་ནི་མང་བྱས་ལ། །འཐབ་ལ་དགའ་ཞིང་སྦྱིན་བྱེད་པ། །དེ་ནི་ལྷ་མིན་དབང་ཕྱུག་འགྱུར། །ཞེས་སོ། །མི་རྣམས་སྲོག་གི་འཚོ་བ་སྐད་ཅིག་གིས་མི་རྟག་སྟེ་ཆུའི་ཆུ་བུར་ལྟ་བུར་ད་ལྟ་ཡོད་ཀྱང་ད་ལྟ་ཞིག་ཅིང་གཡོ་བ་ཡི་ཚེ་ཐུང་བའི་འཛམ་བུ་གླིང་པའི་མི་དག །འདོད་དོན་མི་འགྲུབ་པས་ཡིད་མི་བདེ་དང༌། ཕན་ཚུན་འཁྲུགས་པ་སོགས་སྡུག་བསྔལ་སྔ་མས་མ་བཏང་བཞིན་ཕ་ཤི་སྟེང་མ་ཤི་བ་དང༌། མ་ཤི་སྟེང་དགྲས་དེད་པ་ལྟ་བུ་སོགས་ནད་གདོན་སྣ་ཚོགས་པའི་སྡུག་བསྔལ་སྔ་མས་ཕྱི་མ་ཉེ་བར་ལེན་ཏེ། དཔེར་ན་མཛེ་ཅན་ལ་ཕོལ་བྱུང་བའི་སྡུག་བསྔལ་གྱི་ཐོག་ཏུ་རྨས་ཟུག་རྔུ་དེ་དག་གཏུགས་ནས་སྡུག་བསྔལ་བ་བཞིན་ནོ། །མངོན་པར་མཐོ་བའི་གནས་འདི་ནི་ཡུལ་གྱི་ཡོན་ཏན་མཁོ་དགུ་ཐམས་ཅད་རྫོགས་པའི་སྐྱེད་ཚལ་དུ། འདོད་པའི་ཡུལ་ལྔ་པའི་རོ་ལ་གདུང་བས་ལོངས་སྤྱད་པ་ན། འཕྲལ་དུ་བདེ་བ་ལྟར་སྣང་ཡང་དཔེར་ན་སྦྱར་བ་ལས་བྱུང་བའི་དུག་ཅན་གྱི་བཟའ་བ་ཁོང་དུ་སོང་བས། དང་པོ་རོ་བདའ་བ་དང་ལྟོ་འགྲངས་པ་སོགས་བདེ་བར་མངོན་ཀྱང་མཐར་དུག་ནད་ཀྱིས་གཟིར་ནས་རྣམ་པར་སྨ་ཕབ་སྟེ་ལུས་མདངས་ཉམས། མིག་འཕང་སྨད་པ་སོགས་དཀའ་ཐུབ་སྟེ་སྡུག་བསྔལ་བས་ལུས་རིད་ཅིང༌། སྔོན་ལས་དང་འཕྲལ་རྐྱེན་སོགས་ཀྱིས་མིག་འཕྲུལ་ལྟ་བུར་ཐོབ་པའི་བདེ་དཔལ་འདི་སྡུག་བསྔལ་གྱི་རྣམ་པར་འགྱུར་བ་ཅན་ནོ། །ཡུལ་འོད་ལྡན་ཞེས་བྱ་བའི་རྒྱལ་པོ་རབ་གསལ་གྱིས་རྐང་པའི་རེག་པ་ལ་བརྟེན་ནས་ཁུར་དུ་མི་བཟོད་པའི་མངའ་ཐང་གིས། གླང་ཆེན་འདུལ་སྦྱོང་མཁན་ལ་འདུལ་བཅུག་པས་ལྕགས་ཀྱི་ཐོ་ལུམ་སོགས་ཀྱིས་བཏུལ་བའི་མཐར་ཅི་ལྟར་བསྒོ་བ་བཞིན་ཉན་ནུས་པར་ཐུལ་ནས། རྒྱལ་པོས་རྐང་པས་འགྲོ་བ་ནི་ངལ་བ་དང་བཅས་པའོ་སྙམ་པའི་སེམས་ཀྱིས་གླང་པོའི་གཉར་འཛེགས་ནས་བདེ་བ་ལྟར་ཕྱིན་ཀྱང༌། གླང་པོ་དེ་ཡི་བསམ་པ་ཐུབ་མཆོག་གིས་བསྟན་པའི་ཆོས་ཉོན་མོངས་འདུལ་བའི་སྡོམ་པས་མ་བཏུལ་བས། གླང་མོའི་དྲི་སྣོམ་པའི་མོད་ལ་རྩེ་དགས་ཡིད་རབ་ཏུ་རྒོད་པར་གྱུར་ནས། ས་གཞི་ཐམས་ཅད་ཤིང་རྟའི་འཕང་ལོ་བསྐོར་བ་ལྟར་རྒྱུག་པས་གཡང་སར་སྨད་པས་དེ་སྲོག་དང་བྲལ་ཉེ་བའི་སྡུག་བསྔལ་བར་གྱུར་པ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མཚོན་དཔེའོ། །དེ་ལྟར་རྩ་བའི་སྡུག་བསྔལ་ཆེན་པོའི་བདག་ཉིད་གསུམ་ནི། སེམས་ཅན་རང་གི་ལས་དང་མཐུན་པར་ཁྱབ་ཅིང་ཉམས་མི་དགའ་བར་བྱེད་པས་འབྲོག་དགོན་པ་ལྟ་བུར་གྱུར་པ་ན། མངལ་ནས་སྐྱེ་བ་དང༌། རྒ་བ་དང༌། འདུ་བ་འཁྲུགས་པའི་ན་བ་དང༌། སྲོག་འགགས་པས་འཆི་བའི་ཚོར་བ་དག་གིས་རྟག་ཏུ་དཀྱུ་ཞིང་རྣམ་པར་འཁྱམས་པ་ལྟར་སྐྱེ་རྒ་སོགས་ཀྱིས་སྡུག་བསྔལ་ལོ། །སྨོན་པ་སྟེ་འདུན་པ་མེད་པའི་མི་སྡུག་པའི་དགྲ་དང་གློ་བུར་དུ་འཕྲད་ནས་སྡུག་བསྔལ་བ་དང༌། སྙིང་དུ་སྡུག་པ་མཛའ་བཤེས་ཡིད་ལ་གོམས་པར་བྱས་པ་གནས་མིན་པ་གཞན་དུ་ཕྱོགས་ལ། ཟས་ནོར་ཡོ་བྱད་གཉེན་གྲོགས་མངའ་ཐང་ལོངས་སྤྱོད་ལ་སོགས་པ་འདོད་པའི་རྩོལ་བའི་སྒྲུབ་ཀྱང་ཡུལ་དེ་དག་ལ་འབྱོར་ཞིང་འོང་བ་ཅི་ཡང་མེད་པས་ངོ་ཚར་འགྱུར་བ་བཞིན་བྲོས་ཚུལ་དུ་བྱས་པ་དང༌། ཉེར་ལེན་ཕུང་པོའི་སྟེང་དུ་མི་འདོད་བཞིན་དཀའ་ཐུབ་སྟེ་སྡུག་བསྔལ་སྣ་ཚོགས་འདུས་ཏེ། དེ་ལྟར་རྣམ་པ་བརྒྱད་ཀྱི་སྡུག་བསྔལ་བརྟུལ་ཕོད་པ་སྟེ་སྟོབས་ཆེན་པོའི་གདུང་བ་དག་གིས་མི་ཡི་སྐྱེ་བ་སྡུག་བསྔལ་སྣ་ཚོགས་པའི་འཁྲི་ཤིང་འདི་ཉིད་རྟག་ཏུ་གཙེར་ཏེ་གདུང་བར་འགྱུར་རོ། །ཤིན་ཏུ་དྲི་ང་ཞིང་འདམ་རྫབ་ལྟ་བུ་མི་གཙང་བའི་རྙོག་མ་ཅན་རྒྱ་ཡངས་པར་མི་མངོན་པར་ཀུན་ནས་དོག་པ་སྣང་པའི་གོ་སྐབས་མེད་པ་མུན་ནག་འཐིབས་པོས་སྒྲིབ་པའི་རང་བཞིན་ཅན་གྱི་ཁྲོད། མ་ཡི་མངལ་གནས་ལྕགས་ཁྱིམ་སྒོ་འཕར་སྤངས་པ་ལྟ་བུའི་ནང་དུ་ཚུད་ནས། མ་རིག་པ་དང་མཚུངས་པར་ལྡན་པའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་འདྲེས་པའི་དབུས་ན་བརྟེན་པ་ཡིན་ལ། དེ་ཡང་བདུན་ཕྲག་དང་པོར་མེར་མེར་བ་སྟེ་གྱ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུ་དང༌། བདུན་ཕྲག་གཉིས་པར་ནུར་ནུར་བ་སྣབས་ཀྱི་རྣམ་པ་ལྟ་བུ་དང༌། བདུན་ཕྲག་གསུམ་པར་མཛུབ་མོའི་རྣམ་པ་ལྟ་བུ་ལྟར་ལྟར་དང༌། བདུན་ཕྲག་བཞི་པར་མཁྲང་གྱུར་སྒོ་ང་ལྟ་བུ། བདུན་ཕྲག་ལྔ་པར་གོར་གོར་ཁུར་བའི་རྣམ་པ་ལྟ་བུ། དྲུག་པར་ཁྱབ་འཇུག་ཉ་ཡི་རྣམ་པ་ལྟ་བུ། བདུན་ཕྲག་བདུན་པར་རུས་སྦལ་བཞིན་མགོ་དང་རྐང་ལག་ཅུང་ཟད་མངོན་པ་ཡིན་ཏེ་དེ་ལྟར་བདུན་ཕྲག་བདུན་སོང་བ་དེ་ནས་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་གནས་འགྱུར་ཏེ། མི་གཙང་བའི་སྲིན་བུ་བཞིན་ཡིད་དུ་མི་འོང་བའི་རྣམ་པ་ལ། མིག་ལ་སོགས་པའི་དབང་པོ་ལྔའི་རྟེན་དང༌། ཡན་ལག་རྣམས་དང༌། ཉིང་ལག་མཛུབ་སོར་དག་དང༌། སྙིང་གློ་བ་སོགས་དོན་ལྔ་དང༌། མཆིན་པ། མཚེར་པ། མཁལ་མ། ཕོ་བ་ལོང་ཀ་སོགས་སྣོད་དྲུག་དང༌། རྒྱུ་མ། མཁྲིས་པ། ལྒང་པ། བསམ་སེའུ། རྩ་དང༌། རླུང་དང༌། ཁམས་དྭངས་མ་དང༌། ཁྲག་དང༌། ཆུ་སེར་དང༌། སྐྲ་དང༌། བ་སྤུ་ལ་སོགས་པའི་སྐྱེ་མཆེད་རྫོགས་པར་འགྲུབ་ཅིང༌། དེ་ནས་བདུན་ཕྲག་སུམ་ཅུ་རྩ་བདུན་གྱི་གྲངས་སྙེད་ཚེ། མའི་བཟའ་བཏུང་གི་དྭངས་མ་ལྟེ་ཐག་བརྒྱུད་དེ་ལུས་ཟུངས་ཉམས་བརྟས་པ་དང༌། དེ་ནས་ཆེར་བསྐྱེད་པའི་སྐབས་སུ་འཕར་གཡོ་བྱེད་པས་མ་ལའང་མི་བདེ་བར་འགྱུར་ཞིང༌། དེའི་ཚེ་དོག་ཅིང་སྐྱུག་བྲོ་བ་དང༌། ནག་ཅིང་འཁུམ་པའི་ཚོར་བས་གདུང་ཞིང༌། མ་ཡི་སྤྱོད་ལམ་ལ་བརྟེན་ནས་ཚོར་བ་སྣ་ཚོགས་དང༌། མ་ཉིད་བཀྲེས་ན་གཡང་ལ་ལྷུང་བ་ལྟ་བུ། མ་ཉིད་སྐོམ་ན་ལུས་སྐམ་པ་ལྟ་བུ། ཉི་མ་སོགས་ཀྱིས་དྲོས་ཤིང་ཚ་ན་འཚིག་པ་ལྟ་བུ། གྲང་ན་འཁྱགས་རོམ་ན་རེངས་པ་ལྟ་བུ། འགྲང་ན་རི་ཡིས་མནན་པ་ལྟ་བུ། སྒུལ་བསྐྱོད་བྱས་ན་གཡང་སར་བཟློག་པ་སོགས་བཟའ་བཏུང་གི་རྣམ་འགྱུར་ལས་བྱུང་བའི་སྡུག་བསྔལ་ནི་དཔག་ཏུ་མེད་དོ། །ཟླ་བ་བརྒྱད་དང་ཞག་ཉེར་དྲུག་ནས་བཙའ་བའི་དུས་ཀྱི་རྗེས་འགྲོ་བའི་ཚེ་ལས་རླུང་གིས་དེ་ཡི་ལུས་མགོ་མཇུག་ལྡོག་སྟེ་རུས་བར་བཙིར་ཏེ། བཟོད་དཀའི་བསྡུས་འཇོམས་ཀྱི་རི་ཕན་ཚུན་བཙིར་བའི་སྡུག་བསྔལ་ཁུར་དུ་འཕོས་ཏེ་སྟེང་དུ་བབ་པ་ལྟ་བུའི་སྡུག་བསྔལ་གྱི་ཉེ་བར་སྤྱད་པས་ཐོ་བཙམས་ནས། མ་དང་བུ་གཉིས་ཀ་དེ་ཡི་མོད་ལ་སྲོག་འདོར་རམ་ཡང་ན་གཅིག་ཤོས་འཆི་བའམ་གཉིས་ཀ་ཤི་ལ་ཐུག་ཙམ་གྱི་གནོད་པ་བདོ་བའི་སྡུག་བསྔལ་གྱི་ཁུར་གྱིས་བཙའ་འོ། །དེ་ལྟར་བཙས་པའི་ལུས་དེ་མངལ་གནས་ནས་བྱུང་བའི་ཕྲུ་མ་རློན་པས་དཀྲིས་ཤིང་དྲི་ང་བ་དེ་སྟན་དུ་ལྷུང་བ་ན་ཚེར་དོང་དུ་ལྷུང་བའི་འཇིགས་སྐྲག་དང༌། ཕྲུ་མ་བཤུས་ཚེ་བསྲན་མི་བཟོད་པ་པགས་པ་བཤུས་པ་ལྟ་བུ་དང༌། ཁྲུས་དང་ཚོག་མར་བསྐུ་བ་སོགས་ལ་ཤ་རྨེན་ཏེ་ཤའུ་ཆུང་ཞིག་པ་ལྟ་བུའི་ཚོར་བས་གདུང་ངོ༌། སྔོན་མངལ་གྱི་དྲན་པའི་སྟོབས་རྣམས་ཉམས་ཏེ་བརྒྱལ་ལ་ཁད་བྱས་ཤིང༌། དེ་ལྟར་རེག་པའི་རྣམ་པས་ལུས་གཟིར་འཇིགས་ཤིང་མི་གཙང་བའི་སྡུག་བསྔལ་དང༌། ནད་དང་ཚ་གྲང་བཀྲེས་སྐོམ་སོགས་ཅི་བྱུང་ཡང་སྨྲ་མི་ཤེས་པས་སྡུག་བསྔལ་ལ་སོགས་པ་མྱོང་བར་འགྱུར་རོ། །རྒ་བའི་ཆད་པ་དྲག་པོས་ནོན་པའི་ལང་ཚོ་ལ་དཀར་དམར་གྱི་མདངས་དང༌། ཤ་ཉམས་རྒྱས་པ་སོགས་མཛེས་ཆ་ཇི་སྙེད་ཡོད་པ་ཐམས་ཅད་ཉམས་པ་དང༌། རང་དབང་མེད་ཅིང་གཞན་གྱིས་བརྙས་པ་དང་སུན་འབྱིན་པ་སོགས་ཀྱིས་ཡིད་མི་བདེ་བའི་ཁུར་སྟེང་དུ་བབས་པས། བཤང་གཅི་འདོར་བའི་སར་བསྐྱོད་པའི་མཐུ་ཡང་ཉམས་ཏེ་འཁར་བ་ལ་བརྟེན་ནས་གཡོ་འགུལ་དགོས་པའི་གཞན་དབང་ཅན། ཕར་འགྲོ་ཞིང་ཚུར་ལྡོག་པ་དང༌། འགྲེང་འདུག་སོགས་གཡོ་ཞིང་འགུལ་བའི་ཚེ་ལྷུ་ཚིགས་རྣམ་པར་འགྱུར་ནས་ས་ལ་འགྱེལ་བ་དང༌། དབང་པོ་རྣམས་རྒུད་ནས་མིག་འགྲིབ། རྣ་བ་སྲ། ལྕེ་ལྡིབ། བུད་མེད་སོགས་འདོད་པའི་ཡོན་ཏན་གྱི་བདེ་བར་ལོངས་སྤྱོད་པ་དང༌། གཟུགས་ལ་བལྟ་བ་སོགས་ཡུལ་གྱི་ལོངས་སྤྱོད་ཐམས་ཅད་ལ་མི་དགའ་ཞིང་གལ་ཏེ་ཆགས་ནའང་སྤྲིན་གྱིས་བཀབ་པ་ཡི་ཉི་མའི་ཚ་ཟེར་བཞིན་དུ་ཡུལ་མྱོང་མི་ཤེས་པར་རྨོངས་ཏེ་བདེ་བ་སྤངས་པ་དང༌། ལུས་ཀྱི་མེ་དྲོད་སོགས་མཐུ་ཉམས་པའི་དབང་གིས་བཟའ་བཏུང་འཇུ་དཀའ་ཞིང་ཚ་གྲང་མི་བཟོད་ལ་འདུ་ཤེས་འཁྲུགས་པའི་དབང་གིས་ཉིན་མཚན་གོ་ནོར། རང་གཞན་མི་ངོ་མི་ཤེས་པ་སོགས་མལ་དུ་རྣམ་ཤེས་ཤིན་ཏུ་འཁྱམས་ཞེས་བྱ་ལ། དེས་ན་རྒན་པ་ལ་བཀུར་སྟི་བྱས་པ་ལའང་ཕན་ཡོན་ཆེ་བར་བསྔགས་ཏེ། ཨོ་རྒྱན་ཆེན་པོས། རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོང༌། །ཞེས་སོ། །འབྱུང་བ་བཞིས་བསྡུས་པའི་ལུས་ཅན་དག་ལ་རང་བཞིན་རླུང་མཁྲིས་བད་ཀན་སོགས་ཆ་སྙོམས་པ་དང་ལྡན་པའི་འདུ་བའི་རྫིང་བུ་དྭངས་པ་དང་ནི་བྲལ་ཏེ། རྙོག་པ་ཅན་དུ་བགྱིད་ཅིང་ན་བའི་ཚོར་བ་དྲག་པོ་ཡིས་གཟིར་ཞིང༌། ཕུང་པོ་ལྔ་ཡི་རང་བཞིན་ཉེར་ལེན་ནད་ཀྱིས་མནར་བས་དུབ་པར་བྱས་ཏེ། སེམས་འཁྲུགས་ནས་འཚོ་བའི་བརྟན་པ་བྲལ་ནས་འཆི་བའི་དོགས་པས་སྐྲག་ཅིང་ཡིད་མི་བདེ་བ་སོགས་སྡུག་བསྔལ་ལོ། །སྲིད་པ་འདི་ན་དཔལ་འབྱོར་ཡོད་དགུ་ཐམས་ཅད་སྤུངས་ཀྱང་སྲོག་གི་རིན་ཐང་ལ་ཐུག་པ་མེད་པས་གཅེས་ཤིང་ཤིན་ཏུ་ཕངས་ནའང་འཆི་བའི་སྡུག་བསྔལ་གྱིས་བཏང་བ་ནི་སུ་ཡང་མེད་པས་འཆི་བ་ཐོག་ཏུ་བབ་ཅིང་རྣམ་པར་གཏུགས་པའི་ཚེ་ན་ནི། སྐྱེས་བུ་དེ་ནི་མལ་ཐ་མ་རུ་འགྱུར་ཏེ་གཉེན་འདུན་དང༌། ལོངས་སྤྱོད་ཡོད་དགུ་ལས་མར་ལས་སྤུ་བཏོན་པ་ལྟར་ཐལ་ནས་ངེས་པ་མེད་པའི་གནས་སུ་ས་ཚུགས་མེད་པར་འགྲོ་དགོས་སོ། །ཀ་ནི་ཀའི་འཕྲིན་ཡིག་ལས། འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །དགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་དཔྱོད། །ཅེས་སོ། །མི་སྡུག་པའི་ཡུལ་དགྲ་གདོན་བགེགས་སོགས་དང་ཕྲད་པའི་ཚེ་ན་ལུས་སེམས་སྡུག་བསྔལ་གྱི་ཕོ་ཉས་ཏེ་ཚོར་བས་རྣམ་པར་གཟིར་ཞིང་ཉམས་སྨད་པར་གྱུར་པ་རྣམས། དཔེར་ན་ཁུར་གྱིས་དུབ་པའི་གང་ཟག་ངལ་སོས་པའི་བདེ་བའི་འབབ་སྟེགས་ལ་བསྡད་པ་ན། དེ་ཉིད་ཞིག་སྟེ་ལུས་བསྣད་པའི་སྡུག་བསྔལ་མྱོང་བའི་ངལ་གསོ་བདེ་བ་མེད་པ་ལྟར། བདེ་བའི་དབུགས་འབྱིན་ཐོབ་པ་མེད་པ་མ་ཟད་ཡིད་སྡུག་བསྔལ་ཆེན་པོས་གདུངས་པས་ལྷག་པར་ཉེན་པར་འགྱུར་རོ། །བདག་ཉིད་ལ་བྱམས་ཤིང་སྙིང་དུ་སྡུག་པ་རྣམས་དང་ལྷན་ཅིག་འདུ་ཞིང་འགྲོགས་པའི་འཕྲོ་ལ་གཞན་ཕྱོགས་ཀྱིས་འབྲལ་བའི་ངང་ཚུལ་གསར་པར་བཀོད་པ་ཡི་ཚེ་ན། ཡོན་ཏན་དང་རྣམ་འགྱུར་སོགས་བསམ་ནས་ཤིན་ཏུ་ཡིད་གདུང་བས་ཉམས་པའི་དཀའ་ཐུབ་སྟེ་སྡུག་བསྔལ་གྱི་དངོས་པོ་དེ་དག་གལ་ཏེ་གཟུགས་སུ་གྱུར་བའམ་བལྟ་རྒྱུ་ཡོད་ན། སྔོན་རྒྱལ་པོ་ནོར་ཅན་གྱི་བུ་ནོར་བཟང་ཞེས་བྱ་བ་དེ། དྲི་ཟ་ཡི་བུ་མོ་ཡིད་འཕྲོག་མ་ལ་ཆགས་པ་ཡི་དབང་དུ་གྱུར་ནས་རྗེས་སུ་བསྙེགས་ནས་སོང་བའི་ཚེ། ལམ་འཕྲང་ཐམས་ཅད་གཅན་གཟན་དང་མི་མ་ཡིན་སོགས་ཀྱི་འཚེ་བས་བཀབ་པ་ལ་བགྲོད་ནས་སོང་བ་ལས་ནི་ལས་ཀྱི་མཐའ་རིང་སྟེ་སྔ་ཕྱི་མུ་མཐའ་མེད་པར་མྱོང་དགོས་པའི་ཕྱིར་རོ། །འདོད་པའི་དངོས་པོ་རྩོལ་བས་བསྒྲུབས་ཀྱང་མི་འགྲུབ་པས་ཕོངས་པ་དང༌། རང་ལ་དབང་བའི་ལོངས་སྤྱོད་མེད་པས་དབུལ་བའི་སྐྱེས་བུ་རྣམས་ནི་དུས་ཐམས་ཅད་དུ་བཀྲེས་པ་དང༌། སྐོམ་པས་གདུང་བ་སེལ་བའི་ཐབས་སྣ་ཚོགས་བསྒྲུབས་ཀྱང་དེའི་དོན་མ་གྲུབ་པའི་རེ་དོགས་གཉིས་ཀྱིས་ཚོང་སོགས་སྡིག་ལས་སྣ་ཚོགས་ཀྱི་གཞན་དབང་ཁོ་ནར་སོང་ནས། དམ་ཆོས་སྒྲུབ་པའི་རྟེན་བཟང་ལུས་ངག་ཆུད་གསོན་པའི་ངལ་བ་དང༌། སྡུག་བསྔལ་བར་མ་ཆད་པས་དུས་འདའ་བ་དང༌། རང་ལ་ལོངས་སྤྱོད་ཡོད་པ་རྣམས་ཀྱིས་ཆོག་ཤེས་མེད་པར་ཡོངས་སུ་ཚོལ་བའི་སྡུག་བསྔལ་གྱིས་གདུང་བས་ཟས་སྐོམ་ཁོ་ན་ཡིད་ལ་བཏགས་ཏེ་ལས་དབང་གིས་དལ་ཁོམ་མེད་པར་ས་ལ་རྒྱུ་ཞིང་འགྲོ་བའི་ཡི་དྭགས་དངོས་དང་མཚུངས་སོ། །གཟུགས་རང་བཞིན་དང་བྲལ་བ་ལ་གཟུགས་ཡོད་སྙམ་ཞིང་ཞེན་པས་རྟེན་བཅས་ནས་སྡུག་བསྔལ་གྱི་ཚོར་བས་ཉམས་སུ་མྱོང་བའི་སྒོ་ནས་དེ་ཡི་རང་བཞིན་ཤེས་ཤིང་འདུ་ཤེས་ཀྱིས་དེ་མི་འདོད་པའི་མཚན་མར་བཟུང་ནས་བསལ་བའི་བསམ་པས་ལས་དེ་རྒྱུན་ཆགས་སུ་འཆིང་ཞིང༌། འདུ་བྱེད་ཀྱིས་ཕྱིན་ཆད་སྡུག་བསྔལ་མཐའ་དག་པའི་ས་བོན་ནམ་རྒྱུ་སླར་བསྐྲུན་པ་དང༌། རྣམ་ཤེས་ཀྱིས་འདི་ནི་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་བདག་འཛིན་བྱས་ཏེ་ཉམས་སུ་མྱོང་བའི་ཉེ་བར་ལེན་པ་པོ་བྱེད་དོ། །དེས་ན་ཕུང་པོ་ལྔ་པོ་འདི་དག་མ་རིག་པ་དང་མཚུངས་ལྡན་གྱི་ཆ་ནས་སྡུག་བསྔལ་རྣམས་མ་ལུས་ཀུན་གྱི་འབྱུང་གནས་ཡིན་ཞིང༌། ཕུང་པོ་དེ་དག་སྡུག་བསྔལ་ཀུན་གྱི་རྟེན་དང༌། ས་བོན་དང༌། རྣམ་སྨིན་གྱི་ཆ་འཛིན་པས་སྣོད་དང༌། ཕུང་པོ་ཕྱི་མ་ཀུན་གྱི་རྒྱུ་དང་སྔ་མའི་འབྲས་བུ་དང་ད་ལྟའི་བདག་པོར་མཁྱེན་འཚལ་ཏེ་ཤེས་པར་བྱས་ནས་ཡིད་དབྱུང་སྟེ། འཁོར་བའི་སྡུག་བསྔལ་ཀུན་གྱི་འབྱུང་གནས་ལས་དང་ཉོན་མོངས་པ་སྤང་འཚལ་ལོ། །དེ་ལྟར་ཀུན་འབྱུང་གི་རྩ་བ་བདག་དང་བདག་གིར་འཛིན་པའི་མ་རིག་པ་སྤངས་ནས་སྐྱེས་བུ་འབྲིང་སྟེ་གཞན་དོན་མི་གཉེར་བའི་ཉན་རང་གི་ལམ་བདེན་པ་བཞི་ཡི་ཤིང་རྟ་ལ་ཞོན་པ་རྣམས། རྣམ་གྲོལ་གྱི་ལམ་དེ་ལ་བསླབ་པས་མཐོང་སྒོམ་གྱི་སྤང་བྱ་མ་ལུས་པ་ཟད་པའི་འགོག་པ་མངོན་དུ་གྱུར་ནས། ཟད་པ་མི་སྐྱེ་ཤེས་པ་ཡེ་ཤེས་བརྙེས་ནས་ལྷག་བཅས་དང་ལྷག་མེད་གང་རུང་གི་མྱ་ངན་ལས་འདས་ཤིང༌། ཟག་པ་མེད་པའི་ཁམས་ཐར་པ་མཆོག་གི་གོ་འཕང་ཉིད་དུ་འགྲོ་སྟེ། པདྨ་དཀར་པོ་ལས། ཉན་ཐོས་དེ་དག་ཇི་སྲིང་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་འབྱུང་ཞིང༌། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་མཐུན་པར་ལང་ཀར་གཤེགས་པ་ལས་ཀྱང་གསུངས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ནི། སྤྱིར་ལྔ་སྟེ། དང་པོ་དགོས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྱུང་སྒྱུ་མའི་སྣང་བ་ཙམ་དུ་ཤེས་ན། ལྟ་བ་ངན་པ་ལ་མི་འཇུག་ཅིང་མཐར་ཐུག་མྱང་འདས་ཐོབ་པའི་དགོས་པ་ཡོད་དོ། །དེ་ཡང་མདོ་ལས། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་གསུངས་ཏེ། འདི་འབྱུང་ཞེས་གསུངས་པས་ཆོས་ཐམས་ཅད་ཡོད་པ་ཁོ་ན་ལས་སྐྱེ་བར་བསྟན་པ་ནི། རྒྱུ་མེད་པ་ལས་སྐྱེ་བར་འདོད་པ་རྒྱང་འཕེན་པ་ལྟ་བུ་འགོག་པའོ། །འདི་སྐྱེས་པས་འདི་སྐྱེ་ཞེས་གསུངས་པས། རྒྱུ་དེ་ཡང་རྐྱེན་ལས་སྐྱེ་བར་བསྟན་པས་རྒྱུ་རྟག་པ་ལས་སྐྱེ་བར་འདོད་པ་དག་འགོག་པའོ། །འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་གསུངས་པས། བློ་ཡི་གཡོ་བ་སྔོན་དུ་བཏང་བའི་དབང་ཕྱུག་སོགས་རྒྱུ་ལས་བྱུང་བར་འདོད་པ་དག་འགོག་པའོ། །གཉིས་པ་སོ་སོའི་ངོ་བོ་ནི། མ་རིག་པ་ནི་བདེན་བཞི་དང་ལས་འབྲས་ཀྱི་རང་བཞིན་ལ་རྨོངས་ནས་བདག་ཏུ་འཛིན་པའོ། །འདུ་བྱེད་ནི། དེ་ལྟར་བདག་ཏུ་བཟུང་བས་བདག་ལ་ཆགས་པའི་དབང་གིས་ལས་དགེ་བ་བསོད་ནམས་ཆ་མཐུན་དང༌། མི་དགེ་བ་དང༌། ཁམས་གོང་མར་སྐྱེ་བའི་རྒྱུ་མི་གཡོ་བའི་ལས་དང་གསུམ་གསོག་པའོ། །རྣམ་ཤེས་ནི། ལས་དེས་རྣམ་པར་ཤེས་པ་ཕྱི་མའི་གནས་སུ་འཕེན་པ་སྟེ་འདི་ལ་ལས་གསོག་དུས་ཀྱི་རྣམ་ཤེས་རྒྱུ་དུས་ཀྱི་རྣམ་ཤེས་དང༌། འབྲས་བུ་མྱོང་དུས་ཀྱི་རྣམ་ཤེས་འབྲས་དུས་ཀྱི་རྣམ་ཤེས་ཏེ་གཉིས་ཡོད་དོ། །མིང་གཟུགས་ནི། རྣམ་ཤེས་མ་ཡི་མངལ་སོགས་ལ་ཞུགས་པ་ནས་ཕུང་པོ་རིམ་གྱིས་འགྲུབ་པའི་གནས་སྐབས་ཏེ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་དང་གཟུགས་སོ། ཞག་བདུན་ཕྲག་བདུན་བདུན་སོགས་རིམ་པར་བདུན་དང་པོར་མེར་མེར། དེ་བཞིན་དུ་ནུར་ནུར་པོ་དང༌། ལྟར་ལྟར་དང༌། མཁྲང་གྱུར། གོར་གོར། ཉ། རུས་སྦལ་གྱི་དབྱིབས་སོགས་དང༌། དེ་ནས་རིམ་པར་དབང་པོའི་རྟེན་ཡན་ལག་དང་ཉིང་ལག་སོགས་རིམ་པར་ཞག་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་གནས་འགྱུར་ཏེ་གནས་པ་དང༌། དེ་ནས་བདུན་སོ་བདུན་སོགས་ནས་ཚོར་བའི་སྡུག་བསྔལ་དང་བཅས་ཟླ་བ་བརྒྱད་དང་ཞག་ཉེར་དྲུག་བར་རིམ་པར་མིང་གཟུགས་དབྱིབས་རིམ་པར་འགྲུབ་བོ། མཆན། སྐྱེ་མཆེད་ནི། མིག་དང༌། རྣ་བ། སྣ། ལྕེ། ལུས། ཡིད་དེ་ནང་གི་སྐྱེ་མཆེད་དྲུག་གོ །རེག་པ་ནི། ཕྱིའི་ཡུལ་དང༌། ནང་གི་རྣམ་ཤེས། བར་གྱི་དབང་པོ་གསུམ་འདུས་ནས་ཡུལ་གཅོད་པའོ། །ཚོར་བ་ནི། དེ་ལྟར་ཡུལ་དང་དུ་བླངས་པས་ཚོར་བ་བདེ་སྡུག་བར་མ་གསུམ་སྐྱེས་པའོ། །སྲེད་པ་ནི། དེའི་ཚེ་ཚོར་བ་བདེ་བ་དང་ལེན་གྱི་སྲེད་པ་དང༌། སྡུག་བསྔལ་སྤོང་འདོད་ཀྱི་སྲེད་པ་སྐྱེས་པའོ། །ལེན་པ་ནི། སྲེད་པ་སྐྱེས་པས་འདོད་པའི་ཡུལ་དང་དུ་ལེན་པའི་ཕྱིར་རྒྱུག་པའོ། །སྲིད་པ་ནི། སྲེད་ལེན་གྱིས་གསོས་བཏབ་པས་ཚེ་ཕྱི་མ་འགྲུབ་ངེས་ཀྱི་ལས་འགྲུབ་པའོ། །སྐྱེ་བ་ནི། ལས་དེའི་རྒྱུས་ཡང་ཕྱི་མའི་གནས་རིགས་སུ་སྐྱེས་པའོ། །རྒ་ཤི་ནི་སྐྱེས་པའི་གནས་སྐབས་ནས་བརྩམས་ཏེ་འཆི་བའི་བར་རྒ་བ་དང༌། དེ་ནས་འཆི་བ་ནི་ཤི་བའོ། །འདི་གཉིས་ཡན་ལག་གཅིག་ཏུ་བཞག་པ་ནི་མ་རྒས་པར་འཆི་བའང་ཡོད་པས་ཐམས་ཅད་ལ་རིམ་གྱིས་འབྱུང་བར་མ་ངེས་པའོ། །གཞན་ཡང་མི་འདོད་པ་བྱུང་བས་ཡིད་གདུང་བའི་མྱ་ངན་དང༌། མྱ་ངན་དེ་སྐྱེས་པའི་སྨྲེ་སྔགས་དང༌། ལུས་ལ་སྡུག་བསྔལ་བྱུང་བའི་སྡུག་བསྔལ་བ་དང༌། སེམས་ལ་སྡུག་བསྔལ་བྱུང་བའི་ཡིད་མི་བདེ་བ་དང༌། ཕན་ཚུན་མི་མཐུན་པའི་རྩོད་པས་འཁྲུགས་པ་ལ་སོགས་པའང་ཐམས་ཅད་ལ་འབྱུང་བར་མ་ངེས་པའི་ཕྱིར་ཡན་ལག་ཏུ་མ་བཞག་ལ། འཁོར་བར་སྐྱེས་ནས་བཟུང་སྡུག་བསྔལ་ཡིན་པ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་རྒ་ཤིའི་འཁོར་དུ་གསུངས་པའོ། །གསུམ་པ་རྣམ་བཞག་ལ་བཞི་ལས། དང་པོ་ནི། སྔོན་གྱི་མཐའ་མི་ཤེས་པ་དང༌། ཕྱི་མའི་མཐའ་མི་ཤེས་པ་དང༌། ད་ལྟར་བྱུང་བ་མི་ཤེས་པ་སྟེ་རྨོངས་པ་གསུམ་བཟློག་པའི་དོན་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་བཞག་སྟེ། མ་རིག་པ་འདུ་བྱེད་གཉིས་སྐྱེ་བ་སྔོན་མའི་སྐབས་དང༌། སྐྱེ་བ་རྒ་ཤི་ཕྱི་མའི་སྐབས་དང༌། བར་གྱི་བརྒྱད་ད་ལྟའི་སྐབས་ཏེ་དེ་གསུམ་ལ་རྨོངས་ཤིང་རྟེན་འབྲེལ་གྱི་རང་བཞིན་ཚུལ་བཞིན་མ་ཤེས་པ་བཟློག་གོ །གཉིས་པ་ལམ་གསུམ་དུ་རྣམ་པར་བཞག་པ་ནི། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་རྣམས་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་ཉོན་མོངས་པའི་ལམ་གསུམ། ལས་ཀྱི་ལམ་གཉིས། སྡུག་བསྔལ་གྱི་ལམ་བདུན་ནོ། །གསུམ་པ་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བཞག་ན། ལས་གཉིས་ཉོན་མོངས་པ་གསུམ་དང་ལྔ། རྒྱུ་དུས་ཀྱི་རྣམ་ཤེས་དང་དྲུག་ནི་རྒྱུ་ཡིན་ལ། མིང་གཟུགས་སོགས་སྡུག་བསྔལ་དྲུག །འབྲས་དུས་ཀྱི་རྣམ་ཤེས་དང་བདུན་ནི་འབྲས་བུའོ། །ཡང་རྣམ་ཤེས་རྒྱུར་བགྲངས་ནས་རྒྱུ་དྲུག་དང་འབྲས་བུ་དྲུག་ཀྱང་ཟེར་རོ། །འདི་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་ཐམས་ཅད་ལ་རྒྱུ་འབྲས་གཉིས་ཀའི་ཆ་རེ་རེ་ཡོད་ཀྱང་འདིར་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་པའོ། །བཞི་པ་འཕེན་བྱེད་ཀྱི་སྒོ་ནས་བཞག་ན། མ་རིག་པ་བདག་འཛིན་མཚུངས་ལྡན་དང་བཅས་པས་ཀུན་ནས་བསླངས་ཏེ་འདུ་བྱེད་ལས་བསགས་པས། སྐྱེ་བ་ཕྱི་མར་འཕེན་པས་ན་འཕེན་བྱེད་ཡིན་ལ། རྣམ་ཤེས་རྒྱུ་དུས་ཀྱི་རྣམ་ཤེས་འཕེན་བྱེད་དང༌། འབྲས་དུས་ཀྱི་རྣམ་ཤེས་འཕངས་པ་ཡིན་ནོ། །འབྲས་དུས་ཀྱི་རྣམ་ཤེས་དེ་དང་བཅས་པ་ཚོར་བ་ཡན་ལག་ལྔ་ལས་དེས་འཕངས་པའི་འབྲས་བུ་ཡིན་པས་འཕངས་པའོ། །སྲེད་ལེན་སྲིད་པ་གསུམ་ནི་སྐྱེ་བ་ཕྱི་མ་འགྲུབ་བྱེད་དང༌། སྐྱེ་བ་རྒ་ཤི་གཉིས་ནི་གྲུབ་པ་སྟེ་འཕེན་བྱེད་གཉིས། འཕངས་པ་ལྔ། འགྲུབ་བྱེད་གསུམ། གྲུབ་པ་གཉིས་སོ། །བཞི་པ་ཚེ་དུ་ལ་རྫོགས་པ་ནི། རིང་བའི་དབང་དུ་བྱས་ན་ཚེ་གསུམ་ལ་རྫོགས་ཏེ། འཕེན་བྱེད་གཉིས་ཚེ་གཅིག །འགྲུབ་བྱེད་གསུམ་ཚེ་གཅིག །འཕངས་པ་ལྔ་དང་གྲུབ་པ་གཉིས་ཚེ་གཅིག་གོ །དེ་ལྟར་ན་སྐྱེ་བ་རེ་རེའི་སྐབས་སུའང་མ་རིག་པའི་སྒོ་ནས་ལས་གསོག་པ་ནི། ཕྱི་མའི་འཕེན་བྱེད་ཡིན་པས་རྟེན་འབྲེལ་གཞན་གྱི་མགོ་ཡིན་ལ། སྔ་མའི་འཕེན་བྱེད་ཀྱིས་ད་ལྟའི་མིང་གཟུགས་སོགས་ལྔ་པོ་འདི་འཕངས་པ་ནི་རྟེན་འབྲེལ་གཞན་གྱི་རྐེད་པ་ཡིན། ཡང་ཚེ་རབས་སྔ་མའི་སྔ་མ་དེའི་ལས་ཀྱིས་སྔ་མ་དེ་འཕངས་ནས། སྐབས་དེའི་འགྲུབ་བྱེད་ཀྱིས་ད་ལྟའི་སྐྱེ་ཤི་འདི་གཉིས་གྲུབ་པ་ནི། རྟེན་འབྲེལ་གཞན་གྱི་མཇུག་ཡིན་པས་དེ་ལྟར་ཐོག་མ་མེད་པ་ནས་འཁོར་རོ། །ཡང་ཉེ་བའི་དབང་དུ་བྱས་ན་ཚེ་གཉིས་ལ་རྫོགས་པར་འདོད་དེ། འཕེན་བྱེད་གཉིས་ཀྱིས་ལས་བསགས་པ་དེ་ཉིད་སྲེད་ལེན་གྱིས་གསོས་བཏབ་པས་སྐྱེ་བ་ཕྱི་མ་འགྲུབ་ངེས་སུ་བྱས་པ་ནི་སྲིད་པ་ཡིན་པས་རྒྱུ་དུས་ཀྱི་རྣམ་ཤེས་དང་བཅས་པ་དྲུག་ཚེ་གཅིག་ལ་རྫོགས་ལ། རྒྱུ་དེས་ཕྱི་མའི་གནས་སུ་སྐྱེས་ནས་མིང་གཟུགས་སོགས་བཞི་རིམ་པར་འགྲུབ་ནས་ཤི་བས་འབྲས་བུ་དྲུག་ཚེ་གཅིག་ལ་རྫོགས་པའོ། །དེ་ཡང་འཕེན་བྱེད་ཀྱི་ལས་ཡོད་ཀྱང་འཆི་ཁ་ཚུན་སྲེད་ལེན་གྱིས་གསོས་མ་བཏབ་ན། སྐྱེ་བ་ཕྱི་མ་མི་འགྲུབ་པས་འཕེན་བྱེད་དང་གྲུབ་བྱེད་ཚེ་གཅིག་ལ་རྫོགས་དགོས་ལ། འཕངས་པ་དེ་ཡང་སྐྱེ་དགོས་པ་དང་དེ་ལ་འཆི་བ་ཡོད་པས་འཕངས་པ་དང་གྲུབ་པ་ཡང་ལྷན་ཅིག་གོ །འཕེན་བྱེད་དང་འགྲུབ་བྱེད་གཉིས་ཀྱི་བར་དུ་ནི་ཚེ་དུ་མས་ཆོད་པ་སྲིད་ལ། འགྲུབ་བྱེད་དང་འགྲུབ་པ་གཉིས་ཀྱི་བར་དུ་ཚེ་རབས་གཞན་གྱིས་ཆོད་པ་མི་སྲིད་དོ། །དེ་ལྟར་ན་ཚེ་གསུམ་གྱིས་མ་རྫོགས་སོ་ཞེ་ན། འཕེན་གྲུབ་ཀྱི་བར་དུ་ཚེ་རབས་དུ་མས་ཆོད་ཀྱང་དེ་དག་རྟེན་འབྲེལ་གཞན་གྱི་ཚེ་ཡིན་པས་སྐྱོན་མེད་དོ། །དེས་ན་ཚེ་གསུམ་དང་གཉིས་ཀྱིས་རྫོགས་པ་གཉིས་ཀ་ཡོད་ལ། དེ་ལས་ལྷག་པ་ནི་མི་སྲིད་དོ། །དེ་དག་ནི་འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་གཅིག་འགྲུབ་པའི་དབང་དུ་བྱས་པ་ཡིན་ནོ། །འདི་དག་ལ་ལེགས་པར་དཔྱད་ནས་འཁོར་བ་འགྲུབ་བྱེད་ཀྱི་རྩ་བ་སྲེད་ལེན་ཡིན་པ་དང༌། སྲེད་ལེན་གྱི་རྩ་བ་ཆོད་ན་ལས་ཡོད་ཀྱང་སྐྱེ་བ་མི་ལེན་པ་དགྲ་བཅོམ་པ་ལྟ་བུ་དང༌། དུས་ཐམས་ཅད་དུ་སྡུག་བསྔལ་ཅི་སྐྱེས་སྲེད་ལེན་ཀུན་འབྱུང་གིས་མཚམས་སྦྱར་ནས་ཉམས་སུ་མྱོང་བ་སོགས་ལ་གོ་བའི་གཏིང་རྙེད་པར་བྱའོ། །ལྔ་པ་བསྒོམ་ཚུལ་ནི། ལུགས་འབྱུང་ལུགས་ལྡོག་གི་སྒོ་ནས་སྒོམ་པ་སྟེ། ལུགས་འབྱུང་ལྡོག་འདི་ལ་འཇུག་ཚུལ་གཉིས་ཏེ། འཁོར་བར་སྐྱེ་བའི་རིམ་པ་ལ་ལུགས་འབྱུང༌། འཁོར་བ་འགགས་པའི་རིམ་པ་ལ་ལུགས་ལྡོག་ཏུ་བཞག་པ་ཞིག་དང༌། མ་རིག་པ་ནས་རིམ་པས་བགྲང་ན་སྐྱེ་རིམ་དང༌། འགག་རིམ་གང་ཡིན་ཡང་ལུགས་འབྱུང༌། རྒ་ཤི་ནས་རིམ་མིན་དུ་ཡར་བགྲངས་ན་སྐྱེ་རིམ་དང་འགག་རིམ་གང་ཡིན་ཡང་ལུགས་ལྡོག་ཏུ་བཞེད་པ་སྟེ་ལུགས་གཉིས་སོ། །དང་པོ་ལྟར་ན། མ་རིག་པའི་རྐྱེན་གྱི་ས་འདུ་བྱེད། འདུ་བྱེད་རྐྱེན་གྱིས་རྣམ་ཤེས་ལ་སོགས་པའམ། རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས་གང་ལྟར་ཡིན་ཡང་ལུགས་འབྱུང་དུ་བཞེད། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་ཤེས་འགག་པ་སོགས་སམ། རྒ་ཤི་གང་གིས་འགག་ན་སྐྱེ་བ་འགགས་པས་འགག་པ་སོགས་གཉིས་ཀ་ལུགས་ལྡོག་ཏུ་བཞེད་དོ། །ཕྱི་མ་ལྟར་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་སམ་མ་རིག་པ་འགགས་པས་འདུ་བྱེད་འགག་པ་སོགས་གང་ཡིན་ཀྱང་ལུགས་འབྱུང་དང༌། རྒ་ཤི་གང་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས་སམ། སྐྱེ་བ་འགགས་པས་རྒ་ཤི་འགག །སྲིད་པ་འགགས་པས་སྐྱེ་བ་འགག་པ་སོགས་གང་ཡིན་ཀྱང་ལུགས་ལྡོག་ཏུ་བཞེད། ལུགས་འབྱུང་ལྡོག་ཕྱི་མ་འདི་ལྟར་ལ་བདེན་བཞི་ཤེས་པའི་གོ་རིམ་དང་སྦྱར་བ་མངོན་པ་ཀུན་བཏུས་ལས་བྱུང་བ་ལྟར་ན། སྐྱེ་རིམ་ལུགས་འབྱུང་དང་སྦྱར་ན་ཀུན་འབྱུང་གི་བདེན་པ་གཏན་ལ་ཕེབས། སྐྱེ་རིམ་ལུགས་ལྡོག་དང་སྦྱར་ན་སྡུག་བདེན་གཏན་ལ་ཕེབས། དེ་བཞིན་དུ་འགག་རིམ་ལུགས་འབྱུང་ལྡོག་གཉིས་ཀྱིས་ལམ་དང་འགོག་པ་གཉིས་གཏན་ལ་ཕེབས་ཏེ། དེའང་ཀུན་འབྱུང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་ལ། དེ་ལས་འདུ་བྱེད་ཀྱི་ལས་བསགས་པའི་ཕྱིར། དང་པོ་ཀུན་འབྱུང་ལས་ཉོན་གཉིས་ལས་བརྩམས་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་ཤེས་རབ་ཀྱིས་གཏན་ལ་འབེབས་པ་ནི། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་ཀུན་འབྱུང་གཏན་ལ་འབེབས་པ་ཡིན་ལ། ཡང་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་གཙོ་བོ་རྒ་ཤི་གཉིས་ཡིན་ལ། དེས་ན་རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་བ་སོགས་ལུགས་ལྡོག་དང་སྦྱར་ནས་ཀུན་ཉོན་ཕྱོགས་ཀྱི་འབྲས་བུ་སྡུག་བདེན་གཏན་ལ་འབེབས། ཡང་ཀུན་འབྱུང་མ་རིག་པའི་རྩ་བ་ལམ་བདེན་གྱི་ངོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅད་ནས། མ་རིག་པ་འགགས་པས་རྒ་ཤི་འགག་པ་སོགས་འགག་རིམ་ལུགས་འབྱུང་གཏན་ལ་ཕབ་པས། རྣམ་བྱང་ཕྱོགས་ཀྱི་རྒྱུ་ལམ་བདེན་གཏན་ལ་ཕེབས། ཡང་སྤང་བྱ་འཁོར་བའི་སྡུག་བསྔལ་གྱི་གཙོ་བོ་སྐྱེ་ཤི་གཉིས་འགག་པ་ནི་འགོག་བདེན་ཡིན་ལ། དེས་ན་སྐྱེ་བ་འགགས་པས་རྒ་ཤི་འགག་སོགས། མ་རིག་པ་འགག་གི་བར་དུ་བསམ་པས་རྣམ་བྱང་གི་འབྲས་བུ་འགོག་བདེན་གཏན་ལ་ཕེབས་པ་ཡིན་ནོ། །འདི་དག་ལ་ཞིབ་ཏུ་བརྟག་ནས་འཁོར་བའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྩ་བ་བདག་འཛིན་མ་རིག་པ་ལས་བྱུང་བ་དང༌། ལམ་ཐམས་ཅད་ཀྱི་རྩ་བ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པ་སོགས་དོན་ཐོས་བྱུང་ལས་འདས་ནས་བསམ་བྱུང་གི་ངེས་པ་རྙེད་པ་ལ་འབད་དགོས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་རྒྱལ་བ་བདེན་པར་སྨྲ་བའི་གཞུང་གི་མཛོད་ཟབ་མོའི་མ་ཀི་ཉན་ཐོས་ཀྱི་ཐེག་པ་ནས་བཟུང༌། ཡ་ཀི་རང་བཞིན་རྫོགས་པ་ཆེན་པོའི་བར་ཐམས་ཅད་གདུལ་བྱ་ལ་སྟོན་ཚུལ་ཐ་དད་ཙམ་ལས་དོན་རྟེན་འབྲེལ་ཡིན་པ་ལ་ཐ་དད་མེད་པས། མཆན། གཅེས་པ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འཁོར་འདས་ཀུན་གྱི་རྩ་བ་མ་རིག་པ་དང༌། དེ་ལས་ལྡོག་པ་གཉིས་པོ་འདི་ཁོ་ན་ཡིན་ཏེ། དེ་ལས་འཁོར་བར་འཕེན་བྱེད་ཀྱི་ལས་དགེ་བ། མི་དགེ་བ། མི་གཡོ་བ་སྟེ་གསུམ་པོ་འདུ་བྱེད། དེས་འཕངས་པའི་རྣམ་ཤེས། དེའི་རྐྱེན་གྱིས་མིང་དང་གཟུགས། དེ་འཕེལ་བ་ལས་སྐྱེ་ཞིང་མཆེད་པའི་སྒོ་རྣམ་པ་དྲུག་རྫོགས་ཤིང༌། དེ་ལས་ཡུལ་དབང་ཡིད་བྱེད་གསུམ་འདུས་ཤིང་མངོན་དུ་གྱུར་པའི་རེག་པ་སྟེ་མིག་གིས་ལུས་རེག་པ་སོགས་ཀྱི་རྟེན་ནོ། །རེག་པ་ལས་བདེ་སྡུག་བཏང་སྙོམས་གསུམ་གྱི་ཚོར་བ་གང་རུང་སྐྱེ་བར་འགྱུར་བ་སྟེ། དེ་ལས་བདེ་བར་ལྡན་འདོད་སྡུག་བསྔལ་འབྲལ་འདོད་ཀྱི་སྲེད་པ་འབྱུང་བ་དང༌། སྲེད་པ་ལས་ཁྱད་པར་དུ་ལེན་པ་མངོན་པར་འདོད་པ་དང༌། དེ་ལས་འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པའི་སྲིད་པ་ཕུང་པོ་ལྔའོ། །སྲིད་ལས་ཡང་སྲིད་ཕྱི་མར་སྐྱེ་བ་སྟེ། སྐྱེ་བ་ཡོད་ན་འདོད་པས་ལོངས་སྤྱོད་ཀྱིས་ཕོངས་པ་དང༌། སེམས་མྱ་ངན་གྱིས་གདུང་བ་དང༌། འབྱུང་བ་འཁྲུགས་པའི་ན་བ་དང༌། འདུ་བྱེད་རྙིང་པས་རྒ་བ་དང༌། སྲོག་དང་བྲལ་བས་འཆི་བ་སོགས་ཡིད་མི་བདེ་བའི་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེ་བ་འདི་གྲུབ་པའི་ཕྱིར། དེས་ན་སྲིད་པའི་གནས་འདིར་སྐྱེ་བ་རང་མཚན་པ་ལེན་པའི་རྒྱུན་འགགས་པས། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འགགས་པར་འགྱུར་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་འབྲས་མུ་སྟེགས་བྱེད་ལ་སོགས་པས་ཤིན་ཏུ་རྟོགས་དཀའ་བའི་ཟབ་མོ་འདི་ནི། རྒྱལ་བ་བདེན་པར་སྨྲ་བའི་གསུང་རབ་མཐའ་དག་གི་མཛོད་ཡིན་པས་གཅེས་པར་ཟུངས་ཤིག །དེ་ལྟར་རྟེན་འབྲེལ་ཤེས་ནས་བདག་མེད་ཙམ་ཉན་རང་དང་མཚུངས་མོད་ཀྱི། ཉན་རང་རྣམས་སྲིད་པར་འདུ་བྱེད་པའི་རྒྱུ་འཇིག་ཚོགས་ལ་བདག་ཏུ་ལྟ་བའི་དབང་གིས་མཐོ་དམན་དང་བདེ་སྡུག་སྣང་བ་ལས་སུ་ཤེས་པ་དང༌། དཀར་པོ་རྣམ་བྱང་རྒྱུ་འབྲས་ལམ་འགོག་གཉིས་དང༌། ནག་པོ་ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་ཀུན་འབྱུང་དང་སྡུག་བསྔལ་ཏེ། ཆོས་ལ་བླང་དོར་དང་འདུས་བྱས་འདུས་མ་བྱས་སེམས་དང་སེམས་བྱུང་སོགས་ཀུན་ལས་འདས་པ། སྲིད་པ་དང་ཞི་བ་གཉིས་ཀྱི་མཐའ་ལས་འདས་པ་དོན་དམ་པའི་བདེན་པ་མཐར་ཐུག་དངོས་གཞི་ཡིན་ལ། དེ་ནི་སྐྱེ་བ་མེད་པས་གདོད་ནས་སྤྲོས་པ་དང་བྲལ་བ་ཆོས་ཉིད་བློ་འདས་སོ་སོ་རང་རིག་གི་ཡེ་ཤེས་རྟོགས་པ་ལས་འབྱུང་བ་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། །འཁོར་བ་སྡུག་བསྔལ་གྱི་ཚོམས་ཏེ་ལེའུ་བཞི་པའོ།། །།ཐེག་ཆེན་སྐྱེས་བུ་ཆེན་པོ་མཆོག་གི་ལམ་རྣམ་མཁྱེན་གྱི་འཇུག་ངོགས་ཀྱི་ཐོག་མར་ལམ་སྒྲུབ་པོའི་གང་ཟག་དེ་གནས་པའི་ཡུལ་ནི། ཆོས་དང་མཐུན་པར་གྱུར་ཅིང་མཐུན་རྐྱེན་ཚང་བའི་དབེན་པ་དག་ལ་བསྟེན་པ་དང༌། སྡེ་སྣོད་གསུམ་གྱི་དོན་ལ་མཁས་ཤིང་བསླབ་གསུམ་གྱི་ཉམས་ལེན་ལྡན་པའི་སྐྱེས་བུ་དམ་པ་བསྟེན་པ་ལས་རང་རྒྱུད་དམན་པ་དང་ལོག་པའི་ལམ་ལས་བཟློག་ནས་ལུང་རྟོགས་ཀྱི་ཡོན་ཏན་ཅི་རིགས་པའང་འཐོབ་ཅིང༌། དེ་ཡང་དེས་ཇི་སྐད་བསྟན་པ་བཞིན་བདག་ཉིད་ཀྱིས་ལེགས་པར་སྨོན་པའི་དོན་གཉེར་བཅས་བསྒྲུབ་པ་དང༌། ཚེ་རབས་སྔོན་དང་ད་ལྟར་ཡང་བསོད་ནམས་ཀྱི་ཚོགས་བསགས་པའི་སྐྱབས་དམ་པ་ལ་འདུན་པ་སྟེ་བཞི་པོ་དེ་ལ་འཁོར་ལོ་ཆེན་པོ་བཞི་ཞེས་མགོན་པོ་ཀླུ་ཡི་དབང་པོས་བཞེད་དེ། དཔེར་ན་ཕྱུགས་དང་གླང་པོ་སོགས་ཀྱི་ཉིན་མང་པོའི་བཤུལ་ལམ་ཤིང་རྟའི་འཁོར་ལོས་ཡུད་ཙམ་ལ་བགྲོད་པ་ལྟར། བྱང་ཆུབ་སེམས་དཔས་འདི་བཞི་ལ་བརྟེན་ནས་རྣམ་མཁྱེན་མྱུར་དུ་བགྲོད་དེ། བཤེས་སྤྲིངས་ལས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང༌། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུངས་སོ། །གྲོང་སོགས་ཁྱིམ་པའི་གནས་དང་སྤོང་ཀློག་གི་བྱ་བ་མེད་པའི་དགོན་གནས་ཀྱང་རུང་སྐྱེ་བོ་མང་པོའི་འདུ་ཚོགས་ཀྱི་དབུས་ན་གནས་པའི་ཉེས་དམིགས་ནི། འཕྲལ་དུ་བདེ་ཡང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་དུག་ཅན་གྱི་ཟས་ལྟ་བུའི་ཡུལ་དགྲ་གཉེན་འཐབ་རྩོད། སོ་ནམ། ཚོང་དང༌། འདུ་འཛི། རྙེད་བཀུར། འདུ་ཚོགས། རྣམ་གཡེང༌། གསོག་བསྲུང་སྤེལ་བ་སོགས་ཉེ་བར་སྤྱད་པ་དང༌། རྐྱེན་གྱི་རྣམ་འགྱུར་ཤིན་ཏུ་རྒོད་དེ་དད་རྫས་གཤིན་དཀོར་སོགས་ངན་པའི་ཡུལ་དེ་ལས་ཐག་བསྲིངས་ནས། རང་ཉིད་གཅིག་པུར་དབེན་པར་ཞི་བ་མྱང་འདས་ཀྱི་ལམ་ལ་མོས་པར་བྱ་ཞིང༌། དེའི་ཚེ་ནའང་ལོངས་སྤྱོད་ཀྱི་རྙེད་བཀུར་སོགས་ལ་མ་ཆགས་པ་རླུང་ལྟ་བུ་དང༌། གནས་དང་འཚོ་བ་ལ་བདག་ཏུ་འཛིན་པ་མེད་པ་མཁའ་ལ་ལྡིང་བའི་བྱ་བཞིན་དང༌། ས་ཕྱོགས་སྟོང་པར་གནས་པའི་རི་དྭགས་བཞིན་དུ་དབེན་པ་དམ་པར་གནས་པའི་སྐལ་པ་བཟང་པོ་དེ་ནི། མ་བརྟག་པར་བབ་ཅོལ་དུ་རྣམ་གཡེང་དང་ཆོས་མིན་སྤྱོད་པས་འཁྲུག་པར་མི་འགྱུར་བས་དེ་ལ་སྙིང་ནས་སྤྲོ་བའི་བློས་བརྟེན་དགོས་སོ། །གྲོང་དང་དགོན་གནས་སོགས་གཞི་གཅིག་ལ་བརྟེན་ནས་རྟག་ཏུ་དེར་བསྡད་ན་མཛའ་བ་སོགས་གཞན་ངོ་བསྲུང་བ་དང༌། དཔལ་དང་སྙན་གྲགས་སོགས་ཀྱིས་ཕན་ཚུན་ཕྲག་དོག་ལ་རེ་ཞིང་བསྲན་ཐུབ་ཀྱང༌། ནམ་ཞིག་གི་ཚེ་ན་བཟོད་པའི་སྙིང་སྟོབས་ཀྱི་གོ་ཆ་དེ་བྲི་བར་འགྱུར་རོ། །ཡིད་ནི་གསོད་པ་སོགས་སྤྱོད་ངན་ལ་ཕྱོགས་པས་ཤིན་ཏུ་རེངས་ཏེ་གྱོང་ཞིང་རྩུབ་པའི་བདག་ཉིད་ཅན་ཡིན་པ་ནི། དཔེར་ན་བྱི་ལ་ཡང་འགྲོ་འདུག་མི་མངོན་པ་ལྟར་ཞི་ཞིང་སྤྱོད་ལམ་དེས་པ་སེན་མོའང་མེད་པ་ལྟར་བྱེད་ཅིང༌། སྐད་དལ་བུར་སྨྲ་ཞིང་བྱིའུ་བྱི་བ་སོགས་ཀྱི་སྟེང་དུ་རྩལ་གྱིས་མཆོངས་པ་ལྟར། སྡིག་པའི་གྲོགས་ཀྱིས་ཀྱང་གུས་གུས་ལྟར་བྱས་ཤིང་ལོངས་སྤྱོད་སྟེར་བ་སོགས་ཀྱིས་འཕྲལ་བདེ་གཏན་ཕུང་ནི་བརྩེ་ཆུང་ལས་དང་པོ་པས་བག་ཕེབས་བསྟེན་པའི་ཡུལ་སྣང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང༌། རང་རྒྱུད་དམ་པའི་ཆོས་ལས་འཕྲལ་དུ་ཉམས་པར་འགྱུར་རོ། །དཔེར་ན་བསྐྱོད་པ་ཡང་བའི་ཉི་ཟླ་གླིང་བཞིའི་སྐྱེ་བོ་ཀུན་དང་མཛའ་བ་ལྟར། ཆོས་སྤྱོད་ཀྱང་སྐྱེ་བོ་ཀུན་དང་འདྲིས་ཤིང་བདེ་བ་དང༌། སྡོད་གནས་གཅིག་ཏུ་གཉུག་མར་གནས་པ་དེ་ནི་ལོངས་སྤྱོད་སོགས་ཀྱི་དོན་དུ་ཁྲོ་བས་གདུང་བར་འགྱུར་ལ། གང་དུ་སོང་ཡང་ངོ་ཤེས་ཤིང་འདྲིས་པའི་མོད་ལ་གསར་པ་གསར་པར་ཕྱོགས་ཏེ་བསྐྱོད་པར་གྱུར་པའི་ཡུལ་ཁྲོ་རྩོད་ཀྱིས་དབེན་པས་འཇམ་ཞིང༌། ཕྱོགས་དེའི་སྐྱེ་བོ་ཀུན་ཀྱང་མི་མཐུན་པ་མེད་པའི་བཤེས་པར་འགྱུར་བ་མཐོང་ངོ༌། །དམ་པ་དག་ནི་སེམས་ལྡན་ཏེ་རྣམ་རྟོག་རང་རྒྱུད་པའི་དབང་དུ་སོང་བའི་སོ་སྐྱེ་ལྟ་བུར་ཆགས་སྡང་དང་འདུ་འཛིའི་གཏམ་སོགས་ཅ་ཅོ་སྒྲོགས་པ་སོགས་སུ་འགྱུར་བ་ལྟར་སྣང་ན་ཡང༌། རྐྱེན་བཟང་ངན་རོ་སྙོམས་པས་བརྗོད་པ་བཟང་ངན་ཅི་འདྲ་བྱེད་ཀྱང༌། རྗེས་སུ་གང་ཟག་དེ་ཡི་སེམས་ཞེན་ཅིང་ཆགས་པ་ཁྲོ་ཞིང་སྡང་བའི་རྣམ་པ་ཅན་དུ་འགྲོ་བ་མ་ཡིན་ཏེ། དཔེར་ན་བྲག་ཆ་ལྟ་བུར་བླང་དོར་དང་བྲལ་བ་ཡི་ཀུན་སྤྱོད་ཅན་སེམས་ཅན་དོན་ལ་བརྩོན་པས་དེ་འདྲ་བ་ལ་ཡུལ་གྱི་དམ་བཅའ་འདི་ཞེས་ངེས་པ་དང་བྲལ་བའི་ཐར་པ་དོན་དུ་གཉེར་བའི་ལས་དང་པོ་པས་སྐྱེས་བུ་ཚངས་པ་མཚུངས་པར་གྱུར་པའི་ཚུལ་ཁྲིམས་ཡང་དག་པར་བླངས་ནས་སྤྱོད་པར་འདོད་པ་དང༌། ཡང་དག་པའི་བསམ་གཏན་དོན་ལ་རྩེ་གཅིག་ཏུ་སེམས་འཇོག་པར་འདོད་པ་ཡི། གང་ཟག་བསླབ་གསུམ་གྱི་བརྟུལ་ཞུགས་རང་རྐྱ་ཐུབ་པའི་བརྟན་པར་མ་སོན་པ་གང་དང་གང་ཡིན་ཀྱང་རུང་སྟེ། ཡུལ་དབེན་པ་དང་དགེ་བའི་གྲོགས་ལ་བརྟེན་ནས་བསླབ་གསུམ་གྱི་ཡོན་ཏན་མཐོ་བ་དང༌། འདུ་འཛི་དང་སྡིག་གྲོགས་ལ་བརྟེན་ན་ཇེ་དམན་དུ་བྱེད་པས་སྤང་བླང་རེམ་དགོས་སོ། །སྟོན་པས་རིགས་གཟུགས་ལོངས་སྤྱོད་སོགས་བསྐྱུངས་པའི་སློབ་མར་བསོད་སྙོམས་གནང་བས། སྦྱོར་དངོས་རྗེས་གསུམ་དང་ལྡན་ན་གཞན་སྦྱིན་བདག་ལ་བསོད་ནམས་བསྐྱེད་ལ། བདག་ཉིད་ཀྱང་བྱ་བ་ཉུང་ཞིང་ངོ་བསྲུང་མི་དགོས་པ་དང༌། ཚོང་དང་སོ་ནམ་སོགས་ཀྱིས་དབེན་པས་བསླབ་གསུམ་གྱི་དཀའ་ཐུབ་ཉམས་པར་མི་འགྱུར་ལ། ཟས་གོས་སོགས་ཀྱིས་ཀྱང་མི་ཕོངས་པས་སློང་བ་རྣམས་ཀྱི་ཚུལ་འདི་ནི། ཡིད་བཞིན་ནོར་བུ་ལྟར་ཆོས་དང་མཐུན་པར་གྱུར་པའི་བསོད་སྙོམས་ཁོ་ན་ཡིན་ནོ། །འཚོ་བ་མ་དག་པ་མང་པོ་གསུངས་པ་ལས་དམིགས་བསལ་ཤིན་ཏུ་མ་དག་པ་ནི། འདི་ལྟར་ཡོད་སྦས་མེད་མདོག་སོགས་སྟོན་པའི་སྒོ་ནས་ཐབས་ཀྱིས་བརྐུ་བ་སྟེ་གཞོག་སློང་དང༌། རང་ལ་བྱིན་པ་ལ་བསྔགས་པ་བརྗོད་ནས་འཚོལ་བའམ། ཕར་ཅུང་ཟད་རེ་བཏང་ནས་ཚུར་མང་དུ་སྡུད་པ་རྙེད་པས་རྙེད་པ་འཚོལ་བ་དང༌། རང་གིས་དགེ་བ་སྒྲུབ་པ་སོགས་བྱས་སྐད་ཀྱི་གཡོ་ཟོབ་དང༌། གཞན་ལ་བསྔགས་བརྗོད་ཀྱི་སྒོ་ནས་འཚོལ་བའི་ཁ་གསག་དང༌། བཟང་བརྫུའི་སྤྱོད་པ་ཧྲུལ་པོས་རྙེད་པ་ཚོལ་བ་ཚུལ་འཆོས་དང༌། བདག་ཐོབ་ཐང་ཅན་ལ་འདི་ལྟར་མི་འོས་ཞེས་ཐོབ་ཀྱིས་འཇལ་བའི་འཚོ་བ་སྟེ་ལོག་འཚོ་རྣམ་པ་ལྔས། ཐར་པ་སྒྲུབ་པའི་དགེ་སྦྱོང་དྲང་སྲོང་རྣམས་ཀྱི་བརྟུལ་ཞུགས་ཐམས་ཅད་སྨ་བ་དང་བབ་ཏེ་ཉམས་པར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །འོ་དོད་འབོད་ལ་སོགས་པར་བཙོ། །ཞེས་དང༌། རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང༌། །མ་བསྐུལ་བ་ཡང་ཡོངས་མེད་པས། །དེ་བས་ཤ་ནི་མི་བཟའ་འོ། །ཞེས་པས་མི་ཟ་བའམ་ཟ་ནའང་སྙིང་རྗེས་གཟུངས་སྔགས་བསྔོ་སྨོན་སོགས་ཀྱིས་རྗེས་སུ་འཛིན་པར་བྱའོ། །དེ་ཕྱིར་གནས་དབེན་པ་དང༌། མལ་བཟང་རྩྭ་སོགས་སྟན་དང༌། འཚོ་བ་བསོད་སྙོམས་བཟང་པོ་ལ་བརྟེན་པ་དང༌། དགེ་བ་ལ་སྦྱོར་བའི་གྲོགས་བཟང་དང་འགྲོགས་ནས་དད་གུས་སོགས་སྦྱོར་བ་བརྩོན་འགྲུས་བཟང་པོས་ཞི་ལྷག་སོགས་དང༌། ཤེས་རབ་ཇེ་གསལ་དུ་འགྲོ་བའི་ལམ་སྒྲུབ་པར་སྙིང་སྟོབས་གོང་ནས་གོང་དུ་སློང་བར་འགྱུར་རོ། །བསླབ་པ་ཀུན་གྱི་ཡོན་ཏན་མ་སྐྱེས་པ་སྐྱེ་ལ་སྐྱེས་པ་ཡོངས་སུ་རྫོགས་པའི་ཕྱིར། མཚན་ཉིད་ལྡན་ཅིང་བསླབ་གསུམ་གྱི་གནད་མ་ནོར་བར་ཤེས་པའི་སྐྱེས་བུ་དམ་པ་དག་ལ་བསྟེན་པར་བགྱིད་ན་དོན་ཆེ་ལ། ཇི་ལྟར་སྨན་ཚལ་ཆེན་པོ་མ་ལ་ཡ་ཡི་ནགས་ཀླུང་དུ་རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པའང༌། རེ་ཞིག་ཙན་དན་དེའི་ཡལ་འདབ་ཀྱིས་བརླན་པའི་སྟོབས་ཀྱིས་ཙན་དན་གྱི་དྲི་བསུང་སྣང་བ་ལྟར། སྐྱེས་བུ་དམ་པ་གང་ལ་བསྟེན་པ་ན་རིང་པོར་མི་ཐོགས་པར་བསྟེན་བྱ་དེ་ཡི་ཡོན་ཏན་གྱི་རྗེས་སུ་འགྲོའོ། །སྔོན་ཆད་འབྲས་བུའི་བསྟན་པ་སོགས་ཀྱི་དུས་སུ་གདུལ་བྱ་རྒྱུད་དག་པས་འཕགས་པའི་གང་ཟག་དང༌། གྲུབ་པའི་སྐྱེས་བུ་མདོ་རྒྱུད་ནས་ཇི་སྐད་བཤད་པའི་དགེ་བའི་བཤེས་གཉེན་དམ་པའི་ཆོས་ཚུལ་ཏེ་མཚན་ཉིད་མཐའ་དག་རྫོགས་པ་ནི། སྙིགས་མའི་མཐུས་བྱས་ཏེ་རྙེད་པར་དཀའ་ནའང༌། སོ་ཐར་བྱང་སེམས་རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ་པོ་སོ་སོའི་གཞུང་ལྟར་གནང་བཀག་གིས་མཚམས་ཤེས་ཤིང་དགག་དགོས་ཚང་བ་དང༌། སྤྱོད་པས་རང་རྒྱུད་གཙང་མའི་ས་གཞི་བཟང་པོ་ལྟ་བུ་ལ། གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་དང་དོན་ལ་མཁས་ཤིང་ཐོས་པས་རྒྱུད་གྲོལ་བ་དང༌། གདུལ་བྱ་རྗེས་སུ་འཛིན་པའི་བརྩེ་བའི་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན་ཞིང༌། སྡེ་སྣོད་གསུམ་དང་སྔགས་རྒྱུད་སྡེ་བཞི་སོགས་རྒྱ་མཚོ་ལྟ་བུའི་ཆོ་ག་དང་ལམ་སྒྲུབ་ཚུལ་གྱི་བྱ་བ་ཐམས་ཅད་ལ་མཁས་པ་དང༌། ཚིག་ཙམ་མ་ཡིན་པར་ཉམས་ལེན་གནད་དུ་ཚུད་པས་སྤངས་པ་དང་རྟོགས་པའི་ཡེ་ཤེས་ལ་དྲི་མ་མེད་པའི་འབྲས་བུས་ཐུགས་རྒྱུད་ཡོངས་སུ་གང་བས་ཕྱུག་ཅིང༌། ཟང་ཟིང་ལ་མི་ཆགས་པའི་སྦྱིན་པ་དང༌། ཡིད་མཐུན་པའི་གཏམ་དང༌། རྣམ་གྲོལ་གྱི་དོན་ལ་སྤྱོད་དུ་འཇུག་པ་དང༌། དེ་དང་མཐུན་པར་རང་ཉིད་ཀྱང་འཇུག་པ་སྟེ་བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་པར་བཀྲ་བས། ཐར་ལམ་སྒྲུབ་པའི་སྐལ་བཟང་གདམས་ངག་གི་རྩི་བཅུད་ལ་རོལ་པའི་སློབ་མའི་བུང་བ་སྡུད་ནུས་པའི་ཐབས་མཁས་ཅན་དེ་ལ་བསྟེན་དགོས་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་བླ་མ་སངས་རྒྱས་ཀྱི་སྤྲུལ་པ་དངོས་ཡིན་པར་ཤེས་པར་བྱའོ། །ཁྱད་པར་ངེས་དོན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་མན་ངག་སྟོན་པའི་བླ་མའི་མཚན་ཉིད་ནི། རྒྱུད་སྡེ་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་ལས་དབང་ཐོབ་པ༡་དང༌། དབང་དོན་རྒྱུད་ལ་གནས་པའི་སྡོམ་པ་དང་དམ་ཚིག་ལ་གནས་པས་སྒོ་གསུམ་ཤིན་ཏུ་ཞི་ཞིང་དུལ་༢བ་དང༌། གཞི་རྒྱུད་བདེ་གཤེགས་སྙིང་པོའི་གནས་ལུགས། ལམ་རྒྱུད་སྤངས་རྟོགས་སྐྱེད་བྱེད་བསྐྱེད་རྫོགས་གཉིས། འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་ལྷུན་གྲུབ་ཏུ་འབྱུང་ཚུལ་སྤྱི་དང་བྱེ་བྲག་གི་དོན་ཁོང་དུ་ཆུད་པ་༣དང༌། བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་རྟགས་ཡོངས་སུ་རྫོགས་པ་༤དང༌། འཁོར་འདས་རོ་མཉམ་གྱི་དོན་རྟོགས་པས་ལྟ་བ་ལ་མ་རྨོངས་པ་༥དང༌། ཉམས་མྱོང་གིས་རང་རྒྱུད་གྲོལ་བ་༦དང༌། སྙིང་རྗེ་ཚད་མེད་པས་གདུལ་བྱ་ཐར་པར་འདྲེན་པ་༧དང༌། གཞན་དོན་འབའ་ཞིག་གཉེར་བ་༨སྟེ་བརྒྱད་པོ་འདི་ནི་བི་མ་ལའི་དགོངས་པ་ཡིན་ནོ། །བྱ་བ་ཉུང་ཞིང་སྒོ་གསུམ་གྱིས་ནན་ཏན་ཆོས་ཕྱོགས་ཁོ་ན་ལ་སེམས་པས་འཁོར་བར་སྐྱོ་ཤས་དང༌། ངེས་འབྱུང་གི་བློ་ཆེར་ལྡན་ཞིང༌། གཞན་གདུལ་བྱ་ཡང་སྐུ་དྲུང་དུ་བསྡད་པ་ཙམ་ནས་དེ་ལ་བསྐུལ་ནས་སྣང་བ་བསྒྱུར་འཁོར་བ་ལས་ལྡོག་ནུས་པའི་ཐབས་ཚུལ་དུ་མ་ལ་མཁས་ཤིང༌། བརྒྱུད་པ་ལ་སེལ་མེད་པའི་བྱིན་རླབས་ལྡན་པ་གཉིས་པོ་ཀུན་མཁྱེན་བླ་མའི་བཞེད་པའོ། །དེ་ལྟ་བུ་ལ་བསྟེན་ན་མཆོག་ཐུན་དངོས་གྲུབ་ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་འགྱུར་རོ། །བྲམ་ཟེ་བཞིན་དུ་ཁེངས་པའི་སྒོ་ནས་སྐུ་སྐྱེ་རིགས་རུས་སོགས་ཀྱི་ཆོ་རིགས་བསྲུང་བའམ། རང་ཉིད་བསྟི་བའི་གནས་དགོན་སྡེ་བླ་བྲང་སོགས་ཀྱི་སྔར་སྲོལ་ཉམས་པར་དོགས་ནས། ཆོས་སྒྲུབ་པའི་ཟོལ་གྱིས་དཀོར་ལོངས་སྤྱོད་སྒྲུབ་པར་འདོད་པའི་ཀུན་སློང་ངན་པ། དཔེར་ན་མི་གཙང་བའི་རྫིང་བུ་རུ་ཁྲུས་བྱས་ན་སླར་ཡང་དྲི་མས་གོས་པ་དང་འདྲ་སྟེ། ཀུན་སློང་དེས་ཐོས་བསམ་ཆོས་བཤད་རྟེན་བཞེངས་སོགས་བྱས་པ་དེ་ནི་ཆོས་མིན་རྒྱུད་མ་རུངས་པར་བྱེད་པའི་འབྲས་བུ་གནས་མིན་གྱི་ཁྲུས་ལ་ཞུགས་པ་སྟེ་ཡོན་ཏན་ཆེ་རློམ་གྱི་སྟོང་འུར་ཆེ་ཡང་རྒྱུད་མི་ཐུལ་ཏེ། དཔེར་ན་ཡོས་མི་འདུལ་ཤིང་ཕྱེ་མི་འབབ་པ་ཤིང་གི་རང་འཐག་ལྟ་བུའི་ལམ་སྟོན་ལ་ངན་པ་དང༌། ཉོན་མོངས་པས་རྒྱུད་གང་བའི་སོ་སོ་སྐྱེ་བོའི་རང་བཞིན་དང་མ་འགལ་ན་ཡང༌། སྔོན་གྱི་སྦྱིན་འབྲས་ཅུང་ཟད་ལ་བརྟེན་ནས་ད་ལྟ་བླ་མའི་གོ་ས་ཐོབ་པ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་མི་ཤེས་པའི་བླུན་པོ་མང་པོས་སྒྲོ་བཏགས་ཏེ། དད་པས་བབ་ཅོལ་དུ་བདག་ནི་དེ་ལྟ་བུའོ་ཞེས་རློམ་པའི་གནས་ལ་སྦྱར་ནས། ལོངས་སྤྱོད་དང་རྙེད་པ་དང་ཡོ་བྱད་ཀྱི་ཞེ་ས་དང་བཀུར་སྟིའི་མཆོད་པས་ཁེངས་པར་གྱུར་པ་ཁྲོན་པའི་ལག་འགྲོ་སྟེ་གཏམ་རྒྱུད་དུ་སྦལ་པ་ལྟ་བུའི་བཤེས་གཉེན་དང༌། ལུང་གི་ཡོན་ཏན་གྱི་ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་ནོད་ཀྱང་གནང་བཀག་མི་ཤེས་པས་ཚུལ་ཁྲིམས་འཆལ། བསླབ་གསུམ་མི་ཤེས་ཤིང་ཉེས་པའི་གཞན་དབང་དུ་གྱུར་པས་རྒྱུད་ཚོད་དམའ་ལ། གདམས་ངག་སོགས་འབོགས་ཁུལ་འོལ་ཚོད་ཀྱིས་ཀུན་སྤྱོད་ནི་ས་བླར་གཤེགས་པ་ལྟར་སོང་ཞིང༌། གདུལ་བྱ་རྗེས་སུ་འཛིན་པའི་བྱམས་དང་སྙིང་རྗེའི་དཔྱང་ཐག་སྟེ་འཇུ་ཐག་ཆད་པ་ཡི་སྨྱོན་པའི་ལམ་མཁན་རྣམས་བརྟེན་པ་ལས། ངན་འགྲོའི་གཡང་ས་སྡིག་པའི་གཅོང་རོང་དུ་ཁྲིད་པས་སྡིག་པ་ལྷག་པར་འཕེལ་ལ། ཁྱད་པར་སློབ་མ་རང་ལས་བླ་མ་ཡོན་ཏན་ལྷག་པ་དང་བཅས་པ་ཞིག་དགོས་ཀྱི། དེ་ལྟར་མིན་པའི་བྱང་ཆུབ་སེམས་དང་བྲལ་བ་དེ་འཇིག་རྟེན་ན་སྐུ་བསོད་ཀྱི་གྲགས་པ་ཆེན་པོ་ཐོབ་པའི་མཐུས་དམ་པར་བཟུང་ནས་བསྟེན་ན་ཤིན་ཏུ་འཁྲུལ་ཏེ། དཔེར་ན་ལོང་བའི་དེད་དཔོན་གྱིས་ལོང་བར་ལམ་སྟོན་མི་ནུས་ལྟར། དེ་འདྲའི་ཤེས་རབ་ཀྱི་མིག་ལྡོང་བ་ལ་སྐྱབས་སུ་འཆའ་ན་གནས་སྐབས་དང་མཐར་ཐུག་ནོར་བ་ཆེན་པོ་སྟེ། སློབ་མས་ཆོས་བཞིན་མི་བྱེད་པ་ལ་མི་སེམས་ཤིང༌། རང་གི་ཞབས་ཏོག་དང་བསྙེན་བཀུར་ལ་དགའ་ནས་སློབ་མ་སྐྱོང་མདོག་རེ་བྱེད་ཅིང༌། སློབ་མས་ཀྱང་དེ་ལ་དགོངས་གཞི་དང༌། དགོས་པ་མེད་བཞིན་ཆོས་བརྒྱད་ཀྱི་གྲོགས་བྱས་ནས་ཞབས་ཏོག་ཡིན་རློམ་ཟོལ་གྱིས་བསྟེན་ཞིང་འགྲོགས་ན་བླང་དོར་གྱི་གནས་མཐོང་བའི་སྐབས་བྲལ་བས་ངན་སོང་མུན་པའི་སྨག་ཏུ་འཁྱམས་པར་འགྱུར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་དང་པོར་སྔར་ནས་བླ་མ་དེ་དམ་པ་ཡིན་མིན་ཤིན་ཏུ་བཏང་སྙོམ་གྱི་མ་བརྟགས་པར་བསྟེན་ན། ཆོས་སྒྲུབ་འདོད་ཀྱི་དད་པ་ཅན་གྱི་རྒྱུད་ལ་ཡོད་པ་དང་ཕྱིས་འབྱུང་གི་དགེ་ཚོགས་ལམ་གྱི་ཡོན་ཏན་ཐམས་ཅད་ཆུད་གསན་ཅིང༌། དལ་བ་ཕུན་སུམ་ཚོགས་པའི་རྟེན་བཟང་རིང་མོ་ནས་མ་ལོན་པར་ད་ལྟ་སྐབས་ཙམ་ཤིག་ལ་རྙེད་པ་འདི་དོན་མེད་དུ་འགྱུར་བ་ནི། དཔེར་ན་ཤིང་སྡོང་གི་རྩར་བསིལ་གྲིབ་ལ་རེ་བ་སྦྲུལ་གདུག་དང་ཤིང་གི་གྲིབ་མ་གཉིས་ནོར་ནས་དེ་རུ་སོང་སྟེ་ངལ་གསོས་ན་དུག་གིས་ཉེན་ཏེ་སྡུག་བསྔལ་བ་བཞིན་བསླུ་བར་འགྱུར་ཏེ། རིག་པ་འཛིན་པའི་སྡེ་སྣོད་ལས། ཐོས་ཆུང་དྲིས་ལ་ལན་མི་ཐེབ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་གསུངས་པ་ལྟར་རོ། །གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ལ་མང་དུ་ཐོས་ཤིང་ཤེས་རབ་ཀྱི་མིག་རྒྱས་ལ། བསླབ་གསུམ་གྱི་རྟོགས་པ་ཁྱད་པར་ཅན་གྱིས་སློབ་མའི་རྒྱུད་གྲོལ་བ་ལ་མཁས་པ་སྟེ། ལུང་དང་རྟོགས་པ་མཐའ་དག་གི་ཡོན་ཏན་རྒྱུད་ལ་འབྱོར་བའི་བླ་མ་དམ་པ་རྣམས་ནི། ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཆོས་སྐུའི་ཡེ་ཤེས་སྤྲོས་བྲལ་གྱི་ངང་དམིགས་མེད་ཐུགས་རྗེ་ཆེན་པོའི་ཁམས་རང་བྱུང་ལྷུན་གྲུབ་ཡོད་པས། གདུལ་བྱ་མཐའ་ཡས་པའི་ཡུལ་ལ་སྤྲུལ་པའི་རོལ་གར་བསམ་གྱིས་མི་ཁྱབ་པར་སྣང་བ། ད་ལྟ་བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེའི་ལྷག་ཞབས་སུ་སྐྱེས་པའི་མི་ཡི་འགྲོ་ངོར་སྐྱེས་བུ་དམ་པའི་གཟུགས་ཀྱིས་བྱོན་པ། དེ་ཉིད་མཆོག་དང་ཐུན་མོང་གི་ལམ་གྱི་ཡོན་ཏན་དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད་པ་ཡིན་ཏེ། སྤྱི་མདོ་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བ་ཡང་དག་ངས་མ་མཐོང༌། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་སོ། །དེའི་མཛད་སྤྱོད་ཐམས་ཅད་གདུལ་བྱ་ཐ་དད་པ་རྣམས་ཐར་ལམ་དུ་དྲང་བ་ཁོ་ནའི་དོན་དུ་འཇིག་རྟེན་པའི་སྤྱོད་པ་ཀུན་དང་ཕྱོགས་མཐུན་པར་སྟོན་ལ། ངེས་པའི་དོན་དུ་ནི་དགྲ་བཏུལ་བ་ལྟར་སྣང་ཡང་སྡང་བ་མེད་པ། དེ་བཞིན་དུ་གཉེན་བསྐྱང་ཡང་ཆགས་པ་མེད་པ། འདུ་འཛིས་བྲེལ་ཡང་རྣམ་པ་མི་གཡེང་བ། ལོངས་སྤྱོད་བསགས་ཀྱང་ཞེན་པ་མེད་པ། ཐོབ་དང་མངའ་ཐང་ཡོད་ཀྱང་མི་ཁེངས་པ། སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟར་གཟིགས་ནས་དགོངས་པ་ནམ་མཁའ་དང་མཉམ་པ། འཇིག་རྟེན་པ་ཀུན་དང་རྣམ་བཞག་འགལ་ཞིང་ཁམས་མི་མཐུན་པར་སྣང་བ་ལ་སོགས་པའི་གསུང་བྱོན་པ་དང་མཛད་པ་སྟོན་པ་ལའང་ལོག་པར་མི་ལྟ་སྟེ། དགོངས་གཞི་འགའ་ཞིག་ལ་དགོངས་ནས་འགྲོ་བ་འདྲེན་པ་སོགས་དགོས་པ་ཁྱད་པར་ཅན་དུ་མ་ཡོད་པའི་ཕྱིར། འཇིག་རྟེན་པ་ཀུན་ལས་ཁྱད་པར་འཕགས་ཤིང༌། གཞན་ཡང་གདུལ་བྱའི་ཚིག་དོན་ཉམས་ལེན་གེགས་སེལ་སོགས་ཐེ་ཚོམ་ཐམས་ཅད་གཅོད་མཁས་ཤིང༌། ཕ་རོལ་པོའི་གཤེ་སྐུར་སྤྱོད་ངན་སོགས་ལོག་སྒྲུབ་གང་ལའང་ཐུགས་མི་སྐྱོ་ཞིང་སྒོ་གསུམ་ལ་ངལ་བ་ཅི་བྱུང་ཡང་བཟོད་པར་མཛད་པ་དེ་ནི། སྲིད་པའི་གནས་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུ་ལས། མན་ངག་ཉམས་སུ་བླང་བས་ཐར་པར་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུའོ། །ལམ་སྤྱི་དང་ངེས་དོན་མདོ་རྒྱུད་མཆོག་གི་དོན་འཁྲུལ་བར་མི་འགྱུར་བར་སྟོན་པས་དེད་དཔོན་དངོས་ལྟ་བུ། ཐོག་མེད་ནས་བསགས་པའི་ལས་ཉོན་གྱི་མེ་ཚོགས་དག་གི་ཉེས་པ་ཐམས་ཅད་ཤེས་རབ་གསུམ་གྱིས་འཇོམས་པས་བདུད་རྩིའི་ཆར་ལྟར་བུ། བླང་དོར་གྱི་དོན་ལ་སྒྲིབ་པའི་མ་རིག་པའི་མུན་པ་ཐམས་ཅད་ཤེས་རབ་ཀྱི་ཡེ་ཤེས་ཆེན་པོས་སེལ་བས་ཉི་མ་དང་ཟླ་བ་ལྟ་བུར་མཚུངས་ཤིང༌། རྐྱེན་བཟང་ངན་ཐམས་ཅད་ཀྱིས་མི་བསྒུལ་བ་ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་དང་འདྲ་ལ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་སྟོན་པས་མཐར་ཐུག་གི་ཕན་པ་བྱང་ཆུབ་ཀྱི་གོ་འཕང་དང༌། གནས་སྐབས་ཀྱི་བདེ་བ་མཐོ་རིས་ཀྱི་དཔལ་འབྱོར་ལ་ལོངས་སྤྱོད་པའི་འབྱུང་གནས་སུ་གྱུར་པས་དཔག་བསམ་གྱི་ཤིང་ལྟ་བུ། ལུང་གི་ཆོས་མདོ་སྔགས་ཀྱི་ཚིག་དོན་ཐམས་ཅད་ཀྱི་མཛོད་དང་ལྡན་པ་བུམ་པ་བཟང་པོ་ལྟ་བུ་སྟེ། རྟོགས་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པ་དང༌། སེམས་ཅན་ཀུན་ལ་ཉེ་རིང་དང་བྲལ་བར་ཐུགས་སྙོམས་པར་བདེ་བ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད་འདོད་ཀྱི་བྱམས་པས་སྐྱོང་བར་མཛད་པས་ཕ་མ་ལྟ་བུ་ཡིན། སེམས་ཅན་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་བྲལ་འདོད་ཀྱི་བསམ་པ་རྒྱ་ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་དང་མཚུངས་ལ། ཕྲག་དོག་སོགས་ཀྱིས་ཀྱང་འཕོ་འགྱུར་མེད་པའི་འཇིག་རྟེན་ཀུན་ལ་དགའ་བ་རི་དབང་ལྟ་བུ་དང་འདྲ། ཆགས་སྡང་གིས་འཁྲུག་པ་མེད་པའི་བཏང་སྙོམས་སེམས་ཅན་ཀུན་གྱི་ཉོན་མོངས་ཞི་ཐབས་ལ་གཟིགས་པ་ཆར་སྤྲིན་བཞིན་ཡིན་ནོ། །དེ་འདྲ་བའི་བླ་མ་ནི་མཚན་དཔེའི་སྐུར་མི་སྣང་ཡང་སངས་རྒྱས་ཀུན་དང་མཉམ་པ་ཡིན་ལ། སྐུ་མཐོང་བ་དང༌། གསུང་ཐོས་པ་དང༌། མཛད་སྤྱོད་དྲན་པ་ཙམ་གྱིས་ཀྱང་དོན་དང་ལྡན་ལ། དེ་ལ་གནོད་པ་བྱས་ཀྱང་འགྱོད་བཤགས་དང་བཅས་ན་ཚེ་འདི་དང་མིན་ཀྱང་མཐར་བདེ་བའི་ལམ་དུ་འབྲེལ་ཏེ་གདུལ་བྱའི་ཡུལ་དུ་གྱུར་ན། གཡོ་སྒྱུ་ཟོལ་ཟོག་མེད་པའི་དད་པ་དང་མོས་གུས་བྱས་པས་ཚུལ་བཞིན་བླ་མ་ཉིད་བསྟེན་པའི་སྐྱེས་བུ་རྣམས་ལ། མངོན་མཐོ་ཚེ་རིང་ནད་མེད་སོགས་དང་ངེས་ལེགས་བྱམས་སྙིང་རྗེ་སོགས་ཡོན་ཏན་ཐམས་ཅད་རྩོལ་མེད་དུ་ཆར་བཞིན་འབབ་པར་འགྱུར་རོ། །བླ་མ་བསྟེན་པའི་ཚུལ་ཡང་འདི་ལྟར། སྡོང་པོ་བཀོད་པའི་མདོ་ལས་བྱུང་བ་ལྟར། བདག་ནི་ཐོག་མེད་ནས་ཉོན་མོངས་པའི་ནད་ཀྱིས་ཐེབས་པས་ནད་པའི་འདུ་ཤེས་དང༌། ཆོས་གདམས་ངག་ལ་སྨན་གྱི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས། ནན་ཏན་ཉམས་སུ་ལེན་པ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པ་སྟེ་བཞི་པོ་ནི་ནད་པས་སྨན་པ་ལྟ་བུ། མགྲོན་པོས་དགྲ་ལས་སྐྱེལ་མ་ལྟ་བུ་སོགས་བཞི་དང༌། འཇིགས་པའི་གནས་ལས་རམ་ཟླ་དཔའ་བོ་ལྟ་བུ་སོགས་བཞི་དང༌། ཚོང་པས་དེད་དཔོན་ལྟ་བུ་སོགས་འདུ་ཤེས་བཞི་དང༌། གྲུ་པས་མཉན་པ་ལྟ་བུའི་འདུ་ཤེས་བཞི་བཅས་འདུ་ཤེས་ཉི་ཤུ་པོ་ཚིག་ཙམ་མ་ཡིན་པར་རྒྱུད་ལ་ཇི་ལྟ་བ་བཞིན་དུ་སྦྱར་བ། སྐྱེ་ཤི་དང་ཉོན་མོངས་པའི་དགྲ་ཡིས་འཇིགས་པ་ལས་སྐྱོབ་པས། དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པར་བྱའོ། །སློབ་མའི་མཚན་ཉིད་ཀྱང་འདི་ལྟར། བླ་མ་དམ་པ་དེ་ཡི་ཐུགས་རྗེ་བྱིན་རླབས་དེ་ལ་བྱམས་སྡང་མེད་ཀྱང༌། གདམས་ངག་ཉེ་བར་ལེན་པ་སློབ་མ་སྟེ་དེ་ཉིད་ཀྱང་དད་པ་ཤེས་རབ་བརྩོན་འགྲུས་ངེས་འབྱུང་ལ་སོགས་པ་སྣོད་ཀྱི་ཡོན་ཏན་དང་བྲལ་བ་ལ། བཅུད་སེང་གེ་དཀར་མོའི་འོ་མ་སྣོད་ངན་གྱིས་མི་ཐུབ་པ་ལྟར་གདམས་ངག་གི་བཅུད་ཀྱིས་ཕན་མི་ཐོགས་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་ཟབ་དོན་ལ་ཡིད་མི་ཆེས་པས་ནི། གནས་སྐབས་ཟང་ཟིང་ཙམ་གྱིས་ཚིམ་པ་ཐོབ་པར་གྱུར་ནས། དོན་ལ་མེད་པའི་རྐྱེན་བཅོས་མའི་དད་པ་ནི་སྔ་དྲོ་དད་པ་ཡོད་ཀྱང་ཕྱི་དྲོ་བྲལ་བ་དུས་བཞིའི་འགྱུར་ལྡོག་ངོམ་པ་བཞིན་འགྱུར་སླ་བས་དེ་སྤང་བར་བྱའོ། །གང་ཟག་འགའ་ཞིག་དང་པོ་དམ་པའི་ཆོས་ཀྱི་ལམ་དུ་ཐབས་སྣ་ཚོགས་པས་བཙུད་ཀྱང་མི་ཚུད་པ་གཡག་རྒོད་ར་བའི་ནང་མི་ཚུད་པ་བཞིན་དང༌། བར་དུ་ཐོས་བསམ་གྱིས་སུན་ནས་ཆོས་ཕྱོགས་ལ་བརྩོན་པ་དག་ལ་སྡང་ཞིང་ཚེ་འདི་ཁོ་ནར་གཉེར་ལ། ཐ་མར་དམ་ཚིག་དང་སྡོམ་པ་མི་སེམས་ཤིང་སྡིག་པའི་གྲོགས་པོ་རྣམས་ཀྱི་ཕྱོགས་བཟུང་ནས། ལས་མཐའ་ལོག་པ་དེ་ཉིད་བླ་མ་མཆེད་གྲོགས་སོགས་ཀྱི་ཕྱོགས་ལའང་མི་ཉེ་ཞིང་མི་དང་མི་འདྲེ་བའི་ནགས་མཐའི་མི་རྒོད་དང་འདྲའོ། །བླ་མ་དམ་པའི་དྲུང་ན་གནས་ཚེ་སྣ་ཚོགས་ཤར་ཏེ་འདི་བས་ཀྱང་དབེན་པར་དགེ་བའི་ཕྱོགས་སུ་སོང་ན་དགའ་སྙམ་པས་འབྲོས་ལ་རིངས། ཡུལ་གང་དང་གང་དུ་བགྲོད་པར་ཕྱོགས་ནའང་སྡིག་གྲོགས་ཀྱི་གང་བས་རང་ཉིད་ཆོས་ལས་ཉམས་ཏེ་སྡིག་པས་འཛིན་ལ། འོ་ན་ཁྱོད་དབེན་པར་སོང་ལ་སྒྲུབ་ཚུགས་ཟུང་ཞེས་ཆེད་དུ་བསྐུལ་ཏེ་དེར་བསྡད་ན། བླ་མས་བསྟན་པའི་གདམས་ངག་བོར་ནས་ཆོས་ཚུགས་ཞིག་ལ། སྙོམས་ལས་རྣམ་གཡེང་གིས་དུས་འདའ་བ་ཐུན་གཅིག་ཙམ་ཡང་བྲལ་ནས། དཔེར་ན་རླུང་གི་རྗེས་སུ་བསྐྱོད་འགྲོ་བའི་ཀུ་ཤའི་རྩེ་མོ་བཞིན་ནོ། །མི་གཞི་ངན་པའི་ཟོལ་ཟོག་གི་སྦྱོར་བ་ལ་མཁས་ཤིང་ཐོབ་ཐང་གྲགས་པ་སོགས་ཀྱིས་མི་ཕན་ཏེ་བླ་མ་བསླུ་བའི་བསམ་པས་ཐ་གུའི་ལྕེས་ཏེ་གླ་བ་འཛིན་པའི་རྒྱ་བྲེས། བླ་མ་སྤོས་ཀྱི་གླང་པོ་སྟེ་གླ་བ་ལྟར་དབང་ལུང་ཁྲིད་སོགས་ཀྱིས་སྙན་གྲགས་ཟོང་ལྟར་བརྐམས་ཏེ། དྲིན་མི་དྲན་པར་བསྙེན་ནས་དམ་པའི་ཆོས་དེ་ལ་གླ་རྩིའི་རྙེད་པ་ལྟ་བུའི་འདུ་ཤེས་ཀྱིས་ཐོབ་ནས་དམ་སྡོམ་རྒྱབ་ཏུ་བོར་ཏེ། སླར་རྔོན་སོད་ནས་གླ་རྩི་ཚོང་ཐབས་ལ་སེམས་པ་ལྟར་ཆོས་དེས་སྙན་གྲགས་ལ་ཡང་དག་སྤྲོ་བས་མི་སྒྲུབ་པར་བླ་མའི་དམ་ཚིག་རྒྱང་དུ་འཕེན་པའི་སློབ་མ་འདི་ཕྱིར་བཀྲ་མི་ཤིས་སོ། །བློ་སྣ་རང་སེམས་ཉམས་འོག་མ་ཆུད་པ་མཐའ་དག་ནི་བསྐྱེད་རྫོགས་ཀྱི་གདམས་པའི་གནད་འགག་དམར་ཁྲིད་སོགས་ཐམས་ཅད་ཐོབ་ནས་དོན་ཉམས་སུ་ལེན་པ་སླར་བཏང་ནས། ད་དུང་ཡོད་ཚད་ཐོས་དགོས་སྙམ་སྟེ་ཉམས་སུ་མི་ལེན་པར་སྣ་ཚོགས་པའི་ཡིག་སྣ་འཚོལ་བས་དཔེ་གཅོད་ཟིན་བྲིས་མཆན་འདེབས་སོགས་ཀྱིས་བྲེལ་ཞིང་དུབ་པའི་མཐར། གསར་པ་ངེས་གཟུང་བྱེད་རྒྱུ་མ་མཐོང་གོང་སྔོན་མ་ཚིག་དོན་ཅུང་ཟད་ཤེས་པ་མཐའ་དག་ཉམས་པར་འགྱུར་རོ། །ངེས་འབྱུང་དང་བཅས་ཤིང་དོན་གཉེར་ཆེ་ལ་དད་པའི་ཀུན་སློང་གིས་ཡང་དག་དོན་ལ་ཐོས་བསམ་སྒོམ་གསུམ་གཤའ་མས་སྦྱོར་བའི་དད་པ་དང༌། ངེས་འབྱུང་དང་བྲལ་བའི་ལྟར་སྣང་ཚེ་འདིར་ཕན་པའི་རྙེད་བཀུར་འབའ་ཞིག་བསྒྲུབ་པའི་འདོད་པ་ཅན་དུ་སོང་བས། དེ་གཉིས་ཀར་ཕྱོགས་གང་དུའང་ལུང་དུ་མ་བསྟན། བླུན་པོ་ལད་མོ་བྱེད་པ་ངན་གཡོའི་གཟུ་ལུམ་ཅན་ཏེ་བབ་བཅོལ་དུ་དད་འདོད་གང་ཡང་མེད་པར་ཆོས་སྒོར་ཞུགས་ནས་སྤྲེའུའི་མཉམ་བཞག་དང༌། ནེ་ཙོའི་འདོན་པ་བཞིན་ཆོས་ལུགས་བཞིན་བྱེད་ཀྱང་ཕྱི་ནས་ཆོས་དང་འཇིག་རྟེན་གང་ཡང་མེད་པས་ཁྱི་ལྡོམ་བྱེས་སུ་འཁྱམས་པ་ལྟ་བུ་སྟེ། སྤྱིར་གང་ཟག་རིགས་དུ་མ་ཡོད་ཀྱང་གསུམ་པོ་འདི་ཉིད་དུ་གནས་པའི་མཚན་ཉིད་ལེགས་པར་བརྟག་པ་བྱེད་པ་གཅེས་སོ། །དད་པའི་གོ་ཆ་ཆེ་ལ་བདེན་མཐོང་སྐལ་པ་ཅན་ཀླུའི་བྱང་ཆུབ་ལྟ་བུ་བློ་གྲོས་ཤིན་ཏུ་བརྟན་ཅིང༌། བླ་མ་དང་ཆོས་ཀྱི་ཕྱིར་དུ་རང་གི་ལུས་དང་སྲོག་ལ་གནོད་པ་ཅི་བྱུང་ཡང་མི་བལྟ་བ་དཔལ་གྱི་ཡེ་ཤེས་ལྟ་བུ་རིམ་གྲོ་བགྱིད་ཅིང༌། བླ་མས་ཅི་གསུང་བཀར་དཀྲི་ཞིང་བདག་ཉིད་མི་བསྲུང་བའི་རྗེ་བཙུན་མི་ལ་ལྟ་བུ་སྟེ། དེ་དང་འདྲ་བའི་སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ་ལོ། །དཀར་ཆོས་ཀྱི་ས་བོན་དད་དང་མི་རྟོག་པའི་ཤེས་རབ་གསལ་ལ། ཆོས་དང་ཆོས་མིན་ཤེས་པའི་ཐོས་པ་དང༌། ཐེག་པ་ཆེན་པོའི་སྙིང་རྗེ་ཆེ་ཞིང༌། སྡོམ་དང་དམ་ཚིག་ལ་གུས་པ། སྒོ་གསུམ་ཞི་ཞིང་དུལ་བ། མཆེད་གྲོགས་དང་ཉེ་འཁོར་ལ་བཤེས་པའི་ཁོང་ཡངས་པ་དང༌། ཞིང་དག་པ་ལ་གཏོང་ཕོད་ཆེ་བ། དག་སྣང་དང་ཁྲེལ་ཡོད་པ་དང་ལྡན་པར་བྱའོ། །བླ་མའི་ཐུགས་ཟིན་པའི་ཐབས་ཀྱིས་བླ་མ་དེའི་ཐུགས་ཤིན་ཏུ་བསྲུང་བས་བུ་མཛངས་པ་ལྟ་བུ་དང༌། དགོས་དབང་གིས་བཀའ་བཀྱོན་དྲག་པོ་ལན་མང་མཛད་ཀྱང་དེ་དག་ལ་མི་ཁྲོ་བ་རྟ་མཆོག་བཞིན་དང༌། བླ་མའི་དགོས་པ་བསྒྲུབ་ཕྱིར་གྲུ་ལྟར་ཉེ་རིང་གང་དུའང་འགྲོ་འོང་ཇི་ལྟར་བྱེད་པའི་གནས་ལ་སྐྱོ་བ་སྤང་བ་དང༌། ཟམ་པ་ལྟ་བུར་བསྟོད་སྨད་སྐྱིད་སྡུག་སོགས་རྐྱེན་བཟང་ངན་ཐམས་ཅད་ཐེག་པ་དང༌། བཟོ་སྟེགས་ཏེ་མགར་བའི་འོག་རྡོའམ་ཏི་ཚ་བཞིན་དུ་དབྱར་དགུན་གྱི་ཚ་གྲང་གང་ཡང་བཟོད་པ་དང༌། བཀའ་ཇི་ལྟར་བསྩལ་བ་བཞིན་ཟུར་མ་ཉམས་པར་ཉན་པ་བྲན་ཁོལ་ལྟ་བུ་དང༌། བླ་མ་དང་མཆེད་ལ་བཀུར་ཞིང་ང་རྒྱལ་སྤངས་པ་བཟང་ངན་ཐམས་ཅད་ཕྱགས་པས་ཕྱག་དར་ལྟ་བུ་དང༌། རང་སྐྱོན་ལ་བསམ་སྟེ་དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུས་ཁྱུ་མང་པོ་དག་གི་གྲལ་མཐར་དམན་ས་བཟུང་ནས་བླ་མ་བསྟེན་ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་དག་ལས་གསུངས། རང་ལ་ཟང་ཟིང་གི་འབྱོར་པ་ཡོད་ན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པ་ཉིད་ཡིན་པའི་ཕྱིར་དཀོན་མཆོག་བཞི་པ་བླ་མ་ལ་མཆོད་པ་ཤིན་ཏུ་གཅེས་ཏེ། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་དང༌། གུ་རུ་རིན་པོ་ཆེས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་ན་མེད། །བླ་མ་དཔལ་ཆེན་ཧེ་རུ་ཀཿ ཞེས་སོ། །བར་དུ་བླ་མར་ཞབས་ཏོག་དང་སྲི་ཞུ་བསྒྲུབ་ཕྱིར་ལུས་ཀྱིས་གནས་ཁང་གི་ལས་གང་དགོས་དང༌། བཟོ་དྲུབས་སོགས་ནས་སྟན་འདིང་བ་དང་ཐལ་མོ་སྦྱར་བའི་བར་གྱི་བྱ་བ་ཐམས་ཅད་དང༌། ངག་གིས་བླ་མའི་གསུང་དོན་བཀའ་བཞིན་ཁུར་བ་སོགས་དང༌། གསུང་གི་ཕྲིན་ལས་ཆོས་བཤད་པ་སོགས་བླ་མའི་ཕྱོགས་སུ་བཀོལ་བའི་ལས་མཐའ་དག་ནམ་ཡང་ཆུད་ཟོས་སུ་འགྱུར་བ་མེད་ལ། ཐ་མ་ཟང་ཟིང༌། འབྲིང་ཞབས་ཏོག །རབ་སྒྲུབ་པ་སྟེ་མཉེས་པ་གསུམ་གྱི་ནང་ནས་སྒྲུབ་པ་ནི་མཆོག་གོ །དགེ་བའི་བཤེས་གཉེན་དམ་པ་རྣམས་ནི་རང་དོན་གྲུབ་ཟིན་ནས་གཞན་དོན་བྱེད་པའི་སྐབས་སུ་བབ་པ་ཡིན་པས། མོས་སྣང་མཛད་སྤྱོད་སྣ་ཚོགས་སྟོན་པ་གང་ལ་ཡང་རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པར་ཤེས་ནས་ལོག་པར་མི་བལྟ་སྟེ། འཕགས་པའི་ཡུལ་གྱི་དབང་ཕྱུག་ས་ར་ཧ་སོགས་ཕལ་མོ་ཆེ་རྣམས་རིགས་འཆོལ་ཤིང་གཙང་བཙོག་སོགས་གདོལ་སྤྱོད་མཁན་དུ་སྣང་བ་དང༌། གཡུང་པོ་སྟེ་བྲན་གཡོག་ཞོ་ཤས་འཚོ་བ་དང༌། གཞན་ཡང་རྔོན་པ་ཉ་པ་སོགས་སྡིག་སྤྱོད་ཕལ་པའི་ཚུལ་ལྟར། ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་སྟོན་པ་ཡོད་ཀྱང༌། དེ་དག་གི་ཐུགས་ལ་འཁྲུལ་པ་མི་མངའ་ན་མཛད་པ་རྣམས་ཀྱང་དོན་ལ་ཕྱིན་ཅི་ལོག་མི་སྲིད་དོ། །གལ་ཏེ་དེ་ལྟར་ཡིན་ཀྱང་རང་གི་ཉེར་ལེན་རྣམས་ཐར་སྒོ་གསུམ་དུ་མ་གྲོལ་ཞིང༌། སྣང་བ་དག་པ་རབ་འབྱམས་སུ་མ་གྲོལ་བས་དབང་དུ་མ་གྱུར་པར་དྷ་དུ་ར་ཟོས་པའི་སྣང་བ་ལྟར་འཁྲུལ་པ་ཆེ་བས་བླ་མ་ལ་སྐྱོན་དུ་བརྟགས་པའི་ཉེས་པ་ནི་ཚད་གཞལ་དུ་མེད་དེ། སྡེ་སྣོད་བཅུ་གཉིས་པོ་ཀུན་བློ་ལ་ཆུབ་པ་ཡི། དགེ་སློང་སྐར་བཟང་ངམ་ལེགས་པའི་སྐར་མ་ལོག་ལྟའི་སྡིག་པའི་མཐུས་བཏབ་ནས། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་ལའང་གཡོ་སྒྱུར་མཐོང་བའི་ཚུལ་ལ་ལེགས་པར་བསམ་ནས་མ་དད་པ་ཅུང་ཟད་སྐྱེས་པ་ལའང་རང་གིས་རང་ཉིད་འཆོས་ནས་བཤགས་དགོས་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། གལ་ཏེ་རྨི་ལམ་ནང་དག་ཏུ། །བླ་མའི་སྐྱོན་དག་མཐོང་གྱུར་ན། །སད་མ་ཐག་ཏུ་བཤགས་པ་བྱ། །གལ་ཏེ་བཤགས་པ་མ་བྱས་ན། །འདིར་ཡང་མནར་མེད་རྒྱུ་འཕེལ་འགྱུར། །ཞེས་སོ། །གལ་ཏེ་བླ་མ་ཐུགས་སྡང་བཞེས་པས་བཀའ་བཀྱོན། དྲག་ཤུལ་སོགས་ཀྱིས་གཤེ་བར་མངོན་པར་གྱུར་ན། བདག་རྒྱུད་ལ་རྟོག་པ་ངན་པའམ་སྤྱོད་ངན་གང་རུང་གི་སྐྱོན་གཟིགས་ནས་སྤྱོ་བའི་ཚུལ་གྱིས་འདུལ་བ་ཡི་དུས་ལ་བབ་པར་གྱུར་ཏོ་ཞེས་རིག་ཅིང་ཤེས་པར་བྱས་ནས་བཤགས་སྡོམ་དྲག་པོ་ལ་འབད་པ་ལས་བླ་མའི་སྐྱོན་དུ་བལྟ་བར་མི་བྱའོ། །བླ་མའི་མཛད་པ་ཅང་ཤེས་པའི་སྐྱེས་བུ་དེ་ནི་བདུད་ཀྱི་དབང་དུ་མི་འགྲོའོ། །སྤྱོད་ལམ་གྱིས་ཀྱང་བླ་མ་བཞེངས་པའི་ཚེ་སྟན་ལ་དེ་མ་ཐག་ལྡང་བ་ལས་འདུག་པ་མིན། བཞུགས་པའི་དུས་སུ་བསྙུན་འདྲི་དང་ཐུགས་ལ་འཐད་པའི་ཉེར་སྤྱོད་དབུལ། གཤེགས་པའི་ཚེ་ན་ཕྱག་དར་སོགས་དྲིས་ཆག་ཆག་གདབ་པ་དང༌། དར་ལམ་སོགས་བྱ་བ་དང༌། བཞོན་པ་འབུལ་བ་དང༌། རང་ཞབས་འབྲིང་ལ་འགྲོ་ཚེ་སྔོན་ནས་མིན་ལ། རྒྱབ་བསྟན་མི་རུང་ཞིང༌། རྗེས་ནས་མིན་ལ་ཞབས་རྗེས་འགོམ་པ་དང༌། གཡས་ནས་གྲལ་འགོ་ཡིན་པས་མིན་ལ་གཡོན་ཕྱོགས་ནས་འགྲོ་བར་བྱའོ། །བཞུགས་པའི་སྟན་དང་བཞོན་པ་སོགས་ལ་སྨད་པ་འགོམ་པ་དང་གསུང་ལ་མི་སྙན་སོགས་སྨྲ་བ་རྣམས་དང༌། སྐུ་གྲིབ་འགོམ་པ་སོགས་བསོད་ནམས་ཉམས་པའི་རྒྱུ་ཡིན་ལ། གཞན་ཡང་བཞུགས་པའི་སྒོ་འཕར་དབྱེ་གཅོད་སྐབས་དྲག་ཏུ་བརྡེག་པ་དང༌། རྒྱན་འདོགས་པ་སོགས་སྒེག་ཆོས་ཀྱིས་དྲུང་དུ་འགྲོ་བ་དང༌། ངོ་འཛུམ་གནག་པ་དང༌། རྫུན་དང་བབ་ཅོལ་གྱི་བྱ་བ་དང༌། བཞད་གད་འབྲེལ་མེད་ཀྱི་གཏམ་སྣ་ཚོགས་སྨྲ་བ་སྤངས་ལ། ལུས་གུས་པ་དང་སེམས་འཇིགས་པ་དང་བཅས་པས་མ་ཡིན་པར་ཕལ་པའི་དྲུང་ན་གནས་པ་ལྟར་ཇི་མི་སྙམ་དུ་ལྟ་བ་སྤངས་ལ། དམན་པ་དང་བཅས་སྒོ་གསུམ་ཉེ་བར་ཞི་ཞིང་དུལ་བས་བསྟེན་པར་བྱའོ། །བླ་མ་ལ་ངག་གིས་སྨོད་ཅིང་གཤེ་སྐུར་འདེབས་པ་དང༌། སེམས་སྡང་ཞིང་མི་དགའ་བའི་གང་ཟག་གིས་རང་ལ་ནོར་སྟེར་བ་དང༌། སྙན་སྨྲ་སོགས་ཅི་བྱས་ཀྱང་དེ་ལ་བཤེས་པར་མི་བྱ་སྟེ། བློ་དང་མཐུན་པའི་ཚིག་གིས་བཟློག་པའམ་སྐུ་དགྲ་དངོས་ཡིན་ནི་ནུས་པ་དང་དྲག་ཤུལ་གྱིས་དེ་བཟློག་ཅིང༌། གལ་ཏེ་དེ་འདྲ་མ་ནུས་ཀྱང་བག་ཕེབས་ཏེ་གཏམ་ཙམ་ཡང་མི་སྨྲ་ལ། སྨྲ་ན་བདུད་དང་སྡིག་པའི་གཞན་དབང་ནི་ལྷག་པར་མཐུ་ཆེ་བས་དམ་ཚིག་སྐྱོན་ཅན་བྱེད་དེ་ཟླས་ཉམས་ཞེས་བྱའོ། །དེ་ལྟ་བུ་དང་འགྲོགས་པའི་ཉེས་པ་ནི། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། །ཞི་བའམ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་བའམ་རྣ་ཆ་རྟག་ཏུ་དྲན་པ་དང་ལྡན་པས་ལག་པས་དགབ་པར་བྱ། །བསྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲིས་འགྱུར་ན། །ངན་སོང་དག་ཏུ་འཚེད་པར་འགྱུར། །ཞེས་སོ། །བླ་མའི་ཐུགས་དང་འཁོར་སློབ་སོགས་ལ་ཆགས་སྡང་མི་སློང་ཞིང་ཀུན་གྱི་ཁུར་དུ་མི་འགྲོ་བས་འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང༌། ཆེ་ཆུང་མཐོ་དམན་ཀུན་གྱི་ཡིད་དང་མཐུན་པར་འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང༌། སྐྱོ་སུན་དང་ལོག་སྒྲུབ་གང་ལ་ཡང་བཟོད་སྲན་ཆེ་བ་ཀ་བ་ལྟ་བུ་ཡིས། །བླ་མའི་འཁོར་དང་སྦྱིན་བདག་དང་རྡོ་རྗེའི་སྤུན་རྣམས་ལ་བསྙེན་བཀུར་བྱའོ། །མེ་ཏོག་དང་རྩྭ་ལྡུམ་སོགས་ཀྱིས་ཁེབས་པའི་རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་རྣམས་སྤྱོད་ལམ་འཇམ་པོས་རྩྭ་ལྡུམ་སོགས་ཀྱི་རོ་མྱང་བ་དང༌། བུང་བས་མེ་ཏོག་གི་ཁ་དོག་དྲི་ལ་མི་གནོད་པར་བཅུད་ལ་རོ་མྱང་བ་བཞིན་དུ་ཆོས་ཀྱི་མཛོད་ལྡན་དགེ་བའི་བཤེས་གཉེན་རྣམས་དང་རྟག་ཏུ་འགྲོགས་ཤིང་བསྟེན་པའི་ཚེ་གོང་དུ་བཤད་པའི་སྤང་བླང་གི་སྤྱོད་པ་ལ་གནས་པ་ནི་ངོ་མཚར་ཅན་ཞེས་སྨོན་པའོ། །སེམས་ལ་སྐྱོ་ཞིང་ལུས་ལ་ངལ་བ་མེད་པའི་སྒོ་ནས་བླ་མའི་ཐུགས་ལ་མི་འཐད་པ་ཅུང་ཟད་མེད་པར་བཟུང་ནས། དེ་ཡང་དད་པའི་ཉེ་བར་ལེན་པ་ཁོ་ནའི་དབང་གིས་ཐུགས་རྒྱུད་རྟོགས་པའི་ཡོན་ཏན་གྱི་རོ་མྱང་བར་བྱའོ། །ཐེག་ཆེན་བཤེས་གཉེན་དེའི་མཛད་པ་ཐམས་ཅད་བྱང་ཆུབ་ཏུ་འཇུག་པའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་མ་གྱུར་པ་མེད་པས་ཐབས་ཤེས་ཁྱད་པར་ཅན་གྱི་ལམ་དེ་ལ་ངེས་པར་ཞུགས་པ་ཡི་སྐྱེས་བུ་དམ་པ་མཆོག་གི་བསོད་ནམས་ཀྱི་ཚོགས་མཆོད་སྦྱིན་རྟེན་བཞེངས་འཆད་ཉན་སོགས་ཐབས་ཁྱད་པར་ཅན་གྱིས་ཟིན་པ་དང༌། ཡེ་ཤེས་ཀྱི་ཚོགས་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱི་རྒྱས་ཐེབས་པའི་གནས་ལུགས་ལ་འཇོག་པ་སོགས་ཅི་དང་གང་མཛད་པ་དེ་དག་གི་ཁྲོད་དུ་ལོངས་སྤྱོད་དང༌། ལུས་ངག་གིས་གྲོགས་བྱེད་པ་དང་མཉམ་དུ་སྒོམ་པ་སོགས་གང་བྱེད་ནའང་དོན་མཐུན་གྱི་སྤྱོད་པ་ཡིན་པས་ཚོགས་མཉམ་རྫོགས་སུ་འགྱུར་བ་དང༌། ཐ་ན་མངག་གཞུག་དང་བང་ཆེན་དུ་ཕྱིན་པ་དང༌། གནས་ཁང་གི་ཕྱག་དར་བྱས་པ་ཚུན་ཆོད་ཀྱང་ངལ་བ་དོན་མེད་མིན་ལ། རྣམ་གྲོལ་གྱི་འབྲས་བུ་དང་བཅས་པ་ཚོགས་རྫོགས་ཀྱི་ལམ་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་ཡིན་པ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང༌། ཚོགས་ཀྱི་ཞིང་ཞི་ཁྲོ་གང་གསལ་བ་ཐམས་ཅད་བླ་མའི་ཐུགས་ཀྱི་རོལ་པར་བལྟས་ཏེ་བསྒྲུབ་པའི་རྣལ་འབྱོར་ཕྱི་ལྟར་བསྒྲུབ་པ་དང༌། རྒྱུད་དག་བྱེད་སྤྱི་བོར་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་དུ་བསྒོམ་པ་ནང་ལྟར་བསྒྲུབ་པ་སྟེ་གཉིས་དང༌། བྱིན་རླབས་གཅིག་ཆར་དུ་འཇུག་ཕྱིར་སྙིང་ཁར་བསྒོམ་པ་གསང་བ་ལྟར་སྒྲུབ་པ་དང༌། གཉུག་མའི་ཕུང་པོ་སོགས་དང་བླ་མའི་གསང་གསུམ་དབྱེར་མེད་པའི་རོལ་པ་ཡི་དམ་གྱི་རྣམ་རོལ་དུ་བཞེངས་པའི་བསྐྱེད་རིམ་བསྒོམ་པ་ཡང་གསང་བ་ལྟར་བསྒྲུབ་པ་དང༌། དེ་ཐམས་ཅད་ཀྱི་རྗེས་སུ་ཐུགས་ཡིད་བསྲེ་ཞིང་ཡེ་ཤེས་ཆོས་ཉིད་འོད་གསལ་བ་བསམ་གྱིས་མི་ཁྱབ་པའི་དོན་ལ་ནམ་ཡང་འབྲལ་མེད་དུ་འཇོག་ཅིང་བླ་མའི་ཐུགས་སྤྲོས་བྲལ་གནས་ལུགས་ཀྱི་དོན་བསྒོམ་པ་དེ་ཁོ་ན་ཉིད་སྒྲུབ་པ་རྫོགས་རིམ་ཏེ། དེས་ན་བསྒྲུབ་བྱའི་ངོ་བོ་ཐམས་ཅད་བླ་མ་བསྒྲུབ་པ་འདིར་འདུས་པ་ཡིན་པས་ན། ཐེག་ཆེན་མདོ་སྡེ་ཐམས་ཅད་ནས་སྟོན་པའི་འདུ་ཤེས་བསྐྱེད་དགོས་པར་བསྟན་ཅིང༌། རྒྱུད་ཀུན་ནས་ཀྱང་སངས་རྒྱས་ཉིད་དུ་བསྟན་ཏེ། ཕྱག་རྡོར་དབང་བསྐུར་རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟར་བལྟ་བ་དེ་བཞིན་དུའོ། །ཞེས་དང༌། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བླ་མ་བསྒོམས་ན་ཆོས་སྐུ་བསྒོམ། །ལྷ་སྐུ་འབུམ་ཕྲག་སྟོང་བསྒོམས་པས། །བསོད་ནམས་ཆར་ཡང་དེ་མི་ཕོད། །དེ་ཕྱིར་དཀར་པོའི་ཆོས་སྤྱོད་རྣམས། །ཉན་བཤད་བསྒོམ་དང་འཛིན་པ་དང༌། །མཆོད་གཏོར་ལ་སོགས་གང་བྱེད་ཀྱང༌། །སྔོན་དུ་འགྲོ་བའི་ལས་ཡིན་པས། །བླ་མ་དུས་གསུམ་སངས་རྒྱས་དཔལ། །ཞེས་སོ། །དེ་ལྟར་མི་ཤེས་པའི་རྨོངས་པ་ཕལ་ཆེར་བླ་མའི་སྐུའི་གཟུགས་བརྙན་འདྲི་ཞིང་བསྒོམ་པ་སོགས་བྱེད་ནའང༌། དངོས་སུ་བཞུགས་པ་ལ་དད་མོས་ལོངས་སྤྱོད་སོགས་ཀྱི་རིམ་གྲོ་བགྱི་བ་མེད་ཅིང༌། གཤེགས་པའི་ཚེ་གྲགས་འདོད་ཀྱིས་ཕྱི་རྟེན་གསེར་དངུལ་སོགས་ལ་བྱེད་པ་ལྟ་སྤྱོད་འཛོལ་བའི་བྱ་བ་དང་གནས་ལུགས་ཟབ་མོ་བསྒོམ་པ་ཡིན་ཟེར་ཞིང༌། བླ་མའི་ཐུགས་ཀྱི་གསང་བ་སྒོམ་ཡེངས་དང་བྲལ་བ་མི་ཤེས་པར་གླེན་སྒོམ་དངོས་ཞེན་ཅན་ལ་བློ་གཏད་འཆའ་བ་རྣམས་ཀྱིས་སྒྲུབ་བྱེད་འཇིག་རྟེན་པའི་བློ་རྟོག་དང༌། བསྒྲུབ་བྱ་བློ་ལས་འདས་པའི་ཡེ་ཤེས་སུ་བསྒྲུབ་པ་ནི་རྒྱུ་འབྲས་འགལ་བ་ཉོན་རེ་མོངས་ཏེ་དག་སྣང་དང་འདུན་པ་མོས་གུས་རྣམས་ད་ལྟ་མེད་བཞིན། ཕྱི་མ་བར་དོར་མཇལ་དུ་རེ་བ་ནི་ཤིན་ཏུ་ངོ་མཚར་བའི་གནས་སོ། །དང་པོ་བསྟེན་པར་འདོད་པའི་བླ་མ་དེ་ཐག་རིང་ནས་རྣམ་ཐར་འདྲི་ཞིང་རྟོག །དེ་ནས་ཉེ་མ་རིང་དུ་མཛད་སྤྱོད་ལ་བརྟགས། དེ་ནས་སྤྱོད་ལམ་བསྲེས་ཤིང་ཤིན་ཏུ་བརྟགས་པ་ལ་མཁས་པ་དང༌། བར་དུ་བླ་མ་དེ་བཟང་ངན་གང་ལྟར་ཡང་རང་གི་རྒྱུད་ལ་བརྟགས་ཤིང་བསྟེན་པ་ལ་མཁས་པ་དང༌། ཐ་མར་གདམས་ངག་རྙེད་ནས་དགོངས་སྤྱོད་ཐོས་བསམ་སྒོམ་གསུམ་སོགས་བསླབ་པ་ལ་མཁས་པ་ཡི། སྐྱེས་བུ་དེ་ནི་གེགས་དང་གོལ་ས་བྲལ་བའི་ཡང་དག་མྱང་འདས་ཀྱི་ལམ་དུ་འགྲོ་བར་འགྱུར་རོ། །ལམ་ཡང་དག་པ་བསྒྲུབ་པའི་དུས་གང་གི་ཚེ་ཞི་བ་མྱང་འདས་ཕྱོགས་ལ་སྡང་བའི་འབྱུང་པོ་བདུད་དང་ལྷ་མིན་གྱི་རིགས་སུ་གཏོགས་པ་ཡི་བསམ་པ་ཅན་རྣམས་སྐྱེས་བུའི་གཟུགས་གྲོགས་མཛའ་བཤེས་བཤེས་གཉེན་སོགས་སྣ་ཚོགས་སུ་འོངས་པ་དག་གིས་སྡིག་ཐབས་བསྒྲུབ་པ་དང༌། གཞན་བསླུ་འདོད་ཀྱི་གཡོ་དང་སྒྱུས་སྤྱོད་ཅིང་གནས་པ་སོགས་ནག་པོའི་ཆོས་ལ་བརྟེན་པ་དང༌། དམ་པ་དམོད་ཅིང་གཤེ་སྐུར་འདེབས་པ་སོགས་དཀར་པོའི་ཆོས་ལ་སྡང་ཞིང་དེ་ལ་ཇི་ཙམ་འགྲོགས་བཞིན་སྡིག་པ་མི་དགེ་བའི་སྤྱོད་པ་སྣ་ཚོགས་པའི་འཐོར་རླུང་འཚུབས་ནས་སྔར་ཡོད་ཐོས་སོགས་དགེ་བའི་ལོ་ཏོག་འཇོམས་ཤིང༌། ཕྱིས་དགེ་བ་མི་སྐྱེ་བར་བྱེད་པའི་སྡིག་གྲོགས་དེ་འདྲ་ལ་བསྟེན་པའི་བློ་གྲོས་བླུན་པོ་དེ། ཕྱི་མའི་གཏན་ཆུས་བརླག་པས་བདུད་སྡེས་བཅོམ་མོ། །རྒྱུ་མཚན་དེའི་ཕྱིར་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསྟེན་པ་དང༌། དེའི་ཡན་ལག་དགེ་བའི་གྲོགས་པོ་བསྟེན་པས། ལུས་སེམས་བདེ་ཞིང་ལུང་རྟོགས་ཀྱི་ལེགས་བྱའི་ཡོན་ཏན་ཐམས་ཅད་མཐོང་བའི་ཆོས་ལ་ཟིན་ཅིང༌། དེ་ལ་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རྟག་ཏུ་དགོངས་པ་དང༌། གནས་སྐབས་དང་མཐར་ཐུག་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཀུན་གྱིས་འབྱོར་ཞིང༌། ཚོགས་གཉིས་རྫོགས་ལ་སྒྲིབ་གཉིས་དག་ནས་དངོས་གྲུབ་རྣམ་གཉིས་འཐོབ་པ་དང༌། ས་བཅུ་ལམ་ལྔའི་ཡོན་ཏན་ཐམས་ཅད་བླ་ནས་བླར་འགྲོ་བས། དད་མོས་སོགས་སྔོན་དུ་འགྲོ་བའི་བླ་མའི་རྣལ་འབྱོར་སྒོམ་ཞིང་མཆོད་བསྟོད་བཟླས་པ་རྒྱུད་བསྐུལ་དབང་ལེན་སོགས་ཀྱི་སྒོ་ནས་བསྒྲུབ་པ་བསོད་ནམས་ཀྱི་ཚོགས་དང༌། དེ་ཐམས་ཅད་ཀྱི་མཐར་ལས་དང་པོ་པ་རྣམས་ཀྱིས་བླ་མའི་ཐུགས་དང་རང་སེམས་རྒྱུད་གཅིག་ཏུ་བསྲེ་ཞིང་དེའི་ངང་མཉམ་པར་བཞག་སྟེ་ཆོས་ཉིད་ཡེ་ནས་རོ་མཉམ་ཤེས་པའི་ངང་རྟག་ཏུ་སྐྱོང་བ་ཡེ་ཤེས་ཏེ། ཚོགས་གཉིས་པོ་དེ་ནི་འབྲས་བུ་སྐུ་གཉིས་ལམ་དུ་བྱེད་པའི་འཐུས་ཀ་ཡིན་པའི་ཕྱིར། བསྐལ་པ་མང་པོར་རྒྱལ་དང་རྒྱལ་སྲས་མང་པོ་ལ་བསྙེན་བཀུར་བྱས་ཞིང༌། བསྐྱེད་རིམ་རང་རྒྱུད་ལ་བརྒྱ་ཕྲག་བསྒོམ་པ་ལས་ཀྱང༌། བླ་མ་ནི་སྐད་ཅིག་དྲན་པ་མཆོག་ཅེས་རྒྱལ་བས་གསུངས་ཏེ། འཁོར་ལོ་བཅུ་པའི་མདོ་ལས། བླ་མ་བསྙེན་བཀུར་བྱས་ན་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཡོངས་སུ་འཛིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་འཕྲུལ་པ་ཐམས་ཅད་འདི་ལས་འབྱུང་བར་བལྟའོ། །ཞེས་དང༌། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམ་བྱས་ན། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །ཅེས་པ་ལ་སོགས་པར་གསུངས་སོ། །དམ་ཆོས་ལུང་རྟོགས་བདུད་རྩིའི་རང་བཞིན་ཟབ་རྒྱས་ཀྱི་ཆུ་ཀླུང་དཔག་ཏུ་མེད་པའི་མཛོད་རྒྱ་མཚོ་ལྟ་བུ་དེ། རང་རྒྱུད་ལ་ཤེས་རབ་གསུམ་གྱི་སྒོ་ནས་འདྲོངས་པར་བྱེད་པའི་དམིགས་པ་བཟང་པོ་རྣམས་མ་འཁྲུལ་བར་སྟོན་པར་མཛད་པའི་བླ་མ་བཟང་པོ་མདོ་རྒྱུད་ཀྱི་དོན་ལ་མཁས་པ་དེར་རྟེན་ཅིང་འབྲེལ་བར་གནས་སོ། །ཐབས་བཟང་བ་སྦྱིན་སོགས་སྣང་བཅས་ཀྱི་རིམ་པ་བཀག་པ་རྒྱུད་ལ་བརྟེན་པ་ལས། འདོད་དོན་བདེ་བླག་ཏུ་ཐོབ་པའི་མན་ངག་བསྐྱེད་རྫོགས་ཟབ་མོའི་ཡེ་ཤེས་འཁྱམས་ཏེ་ཉམས་པར་མི་འགྱུར་རོ། །བསམ་པ་ངེས་འབྱུང་བཟང་པོའི་རིག་སྔགས་ནུས་པ་ཅན་དེ་ཡིས་འཁོར་བར་སྐྱོ་བ་མེད་ཅིང་སྲིད་བདེ་ཞེན་པ་མེད་པའི་གདོན་ཆེན་པོ་དེ་ལ་ཐེབས་ན་གང་སྒྲུབ་པ་ཐམས་ཅད་ཐར་པའི་ལམ་རྣལ་མའམ་ཁོ་ནར་འགྱུར་ཏེ། དེ་ལྟར་བཟང་པོ་བཞི་དང་ལྡན་པ་དམ་བཅས་བཞིན་སྒྲུབ་པའི་ལེགས་སྨོན་ཡིན་ནོ། །དེའི་ལྡོག་ཕྱོགས་ནི་རང་ཉིད་ཀྱིས་མིན་པར་དགེ་བའི་བཤེས་གཉེན་ལ་སོགས་པས་ཆོས་སྒོར་ཞུགས་བཅུག་སྟེ་དབང་མེད་དུ་ངུར་སྨྲིག་སོགས་རྟགས་བླངས་ཀྱང༌། ཐོས་བསམ་ཅུང་ཟད་བཏབ་པའི་མོད་ལ་ཆོས་ཀྱིས་སུན་པ་དང༌། གལ་ཏེ་དེ་ལྟར་མ་གྱུར་ཀྱང་རྙེད་བཀུར་སོགས་ཚེ་འདི་འབའ་ཞིག་སེམས་པའི་ཀུན་སློང་དུག་ཅན་འདྲེས་པའི་སྒོ་ནས་ལྟར་སྣང་དུ་ཐོས་བསམ་སྒོམ་པ་ཇི་ལྟར་བྱས་ཀྱང་འཁོར་བའི་རྒྱུ་འབའ་ཞིག་ལས་ཐར་ལམ་དང་འགལ་ཞིང༌། ཆོས་ལས་བློ་ཉམས་ཤིང་བླ་མ་མཆེད་གྲོགས་སོགས་ཀྱི་བཀའ་གཅོག་མ་ནུས་ནས་བསྲུང་སྡོམ་བཙན་པོའི་འུ་ལག་ལྟར་ཁུར་དུ་སོང་ཞིང༌། ཆོས་བརྒྱད་ཀྱི་རྟོག་པ་ངན་པས་བསླངས་ཏེ་བསྟན་འགྲོའི་དོན་ལྟར་སྣང་བའི་བྱ་བ་ཅི་བྱེད་ཀྱང་དྲང་སྲོང་ནུས་པ་ཅན་གྱི་དམོད་པས་ཆར་གྱི་རྒྱུན་གཅོད་པ་སོགས་དགེ་ལེགས་ཀྱི་སྣང་བ་ཉམས་པར་བྱེད་པ་བཞིན་རང་རྒྱུད་ཀྱི་ཐེག་ཆེན་གྱི་བརྟུལ་ཞུགས་འཁྱམས་ཏེ་ཉམས་པ་ཡིན་ནོ། །དེས་ན་དེ་དག་ནི་ལེགས་སྨོན་དཀའ་ཐུབ་སྟོན་ཟླ་ལྟ་བུ་བཤིག་པའི་རྙོག་པ་སྒྲ་གཅན་གྱི་གདོང་པ་ལྟ་བུ་ཡིན་ནོ། །བདག་ཅག་གི་སྟོན་པས་བློ་རིགས་གསུམ་ལ་དགོངས་ནས་སྐྱེས་བུ་གསུམ་གྱི་ལམ་བསྟན་པ་གང་ཉམས་སུ་བླངས་ཀྱང་རང་རང་གི་ཐད་ཀ་ཐད་ཀའི་ཉོན་མོངས་པའི་དུག་ཆེན་གསུམ་མམ་ལྔའི་གཉེན་པོར་ཆེ་བར་ཡིན་ཏེ། ཉོན་མོངས་པའི་གཉེན་པོར་མི་འགྲོ་བའི་ལམ་དེ་ནི་ནང་པ་སངས་རྒྱས་པའི་ལམ་མ་ཡིན་ནོ། །དེ་ལས་ལྡོག་པ་སྐྱེས་བུ་ཆུང་ངུའི་ལམ་གྱིས་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཀྱིས་ངན་འགྲོར་འཕེན་པ་ཤེས་ནས་རེ་ཞིག་ཉོན་མོངས་དྲག་པོས་མི་དགེ་བའི་ལས་བསགས་པ་སྤོང་བ་དང༌། འབྲིང་གིས་སྲིད་པའི་སྡུག་བསྔལ་གྱི་རྩ་བ་རྒྱུ་ངར་འཛིན་ཡིན་པ་ཤེས་ནས་དྲུང་ནས་འབྱིན་པའི་ཚུལ་གྱིས་ཉོན་མོངས་སྤོང་བ་དང༌། རབ་ཀྱིས་ཉོན་མོངས་རང་བཞིན་མེད་པར་ཤེས་ནས་སྦྱོང་བའམ་བསྐྱེད་རྫོགས་ཟབ་མོས་ལམ་དུ་ཁྱེར་བའམ་རང་གྲོལ་དུ་གཏོང་བ་སྟེ། དེ་ལྟར་ལམ་རྣམ་པ་གསུམ་གྱི་གང་ཉམས་སུ་བླངས་ཏེ་ཐབས་ཀྱི་ཤིང་རྟར་འཛེགས་ལ་སྔོན་བསགས་ཀྱི་རྗེས་སུ་མི་དཔྱོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་རིག་པ་རྐྱེན་ཡུལ་དུ་མ་སོང་བར་བྱ་བ་སྤང་གཉེན་མཉམ་པ་ཉིད་དུ་ལ་བཟླ་བ་སྟེ་དུས་བཞིར་རྟག་ཏུ་སྐྱོ་བ་མེད་པར་ཉམས་སུ་བླངས་པས། ཚོགས་དྲུག་གི་ཡུལ་གྱི་སྣང་བ་མཐའ་དག་ཆོས་ཀྱི་ཚིག་དོན་ལ་སེམས་པ་དང༌། བླ་མས་མན་ངག་བསྟན་པ་ལྟར་མི་རྟག་པ་དང༌། ངེས་འབྱུང༌། སྙིང་རྗེ། མོས་གུས་སོགས་ཀྱི་རྐྱེན་དུ་ཤར་ནས་རྣམ་མཁྱེན་ཡེ་ཤེས་ཀྱི་རྒྱུར་སོང་བ་ནི་ལེགས་སྨོན་གྲུབ་པ་ཡིན་ནོ། །དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང༌། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཞེས་གསུངས་པ་ལྟར་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་དགའ་བ༡་དང༌། མི་ཁོམ་པའི་གནས་བརྒྱད་ལས་དལ་བས་རྟེན་མཆོག་ཡང་དག་མཐོ་བ༢་དང༌། ལུས་ལ་ནད་མེད༣་ཅིང༌། སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་༤དང༌། ཚིག་དོན་རྣམ་འབྱེད་ཤེས་རབ༥་སྟེ་ལྔ་པོ་ཚང་བ་ནི། སྔོན་ཆད་བསོད་ནམས་ཆེན་པོ་ལ་གུས་ཤིང་བར་མ་ཆད་པའི་མངོན་རྟགས་ཚེ་འདིར་སྣང་བ་ཡིན་ནོ། །དགེ་སྡིག་གི་བླང་དོར་ཅུང་ཟད་རེ་ཐོས་བསམ་གྱིས་ཤེས་ཀྱང་རང་རྒྱུད་ལ་མ་བསྒོམ་པས་ནི་རིག་པ་དེ་འཇོམས་ཤིང་འོང་བ་དང༌། གཟུགས་རིགས་ཐོས་པ་སོགས་ཀྱིས་ཁེངས་ཤིང་རྒྱགས་པ་རྒྱས་པས་ཐོས་བསམ་དང༌། བསླབ་གསུམ་གྱི་དཔལ་འབྱོར་སོགས་རྒྱུད་ལ་མི་ཆགས་པར་དགེ་ཕྱོགས་ཐམས་ཅད་འཇོམས་ཤིང་འོང་ལ། ཁྱད་པར་དུ་རྣམ་པར་སྡང་བས་ལེགས་ཚོགས་ཐམས་ཅད་འཇོམས་ཤིང་འོང་སྟེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །ཆགས་པས་ཚུལ་ཁྲིམས་ཉམས་ནས་ཡང་དག་མཐོ་བ་ལྷ་མིའི་གནས་ཙམ་ཐོབ་པ་ཡང་འཇོམས་ཤིང་འོང་བ་བཤད་དོ། །རྒྱུ་མཚན་གང་གི་ཕྱིར་ལྷ་ཆོས་སོགས་ཀྱི་རྟེན་མི་ལུས་ཐོབ་པ་དེ་ཡང་ལས་དང་ཉོན་མོངས་སྒོ་གསུམ་གྱི་སྡིག་པ་ཡིས་རྒྱུད་རྣམ་པར་དཀྲུགས་པ་མ་ཡིན་པའི་བློ་གྲོས་ཏེ་རང་སེམས་བཟང་པོ་ནི། ད་ལྟ་སྤང་གཉེན་ལ་དཔྱོད་པའི་ཤེས་རབ་ཀྱི་མཐུ་རང་བཞིན་དགེ་བའི་ངང་ཚུལ་དང་དམ་པའི་ཆོས་ཀྱི་སྐལ་པ་ཐོབ་པས་སྒོ་གསུམ་ལས་སུ་རུང་བར་བཀོལ་ཐུབ་པ་ལ་སོགས་པའི་ཡོན་ཏན་ནི། སྔོན་བསོད་ནམས་བསགས་པའི་རྟགས་སུ་མདོ་སྡེ་རྒྱན་ལས་བཤད་དེ། དེ་ཡང་ཇི་སྐད་དུ། དགའ་དང་དལ་བར་སྐྱེ་བ་དང༌། །ནད་མེད་པ་དང་ཏིང་འཛིན་དང༌། །རྣམ་པར་འབྱེད་པའི་བྱེད་རྒྱུ་ནི། །སྔོན་ཆད་བསོད་ནམས་བསགས་པ་ཡིན། །ཞེས་སོ། །ཆོས་ཐམས་ཅད་ལ་དམིགས་ཏེ་སེམས་བསྐྱེད་ཅིང་དམ་བཅས་པའི་གོ་ཆ་སྲོག་ལ་བབ་ཀྱང་མི་གཏོང་བས་རྣམ་པར་སྲ་ཞིང༌། དེ་ཡང་ཟབ་རྒྱས་ཆོས་ཁམས་རྒྱ་མཚོ་ལྟ་བུའི་དོན་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྒོམ་པས་ཉམས་སུ་ལེན་པར་བྱེད་པ་ལ། དཔེར་ན་དབང་པོའི་མཚོན་ཆ་གཞུ་ནི་གྱད་སྟོབས་པོ་ཆེས་ཀྱང་བདུངས་བར་བློ་ཡི་སྤོབས་སམ་མི་སྤོབས་སྙམ་པའི་ཐེ་ཚོམ་མེད་པར་སྙིང་སྟོབས་བསྐྱེད་ན་བདུངས་ནུས་པ་ལྟར། ཆོས་དེ་ཀུན་བདག་གི་ཁོང་དུ་ཆུད་ཅིང་ཤེས་པར་བྱས་ནས་ཉམས་སུ་བླང་བར་བྱ་སྙམ་པའི་སྙིང་སྟོབས་ཀྱི་དམ་བཅའ་རིས་སུ་མ་བོར་ཞིང་མེ་ལ་ཤིང་བསྣན་པ་བཞིན་འགལ་རྐྱེན་ཐམས་ཅད་ཀྱང་གཉེན་པོའི་དབང་དུ་གཏོང་བ་སྟེ། རྐྱེན་ངན་ཇི་ལྟར་བྱུང་ཡང་དམ་བཅའ་ཇེ་བརྟན། ཉོན་མོངས་ཇི་ལྟར་བྱུང་ཡང་གཉེན་པོ་ཇེ་བཙན་བྱེད་པ་རྣམས་ནི། ལམ་སྒྲུབ་པ་རྐྱེན་ཁར་མི་འཆག་ཅིང་བཏང་སྙོམས་སུ་མི་ལུས་པར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཕྱིན་དྲུག་སྟེང་དུ་སོན་ཏེ་རྣམ་མཁྱེན་གྱི་རྒྱུར་འགྲོའོ། །དེ་ལྟར་བསམ་པའི་གོ་ཆས་ལམ་སྒྲུབ་པ་དེ་ཡི་མཐུན་ཕྱོགས་སྐྱབས་འགྲོ་ཚོགས་བསགས་སོགས་སྒོ་ཐམས་ཅད་གཅིག་ཏུ་བསྡུས་པ་ཡན་ལག་བདུན་པ་བྱ་བ་དང༌། གཞན་ཡང་ཆུ་གཏོར་དང་གསུར་བསྔོ་ལུས་སྦྱིན་ལ་སོགས་དགེ་ཕྱོགས་སུ་ཡུལ་རྣམས་ལ་ཆེན་པོ་ལྟ་ཅི། ཕྲ་བ་ལའང་ཚོགས་བསགས་པ་དང༌། དེ་བཞིན་དུ་ཐ་ན་རྨི་ལམ་ཡན་ཆད་ཉེས་ལྟུང་ཆུང་ངུ་ལའང་གཉེན་པོས་སྦྱངས་པ་མཐའ་དག་བྱ་བ་ཡིན་པས། དེ་ལྟར་བག་ཡོད་དྲན་ཤེས་ཀྱིས་ལག་པ་འདེགས་ཙམ་བྱེད་པ་དང༌། ཚིག་འབྲུ་གཅིག་སྨྲས་པ་དང༌། རྟོག་པ་གཅིག་ཡན་ཆད་ངོས་ཟིན་པའི་ཐབས་ལ་འབད་དེ་སྤང་བླང་བྱས་ན་ལམ་གྱི་མི་མཐུན་ཕྱོགས་ཀྱིས་གང་ཟག་དེ་ལ་མི་བརྫི་ཞིང༌། ཅི་བྱས་ཐམས་ཅད་ཡང་དག་པའི་ལམ་དུ་འགྲོ་བ་བསོད་ནམས་ཀྱི་ཚོགས་བསགས་པ་དག་ལ་བསྟེན་པར་བྱེད་པ་འདི་ཡིན་པས་གནད་དམ་པའོ། །དེ་ལྟར་འཁོར་ལོ་བཞི་ཡི་དོན་དེ་ཚུལ་བཞིན་ཉམས་སུ་ལེན་པ་ནི་སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་བགྲོད་པའི་དངོས་གཞིའི་སྟེགས་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། འཁོར་ལོ་ཆེན་པོ་བཞིའི་ཚོམས་ཏེ་ལེའུ་ལྔ་པའོ།། །།འདི་ལྟར་སྲིད་པའི་གནས་སུ་ལས་དབང་གིས་རྒྱུ་བའི་འགྲོ་བ་རྣམས་འཇིགས་པ་དུ་མས་མནར་ཏེ། སྤྱིར་ཉན་རང་གི་ལམ་གྱི་མི་མཐུན་ཕྱོགས་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་དང༌། སྒོས་བྱང་སེམས་ཀྱི་ལམ་ཕར་ཕྱིན་གྱི་མི་མཐུན་ཕྱོགས་རང་དོན་ཡིད་བྱེད་ཀྱི་འཇིགས་པ། ཉིང་སྒོས་གསང་སྔགས་ལམ་གྱི་མི་མཐུན་ཕྱོགས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་སྟེ། འཇིགས་པ་གསུམ་གྱིས་དཀྲུགས་ཤིང་སྡུག་བསྔལ་གྱིས་རྟག་ཏུ་མནར་བ་ནི། དཔེར་ན་ཆུ་སྲིན་གདུག་པའི་གནས་ཆུ་ཡི་གཏེར་རྒྱ་མཚོ་ཆེན་པོ་རླབས་ཀྱིས་འཁྲུགས་པ་ལྟ་བུར་བྱིང་བ་ལ། དབང་ཕྱུག་སོགས་འཇིག་རྟེན་པའི་ལྷ་འགའ་ཞིག་སྐྱབས་སུ་བཟུང་ནའང༌། སྐྱབས་ཡུལ་དེ་དག་འཇིགས་པ་ལས་མ་གྲོལ་བས་སྐྱབས་ཡུལ་འཁྲུལ་ལ། དེས་ན་གནས་སྐབས་དང་མཐར་ཐུག་སྐྱོབ་ནུས་ཤིང་སྐྱབས་སུ་བསྟེན་པར་འོས་ངེས་པ་གང་ལ་ཡིད་ཆེས་ཀྱི་དད་པས་སྲོག་གམ་བློ་བརྟན་པའི་སྐྱབས་ཡུལ་གཏན་དུ་མི་བསླུ་བ་ནི། དཀོན་མཆོག་གསུམ་ཞེས་མཚན་སྙན་གྱིས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པའི་གདུགས་དཀར་པོ་ལྟ་བུ་ལ་སྐྱབས་སུ་བསྟེན་པའི་ཚུལ་ནི། སངས་རྒྱས་ཀྱི་བསྟན་ལ་འཇུག་པའི་ཐོག་མ་ཉིད་དུ་འཛིན་དགོས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །ཐར་པ་སྟེ་མྱང་འདས་སུ་འགྲོ་བའི་ལམ་བསླབ་པ་གསུམ་དང༌། སྤངས་རྟོགས་ཀྱི་ཡོན་ཏན་ཀུན་གྱི་རང་བཞིན་བརྟེན་པའི་རྟེན་དང་འཛིན་པའི་སྣོད་དུ་དམ་བཅའ་བར་བྱས་ན་མི་བསླུ་བར་ངེས་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཉིད་དེ། སྐྱབས་སུ་འགྲོ་བ་དེའི་སྔོན་དུ་དད་པ་སྐྱེ་བའི་ཐབས་སྟོན་པ་སངས་རྒྱས་དང༌། དེས་བསྟན་པའི་དམ་ཆོས་དང༌། དེ་འཛིན་པའི་དགེ་འདུན་གྱི་ཡོན་ཏན་ཤེས་པ་ནི་ཤིན་ཏུ་གཅེས་སོ། །སྤྱིར་དཀར་པོའི་ཕྱོགས་ཀྱི་ཆོས་རྣམས་ཀུན་གྱི་རྩ་བ་དད་པ་ཁོ་ན་ཡིན་ཏེ། ཆོས་བཅུ་པ་དང༌། དཀོན་མཆོག་བརྩེགས་པ་རྣམས་ལས་ཕྱོགས་མཐུན་པར། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡི་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་པ་ལྟར་ཡིན་པས་དད་པ་དེ་ནི་འཕགས་པའི་རིགས་སྐལ་པ་དགེ་བ་ཅན་གྱི་སྐྱེས་བུ་རྣམས་ལ་དང་པོ་ཡོད་ཤས་ཆེ་ཡང༌། །ལས་མ་སད་པའི་སྐྱེ་བོ་ཕལ་པའི་སེམས་ལ་མངོན་གྱུར་ལུང་དུ་མ་བསྟན་པ་ལ། མཐོང་ན་མི་མཐུན་པ་མེད་པ་སྟོན་པ་དངོས་སམ་གཟུགས་བརྙན། དགེ་བའི་བཤེས་གཉེན་སོགས་མཐོང་བ་དང༌། སྡེ་སྣོད་བཀླག་པ་ཡི་མོད་ལ་ལུས་ཀྱི་བ་སྤུའི་འཁྲི་ཤིང་གཡོ་ལ། མིག་མཆི་མ་སློང་བཞིན་དད་པ་མངོན་གྱུར་དུ་ལྡང་བ་སློབ་དཔོན་དཔའ་བོ་ལྟ་བུའོ། །དེ་ལའང་ཡུལ་དམ་པའི་ཡོན་ཏན་དང་གསུང་རབ་ཀྱི་ཚིག་དོན་ལ་སྤྲོ་བ་ནི་དང་བའི་དད་པ་དང་པོ་སྐྱེ་བ་སྟེ། དེ་བཞིན་དུ་ཡོན་ཏན་དེ་རྣམས་ཐོབ་པར་འདོད་པ་བུང་བ་མེ་ཏོག་ལ་གདུང་བ་ལྟ་བུ་དང༌། བླང་དོར་སྟོན་བྱེད་བཤེས་གཉེན་དང་བདེན་བཞི་སོགས་ལ་ཡིད་ཆེས་ཤིང༌། སྲོག་ལ་བབ་ཀྱང་བློ་ཁ་ཕྱིར་མི་ལྡོག་པ་སྟེ་དད་པ་རྣམ་པ་བཞི་པོ་དེ་དག་ལས། སྤྱིར་ཐོས་བསམ་དང་སྒོས་སུ་སྐྱབས་འགྲོའི་གནས་སྐབས་འདིར་སྲོག་ལ་བབ་ཀྱང་དཀོན་མཆོག་གསུམ་ལས་བློ་ཕྱིར་མི་ལྡོག་པའི་དད་པ་དགོས་སོ། །དད་པ་དེ་དག་རྒྱུད་ལ་མ་སྐྱེས་པ་སྐྱེ་བ་དང་སྐྱེས་པ་གོང་དུ་འཕེལ་བའི་རྒྱུ་ནི། མང་དུ་ཡོད་ཀྱང་བསྡུ་ན་བཞི་ཡིན་ཏེ། དམ་པ་མཚན་ཉིད་ལྡན་པ་བསྟེན་པ་དང༌། དམ་པའི་གྲོགས་བཟང་དང་འགྲོགས་པ། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ་དང༌། འཁོར་བ་ལ་སྙིང་པོ་མེད་པ་འདི་ཕྱི་གཉིས་ཕུང་གི་ཉེས་དམིགས་བསམ་ནས་ངེས་འབྱུང་གིས་དྲངས་པ་ལས་བཅོས་མིན་གྱི་དད་པ་སྐྱེའོ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ནི་མཐའ་ཡས་ཏེ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་བསྐལ་པ་གངྒའི་བྱེ་མ་སྙེད། །དེ་སྲིད་དུ་ནི་ཚེ་ཡི་ཚད་གྱུར་ནས། །ང་ནི་སངས་རྒྱས་ཀྱི་ཡང་ཡེ་ཤེས་ཀྱི། །སྤུ་གཅིག་བསྔགས་པ་བརྗོད་ཀྱང་མཐར་མ་ཕྱིན། །ཞེས་སོ། །མཐོང་སྒོམ་གྱི་སྤངས་པ་ཡེ་ཤེས་གཉིས་ཀྱིས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བཅོམ་ཏེ་སྤོང་བའི་ཡོན་ཏན་མཐར་ཕྱིན་པ་ཐོབ་པར་འགྱུར་རོ། །དེ་དག་གི་རྣམ་གྲངས་ཅུང་ཟད་སྤྲོས་ཏེ་འཆད་པ་ལ། མཐོང་སྤང་བརྒྱ་དང་བཅུ་གཉིས་ནི། །ཆགས༡་ཁྲོ༢་ང་རྒྱལ༣་རྨོངས༤་ཐེ་ཚོམ༥། །འཇིག༦་མཐར༧་ལོག་ལྟ༨་ལྟ་མཆོག་འཛིན༩། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན༡༠་པ། །ལྟ་མིན་ལྔ་དང་ལྟ་བ་ལྔ། །མཐོང་སྤང་རྩ་བ་བཅུ་ཡིན་ནོ། །དེ་དག་བདེན་པོ་བཞི་པོ་ལ། །འཇིགས་མཐར་ལོག་རྨོངས་ཐེ་ཚོམ་དངོས། །ཁོང་ཁྲོའི་དབང་གིས་ལོག་པར་འཇུག །ལྷག་མ་རྣམས་ནི་བརྒྱུད་ནས་འཇུག །འདོད་པའི་ཁམས་ན་བཅུ་ཀ་སྟེ། །གཟུགས་དང་གཟུགས་མེད་ཁོང་ཁྲོ་མིན། །དེ་ལྟར་བརྒྱ་དང་བཅུ་གཉིས་སོ། །ཞེས་པས་དང་པོ་མཐོང་སྤང་རྩ་བ་བཅུ་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་མིན་ལྔ། འཇིག་ལྟ། མཐར་ལྟ། ལོག་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལྟ་བ་མཆོག་འཛིན་ཏེ་ལྟ་བ་ལྔ་དང་བཅུའོ། །དེ་དག་བདེན་པ་བཞི་ལ་ལོག་པར་ཞུགས་ཚུལ་གྱིས་བརྒྱ་དང་བཅུ་གཉིས་ཏེ། འདོད་ཁམས་ན་བདེན་བཞི་རེ་རེ་ལ་བཅུ་ཀ་འཇུག་པས་བཞི་བཅུ། གཟུགས་ཁམས་གཟུགས་མེད་ཁམས་གཉིས་ལ་ཁོང་ཁྲོ་མ་གཏོགས་པ་དགུ་རེ་འཇུག་པས་དགུ་བཞི་སུམ་ཅུ་རྩ་དྲུག་པ་གཉིས་ཏེ་བདུན་ཅུ་རྩ་གཉིས། སྔར་གྱི་བཞི་བཅུ་སྟེ་བརྒྱ་དང་བཅུ་གཉིས་སོ། དེ་དག་ཇི་ལྟར་ལོག་པར་འཇུག་ན། ལྟ་བ་གསུམ་དང༌། ལྟ་མིན་གཉིས་ཏེ་ལྔ་ནི་དངོས་སུ་ལོག་པར་འཇུག་སྟེ། བདེན་པ་དེ་དག་ལ་དམིགས་ནས་འཇིག་ལྟས་བདག་དང་བདག་གིར་བལྟ། མཐར་ལྟས་རྟག་ཆད་དུ་བལྟ། ལོག་ལྟས་མེད་པར་བལྟ། མ་རིག་པས་བདེན་པའི་དོན་མི་ཤེས། ཐེ་ཚོམ་གྱིས་བདེན་ནམ་མི་བདེན་སྙམ་དུ་ཐེ་ཚོམ་ཟའོ། །དེ་དག་ནི་བདེན་པ་དང་བར་དུ་གཞན་གྱིས་མ་ཆོད་པར་འཇུག་པས་ན་དངོས་སུ་ལོག་ཞུགས་ཡིན་ནོ། །ལྟ་མིན་གཉིས་དང༌། ལྟ་བ་གཉིས་ཏེ་བཞི་ནི་བརྒྱུད་ནས་ལོག་པར་འཇུག་སྟེ། བདེན་པའི་དོན་ལྟ་བས་ཇི་ལྟར་བཟུང་བའི་ལྟ་ངན་དེ་ལ་འདོད་ཆགས་ཀྱིས་ཆགས། ང་རྒྱལ་གྱིས་ལྟ་ངན་དེའི་སེམས་ཁེངས། ལྟ་བ་མཆོག་འཛིན་གྱིས་ལྟ་ངན་ལ་མཆོག་ཏུ་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལྟ་ངན་དེ་དང་འབྲེལ་བའི་སྤྱོད་ངན་ལ་དག་གྲོལ་ངེས་འབྱིན་ཏེ་ལྟ་བ་ནོར་བ་དེ་ལ་ཐར་པའི་ཐབས་ཡིན་པར་བལྟ་བའོ། །འདི་དག་ལྟ་བས་བདེན་པ་ལ་དམིགས་ཤིང༌། འདི་དག་གིས་ལྟ་བ་ལ་དམིགས་པས་བདེན་པ་དང༌། བར་དུ་ལྟ་ངན་དེས་ཆོད་པས་བརྒྱུད་ནས་ལོག་པར་ཞུགས་པའོ། །ཁོང་ཁྲོ་ནི་དབང་གིས་ལོག་ཞུགས་ཡིན་ཏེ། ལྟ་ངན་དེ་རྒྱུད་ན་ཡོད་པའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བ་གཞན་ལ་ཁོང་ཁྲོ་བ་སྟེ་འདི་ནི་བདེན་པ་དང་རང་གི་ལྟ་བ་གཉིས་ཀ་ལ་མ་དམིགས་པས་དབང་གིས་ལོག་ཞུགས་ཡིན་ནོ། །འདི་དག་འགོག་ལམ་གཉིས་ལ་ཞུགས་ཚུལ་ལ་ཞིབ་ཆ་ཅུང་ཟད་རེ་ཡོད་ལ། འགོག་པར་བདག་ཆད་ལྟ་དང༌། ལམ་ལ་བདག་ཆད་བྱེད་ཀྱི་ལམ་ཡིན་སྙམ་པའི་ཚུལ་རྣམས་ཤེས་པར་བྱའོ། །སྒོམ་སྤང་བཞི་བརྒྱ་དང་བཅུ་བཞི་ནི། འདོད་ཆགས༡་ཁོང་ཁྲོ༢་ང་རྒྱལ༣་རྨོངས༤། །འཇིག་ལྟ་མཐར་ལྟ་སྒོམ་སྤང་དྲུག །འདོད་པར་དྲུག་ཡོད་གཟུགས་གཟུགས་མེད། །ཁོང་ཁྲོ་མ་གཏོགས་ལྔ་རེ་ཡོད། །དེ་ལ་ས་དང་ཆེ་འབྲིང་གིས། །ཕྱེ་བས་བཞི་བརྒྱ་བཅུ་བཞིའོ། །ཞེས་པས་སྒོམ་སྤང་རྩ་བ་དྲུག་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་ལྟ་བ། མཐར་ལྟ་དང་དྲུག་གོ །དེ་ཡང་འདོད་ཁམས་ན་དྲུག །གཟུགས་ཁམས་གཟུགས་མེད་གཉིས་ན་ལྔ་རེ་སྟེ་ཁམས་ཀྱིས་ཕྱེ་ན་བཅུ་དྲུག་གོ །ཡང་འདོད་ཁམས་ན་དྲུག །བསམ་གཏན་བཞི་རེ་རེ་ན་ལྔ་རེ་སྟེ་ལྔ་བཞི་ཉི་ཤུ། གཟུགས་མེད་བཞི་རེ་རེ་ན་ལྔ་རེ་སྟེ་ལྔ་བཞི་ཉི་ཤུ་བསྡོམས་པས་སའི་སྒོ་ནས་དབྱེ་ན་བཞི་བཅུ་ཞེ་དྲུག་གོ །དེ་དག་ས་ཆེ་འབྲིང་གི་སྒོ་ནས་དབྱེ་ན་བཞི་བརྒྱ་དང་བཅུ་བཞི་སྟེ། སའི་སྒོ་ནས་དབྱེ་བའི་ཞེ་དྲུག་པོ་དེ་རེ་རེ་ལ་དགུ་རེ་ཕྱེ་བས་སམ། ཡང་ན་ཁོང་ཁྲོ་མ་གཏོགས་པའི་ཉོན་མོངས་པ་ལྔ་པོ་ས་དགུ་དང་ཆེ་འབྲིང་ས་དགུས་ཕྱེ་བས་བརྒྱད་ཅུ་རྩ་གཅིག་སྟེ་བརྒྱད་ཅུ་རྩ་གཅིག་ལྔ་བསྡོམས་པས་བཞི་བརྒྱ་དང་ལྔར། འདོད་ཁམས་ཀྱི་ཁོང་ཁྲོ་དགུ་བསྣན་པས་བཞི་བརྒྱ་དང་བཅུ་བཞིའོ། །ཁམས་ནི་གསུམ་སྟེ་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་སོ། །ས་ནི་དགུ་སྟེ། འདོད་ཁམས། བསམ་གཏན་དང་པོ། །གཉིས་པ། གསུམ་པ། བཞི་པ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ་ཁམས་གསུམ་ས་དགུའོ། །ཆེ་འབྲིང་ནི་འདོད་པའི་འདོད་ཆགས་ལྟ་བུ་ལའང༌། ཆེན་པོའི་ཆེན་པོ། ཆེན་པོའི་འབྲིང་པོ། ཆེན་པོའི་ཆུང་ངུ༌། འབྲིང་པོའི་ཆེན་པོ། འབྲིང་པོའི་འབྲིང་པོ། འབྲིང་པོའི་ཆུང་ངུ༌། ཆུང་ངུའི་ཆེན་པོ། ཆུང་ངུའི་འབྲིང་པོ། ཆུང་ངུའི་ཆུང་ངུ་དང་དགུའོ། །མཐོང་སྒོམ་གྱི་རྟོག་པ་དེ་དག་སྤོང་ཚུལ་ནི། མཐོང་སྤང་ཀུན་བརྟགས་ཡིན་པས་བདེན་བཞི་མཐོང་བ་ཙམ་གྱིས་སྤོང་ལ། སྒོམ་སྤང་རྣམས་ལྷན་སྐྱེས་ཡིན་པས་བདེན་པ་མཐོང་བ་ཙམ་གྱིས་སྤོང་མི་ནུས་ལ། མཐོང་ཟིན་གོམས་པར་བྱེད་པའི་སྒོ་ནས་རིམ་པར་སྤང་དགོས་སོ། །དེ་ཡང་ཐེག་དམན་རྣམས་མཐོང་སྤང་ནི་འདས་ལམ་ཁོ་ནས་སྤང་དགོས་ཀྱང་སྒོམ་སྤང་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤང་ནུས་པས། མཐོང་སྤང་གི་སྔོན་དུ་ཡང་འདོད་པའི་སྒོམ་སྤང་སྤོང་བ་སྲིད་པས་དེ་འདྲ་དེ་ལམ་ཐོད་རྒལ་བ་ཞེས་ཟེར་ཞིང༌། ཕྱིར་འོང་ཞུགས་པ་དང་ཕྱིར་མི་འོང་ཞུགས་པ་གཉིས་ཀ་ཡོད་པར་བཞེད་ལ། རྒྱལ་བ་རྣམས་ནི་ཐབས་མཁས་པའི་དབང་གིས་འཇིག་རྟེན་པའི་ལམ་གྱིས་སྒོམ་ལམ་གྱི་སྤང་བྱ་སྤོང་རྒྱུ་མདོར་བསྟན་པས་ལམ་ལ་བྲོད་པ་སྐྱེ་བའི་དོན་དུ་བསྟན་གྱི། དོན་ལ་འཕགས་ལམ་གྱི་སྤང་བྱ་དྲུངས་ནས་འབྱིན་བའི་གཉེན་པོ་མེད་ཕྱིར། ཐེག་ཆེན་ལྟར་ན་སྒོམ་སྤང་ཡང་འཇིག་རྟེན་པའི་ལམ་གྱིས་སྤང་མི་ནུས་ཏེ་འཇིག་རྟེན་པའི་ལམ་གྱིས་སྤང་བྱ་མགོ་ནོན་པ་ཙམ་ལས། རྩ་བ་དྲུངས་ནས་འབྱིན་མི་ནུས་ཞེས་བཞེད། དེ་ལ་འཇིག་རྟེན་པའི་ལམ་ཞེས་པ་ནི་ཤེས་རབ་ལྷག་མཐོང་དང་མ་འབྲེལ་བའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་རྐྱང་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ལམ་ནི་བདག་མེད་རྟོགས་པའི་ཤེས་རབ་དང་འབྲེལ་བའི་ཞི་ལྷག་ཟུང་འཇུག་གོ །མཐོང་སྤང་སྤོང་ཚུལ་ཡང་ཐེག་དམན་ལྟར་ན། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཡོད་པ་ལས། དཔེར་ན་སྡུག་བདེན་མཐོང་བའི་མཐོང་ལམ་སྐད་ཅིག་བཞིའི་དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་འདོད་ཁམས་པའི་སྡུག་བསྔལ་མཐོང་སྤང་བཅུ་སྤངས་བར་ཆད་མེད་ལམ། ཆོས་ཤེས་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ་རྣམ་གྲོལ་གྱི་ལམ། རྗེས་བཟོད་ཀྱི་སྐབས་སུ་གཟུགས་དང་གཟུགས་མེད་ཀྱི་སྡུག་བསྔལ་མཐོང་སྤང་བཅོ་བརྒྱད་སྤངས། རྗེས་ཤེས་ཀྱི་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ། དེ་ལྟར་བདེན་པ་གཞན་གསུམ་ལའང་སྦྱར་བའི་ཉི་ཤུ་རྩ་བརྒྱད་པ་ཚན་བཞི་སྤངས་པས་མཐོང་སྤང་བརྒྱ་དང་བཅུ་གཉིས་སོ། །ཐེག་ཆེན་ལྟར་ན་ཁམས་གསུམ་གྱི་མཐོང་སྤང་རྣམས་གཅིག་ཆར་དུ་དྲིལ་ནས་སྤོང་སྟེ། དེ་ཡང་བདེན་པ་རང་རང་གི་ཆོས་ཤེས་བར་ཆད་མེད་ལམ། སྐབས་ཁོ་ནར་སྤང་བར་འདོད་དོ། །དེས་ན་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་འདི་ལ། ཐེག་དམན་ལྟར་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་རྣམས་ཀྱང་བཞེད་པ་མི་འདྲ་བ་མང་དུ་ཡོད་པར་གསུངས་ལ། ཐེག་ཆེན་ལའང་སློབ་དཔོན་སེང་གེ་བཟང་པོ་ནི། སྤྱིར་ཁ་ཅིག་སོ་སོར་རྟོག་པའི་སྐད་ཅིག་ལ་ལྟོས་ནས་བཅུ་དྲུག་རིམ་གྱིས་འབྱུང་ཞིང༌། དེ་ཁོ་ན་ཉིད་ཀྱི་སྐད་ཅིག་ལ་ལྟོས་ན་སྐད་ཅིག་གཅིག་ཏུ་བཞེད་པ་དང༌། ཡང་ཁ་ཅིག་སོ་སོར་རྟོག་པའི་སྐད་ཅིག་དང་དེ་ཁོ་ན་ཉིད་ཀྱི་སྐད་ཅིག་གཉིས་ཀར་སྐད་ཅིག་མ་གཅིག་ཏུ་བཞེད་པའི་ལུགས་གཉིས་ཡོད་པར་བཤད་ཅིང༌། རང་ལུགས་ལ་སྐད་ཅིག་མ་བཅུ་དྲུག་རིམ་གྱིས་འབྱུང་བར་བཞེད། དེ་ཡང་སོ་སོར་རྟོག་པའི་སྐད་ཅིག་ཅེས་པ་ནི། གཏན་ལ་དབབ་བྱའི་ཡུལ་ལ་ལྟོས་ན། བདེན་པ་བཞི་ཀ་ལ་གཅིག་ཆར་སྒྲོ་འདོགས་ཆོད་པ་མི་སྲིད་པས། བདེན་བཞི་སོ་སོར་སྒྲོ་འདོགས་རིམ་གྱིས་གཅོད་པ་ལ་ལྟོས་ནས་སྐད་ཅིག་བཅུ་དྲུག་ཡིན་ལ། དེ་ཁོ་ན་ཉིད་ཀྱི་སྐད་ཅིག་ཅེས་པ་རྟོགས་བྱ་ཆོས་ཉིད་ལ་དབྱེ་བ་མེད་པས། བདག་མེད་མངོན་སུམ་མཐོང་བའི་སྐད་ཅིག་གཅིག་ཏུ་འདོད་པ་ཡིན་ནོ། །ཀླུ་སྒྲུབ་ཀྱི་ལུགས་མཉམ་གཞག་གི་སྐབས་སུ་ཡེ་ཤེས་སྐྱེ་ཚུལ་དང༌། ཐོག་མེད་ཀྱི་ལུགས་རྗེས་ཐོབ་ཀྱི་སྐབས་ངེས་པ་འདྲེན་ཚུལ་ཡིན་ལ་མི་འགལ་ཞིང༌། ཐེག་ཆེན་མན་ཆད་འདི་གཉིས་ཀྱི་རྗེས་སུ་འབྲང་དགོས་སོ། མཆན། འཕགས་པ་ཐོགས་མེད་ཀྱི་གཞུང་ལས། བདེན་བཞི་སྐད་ཅིག་བཅུ་དྲུག་འདི་ལྟར་བཞེད་དེ། དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་མཐོང་སྤང་རྣམས་སྤང༌། ཆོས་ཤེས་ཀྱི་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ། རྗེས་ཐོབ་ཀྱི་ཆོས་བཟོད་ཆོས་ཤེས་ཀྱི་ཡེ་ཤེས་གཉིས་པོ་དེ་ཡང་འཕགས་པའི་ལམ་གྱི་རྟེན་གཞི་ཡིན་ནོ་སྙམ་དུ་ངེས་པར་བྱེད། རྗེས་ཤེས་ཀྱིས་རྗེས་བཟོད་དེ་ཡང་འཕགས་པའི་ལམ་གྱི་རྟེན་གཞི་ཡིན་ནོ་སྙམ་དུ་ཤེས་པའོ། །དེས་ན་ཆོས་བཟོད་ཆོས་ཤེས་གཉིས་ནི་ཡུལ་བདེན་པ་ལ་དམིགས་པས་བཟུང་བའི་ཡུལ་ཡིན་ལ། རྗེས་བཟོད་རྗེས་ཤེས་གཉིས་ནི་ཡུལ་ཅན་ཡེ་ཤེས་ལ་དམིགས་པས་འཛིན་པའི་ཡུལ་ཅན་ཡིན་ནོ་ཞེས་བཞེད། འདིའི་ལུགས་ཀྱིའང་བཅུ་དྲུག་ཏུ་བཞག་པ་རྗེས་ཐོབ་ལ་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱས་ནས་གཅིག་གིས་གཅིག་ལ་བཤད་པ་སོགས།བསྟན་པ་གནས་པ་སྤྲོས་པ་ལ་དགའ་བའི་ཕྱིར་རྣམ་གྲངས་སུ་བཞག་པ་ཙམ་ཡིན་གྱི་མཉམ་བཞག་རང་ངོ་ལ་ལྟོས་ནས་སྤྲོས་མེད་ཀྱི་དབང་དུ་སྐད་ཅིག་མ་གཅིག་གོ་ཞེས་བཞེད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལས་ནི། སྐད་ཅིག་བཅུ་དྲུག་ཏུ་བཞག་པ་ནི། བདེན་བཞི་ལ་སྒྲོ་འདོགས་ཆོད་ཚུལ་གྱི་ཆ་ནས་དབྱེ་བ་ཙམ་སྟེ། དེ་ཡང་ཆོས་བཟོད་ཀྱིས་བདེན་བཞིའི་ཆོས་ཉིད་ལ་ཡིད་ཆེས་ནས་མི་སྐྲག་པའི་བཟོད་པ་ཐོབ། ཆོས་ཤེས་ཀྱིས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང༌། རྗེས་བཟོད་ཀྱིས་ལམ་རྗེས་ཐོབ་ཀྱི་ཚེ་ཡང་ཆོས་ཉིད་ལ་མི་སྐྲག་པའི་ནུས་པ་ཐོབ། རྗེས་ཤེས་ཀྱིས་ལམ་རྗེས་ཐོབ་ཀྱི་ཚེ་ན་བདེན་བཞིའི་ཆོས་ཉིད་ཇི་ལྟ་བར་ཤེས་པའི་ནུས་པ་ཐོབ་པ་ལ་ལྟོས་ནས་བཞག་པ་ཡིན་ལ། དོན་དུ་ཤེས་བྱའི་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་མཐོང་བའི་སྐད་ཅིག་མ་ལ་དབྱེ་བ་མེད་དེ། མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་བཞུགས་ན་བདེན་གཅིག་ཀྱང༌། །གྲུབ་པ་མེད་ན་བཞི་ལྟ་ག་ལ་ཡོད། །ཅེས་གསུངས་སོ། །དེས་ན་མཉམ་བཞག་དང་རྗེས་ཐོབ་ཀྱི་སྐད་ཅིག་གཅིག་ལ་ལྡོག་ཆས་དབྱེ་བ་ཙམ་དུ་བཞེད་དོ། །སྒོམ་སྤང་རྣམས་ནི་ལམ་གོམས་པའི་སྟོབས་ཀྱིས་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ནས་རིམ་གྱིས་སྐྱེས་པས། སྤང་བྱ་ཆེན་པོའི་ས་བོན་ནས་རིམ་གྱིས་སྤང་བར་འདོད། དེ་ཡང་མཐོང་སྤང་ཀུན་བརྟགས་དང༌། སྒོམ་སྤང་ལྷན་སྐྱེས་ཞེས་པའི་དོན་ཀུན་བརྟགས་ནི་བདག་ཏུ་ལྟ་བ་དང༌། རྟག་ཆད་དུ་ལྟ་བ་དང༌། ལོག་པར་ལྟ་བ་སོགས་གྲུབ་མཐའ་ངན་པས་བཏགས་པ་རྣམས་ཡིན། དེ་ཡང་ལམ་ངན་པ་ལ་ཞུགས་པའི་གང་ཟག་རྣམས་ལ་མངོན་གྱུར་དུ་ཡོད་ལ། གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ལའང་ས་བོན་ཡོད་དོ། །ལྷན་སྐྱེས་ནི་ཡེ་ནས་རང་རྒྱུད་ལ་ཡོད་པའི་བདག་ལྟ་དང་ཆགས་སོགས་ཉོན་མོངས་པ་རྣམས་ཡིན་ཏེ། ཡུལ་ལ་དམིགས་པའི་ཆགས་པ་སོགས་སོ། །དེ་ནས་མཐོང་སྤང་གྲུབ་མཐའི་དབང་གིས་བཞག་པའི་རྣམ་བྱང་དང༌། ཀུན་ཉོན་ཕྱོགས་ཀྱི་དབྱེ་བས་རྒྱུ་འབྲས་ཀྱི་ཐ་སྙད་ལ་སྒྲོ་བཏགས་པའོ་ནི་བདེན་པའི་ཆོས་ཉིད་ལ་ལོག་པར་ཞུགས་ལ། སྒོམ་སྤང་བདེན་བཞིའི་ནང་མཚན་མིན་པའི་གཟུགས་མེད་ཀྱང་གྲུབ་མཐས་བཞག་པ་ལྟ་བུ་མ་ཡིན་པར་གང་སྣང་བའི་ཡུལ། མཆན། ནི་གཟུགས་སོགས་དབང་པོའི་ཡུལ་ན་ལོག་པར་ཞུགས་པ་ཡིན་ནོ། །དེས་ན་ཡུལ་ལ་དམིགས་པའི་ཞེ་སྡང་དྲག་པོ་ལྟ་བུ་སྒོམ་སྤང་ཡིན་ཡང༌། མཐོང་ལམ་སྐྱེས་པའི་ཡེ་ཤེས་ཉིད་མཐུ་ཆེ་བའི་དབང་གིས་ཉོན་མོངས་དེ་དག་ས་བོན་རུལ་བ་ལྟར་བྱས་པས་འཕགས་པ་ལ་མེད་པས་སྒོམ་སྤང་ཡིན་ཀྱང་འཕགས་ལམ་ཐོབ་པ་ནས་རྒྱུད་ལ་མེད་པར་བཞེད་དོ། །མཐོང་སྤང་ནི་དེ་ལྟར་གྲུབ་མཐས་གསར་དུ་བཏགས་པའི་སྤང་བྱ་ཡིན་པས། མཐོང་ལམ་སྐྱེས་པའི་གང་ཟག་དེ་ནི་སྐྱེ་བ་ཐམས་ཅད་དུ་གཞན་ཕྱི་རོལ་པ་ལ་སོགས་པས་བློ་གཏན་ནས་བསྒྱུར་མི་ཐུབ་པ་ཞིག་དགོས་པ་ཡིན་ནོ། །རྟོགས་པའི་ཡོན་ཏན་ལ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ཤའི་སྤྱན་སོགས་སྤྱན་ལྔ་དང༌། བསམ་གཏན་གྲུབ་པའི་ཏིང་ངེ་འཛིན་གྱི་སྟོབས་ལས་ཐོབ་པའི་རྫུ་འཕྲུལ་གྱི་མངོན་ཤེས་སོགས་དྲུག་དང༌། རང་གིས་ཇི་ལྟར་འདོད་པ་བཞིན་མཛད་པ་ལ་མཐུ་ཐོགས་པ་མེད་པས་ཚེ་ལ་དབང་བ་སོགས་དབང་བཅུ། དྲན་པ་དང་ཤེས་རབ་ཁྱད་པར་ཅན་གྱི་རང་བཞིན་གཟུངས་ཀྱི་སྒོ་ནི་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕེབས་པ་བཟོད་པ་ཐོབ་པ་སྒོའི་གཟུངས། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཐུས་གྲུབ་པའི་སྔགས་ཀྱི་གཟུངས། ཆོས་ཀྱི་ཚིག་དོན་ཐམས་ཅད་མི་བརྗེད་པར་འཛིན་པ་ཚིག་གི་གཟུངས། ཆོས་ཐམས་ཅད་ཀྱི་དོན་མི་བརྗེད་པར་འཛིན་པ་དོན་གྱི་གཟུངས་ཏེ་བཞི་དང༌། ཤེས་བྱ་ཐམས་ཅད་མཁྱེན་པ་ལ་ཐོགས་པ་མེད་པའི་མོས་སོགས་སྟོབས་བཅུ་དང༌། རང་གཞན་གྱི་དོན་དུ་དམ་བཅའ་བ་ལ་ཕས་ཀྱི་རྒོལ་བས་མི་འཇིགས་པ་བཞི་དང༌། གདུལ་བྱའི་དོན་བྱེད་པའི་ཐབས་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་བཞི་དང༌། སྐུ་ལ་འཁྲུལ་པ་མེད་པ། གསུང་ཅ་ཅོ་མེད་པ། ཐུགས་དྲན་པ་ཉམས་པ་མི་མངའ་བ། མཉམ་པར་མ་བཞག་པ་མི་མངའ་བ། ཐ་དད་པའི་འདུ་ཤེས་མི་མངའ་བ། སོ་སོར་མ་བརྟག་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང༌། གཞན་དོན་ལ་དགྱེས་པའི་འདུན་པ། འགྲོ་དོན་མི་འདོར་བའི་དྲན་པ། མི་ངལ་བའི་བརྩོན་འགྲུས། ཐམས་ཅད་མཁྱེན་པའི་ཤེས་རབ། རྩེ་གཅིག་པའི་ཏིང་འཛིན། སྒྲིབ་གཉིས་བག་ཆགས་ལས་གྲོལ་བའི་རྣམ་གྲོལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་རྟོགས་པ་དྲུག །དུས་གསུམ་ལ་ཆགས་ཐོགས་མེད་པར་གཟིགས་པ་སྟེ་ཡེ་ཤེས་ཀྱི་གསུམ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ལ་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་གསུམ་སྟེ། ཉན་རང་དགྲ་བཅོམ་པ་རྣམས་དང་ཡང་ཐུན་མོང་དུ་མ་གྱུར་པ་མ་འདྲེས་པའི་ཆོས་བཅོ་བརྒྱད་རྫོགས་པ་ནི་སངས་རྒྱས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་པས། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་སོ། །ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་ཟག་མེད་ཆོས་སྡེ་ཚན་ཉེར་གཅིག་གི་ཡེ་ཤེས་དམ་པ་འཁོར་འདས་རོ་གཅིག་པ་དང་ལྡན་པ་ནི་ཆོས་ཀྱི་སྐུའོ། །གཞིའི་གནས་ལུགས་ཀྱི་སྣང་ཆ་སྟོང་གཟུགས་ཀྱི་སྐུར་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་འཁོར་ལ་སྣང་བའི་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཐུན་མོང་གདུལ་བྱའི་ངོར་སྟོན་པ་སྤྲུལ་པའི་སྐུའོ། །ཆོས་ནི་བསོད་ནམས་སྦྱིན་སོགས་ཐབས་ཀྱི་ཆ་དང༌། ལམ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཆ་དང༌། མྱ་ངན་འདའ་བ་ནི་ལམ་གྱི་མཐུས་སྤང་བྱ་དང་བྲལ་བའི་ཆ་སྟེ་གསུམ་ནི་ལུང་གི་ཆོས་བརྗོད་བྱའི་དོན་ཉིད་དེ། དེ་ལའང་གང་དྲི་མ་བྲལ་བ་འབྲས་བུའི་རང་བཞིན་དང༌། གང་གིས་དྲི་མ་འབྲལ་བྱེད་བྱ་བ་དང་ལྡན་པའི་རང་བཞིན་གཉིས་སུ་གནས་པ་ལ། རྣམ་པར་བྱང་བའི་བདེན་གཉིས་ཞེས་བྱ་སྟེ་འགོག་ལམ་རྣམ་གཉིས་ཡིན་ཞིང༌། བསོད་ནམས་ནི་ལམ་གྱི་གྲོགས་ཡིན་ནོ། །བརྗོད་བྱ་བསླབ་པ་གསུམ། རྗོད་བྱེད་སྡེ་སྣོད་གསུམ་ལ་ལྟོས་ཏེ་ལུང་རྟོགས་ཆོས་གཉིས་སུ་བཞག་ལ། ལུང་གི་ཆོས་ནི་དབྱེ་ན་མདོ་སྡེ་དབྱངས་སྙན་སོགས་གསུང་རབ་ཡན་ལག་བཅུ་གཉིས་དང༌། དུག་གསུམ་གྱི་གཉེན་པོའི་སྒོ་ནས་བསྡུ་ན་འདུལ་བའི་སོགས་སྡེ་སྣོད་གསུམ་དུ་གདུལ་བྱའི་ངོར་དེ་བཞིན་གཤེགས་པའི་བདག་རྐྱེན་ལས་ཤར་བ་ཡིན་ལ། དེ་ལས་ཀྱང་ཐབས་མང་བ་དང་ཟབ་པ་སོགས་ཀྱི་ཆེ་བ་དུ་མ་དང་ལྡན་པ་རིག་འཛིན་སྡེ་སྣོད་ཡིན་ཏེ། ཀུན་བྱེད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང༌། ཁྱད་པར་རིག་པ་འཛིན་པའི་སྐབས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་སོ། །སྡེ་སྣོད་དེ་རྣམས་གང་ལས་རྩོམ་པའི་གཞི་ཡི་གེ་དང༌། དེ་འདུས་པ་ལས་མིང་དང༌། མིང་འདུས་པ་ལས་ཚིག་དང༌། ཚིག་འདུས་པ་ལས་ཤྭ་ལོ་ཀ་དང༌། ལེའུ། བམ་པོ་ནས་གླེགས་བམ་རྣམས་གྲུབ་སྟེ་ཡི་གེར་གནས་པ་ནི། སྐྱབས་སུ་འགྲོ་བར་དམ་བཅའ་བའི་དམ་ཚིག་གི་རྟེན་ཡིན་ནོ། །རྟོགས་པའི་ཆོས་ནི་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི་ནས་བཟུང༌། འབྲིང་ཡང་དག་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། རིམ་པ་བཞིན་ལམ་ལྔའི་ཡོན་ཏན་མཐའ་དག་དང༌། དེ་ལྟར་འཕགས་རྒྱུད་ཀྱིས་བསྡུས་པའི་སྤངས་པ་དང་རྟོགས་པའི་ཡེ་ཤེས་དེ་རྣམས་སྙིང་པོའི་ཁམས་མངོན་དུ་གྱུར་པ་ལས་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཅན་མིན་ཏེ་སྒྲིབ་པ་བྲལ་སྟོབས་ཀྱིས་ཆོས་ཉིད་མངོན་དུ་གྱུར་པ་ལས་གཞན་མ་ཡིན་ནོ། །དེའི་དྲི་མ་སེལ་བྱེད་ཀྱི་མན་ངག་ཟབ་མོ་སྒོ་གསུམ་གནད་དུ་བསྣུན་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བྱེད་གདན་གསུམ་ལྷར་བསྒོམ་པའི་མཚན་བཅས་བསྐྱེད་རིམ་དང༌། མཚན་མེད་རྫོགས་རིམ་གྱིས་ཡེ་ཤེས་བསྐྱེད་པ་དང༌། མི་བརྗེད་པའི་གཟུངས་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ་ནི་རྟོགས་པའི་ཆོས་ཏེ་དེ་དག་ཀྱང་སློབ་ལམ་ཚོགས་སྦྱོར་མཐོང་སྒོམ་བཞི་དང༌། མི་སློབ་ལམ་གྱི་དངོས་གཞིར་གནས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་ལྡན་པའི་ཡོན་ཏན་གྱི་བྱེ་བྲག་དག་ལ་བྱའོ། །ལམ་དེ་དག་གི་ཡོན་ཏན་གྱི་རྟེན་དུ་གྱུར་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡི་ས་བཅུ། འབྲས་བུ་སྔགས་ཀྱི་ཐེག་པའི་ས་བཅུ་གསུམ་ནི་མདོ་ཡི་ས་བཅུའི་ཐོག་བཅུ་གཅིག་ཀུན་ཏུ་འོད་སྤྲུལ་སྐུའི་ས། བཅུ་གཉིས་མ་ཆགས་པདྨ་ཅན་ལོངས་སྐུའི་ས། བཅུ་གསུམ་འཁོར་ལོ་ཚོགས་ཆེན་ཆོས་སྐུའི་ས་དང༌། འདུན་པ་སེམས་དང༌། རིགས་ཆེན་འབྱིན་པ་ལ་སོགས་པ་རྡོ་རྗེ་ཐེག་པའི་ས་ཡི་རིགས་དབྱེ་རྒྱུད་སྡེ་སོ་སོ་ནས་གསུངས་པ་དཔག་ཏུ་མེད་དོ། །དེ་ལྟ་བུའི་ས་ལམ་གང་གི་གནས་སྐབས་སྤངས་རྟོགས་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པའོ། །སྤྱིར་དགེ་འདུན་གྱི་ངོ་བོ་ནི། རྟོགས་བྱ་ཡང་དག་པའི་དོན་ཅི་རིགས་པ་རིག་པ་དང༌། སྤང་བྱ་སྒྲིབ་གཉིས་ཀྱི་དྲི་མ་ཅི་རིགས་པ་ལས་གྲོལ་བའི་རིག་གྲོལ་གཉིས་ལྡན་ཏེ། ཉན་རང་ཞུགས་གནས་གཅིག་ཏུ་བྱས་ཏེ་སྐྱེས་བུ་ཟུང་བཞིའམ། རེ་རེ་ལ་ཞུགས་གནས་གཉིས་རེ་སོ་སོར་ཕྱེས་ན་གང་ཟག་ཡ་བརྒྱད་དེ་ཐེག་དམན་བརྒྱད་དོ། །ཐེག་ཆེན་རྒྱལ་སྲས་སར་གནས་པའི་གང་ཟག་མཐའ་དག་པའི་རང་རང་གི་སའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང༌། མྱང་འདས་སུ་བགྲོད་པའི་ལམ་དང་སྲིད་ཞི་གཉིས་ཀྱི་མཐའ་ལས་སྐྱོབ་པའི་ངོ་བོ་ནི་དམ་པའི་ཆོས་སོ། །ཆོས་ནི་སྟོན་པ་ལས་བྱུང་ཞིང༌། དེ་ཉིད་རང་རྒྱུད་ལ་སྒྲུབ་པར་བྱེད་པའི་གྲོགས་སམ་བསླབ་པ་རིན་པོ་ཆེ་གསུམ་པོའི་རྟེན་གནས་སུ་གྱུར་པ་ནི། དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། དཀོན་མཆོག་གསུམ་ཞེས་གྲངས་ངེས་པར་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་སྐྱབས་ཀྱི་ཡུལ་དུ་གྲུབ་སྟེ། སྐྱབས་འགྲོ་བདུན་ཅུ་པར། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །དེ་ལ་བསྟན་བཅོས་འདི་ཉིད་ཀྱི་སྐབས་སུ་ཐེག་ཆེན་སྐྱབས་འགྲོ་ལ་རྒྱུ་མདོ་ཡི་སྐྱབས་འགྲོ་དང༌། གསང་སྔགས་འབྲས་བུའི་སྐྱབས་འགྲོ་ཡི་རྣམ་བཞག་ཁ་ཙམ་མིན་པར་སྙིང་ཐག་པ་ནས་དམ་བཅའ་བ་ཞིག་དགོས་པ་དེ་ལ་གཉིས་ལས། དུས་གཞན་གྲངས་མེད་གསུམ་ལ་སོགས་པའི་མཐར་མཆོག་གསུམ་རང་རྒྱུད་ལ་འགྲུབ་པར་འདོད་ནས་སྒྲུབ་པར་དམ་བཅའ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐྱབས་འགྲོ་མཆོག་གསུམ་ཀུན་ཚང་སངས་རྒྱས་ཉག་གཅིག་ཡིན་པས་འབྲས་བུ་དོན་དུ་གཉེར་བྱ་དེ་ཁོ་ན་ཉིད་དུས་མ་འོངས་པར་མི་ལྟོས། འབྲས་བུ་གཞན་ནས་མི་འཚོལ་བར་ད་ལྟར་མཆོག་གསུམ་གྱི་ངོ་བོར་གྲུབ་ཟིན་པ་རང་གི་སེམས་ཉིད་མངོན་དུ་བྱ་བར་དམ་བཅའ་བ་ནི་འབྲས་བུའི་སྐྱབས་འགྲོ་སྟེ། རྡོ་རྗེ་ཐེག་པ་དག་གི་ཁྱད་ཆོས་ཡིན་ཏེ་ལྟ་བའི་དབང་གིས་སོ། །མདོ་སྔགས་གཉིས་ལས་དང་པོ་རྒྱུ་མཚན་ཉིད་ཐེག་ཆེན་པ་ཡི་ཡུལ་ནི། དཀོན་མཆོག་རྣམ་པ་གསུམ་སྟེ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས། ལུང་རྟོགས་ཀྱི་བདག་ཉིད་དམ་ཆོས། སར་གནས་འཕགས་པའི་དགེ་འདུན་ཏེ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་རྒྱུ་ཡི་སྐྱབས་འགྲོ་དང་མ་འོངས་པར་མཆོག་གསུམ་རང་རྒྱུད་ལ་འབྱོན་པར་སྨོན་པ་འབྲས་བུའི་སྐྱབས་འགྲོའོ། །གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་དེ་ཡི་ངོ་བོ་བླ་མར་འདུས་ཏེ་རྩ་བའི་བླ་མ་སངས་རྒྱས་ཀུན་དངོས་དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་ཀུན་འདུས་སུ་ཤེས་ཤིང་བསྐྱབ་བྱ་དང་སྐྱོབ་བྱེད་ཀྱང་ཐ་དད་དུ་མི་འཛིན་པར་གཉིས་མེད་ཀྱི་ངང་ནས་སྐྱབས་སུ་འགྲོ་བ་ནི་རྒྱུ་ཡི་སྐྱབས་འགྲོ་དང༌། རང་སེམས་འོད་གསལ་བའི་ཡེ་ཤེས་སྐྱོན་ཡེ་ཟད་དུ་གནས་པས་དག་བྱ་དང་བྲལ་ཞིང༌། ཡོན་ཏན་ཡེ་ལྡན་དུ་གནས་པས་གསར་ཐོབ་དང་བྲལ་བ་ནི་སངས་རྒྱས་དང༌། ཡེ་ནས་འགྱུར་བ་མེད་པའི་ཆོས་ཉིད་དྲི་བྲལ་གྱི་ངོ་བོ་ནི་ཆོས། ཡོན་ཏན་དབྱེར་མེད་པར་འདུས་པ་ནི་དགེ་འདུན་ཏེ། ད་ལྟ་ཉིད་ནས་རང་སེམས་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་ཤེས་པ་ནི་འབྲས་བུའི་སྐྱབས་འགྲོའོ། །སྐྱབས་སུ་འགྲོ་བ་པོའི་སྐྱེས་བུ་ལའང་བློ་རིགས་གསུམ་སྟེ། རང་དོན་ཉི་ཚེ་བ་བསྒྲུབ་པར་འདོད་པ་དང༌། རང་དོན་མཆོག་བསྒྲུབ་པར་འདོད་པ་དང༌། གཞན་དོན་བསྒྲུབ་པར་འདོད་པ་བླ་ན་མེད་པ་ཡི་ཀུན་སློང་སྟེ་རྣམ་པ་གསུམ་ལས། དང་པོ་སྐྱེས་བུ་ཆུང་ངུ་ནི་ངན་འགྲོ་ལ་འཇིགས་ནས་མངོན་མཐོ་ལྷ་མིའི་བདེ་འབྲས་ཐོབ་ཀྱི་བར་དུ་མཆོག་གསུམ་ལ་སྐྱབས་སུ་འགྲོ། འབྲིང་དུ་གྱུར་པ་ཉན་རང་གཉིས་ཀྱི་སྲིད་པའི་སྡུག་བསྔལ་དེས་འཇིགས་ནས་རང་གཅིག་པུ་ཐར་པ་མྱང་འདས་ཀྱི་གོ་འཕང་དོན་དུ་གཉེར་ནས་གནས་སྐབས་ཇི་སྲིད་འཚོ་ཡི་བར་དང༌། མཐར་ཐུག་ནི་ཉན་རང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་བར་དུ་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཐེག་པ་ཆེན་པོ་ནི་གཞན་དོན་སྤངས་ཏེ་རང་གཅིག་པུ་དོན་དུ་གཉེར་བའི་ཞི་བདེའི་བློ་ཐ་ཆད་པ་དེས་འཇིགས་ཏེ། འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་མ་ལུས་པར་དབུགས་འབྱིན་ཆེན་པོས་སངས་རྒྱས་ཀྱི་ས་ལ་བསྒྲལ་བའི་ཕྱིར། བྱང་ཆུབ་ཆེན་པོ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་ཡང་ཁྱད་པར་ངེས་དོན་གྱི་མདོ་སྡེ་དང་སྔགས་ཀྱི་བརྗོད་དོན་ཟབ་མོ་ཁོང་དུ་ཆུད་པ་རྣམས་ཀྱིས། རང་གི་སེམས་ཀྱི་གཤིས་ལུགས་ལ་འཁོར་བའི་སྐྱོན་རང་མཚན་པ་བྲལ་བ་དང༌། མྱང་འདས་ཀྱི་ཡོན་ཏན་རང་མཚན་པ་ཐོབ་པ་དང་བླང་དོར་གྱི་སྒོ་ནས་རྒྱུ་འབྲས་སྔ་ཕྱི་ཅན་དུ་འབྱུང་བའི་ཀུན་རྫོབ་འདུས་བྱས་པ་བསླུ་བ་ཐམས་ཅད་ཡེ་ནས་སྤངས་པ་བདེ་གཤེགས་སྙིང་པོའི་རང་ཞལ་ལྟ་བ་ནི་འབྲས་བུའི་སྐྱབས་འགྲོ་བླ་ན་མེད་པའོ། །རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་སྟེ་ལམ་རྒྱུད་ལྔར་འགྲོ་བ་རྣམས་བརྒྱུད་ཅིང་འཁྱམས་པའི་དུས་སུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་ཆགས་ཐོགས་མེད་པར་སེམས་ཅན་གྱི་ཁམས་ལ་ཐུགས་རྗེ་དུས་ལས་སྐད་ཅིག་ཙམ་ཡང་ཡོལ་བ་མེད་པའི་ཚུལ་ནི། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་པའི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མང་བ། །གསུངས་པ་ལྟར་ལ། ཡོན་ཏན་རྒྱ་ཆེ་བའི་ངོས་ནས་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཀྱང་ཆ་ཤས་ཙམ་ལས་མཐའ་དག་ནི། སྤོབས་པའི་གཏེར་ཆེན་གྲོལ་བ་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ཆེན་པོས་བརྗོད་པར་བྱས་པས་ཀྱང་མཐར་མ་ཐུག་སྟེ། དཔེར་ན་ནམ་མཁའ་ལྡིང་གི་བྱ་ལམ་སྟེ་ནམ་མཁའི་མཐའ་གཞལ་ཕྱིར་ཕྱིན་ཡང་གྲུབ་པ་སྟེ་ཐུག་པའི་མཐའ་མ་གཏུགས་པར་སླར་ས་ལ་འབབ་པ་དང་འདྲ་སྟེ་བརྗོད་མི་ནུས་སོ། །འདི་ན་འཁོར་བའི་རང་བཞིན་ཟོ་ཆུའི་འཁྱུད་མོ་བཞིན་སྲིད་པའི་རྩེ་ནས་མནར་མེད་པར་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོར་ཡང་ནས་ཡང་དུ་བརྒྱུད་དེ། ཚུལ་མིན་ཡིད་བྱེད་དང་ཉོན་མོངས་དྲག་པོས་ལས་ངན་བསགས་པའི་སྐྱོན་མཚང་ཆེན་པོ་ཅན་རྣམས་ནི། འཇིག་རྟེན་ན་ཆེ་དགུ་འཁོར་ལོས་སྒྱུར་རྒྱལ་དང༌། དབང་ཕྱུག་དང༌། ཚངས་པ་ལ་སོགས་པ་རྣམས་རང་ཉིད་འཁོར་བར་འཁོར་ཞིང་ཆོས་ཉིད་ཀྱི་བདེན་པ་ཡང་དག་མ་མཐོང་བ་གནས་སྐབས་ཙམ་དུའང་ཕན་གནོད་འདྲེས་མར་སྦྱིན་པའི་རང་བཞིན་ཅན་གྱི་སྐྱབས་གཞན་དེ་དག་གང་གིས་ཀྱང་གནས་སྐབས་མཐར་ཐུག་ཀུན་ཏུ་བསླུ་བར་མཐོང་ནས་ནི། སྲིད་པའི་སྡུག་བསྔལ་གྱིས་འཇིགས་པ་དང༌། དཀོན་མཆོག་ལ་དད་པ་དང༌། སྐྱབས་སུ་འགྲོ་མི་ཤེས་པའི་འགྲོ་བ་རྣམས་ལ་སྙིང་རྗེའི་ཀུན་སློང་རྣམ་པ་གསུམ་གྱིས་ཀུན་ནས་བསླངས་ཏེ། རང་དོན་ཡལ་བར་དོར་ནས་གཞན་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་སྐྱེས་བུ་ཆེན་པོའི་བློས། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་ནས་རང་རྒྱུད་ལ་བསྒྲུབ་པར་འདོད་པས་ཚོགས་ཞིང་སྤྱན་སྔར་ཡན་ལག་བདུན་པ་དང་བཅས་སྐྱབས་སུ་འགྲོའོ། །དཔེ་ཇི་ལྟར་ན་ནམ་མཁའ་ལ་སྟེང་འོག་ཕྱོགས་ཆས་གཞལ་ཏེ་འདི་ཙམ་ཞེས་ཚད་བཟུང་མེད་པ་ལྟར། སྤྱིར་དཀོན་མཆོག་ལ་བརྟེན་པའི་དཀར་པོ་དགེ་བ་དང་ནག་པོ་མི་དགེ་བའི་ལས་གང་ཡིན་ཀྱང་ཡུལ་གཉན་པའི་ཕྱིར་འབྲས་བུ་ཕན་ཡོན་དང་ཉེས་དམིགས་ཀྱི་ཕ་མཐའ་མི་དཔོགས་ལ། བྱེ་བྲག་སྐྱབས་སུ་སོང་བའི་བསོད་ནམས་ནི་ཚད་མེད་དེ། དེ་གཟུགས་སུ་གྱུར་པ་ཞིག་ཡིན་ན། ནམ་མཁའི་ཁམས་ཐམས་ཅད་ཀྱིས་སྣོད་བྱས་ན་དེ་ཉིད་ཀྱིས་ཀྱང་བརྟེན་པར་ནུས་པ་མ་ཡིན་ཏེ། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །མདོར་བསྡུ་ན་དེ་ལྟར་སྐྱབས་སུ་སོང་བ་ཙམ་ནས་ནང་པ་སངས་རྒྱས་པའི་ཁྱུར་འགྲོ་ལ་ཕྱི་ནང་གི་ཁྱད་པར་ཕྱེད་ཅིང༌། སོ་བྱང་སྔགས་ཀྱི་སྡོམ་པ་མཐའ་དག་གི་རྟེན། རང་བཞིན་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་ཀྱང་འཛད་ཅིང་དག་པར་འགྱུར་ལ། མི་དང་མི་མ་ཡིན་ལ་སོགས་པའི་གནོད་པའི་ཕྱོགས་ཀྱིས་འཚེ་བ་སྤོང་ལ། ངན་འགྲོའི་གཡང་སར་ལྟུང་བའི་རྒྱུ་ཡོད་ཀྱང་བསྲུང་ཏེ་གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་བྱིན་གྱིས་བརླབས་པ་དང༌། སྲིད་ཞིའི་ཕུན་སུམ་ཚོགས་པ་ཐམས་ཅད་མཐོང་བའི་ཆོས་ཚེ་འདི་ལ་འོང་བ་དང༌། རྒྱུ་དམིགས་བཅས་བསོད་ནམས་ཀྱི་ཚོགས་རྫོགས་ནས་མཐར་ཐུག་ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་ཀྱི་སྐུ་གཉིས་འགྲུབ་བོ། །འབྲས་བུ་གཉུག་མའི་ངང་དུ་ངོ་འཕྲོད་པའི་སྐྱབས་འགྲོ་དོན་དམ་བསླུ་བ་མེད་པ་ནི་སེམས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་གང་དུའང་མ་གྲུབ་པས་སྟོང་པ་ཉིད་དང༌། རྩལ་སྣང་མ་འགགས་ཀྱང་ངོས་བཟུང་དང་བྲལ་བས་དག་མ་དག་སོགས་ཀྱི་མཚན་མ་མེད་པ་དང༌། དེས་ན་དགག་སྒྲུབ་བླང་དོར་དང་བྲལ་བས་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་འཁོར་འདས་ཐམས་ཅད་རོ་མཉམ་དུ་རྟོགས་ནས། སྐྱབས་གནས་གཞན་ལ་བརྟེན་ནས་འབྲས་བུ་ཕྱི་དུས་སུ་རེ་ཞིང་སྨོན་པ་མེད་དེ། རང་བཞིན་རྣམ་པར་དག་པའི་དབྱིངས་སེམས་ཀྱི་གནས་ལུགས་གཟུང་འཛིན་གྱི་རྟོག་པས་མི་ཕྱེད་པའི་འོད་གསལ་རྡོ་རྗེ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འཁོར་གསུམ་ཞེན་པ་དང་བྲལ་བས་ཡེ་ཤེས་ཀྱི་ཚོགས་རྫོགས། རང་བཞིན་ཡེ་དག་དང་གློ་བུར་འཕྲལ་དག་སྟེ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ཐོབ་བོ། །བསླབ་བྱ་རྒྱུ་ཡི་བསླབ་བྱ་དང་འབྲས་བུའི་བསླབ་བྱ་གཉིས་ལས། དང་པོ་རྒྱུ་ཡི་སྐྱབས་འགྲོའི་བསླབ་བྱ་ནི། དགོན་སྡེའི་དཔོན་དུ་བསྐོ་བ་ལྟ་བུའི་མངའ་རིས། གསེར་དངུལ་སོགས་སྦྱིན་པའི་བྱ་དགའི་སླད་དུ་མི་གཏོང་བར་སྨོས་ཅི་དགོས་ཏེ། ཁྱད་པར་དུ་གྱུར་པ་སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་གཏོང་བ་མིན་ནོ། །ཁྱད་པར་དུ་དཀོན་མཆོག་གསུམ་པོ་དེ་ཡི་ངོ་བོ་བླ་མ་ཡིན་པས་དེར་སྐྱབས་སུ་སོང་ནས་རང་གི་བླ་མ་ལ་ལྟ་ཅི་སྨོས། དམ་པ་གཞན་རྣམས་ལའང་མི་སྙན་པ་བརྗོད་པ་སོགས་དང༌། དེའི་ཕྱོགས་མཐུན་ཡིན་པས་བཤེས་གཉེན་དམ་པ་ལ་རྫུན་དང་གཡོ་སྒྱུས་བསླུ་བ་དང༌། ངན་སྨྲས་དང་སྐྱོན་བརྗོད་ཀྱི་མི་སྙན་པ་སྒྲོགས་པ་སྤང་དགོས་སོ། །དེ་བཞིན་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་རིམ་པ་བཞིན་དུ་གཞན་སྐྱོབ་པའི་ནུས་པ་མེད་པར་མ་ཟད་བདག་ཉིད་ནི་ལས་ཀྱི་དབང་གིས་འཁོར་བར་དབང་མེད་དུ་འཁྱམས་ཤིང་འཁོར་བའི་ལྷ་ཚངས་པ་ཁྱབ་འཇུག་སོགས་ལའང་ཕྱག་མི་འཚལ་ན་མཁའ་ལ་རྒྱུ་བའི་ཡི་དྭགས་རྫུ་འཕྲུལ་ཅན་སོགས་ལ་སྨོས་ཅི་དགོས། སེམས་ཅན་གཞན་ལ་སྲོག་གཅོད་བརྡུང་བརྡེག་གཞོན་འགེལ་སོགས་ཀྱི་གནོད་པས་མི་འཚེ་ཞིང༌། གྲོགས་མུ་སྟེགས་ཅན་ནམ་དཀོན་མཆོག་ལ་ཡིད་མི་ཆེས་པ་དང་མི་འགྲོགས་ཤིང་དེ་དག་ལ་བློ་ཕྱོགས་པར་མི་བྱའོ། །དཀོན་མཆོག་གསུམ་གྱི་རྟེན་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་སྐུ་གཟུགས་བྲིས་འབུར་བཟང་ངན་གསར་རྙིང་གང་ཡང་རུང་བ་དང༌། གསུང་རྟེན་ཡིག་འབྲུ་གཅིག་ཡན་ཆད་ཟོང་འཚོང་དུ་གཏའ་མ་སོགས་ལྟ་ཅི་འགོམ་ཡུག་མཇུག་གཏད་དང་ཐ་ན་སོ་དྲེག་བསྐུ་བ་ཙམ་ཡང་སྤང་ལ། དགེ་འདུན་སྤྱི་ཐ་ན་ཚུལ་འཆལ་ཅན་ཡན་ལ་གཤེ་སྐུར་སྤོང་བ་དང༌། ན་བཟའ་ལྷན་པ་དམར་སེར་ཡན་སྤྱི་བོར་གཏུགས་ཤིང་དད་པས་བསྙེན་བཀུར་བྱ་ཞིང༌། ཉིན་མཚན་དུས་དྲུག །གསུམ། ཐ་ན་ཐུན་རེ་ཙམ་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗེད་པ་སྤངས་ནས་རྗེས་སུ་དྲན་བཞིན་རང་སྐྱབས་སུ་འགྲོ་ཞིང་གཞན་དེར་དགོད་པར་བྱའོ། །འབྲས་བུའི་བསླབ་བྱ་སེམས་ཀྱི་ཆོས་ཉིད་ཐུབ་པ་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན་པས། སེམས་དང་སེམས་བྱུང་ཉི་མ་དང་འོད་ཟེར་བཞིན་མཚུངས་པར་འཇུག་པའི་རྩལ་སྣང་ཐམས་ཅད་བྲལ་ཐོབ་སྤངས་པའི་དབྱིངས་ལ་ཐིམ་སྟེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཚེ་བྱང་ཆུབ་པ་ཡིན་པས། མཆོག་གསུམ་ལ་སྐྱོབ་བྱེད་དང་བདག་ལ་བསྐྱབ་བྱར་མི་འཛིན་ཅིང༌། ཆོ་གའི་སྒོ་ནས་བླངས་པ་ལ་སོགས་ཐ་སྙད་ལས་འདས་ཕྱིར་སྡོམ་པ་གཏོང་རྒྱུ་ཞེས་པའང་བཏགས་པ་ཙམ་དུ་ཟད་པ་བླ་དྭགས་ཡིན་ནོ། །རྒྱུ་ཡི་སྐྱབས་འགྲོའི་གཏོང་མཚམས་སྐྱབས་འགྲོ་མཚན་ཉིད་པ་དག །སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་ལ་ཐེ་ཚོམ་དང༌། ལོག་ལྟ་སྐྱེས་པ་དང༌། བསླབ་པ་ཕུལ་བས་གཏོང་ལ། གཞན་སྤང་བསྒྲུབ་ཀྱི་བསླབ་བྱ་རྣམས་ལས་གང་རུང་ཉམས་ན་དམན་པར་འགྱུར་ཞིང་ངན་སོང་དུ་ལྟུང་བའི་ཕྱིར། དཔེར་ན་ལུས་ཀྱི་རྨ་ཡི་བག་བྱེད་པ་བཞིན་བསྒྲིམས་ཏེ་བསླབ་བྱ་ཕྲ་མོ་ཙམ་ཡང་བསྲུང་བར་བྱའོ། །སྔོན་ལས་ཀྱི་རྒྱུ་མཐུན་ད་ལྟ་ཡང་སྟེང་དུ་སླེབས་ནས་ལྕེ་སྤྱང་གདུག་པ་ལྟ་བུའི་སེམས་བཞིན། ཕྱིན་ཅི་ལོག་གི་རྟོག་པ་ངན་པས་སྐབས་བཙལ་བ་རྣམས་ཀྱིས་ཚིག་ཙམ་དུ་སྐྱབས་འགྲོ་སོགས་སྒྲོག་ནའང་དོན་ནི་དེ་དང་འཛོལ་བའི་ཕྱིར་བློ་གཏད་གཅིག་ཏུ་མི་འཁེལ་བས་ཡིད་གཉིས་སུ་གྱུར་པ་དེ་ལ་ནི། མཆོག་གསུམ་གྱི་ཐུགས་རྗེ་དང་བྱིན་རླབས་གང་ཡང་མི་འཇུག་སྟེ། སྣོད་ངན་པ་ཞེས་སེམས་རྒྱུད་དུ་དཀོན་མཆོག་གསུམ་གྱིས་འཕྲལ་ཡུན་དུ་བསླུ་བ་མེད་ཅིང་སྐྱོབ་ངེས་པའི་ཚུལ་ལ་ངེས་ཤེས་བྲི་བའི་རྟགས་སུ། འཇིག་རྟེན་ན་ལྷ་དང་གཞི་བདག་སོགས་ཀྱི་མིང་བཏགས་ཀྱང་དོན་ལ་མཁའ་རྒྱུ་ཡི་དྭགས་ལས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་ཐོབ་པ་རྣམས་ལ་བརྟེན་ནས་ཚེ་འདི་ཉིད་ལ་དབང་ཐང་ཉམས་པ། གྲི་ཁར་ཤི་བ་སོགས་ཀྱིས་ཉམས་སོ། །འཇིག་རྟེན་འདི་ན་ས་གཞི་དང་ནམ་མཁའ་རི་རབ་གླིང་བཞི་ལ་སོགས་པ་རྣམས་ཀྱང་ད་ལྟ་ཡན་མན་དུ་གནས་པ་རྣམས་ཀྱང་སྟོང་ཞིང་གནས་འགྱུར་བ་དང༌། གོ་ལ་ཞིག་པའི་ཚེ་ན་ཉི་ཟླ་ཐང་ལ་ལྷུང་བ་སོགས་གོ་ལྡོག་པར་སྲིད་ཀྱི། དཀོན་མཆོག་གསུམ་གྱིས་བསླུ་བ་ནམ་ཡང་མི་སྲིད་པའི་ངེས་ཤེས་བརྟན་པ་འཕྲལ་ཡུན་ཀུན་ཏུ་དོན་ཡོད་པ་ཡིན་ནོ། །རྨི་ལམ་ནའང་ཆུར་ལྷུང་བ་དགྲ་དང་གཅན་གཟན་སོགས་ཀྱིས་དེད་པ་སྣང་ན་དེ་མ་ཐག་ཏུ་རྩེ་གཅིག་པས་དཀོན་མཆོག་མཐོང་བའམ་དྲན་ནས་གསོལ་བ་བཏབ་པ་ཙམ་གྱིས་འཇིགས་པ་དེ་དག་ཞི་བ་དང༌། བག་ཡོད་དྲན་ཞིང་བསླབ་པ་གསུམ་གྱི་ཡོན་ཏན་ཀུན་གྱིས་འབྱོར་བ་དང་ཚེ་རབས་སྔ་མ་རྣམས་སུ་དཀོན་མཆོག་ལ་དད་པ་སོགས་ཀྱི་ཡོན་ཏན་དྲན་ཞིང་བར་དོ་ནའང་སངས་རྒྱས་བྱང་སེམས་སོགས་ཞལ་མཐོང་ཞིང་ཐར་པར་བགྲོད་པར་སླ་བ་དང༌། མཐར་ཐུག་དཀོན་མཆོག་གསུམ་གྱི་ངོ་བོར་བཞུགས་ནས་ལུས་ཅན་འགྲོ་བ་ཀུན་གྱི་ཉེས་ཚོགས་འཇོམས་པའི་དཔུང་དང༌། མངོན་མཐོ་ངེས་ལེགས་ལ་འགོད་པའི་གཉེན་དུ་འགྱུར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྐྱབས་སུ་འགྲོ་བའི་ཚོམས་ཏེ་ལེའུ་དྲུག་པའོ།། །།ཞི་བ་ཕྱོགས་གཅིག་པ་བསམ་སྦྱོར་རྒྱ་ཆུང་བས་ཐེག་དམན་འཁྱིལ་ཆུ་རྙོག་མ་ཅན་གྱི་རྫིང་བུ་ལྟ་བུར་བྱང་ཆུབ་སེམས་ཀྱི་ཁམས། ཐེག་པ་ཆེན་པོའི་རིགས་ལས་ཉམས་པའི་ཉན་རང་སྐྱེས་བུའི་སེམས་ཞི་བ་ཕྱོགས་ཅིག་པར་ཞུགས་པ་དེ་ཉིད་མཐར་ཐུག་སངས་རྒྱས་རྣམས་ཀྱིས་བསྐུལ་ནས། སྟོང་ཉིད་ཤེས་པའི་ཤེས་རབ་དང་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་དེད་དཔོན་ལྟ་བུ་ལ་སྦྱར་བའི་མཐུས་རིགས་སད་ནས་ཐེག་ཆེན་གྱི་ཆོས་ཟབ་རྒྱས་རྒྱ་མཚོ་ལྟ་བུ་ལ་བསླབ་ནས་ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་ནོར་བུའི་གླིང་དུ་འགྲོའོ། །དེ་ཡང་སྦྱིན་སོགས་ཐབས་ཀྱི་ཆ་ཤེས་རབ་ཀྱིས་མ་ཟིན་པ་དེ་སྲིད་དུ་ཕ་རོལ་ཕྱིན་པ་རྣམ་པ་ལྔའི་ངོ་བོ་བྱང་ཆུབ་ཆེན་པོའི་རྒྱུར་ལུང་དུ་མ་བསྟན་པས། དངོས་པོ་དམན་པ་ལྕགས་ཁམས་སུ་ཡོད་པ་ལྟར་དགེ་རྩ་དམན་ཅིང་རྣམ་པར་ཉམས་པ་དེ་ཉིད་ལ། ཐབས་ཤེས་ཟུང་དུ་འབྲེལ་བའི་གསེར་འགྱུར་གྱི་རྩི་ལྟ་བུས་རྒྱས་ཐེབས་པའི་མོད་ལ། རིན་ཐང་ཆེན་པོའི་གསེར་གྱི་དངོས་པོ་ལྟ་བུར་བྱང་ཆུབ་ཆེན་པོའི་རྒྱུར་བསྒྱུར་བར་བྱེད་དོ། །གང་ལའང་མི་གནས་པའི་མྱང་འདས་ཐོབ་པའི་ཕྱིར་དུ་སྙིང་རྗེའི་ཐབས་དང་སྟོང་ཉིད་ཀྱི་ཤེས་རབ་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་དེ་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ་ནི། སྦྱོར་བ་ཚད་མེད་བཞི་ཡིས་བློ་ཡང་ཡང་སྦྱངས་ན་བསམ་སྦྱོར་ཐམས་ཅད་ཐེག་ཆེན་གྱི་ལམ་དུ་འགྱུར་བས་ན་ས་མཁན་གྱི་ཆོས་དང་མཚུངས་པ་དེས་བློ་སྦྱངས་ནས་སྨོན་འཇུག་གཉིས་དང༌། བསླབ་བྱ་སློབ་པ་ལས་ཐབས་ཤེས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་དེ་ཚོགས་སྦྱོར་དུ་རྗེས་མཐུན་ཙམ་དང༌། མཐོང་ལམ་དུ་ཇི་བཞིན་པ་སྐྱེ་བ་ཡིན་ནོ། །བྱམས་པའི་ངོ་བོ་གང་ལ་དམིགས་པ་ནི། གཞན་སེམས་ཅན་མངོན་མཐོའི་བདེ་བ་མེད་པས་སྡུག་བསྔལ་བའི་འགྲོ་བ་པ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་བར་དང་ལྡན་པར་འདོད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་བྱམས་པ་ནི། དཔེར་ན་སྙིང་དུ་སྡུག་པའི་མ་ཡིས་བུ་ལ་བརྩེ་བ་ཇི་བཞིན་དུ། ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཀུན་གཅིག་ཏུ་སྤུངས་ནས། གཞན་སེམས་ཅན་དེ་དག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་འདོགས་ཤིང༌། སེམས་ཅན་དེ་དག་གིས་གནོད་པ་ཇི་ལྟར་བྱས་ཀྱང་བརྩེ་བས་བཟོད་ཅིང་ཕན་འདོགས་པ་ལ་བསླབ་པ་ཡིན་ནོ། །སྙིང་རྗེའི་ངོ་བོ་ནི་མཐའ་ཡས་པའི་སེམས་ཅན་གཞན་ཐམས་ཅད་ཀུན་གྱི་རང་བཞིན་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་དམ་ལ་བཞག་པ་རྣམས་ལ། སྙིང་ཁུང་རུས་པའི་གཏིང་ལས་བཟོད་བླག་མེད་པར་རང་གར་འཇོག་མི་ཕོད་པ་དཔེར་ན་བུ་སྡུག་པ་མི་གཙང་དོང་ནང་ལྷུང་ན་ཕ་ཚམ་ཚོམ་མེད་པར་འཇུག་པ་ལྟར་སྡུག་བསྔལ་དེ་ཐམས་ཅད་དང་བྲལ་བར་འདོད་པའི་སེམས་སྟོབས་དྲག་པོ་དང༌། འགྲོ་དྲུག་གི་སེམས་ཅན་མཐའ་དག་སྡུག་བསྔལ་རྒྱུ་བདག་འཛིན་དང༌། འབྲས་བུ་སྡུག་བསྔལ་དངོས་ཀྱི་ཡོ་ལང་ལ་སྤྱོད་ཅིང་དཔེར་ན་རི་དྭགས་མཐའ་ལ་གཅུར་བ་བཞིན་ཐར་པའི་ཐབས་དང་བྲལ་བ་མཐོང་ནས་ཐར་པའི་དུས་མེད་པ་ལ་སྙིང་བརྩེ་བས་མིག་མཆི་མ་སློང་བཞིན་འདོན་པའི་ཐབས་ལ་བརྩོན་པ་ཡིན། དགའ་བའི་ངོ་བོ་ལ་དམིགས་པ་ནི། སེམས་ཅན་གཞན་དག་ཐམས་ཅད་བདེ་སྐྱིད་ཕུན་ཚོགས་དང་ལྡན་པ་ཡིན་ལ། རྣམ་པ་ནི་དེ་ལ་ཕྲག་དོག་དང་འགྲན་སེམས་བྲལ་ཞིང་སྙིང་ནས་སྤྲོ་བའི་སེམས་ཀུན་ཏུ་འཇུག་ཅིང་སེམས་ཅན་ཀུན་ལ་བདེ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་ན་ཅི་མ་རུང་སྙམ་དུ་ལེགས་སྨོན་བསྒོམ་ཞིང་སེམས་ཅན་རང་རང་གི་སྔོན་བསགས་མཐུ་ཡིས་ཐོབ་པ་དེ་ལ་དགའ་བར་བྱེད་ཅིང༌། ཕྱིན་ཆད་ཀྱང་སེམས་ཅན་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་དེ་དང་མི་འབྲལ་བར་སྨོན་པ་ཡིན་ནོ། །བཏང་སྙོམས་ཀྱི་ངོ་བོ་ལ་དམིགས་པ་ནི། ཕ་མ་ཉེ་འབྲེལ་མཛའ་གྲོགས་སོགས་བྱམས་ཡུལ་དང༌། རང་ཕྱོགས་ལ་གནོད་པའི་དགྲ་ཡི་ཕྱོགས་སུ་གཏོགས་པ་སྡང་ཡུལ་དང༌། བར་མ་སོགས་ལ་རྣམ་པ་ནི་ཇི་མི་སྙམ་དུ་འཇོག་པའི་སེམས་འབྲལ་བ་སྟེ། དེ་ཡང་རང་ཕྱོགས་དང་གཞན་ཕྱོགས་རིས་སུ་ཆད་པ་སེམས་ཅད་ཐམས་ཅད་མཉམ་པ་ཉིད་ཀྱི་ངོ་བོར་བརྡལ་ཞིང་ཁྱབ་པར་བྱས་ནས། དགྲ་དང༌། གཉེན་དང༌། བར་མའི་འདུ་ཤེས་གསུམ་ཕན་འདོགས་པའི་ཡུལ་ལ་མཉམ་པར་རབ་ཏུ་སྤྱད་དེ། མདོར་ན་ལྡན་འདོད། བྲལ་འདོད། མི་འབྲལ་འདོད། ཞི་བར་འདོད་པ་བཞིའི་སྒོ་ནས་དབྱེ་བས་ཚད་མེད་བཞིའི་རྣམ་པས་བསྒོམ་ཚུལ་དམིགས་པ་དང་བཅས་པ་ཐམས་ཅད་ལ་དམིགས་མེད་འཁོར་གསུམ་དག་པའི་རྩི་ཡིས་སྦྱར་རོ། །ཉེ་དུ་སོགས་མཛའ་བཤེས་ཕྱོགས་ལ་འདོད་ཅིང་ཆགས་པའི་སེམས་ཀྱིས་བདེ་བར་འདོད་པའི་བྱམས་པ། འོག་རྟ་འགེལ་ཁལ་སོགས་པ་སེར་སྣའི་དབང་གིས་བཀོལ་མི་བྲ་བའི་སྙིང་རྗེ་དང༌། རང་ཕྱོགས་ལ་འབྱོར་པ་གཞན་ལས་ལྷག་ན་ང་རྒྱལ་གྱིས་དེ་ལ་དགའ་བ། ཕན་འདོད་གནོད་སྒྲུབ་གང་ཡང་མི་སེམས་པའི་གཏི་མུག །ལུང་མ་བསྟན་བཟང་ངན་མེད་པའི་བཏང་སྙོམས་དང༌། བཞི་པོ་དེ་ནི་ཐར་པ་མྱ་ངན་ལས་འདས་པའི་ལམ་མིན་ལ་ཚངས་པའི་གནས་པ་བཞིའི་ཕྱོགས་དང་ཉེ་བ་བྱམས་སོགས་དེ་འདྲ་ཁམས་གོང་མ་གཉིས་སུ་སྐྱེ་བའི་རྒྱུ་དང༌། དམིགས་པ་རིས་སུ་ཆད་པ་དང༌། མངོན་པར་ཞེན་པ་དང་བཅས་པའི་ཕྱིར་ཐེག་ཆེན་ལམ་གྱི་ཚད་མེད་བཞིའི་གོལ་ས་ཡིན་པས་རྣམ་པར་སྤང་བར་བྱའོ། །ཐེག་ཆེན་གྱི་སྐབས་འདི་ན་མཐའ་གཉིས་ཞི་བའི་ལམ་དང་འབྲེལ་བ་ཡི། ཚད་མེད་བཞིའི་དམིགས་པའི་ཡུལ་ནི་ཕྱོགས་རེ་བ་མ་ཡིན་པས་སེམས་ཅན་ཐམས་ཅད་ཀྱང༌། དོན་ལ་ཡེ་ནས་སྤྲོས་པ་དང་བྲལ་བ་སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་ཀྱིས་ཟིན་ནས་ཐབས་ཤེས་ཟུང་དུ་འཇུག་པའི་རྣམ་པའི་སྒོམ་ཚུལ་ཡང་ཡང་གོམས་ནས་སྟོབས་སུ་གྱུར་པ་ལས། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བས། འཇིག་རྟེན་པ་དང་ཉན་རང་རྣམས་དང་ཐུན་མོང་མ་ཡིན་པ་ཐབས་ཤེས་གཉིས་ཀའི་ཕྱོགས་ནས་ཁྱད་ཆོས་ལྡན་པའི་ཚད་མེད་བཞི་རུ་འདོད་དོ། །ཚད་མེད་བཞི་པོ་དེ་དག་གི་བསྒོམ་ཚུལ་གོ་རིམ་གྱི་ངེས་པ་ཅན་ནི་དཀྱུས་སུ་བཤད་པ་བཞིན་དང༌། ངེས་པ་མེད་པ་ནི་བཏང་སྙོམས་ཐོག་མར་བསྒོམ་པ་སོགས་སོ། །དེས་ན་དམིགས་པའི་ཡུལ་གང་ལ་ཚད་མེད་པའི་བློ་སྐྱེ་བར་སླ་བ་དེ་ལ་ཐོག་མར་གཏད་ནས་བསྒོམ། འོན་ཀྱང་གོ་རིམ་ལ་ཞེན་པའི་གཉེན་པོར་འདི་ལྟར་ཡིད་འོང་གི་བྱམས་པ་ཡང་ཡང་བསྒོམ་པས་བྱམས་པའི་ཡུལ་དེ་གཉེན་བཤེས་ལྟ་བུའི་རིས་ཅན་དུ་མཐོང་སྟེ་ཆགས་པའི་རྟེན་དུ་གྱུར་ན། ཉེ་རིང་དང་བྲལ་བའི་བཏང་སྙོམས་སྒོམ་པར་སྤོས་པས་ཆགས་པའི་རྣམ་པ་དེ་ཉིད་འགོག་པར་འགྱུར་ལ། བཏང་སྙོམས་བསྒོམ་པའི་བློ་དེ་ཉིད་ཕན་འདོགས་པའི་སེམས་མེད་པར་རྨོངས་ནས་ལུང་མ་བསྟན་དུ་གྱུར་ན། སྙིང་རྗེར་སྤོས་ནས་བསྒོམས་པས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་ཅིང་འབྲས་བུས་གཟིར་བའི་ཚུལ་ཡང་ཡང་བསམ་པའི་སྟོབས་ཀྱིས་བཏང་སྙོམས་ཐ་ཤལ་བ་དེ་འགོག་གོ །སྙིང་རྗེ་བསྒོམས་པ་ན་སེམས་ཅན་གྱི་སྡུག་བསྔལ་ཤིན་ཏུ་ཆེ་བས་སེམས་སྟོབས་ཞན་ཏེ་ཧ་ཅང་ཞུམ་ནས་རིས་སུ་ཆད་པ་ན། བདེ་ཞིང་འབྱོར་པ་ལྡན་པའི་སེམས་ཅན་ལ་དམིགས་ནས་དགའ་བར་བསྒོམ་པ་སྤོས་པས་ཞུམ་ཞིང་དམན་པའི་སེམས་སྐྱེ་བ་དེ་ཉིད་འགོག་ལ། དགའ་བ་བསྒོམས་པས་སེམས་ཧ་ཅང་རྒོད་དེ་སྤྲོས་པའི་ཡུལ་དུ་གཡེང་བར་གྱུར་ན། བྱམས་པ་སོགས་མཐའ་དབུས་བརྗེས་ནས་བཞི་པོ་སྤེལ་མར་བསྒོམ་པར་བྱའོ། །དེ་ལྟར་ཚད་མེད་བཞི་པོ་བསྒོམས་པས་འབྲས་བུ་བཞི་ཐོབ་པར་འགྱུར་ཏེ། དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི། སྲིད་པ་ན་མངོན་པར་མཐོ་བའི་གནས་འདོད་པར་ལྷ་དང་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པ་དང༌། དེས་ཚོགས་གཉིས་རྫོགས་པར་བྱས་ནས་མཐར་ཐུག་ངེས་པར་ལེགས་པའི་འབྲས་བུ་སློབ་པ་དང་མི་སློབ་པའི་ས་མངོན་དུ་བྱེད་པ་སྟེ་གཉིས་དང༌། རྒྱུ་མཐུན་ལ་གཉིས་ལས། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཚེ་རབས་ཐམས་ཅད་དུ་དེ་འདྲ་བའི་ཚད་མེད་བཞི་པོའི་བློ་བསྒོམ་པར་འགྱུར་ལ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། རང་རང་གི་མི་མཐུན་ཕྱོགས་གནོད་སེམས། རྣམ་པར་འཚེ་བ། ཕྲག་དོག་ཆགས་སྡང་སྟེ་བཞི་དང་བྲལ་ཞིང༌། དེ་དག་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་འཐོབ་པ་དང༌། དབང་གི་འབྲས་བུས་ནི། འདི་ལྟར་བྱམས་པས་གནས་གྲོགས་དང་ལོངས་སྤྱོད་སོགས་ཡིད་དུ་འོང་བ་དང་འཕྲད་པ་དང༌། སྙིང་རྗེས་ལུས་སེམས་བདེ་བའི་རྐྱེན་དང་ལྡན་པ་དང༌། དགའ་བས་ས་ཕྱོགས་སྨན་ཤིང་དང་མེ་ཏོག་ལ་སོགས་པས་བརྒྱན་པ་ཡིད་དགའ་བའི་རྒྱུར་འགྱུར་བ་དང༌། བཏང་སྙོམས་ཀྱིས་སྐྱེ་དགུ་མཛའ་ཞིང་མི་མཐུན་པ་མེད་པའི་ཡུལ་ལ་ལོངས་སྤྱོད་པར་འགྱུར་རོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི། ཚད་མེད་པ་བཞི་པོའི་བྱེད་པ་ཆེས་ཆེར་སྟོབས་སུ་གྱུར་པ་དེ་ཡིས་རང་གཞན་དོན་གཉིས་ཕུན་སུམ་ཚོགས་པ་འབྱོར་པའི་ཡོན་ཏན་མཐའ་དག་འཐོབ་པར་འགྱུར་ཏེ། བྱམས་པ་ཚད་མེད་གོམས་ཤིང་འབྱོངས་པས་འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ་བར་འགྱུར་བས། ཞེ་སྡང་མེད་ཅིང་བྱམས་པའི་མཐུས་སེམས་ཅན་གཞན་གྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་རོ། །བྱམས་པའི་ངོ་བོ་གང་ཡང་མ་གྲུབ་པའི་གཤིས་བཀག་བྱ་དང་བྲལ་བ་སྟོང་ལ་རང་བཞིན་མེད་པ་གོམས་པས། མཐར་ཐུག་མཁྱེན་ཆ་མ་འགག་པ་མེ་ལོང་ཡེ་ཤེས་མངོན་དུ་གྱུར་ནས་མཚན་དཔེ་རྒྱ་མཚོའི་བདག་ཉིད་ལོངས་སྤྱོད་རྫོགས་པ་འཐོབ་སྟེ། ཇི་སྐད་དུ། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །དེ་བཞིན་དུ་སྙིང་རྗེ་ཚད་མེད་གོམས་ཤིང་རྒྱུད་ལ་འབྱོངས་པས་གཞན་གྱི་སྡུག་བསྔལ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང༌། བདག་གི་ཁུར་དུ་འགྲོ་བ་སྟེ་བདག་ལ་བབ་པ་བཞིན་མི་བཟོད་པའི་བློས་སྡུག་བསྔལ་ལས་གདོན་པའི་ཐབས་འབའ་ཞིག་སེམས་པ་ལས། གཞན་ལ་འཚེ་བ་སྐད་ཅིག་ཙམ་ཡང་བྲལ་བའི་སེམས་དང༌། གཉེན་བཤེས་ལྟར་སེམས་ཅན་ལ་འདོད་ཅིང་ཆགས་པ་དང་བྲལ་བ། རང་བཞིན་མེད་པའི་སྟོང་ཉིད་ཀྱི་གདངས་སྙིང་རྗེར་ཤར་ཏེ་ཟུང་དུ་འབྲེལ་བས་འཁོར་བའི་ཆོས་ཐམས་ཅད་རྒྱུ་འབྲས་མ་འདྲེས་པར་རྟོགས་ནས་གཞན་རྒྱུད་སོ་སོར་འབྱེད་པས་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་པར་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ནས། དཀར་ཆོས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་སྐུ་རུ་འགྲུབ་སྟེ། སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །ཞེས་སོ། །དགའ་བ་ཚད་མེད་ནི་རྒྱུད་ལ་གོམས་ཤིང་འབྱོངས་པས། གཞན་གྱི་བདེ་འབྱོར་ལ་མི་དགའ་བའི་ཕྲག་དོག་གི་རྩ་བ་ཆོད་ཅིང༌། གཞན་གྱི་བདེ་སྐྱིད་ལ་དགའ་བ་ཁྱད་པར་ཅན་སྐྱེས་པའི་རྒྱུས་རང་གི་ཡོན་ཏན་གྱི་འབྱོར་པ་ཕུན་ཚོགས་ཀུན་བརྟན་ཅིང༌། ཕྲག་དོག་གི་ཟུག་རྔུ་ཞི་བའི་བདེ་བ་རྒྱུན་མི་འཆད་པས་བསམ་གཏན་ལ་ཚེར་མ་མེད་པ་དང༌། དགའ་བའི་ངོ་བོ་གཟུང་འཛིན་དུ་དམིགས་པའི་རྩོལ་བ་མེད་པ་དང་ཆོས་མཐུན་པར་མཐར་ཐུག་གཞན་དོན་རྩོལ་མེད་དུ་མཁྱེན་པའི་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་ནས་གདུལ་བྱ་ཐམས་ཅད་ཀྱི་དོན་མཛད་པའི་སྤྲུལ་པའི་སྐུ་མཆོག་ཐོབ་སྟེ། དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །ཞེས་སོ། །བཏང་སྙོམས་ཚད་མེད་འབྱོངས་པས། བདག་གཞན་དགྲ་གཉེན་སོགས་ཕན་འདོགས་ཡུལ་དུ་མཉམ་པས་བདག་གཅེས་པར་འཛིན་པའམ། གཞན་དོན་ལ་རློམས་སེམས་དང༌། བདག་ཉིད་གཟེངས་བསྟོད་པའི་ང་རྒྱལ་མེད་ཅིང༌། དངོས་པོར་འཛིན་པ་དང༌། དངོས་མེད་དུ་ཞེན་པའི་མཐའ་གཉིས་སུ་ལྷུང་ནས་སེམས་ཀྱི་ཆོས་ཉིད་དབུ་མར་མི་སྙོམས་པའང་རང་བཞིན་གྱིས་སྟོང་ཞིང་ཟབ་པ་དང༌། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དབྱིངས་སུ་བཏང་སྙོམས་པའི་རྟོགས་པ་ཁྱད་པར་བ་སྐྱེ་ཞིང༌། བཏང་སྙོམས་ཀྱི་ངོ་བོ་ཐ་དད་དུ་འཛིན་པའི་གཏི་མུག་གི་རང་བཞིན་རྨོངས་པ་མེད་ཅིང་མཐར་འཛིན་ཞི་བ་ཡིན་པས། མཐར་ཐུག་ཆོས་ཐམས་ཅད་དབྱེར་མེད་བླང་དོར་དང་བྲལ་བར་མཁྱེན་པ་ཆོས་དབྱིངས་ཡེ་ཤེས་དང༌། རང་བཞིན་རྣམ་དག་དབྱིངས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པར་འགྱུར་ཏེ། བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་དང༌། །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་པ་རྣམས་པདྨ་རྩེ་མོ་ལས་བཤད་དོ། །དེ་ལྟ་བུའི་ཐེག་ཆེན་ཐུན་མིན་ལམ་གྱི་ཚད་མེད་བཞི་པོ་ཡི་ཡོན་ཏན་ནི། སྐུ་གཉིས་སྐྱེད་བྱེད་དང༌། སྒྲིབ་གཉིས་དག་བྱེད་ཀྱི་རྒྱུ་ཚོགས་གཉིས་དང་ཆོས་ཉིད་གཞིའི་ངང་དུ་གཅིག་པས། དེ་མངོན་དུ་འགྱུར་བྱེད་རྒྱུའམ་ལམ་ཚོགས་གཉིས་དང་ཐབས་ཤེས་གཅིག་ལ། འབྲས་བུ་སྐུ་གཉིས་ཀྱང་ངོ་བོ་ཐ་མི་དད་པས་དེ་ལྟར་གཞི་ལམ་འབྲས་བུ་ཤིན་ཏུ་ཟབ་པའི་དོན་རྟོགས་ནས། ཡོན་ཏན་མཐའ་ཡས་ཤིང་མཐར་ཐུག་པའི་དོན་ལ་བསླུ་བ་མེད་དེ། དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམས་པ། །དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་ཏུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་སོ། །ཚད་མེད་བཞི་པོ་དེ་དག་དང་མི་ལྡན་པ་ནི་ལམ་ངན་གཞན་ཕྱི་པ་མུ་སྟེགས་པ་རྣམས་ཀྱི་གྲུབ་མཐའ་སྲིད་པ་འཁོར་བའི་རྒྱུ་སྟེ། སའི་སྟོད་འགྲེལ་ལས། ཚད་མེད་བཞི་ནི་ཐར་པར་འགྲོ་བའི་ལམ་སྟེ་གཞན་དུ་ན་ལོག་པའོ། །ཞེས་སོ། །དེས་ན་ཆོས་ཐམས་ཅད་རང་གི་ངོ་བོ་གདོད་ནས་སྟོང་པ་ཉིད་ཤེས་པའི་ཤེས་རབ་དང་སྙིང་རྗེར་ཟུང་དུ་ཚུད་པའི་འགལ་བ་གཞན་ལ་མི་བསྟེན་པར། ཐར་པ་སྒྲིབ་གཉིས་ཀྱི་དྲི་མ་མེད་པ་རྒྱལ་སྲས་དམ་པའི་ལམ་གྱིས་རང་དོན་ཡིད་བྱེད་དང༌། བདེན་ཞེན་གྱི་བློའི་རྙོག་པ་ཞི་བའི་དགེ་བ་ལ་གོ་ཡུལ་ཙམ་དུ་མ་ལུས་པར་གོམས་འཚལ་ལོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ཚད་མེད་བཞིའི་ཚོམས་ཏེ་ལེའུ་བདུན་པའོ།། །།སྲིད་ཞིའི་ཁམས་ཐམས་ཅད་ན་གོང་ན་མེད་པའི་རྙེད་པ་མཆོག་རྫོགས་བྱང་གང་གི་དོན་ལ་དམིགས་ནས་ལམ་བསྒྲུབ་པ་ལ་དེ་ཐོབ་བྱེད་ཀྱི་རྒྱུའམ་ཡོན་གྱི་མཆོག་གམ་སྙིང་པོ་ནི། ཚད་མེད་རྣམ་བཞི་ལ་ཡང་ཡང་གོམས་པའི་སྟོབས་ཀྱིས་ཐོབ་པ་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཡང༌། དང་པོ་སྨོན་འཇུག་གི་སེམས་གཉིས་བསྐྱེད་ནས་བསླབ་བྱ་ལ་ཚུལ་བཞིན་བསླབ་པས་འདུན་པ་ས་ལྟ་བུ་དང་ལྷག་བསམ་གསེར་ལྟ་བུ་ནས་སེམས་བསྐྱེད་སྟོབས་གོང་དུ་འཕེལ་ནས་བགྲོད་པའི་ཤིང་རྟའི་སྒྱུ་འཕྲུལ་གྱི་ཐབས་ལ་དྲངས་པས། རང་ཉིད་གཅིག་པུ་ཞི་བདེའི་ལྟ་བ་ངན་པ་ཉམས་ཏེ་དོན་གཉིས་ཕུན་སུམ་ཚོགས་པར་བྱེད་དོ། །རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་གྱི་ཚོགས་མང་པོས་མནར་བའི་འཁོར་བའི་གནས་རྒྱལ་པོའི་བཙོན་ར་ལྟ་བུར་ཚུད་དེ་བཅིངས་པའི་གང་ཟག་ཐ་ཆད་རྣམས་ཀྱང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མོད་ལ་མིང་གནས་འགྱུར་ཏེ། རྒྱལ་སྲས་ཀྱི་མིང་གི་ཅོད་པན་ཐོབ་ཅིང༌། དོན་གནས་འགྱུར་ཏེ་ཚུལ་དེ་ལ་རབ་ཏུ་དགའ་ཞིང་དད་པར་གྱུར་ནས། འཇིག་རྟེན་ན་དཀར་ཕྱོགས་པ་རྣམས་ཀྱིས་བསྔགས་ཤིང་མཆོད་ལ་རིགས་དྲུག་གི་གཙོ་བོ་ལྷ་མིར་བཅས་པའི་འགྲོ་བ་མཐའ་དག་གིས་ཀྱང་ཕྱག་མཆོད་བསྟོད་པ་སོགས་བསྟི་སྟང་བྱེད་པར་འགྱུར་རོ། །རང་བཞིན་ཡེ་ནས་དག་ཀྱང་མ་རིག་པས་བསྒྲིབས་པའི་ལས་ཀྱི་ཀུན་ནས་སློང་བའི་ཉོན་མོངས་པ་དཔེར་ན་ཉི་ཟླའི་སྣང་བ་མེད་པའི་མུན་ནག་སྟུག་པོ་འཁྲིགས་པའི་ནམ་མཁའ་ལ་སྤྲིན་བར་ནས་གཏུམ་པོའི་གློག་འོད་འཁྱུགས་པ་ལྟ་བུ་འགྲོ་བའི་དགེ་བ་ལ་བརྟན་པོ་མ་ཡིན་པས། སྐབས་འགར་གོམས་ཤིང་བསགས་པའི་ལས་ནི་བསོད་ནམས་ཙམ་པོ་བ་ཡིན་ཏེ། དཔེར་ན་ཆུ་ཤིང་ཨེ་རན་དྲ་འདམ་བུ་སྨྱིག་མ་བཞིན་དུ་འབྲས་བུ་ལན་གཅིག་སྨིན་ཟིན་ནས་རྩ་བ་སྐམ་པ་ལྟར། ལྷ་མིའི་བདེ་འབྱོར་ལན་གཅིག་སྤྱད་ཟིན་ནས་སླར་ཟད་པས་སྨད་དོ། །བྱང་ཆུབ་སེམས་ཀྱི་ཟིན་པའི་དགེ་བ་ནི་དཔེར་ན་ས་གཞི་བཟང་པོ་འགྲོ་བ་མང་པོས་བསྟེན་པའི་ཞིང་ས་ལ། ས་བོན་ཅི་བཏབ་ཀྱང་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་རྒྱས་ཤིང་འཕེལ་བ་ལྟར། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བའི་ལྗོན་ཤིང་ནི། སྲིད་པ་ན་འབྲས་བུ་ལྷ་མིའི་བདེ་སྐྱིད་ལོངས་སྤྱོད་མང་ཞིང་ཞི་བ་མྱང་འདས་བྱང་ཆུབ་ཆེན་པོའི་བར་དུ་འཕེལ་བར་འགྱུར་རོ། །འདི་ལྟར་ལས་དང་ཉོན་མོངས་པའི་མེ་འོབས་ཆེན་པོས་བསྐོར་ཞིང་འདུ་བྱེད་ཀྱི་སྡུག་བསྔལ་ཆུ་བོ་ཆེན་པོ་ཀུན་གྱི་སྣོད་དུ་གྱུར་པ་འཁོར་བའི་རྒྱ་མཚོ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའི་རྦ་རླབས་དྲག་པོས་ཐར་པའི་གྲུ་གཟིངས་བཤིག་པ་ཅན་འཇིགས་སུ་རུང་བ་དེ། སེམས་ཅན་རྣམས་ཀྱིས་མ་ཤེས་ནས་དགའ་ཞིང་ཞེན་ནས་ཁྱིམ་ལྟར་རབ་ཏུ་བཟུང་ནས་ཐར་པ་དང་བྲལ་བ་རྣམས། དེ་ལས་གདོན་པའི་སྙིང་སྟོབས་ཆེན་པོའི་གོ་ཆ་བགོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་ཏེ། སྤྱོད་འཇུག་ལས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང༌། །བདེ་མང་བརྒྱ་ཕྲག་སྤྱད་པར་འདོད་པས་ཀྱང༌། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །ཞེས་གསུངས་པ་ལྟར་རོ། །འདིར་སྐྱེས་བུ་ཆེན་པོ་གང་ལ་ནི་སྐྱེས་བུ་ཆུང་འབྲིང་ལྟ་བུའི་རང་དོན་ཡིད་བྱེད་ཀྱི་སེམས་པ་ཡོད་པ་མ་ཡིན་ཏེ། མཁའ་མཉམ་སེམས་ཅན་ཀུན་ལ་སྙིང་རྗེ་ཆེན་པོ་ནི། དཔེར་ན་བཀྲེས་པ་ཟས་ལ་གདུང་བ་དང་སྐོམ་པ་ཆུར་གདུང་བ་བཞིན། སེམས་ཅན་འབའ་ཞིག་སྡུག་བསྔལ་ལས་བསྒྲལ་བའི་དོན་དུ་སེམས་པ་ནི་སྙིང་རྗེས་གཞན་དོན་ལ་དམིགས་པ་ཡིན་ལ། སེམས་ཅན་ཀུན་རྣམ་མཁྱེན་གྱི་གོ་འཕང་དོན་དུ་གཉེར་བའང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡིན་པས། དེ་ལ་བྱང་ཆུབ་སེམས་ཞེས་གྲགས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེའང་འབྲས་བུ་རྫོགས་བྱང་ལ་དམིགས་ནས་དེ་བསྒྲུབ་པར་དམ་འཆའ་བ་ནི། སྨོན་པའི་སེམས་བསྐྱེད་ཡིན་ལ། དེའི་བསླབ་པར་བྱ་བ་ནི། བདག་གཞན་མཉམ་པ་དང༌། བདག་གཞན་བརྗེ་བ་དང༌། བདག་བས་གཞན་གཅེས་པར་འཛིན་པ་སྟེ་གསུམ་དུ་བཞག་པ་དེའང་སྨོན་པ་སེམས་བསྐྱེད་ཀྱི་བསླབ་པའི་གནད་མདོར་བསྡུས་ཡིན་གྱི། སྨོན་སེམས་དེའི་ངོ་བོ་ནི། བྱམས་པ་སོགས་སྙིང་རྗེ། དགའ་བ། བཏང་སྙོམས་ཏེ་ཚད་མེད་བཞི་ལ་ཡང་དག་པར་གནས་ཤིང༌། རྒྱུ་ཕར་ཕྱིན་དྲུག་བསྒྲུབ་པ་ལ་དམ་བཅའ་བ་དང༌། དེ་ལྟར་དམ་བཅས་པ་བཞིན་འཇུག་པ་ནི་འཇུག་པའི་སེམས་བསྐྱེད་ཡིན་ཏེ། དེ་ཡི་བསླབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་དང༌། འགྲོ་དྲུག་ལ་སོགས་པའི་སྤྱོད་ཡུལ་ལུང་མ་བསྟན་པ་རྣམས་ཀྱང་གཞན་དོན་དུ་སྨོན་ལམ་གྱིས་ཡོངས་སུ་དག་པའི་དགེ་བར་བསྒྱུར་བའི་ཚུལ་རྣམས་ལ་བསྟེན་པར་བྱའོ། །གནས་སྐབས་ཀྱི་དབྱེ་བའི་སྒོ་ནས་གཉིས་ནས་དྲུག་གི་བར་ཏེ། ཚོགས་གཉིས་ལ་ལྟོས་ནས་གཉིས་སམ། བདེན་གཉིས་ལ་ལྟོས་ནས་གཉིས་ཏེ་སོ་སོའི་སྐྱེ་བོའི་ཀུན་རྫོབ་དང༌། འཕགས་པའི་དོན་དམ་སྟེ་སེམས་བསྐྱེད་གཉིས། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཏེ་བསླབ་པ་གསུམ་ལ་ལྟོས་ཏེ་གསུམ་དང༌། ཡང་ན་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དེ་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ་མོ། །ལམ་གྱི་ཁྱད་པར་ཚོགས་སྦྱོར་གྱི་ལམ་ན། ཁམས་ཀྱི་སྒྲིབ་པ་ཕྱོགས་གཅིག་ཀྱང་མ་དག་པས་ཆོས་ཉིད་མངོན་སུམ་མ་མཐོང་བ་དོན་སྤྱིའི་ཚུལ་དུ་འཇལ་བས་མོས་པས་སྤྱོད་པའི་སེམས་བསྐྱེད༡་དང༌། དང་པོའི་ས་ནས་བཟུང་ས་བདུན་པའི་བར་ལ་བདག་གཞན་མཉམ་པ་ཉིད་དུ་རྟོགས་ཤིང༌། ཁམས་ཀྱི་སྒྲིབ་པ་ཕྱོགས་གཅིག་དག་ནས་ཡེ་ཤེས་མངོན་དུ་མཐོང་བས་ལྷག་བསམ་དག་པའི་སེམས་བསྐྱེད༢་དང༌། དག་ས་གསུམ་ན་ཁམས་ཀྱི་སྒྲིབ་པ་སྔར་བས་ཀྱང་དག་སྟེ་ས་བརྒྱད་པར་ཉོན་ཡིད་ལོག་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། དགུ་པར་ཡིད་ཤེས་དང་སྒོ་ལྔ་ལོག་པས་སོ་སོ་ཡང་དག་རིག་པ་བཞིའི་ཡེ་ཤེས་དང་ཞིང་དག་པ་གཉིས་དང༌། བཅུ་པར་ཡིད་ཤེས་ཀྱི་བྱེད་ལས་དག་ནས་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ་དེ་ལྟར་བཞི་པོ་ལ་དབང་འབྱོར་བས་རྣམ་པར་སྨིན་པའི་སེམས་བསྐྱེད༣་པ་དང༌། ས་བཅུའི་རྒྱུན་མཐར་ཁམས་ཀྱི་སྒྲིབ་པ་སེམས་སེམས་བྱུང་གི་བག་ཆགས་ཀུན་གཞི་དང་བཅས་པ་དག་པས་སངས་རྒྱས་ཀྱི་ས་ན་སྒྲིབ་པ་ཐམས་ཅད་སྤངས་པའི་སེམས་བསྐྱེད༤་པ་སྟེ་བཞིའོ། །དེ་བཞིན་ལམ་ལྔའི་ཁྱད་པར་ལྔ་རུ་དབྱེ་ན། ཚོགས་ལམ་ན་ལས་དང་པོ་པའི་སེམས་བསྐྱེད། སྦྱོར་ལམ་ན་ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད། མཐོང་ལམ་ན་མཐོང་བའི་སེམས་བསྐྱེད། སྒོམ་ལམ་ན་རྣམ་པར་གྲོལ་བའི་སེམས་བསྐྱེད། མི་སློབ་ལམ་ན་བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་དེ་ལམ་ལྔའི་རྗེས་འགྲོ་སེམས་བསྐྱེད་ལྔ་དང༌། དེ་བཞིན་ཕ་རོལ་ཕྱིན་པ་དྲུག་ལ་ལྟོས་ཏེ་དེ་སྙེད་ཀྱི་གྲངས་དྲུག་དང༌། ས་བཅུ་པོ་སོ་སོའི་མཚམས་དབྱེ་བ་ཉི་ཤུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་གསུམ་ཚོགས་ལམ་མེ་སྦྱོར་ལམ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །དེ་ཡང་དང་པོ་གསུམ་ཚོགས་ལམ། །སྦྱོར་བ་མེ་ལྟ་བུ་སྦྱོར་ལམ། །དེ་ནས་ཕར་ཕྱིན་བཅུ་ས་བཅུ། །མངོན་ཤེས་སོགས་ལྔ་དག་ས་གསུམ། །ཆོས་ཀྱི་དགའ་སྟོན་སོགས་གསུམ་ས་བཅུ་པ་ཁོ་ན་ལ་ཡོད་དོ། །དེ་ལ་སོགས་རྒྱལ་བའི་དགོངས་སྤྱོད་ཐམས་ཅད་བསམ་པས་སྨོན་པའི་ཆ་དང༌། འཇུག་པས་ལག་ལེན་ཁྱབ་པར་བྱེད་པ་ལ་ཐམས་ཅད་འདུའོ། །གང་ཟག་གང་ཞིག་རང་ཉིད་ཁོ་ན་མཐོ་རིས་ཀྱི་ལེགས་པའི་ཡོན་ཏན་དོན་དུ་གཉེར་ནས། རྟག་ཏུ་གཅོད་པ་མེད་པའི་སྒོ་འཕར་ཏེ་རྒྱུན་དུ་མི་གཅོད་པའི་ལོངས་སྤྱོད་ཁང་པའི་ནང་ནས་སློང་མོ་བའི་ཡིད་ལ་འཁྲུགས་པ་མི་སྟེར་བ་གང་འདོད་སྟེར་བར་བྱེད་པ་དེ་ལ། གཏན་པ་མེད་པའི་མཆོད་སྦྱིན་བྱས་སོ་ཞེས་བསྔགས་པར་འོས་ཏེ་འདོད་ཁམས་པའི་མངའ་བདག་ཏུ་འགྱུར་ན། མཐའ་དག་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ཏེ་ཕན་པའི་ཕྱིར་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་སྨོན་པའི་སེམས་རྒྱུན་ཆགས་སུ་ཡོད་པ་ལྟ་ཅི། ཐ་ན་ཐང་གཅིག་ཙམ་སྐྱེས་པས་ཀྱང་གནས་སྐབས་ངན་སོང་གི་སྒོ་གཅོད་ཅིང༌། མཐོ་རིས་ལྷ་མིའི་གནས་རིགས་སུ་སྐྱེས་ནས་ཚེ་རིང་ནད་མེད་སོགས་བདེ་བ་བསྟེན་པས། རྒྱུ་མཐུན་གྱི་འབྲས་བུའི་ཡོན་ཏན་ཟད་མི་ཤེས་པ་འབྱུང་ལ། སྨོན་སེམས་དེ་ལས་ཀྱང་ཁྱད་པར་དུ་འཇུག་པའི་སེམས་ཀྱི་ཡོན་ཏན་ནི་མཐའ་ཡས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེར་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་སོ། །གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱིས་དངོས་སུ་སྦྱོར་བས་ཁྱབ་པའི་སེམས་དེ་ཆོ་ག་ལ་བརྟེན་ནས་བླངས་པ་གང་ནས་བཟུང་སྟེ། ཕྱིར་ལྡོག་པ་མེད་པའི་སེམས་ཀྱིས་སངས་རྒྱས་ཀྱི་སར་འགྲོ་བ་སྒྲོལ་བར་དམ་བཅའ་ཤིན་ཏུ་ཡིད་བརྟན་པ་རྒྱུད་ལ་ཐོབ་པའི་སྟོབས་ཀྱིས། དུས་དེ་ནས་བཟུང་སྟེ་བག་མེད་ཀྱིས་རྣམ་པར་གཡེང་བ་དང༌། གཉིད་ལོག་པ་སྤྱོད་ལམ་ལུང་མ་བསྟན་པར་གྱུར་ཀྱང༌། བསོད་ནམས་ཀྱི་ཤུགས་བར་མ་ཆད་པར་རྒྱུན་ཆགས་ཉིད་སེམས་བསྐྱེད་པ་པོ་དེའི་སེམས་རྒྱུད་དུ་འབྲེལ་བར་འགྱུར་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ས་སྤྱོད་འཇུག་ལས་ཀྱང་འཐད་པ་དང་བཅས་བཤད་དེ། ཇི་སྐད་དུ། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། །འདི་ནི་འཐད་པར་དང་བཅས་པར། །ལགས་བཟང་གིས་ནི་ཞུས་པ་ལས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཞེས་བཤད་དོ། །ཐབས་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྟོབས་ཀྱིས་དུས་ཐུང་ངུ་ལ་སྤྱོད་པའི་སྒོ་རེ་རེར་བསླབ་པས་ཀྱང༌། ཐབས་ཤེས་དེ་ལྟ་བུ་དང་མི་ལྡན་པ་རྣམས་ཀྱིས་བསྐལ་པ་མང་པོ་ལ་བསྒྲུབ་དགོས་པའི་ཚོགས་ཀྱང་འདུམས་པར་འགྱུར་ལ། དབྱེ་ན། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། དཔེ་ལྔའི་སྒོ་ནས་བསྟན་པའི་ཚུལ་ནི། ཕྱུགས་དང༌། གླང་པོ་ཆེའི་ཤིང་རྟ་དང༌། ཉི་ཟླ་ལྟ་བུ་དང༌། སོགས་ཀྱིས་ཉན་ཐོས་ཀྱི་རྫུ་འཕྲུལ་དང༌། སངས་རྒྱས་ཀྱི་རྫུ་འཕྲུལ་ཏེ་དེ་དག་གི་བགྲོད་པའི་བརྟུལ་ཞུགས་མྱུར་བུལ་མཐའ་ཡས་པ་ལྟར། གང་ཟག་སོ་སོའི་སེམས་བསྐྱེད་པའི་བློ་སྟོབས་ཆུང་འབྲིང་ཆེན་པོའི་དབྱེ་བའང་གསུམ་སྟེ་འོག་ཏུ་འཆད་དོ། །དེ་ཡང་བློ་སྟོབས་ཆེན་པོས་ཐབས་ལ་མཁས་པ་དང༌། བརྩོན་འགྲུས་ཕུལ་དུ་བྱུང་བ་དང༌། ཤེས་རབ་ཟབ་ཅིང་རྣོ་བའི་སྟོབས་ཀྱིས་མྱུར་བའི་ཚད་གྲངས་མེད་གསུམ་གྱི་སྒྲིབ་གཉིས་ཀྱི་དམ་ལ་བཞག་པ་མཐའ་དག་འཇིག་པའི་ཚུལ་གྱིས་འཚང་རྒྱ་བར་འགྱུར་བ་ཡིན་ནོ། །དཔེ་ཇི་ལྟར་ན་འབྲས་བུ་སྨིན་པ་ལ་ས་བོན་དགོས་ཀྱང༌། ས་བོན་དེ་ས་ལ་ལྷུང་བ་གཙོ་མི་ཆེ་ལ། རྐྱེན་རྣམས་ཚོགས་པ་གཙོ་ཆེ་བ་བཞིན་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་དང་པོ་བཅོས་ནས་སྐྱེ་དགོས་ཀྱང༌། བྱང་ཆུབ་ཀྱི་སེམས་མཆོག་དེ་བསྐྱེད་པ་མི་གཙོ་ལ། བཅོས་མིན་སྐྱེས་པ་གཙོ་ཆེ་བ་ཡིན་ནོ། །སྟོབས་གསུམ་ལས་ནི་བྱང་ཆུབ་སེམས་ཡང་དག་རྒྱུད་ལ་སྐྱེ་བར་འགྱུར་བས་ན། དེ་ལྟར་གོམས་པས་སྙིང་རྗེ་ཆེ་བར་གྱུར་པ་ནི་བྱང་ཆུབ་སེམས་ཀྱི་རྩ་བ་དང༌། ཡན་ལག་བདུན་པ་ལ་སོགས་པའི་ཚོགས་བསགས་གནད་དུ་སྨིན་པར་བྱས་ཤིང༌། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སྡིག་པ་ཟིལ་གྱིས་གནོན་པས་རྟེན་གྱི་སྟོབས་དང༌། དེ་དག་གོ་རིམ་བཞིན་དུ་སྙིང་རྗེ་བསམ་པའི་སྟོབས་དང༌། ཚོགས་བསགས་སྦྱོར་བའི་སྟོབས་དང༌། སྐྱབས་འགྲོ་རྒྱུ་ཡི་སྟོབས་སུ་བཤད་པ་ཡིན་ནོ། །སེམས་བསྐྱེད་སྐྱེ་བའི་རྟེན་གྱི་གང་ཟག་ནི། སེམས་ཙམ་པའི་ལུགས་དང༌། དབུ་མ་པའི་ལུགས་ཏེ་རྣམ་པ་གཉིས་སུ་བསྟན་ཏེ། དང་པོ་ལྟར་ན་སྨོན་སེམས་ཙམ་ལ་མ་ངེས་ཀྱང་འཇུག་སྡོམ་མ་ཐོབ་པ་ཐོབ་པའི་རྟེན་སོ་ཐར་རིགས་བརྒྱད་ལས། བསྙེན་གནས་ནི་དུས་ཁྲིམས་ཡིན་པས་མི་རུང་ལ། གཞན་དགེ་བསྙེན། དགེ་ཚུལ། དགེ་སློང་གསུམ་རེ་རེར་ཕ་མ་གཉིས་སུ་ཕྱེ་བས་དྲུག་དང༌། དགེ་སློབ་མ་སྟེ་བདུན་གང་རུང་གི་སྡོམ་ལྡན་ནི་ནམ་ཡང་དགོས་ལ། དབུ་མ་པ་ལྟར་ན། དཀོན་མཆོག་ཏཱ་ལར། ཇི་སྐད་དུ། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །བྱང་ཆུབ་བླ་མེད་ལའང་དད་གྱུར་ནས། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོགས་བསམ་པའི་རྟེན་གཙོ་བའི་ཚུལ་སྡོང་པོ་བཀོད་པ། བསྐལ་བཟང༌། ནམ་སྙིང་མདོ་སོགས་ལས་གསུངས་པས། དེའི་རྗེས་སུ་ཕྱོགས་ནས་རྟེན་མ་ངེས་པར་བཤད་པ་ཐལ་འགྱུར་དབུ་མའི་ལམ་སྲོལ་ལ། བསམ་པ་ཕུན་སུམ་ཚོགས་པ་རྟེན་གང་རུང་རུང་ལ་འཇུག་པ་སེམས་ཙམ་པའི་ལུགས་ལས་ཀྱང་ཡངས་པ་ཡིན་ནོ། །སྲོལ་གཉིས་ཀ་ལ་ཚོགས་བསགས་པ་ནི་ལྷག་པར་སེམས་བསྐྱེད་སྐྱེ་བའི་ཐབས་སུ་གསུངས་སོ། །སེམས་བསྐྱེད་སྐྱེ་བའི་རྒྱུ་ཐུན་མིན་ནི། སེམས་ཅན་ཀུན་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་བདེ་བར་གཤེགས་པའི་ཆོས་ཁམས་རྒྱ་མཚོ་ལྟ་བུ་སྨིན་རུང་གི་ཚུལ་དུ་ཡོད་པ་པས་ས་བོན་ལ་མྱུ་གུ་བཞིན་དེའི་སྙིང་པོ་ཅན་ཏེ། ཟླ་བ་སྒྲོན་མེའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཞེས་སོ། །སེམས་བསྐྱེད་སྐྱེ་བས་བདག་རྐྱེན་ནི་ཐེག་ཆེན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ་རབ་ཏུ་བསྟེན་པས། སློབ་མ་ལ་ཇི་ལྟར་རེ་བ་ལྟར་སྦྱིན་ནུས་པས་ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་སྡོམ་ལྡན་ཐེག་ཆེན་གྱི་དོན་ལ་མཁས་པའི་ཡོན་ཏན་མཆོག་མངའ་ཞིང༌། བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གང་བ་ནི་ལེན་པའི་ཡུལ་ཏེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་སོ། །དེ་ལྟ་བུའི་བླ་མ་དེས་ཐོག་མར་དགེ་བ་སྲིད་པའི་མཐའ་ལ་སྐྱོ་བ་བསྐྱེད། བར་དུ་དགེ་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་དང༌། མཐའ་མར་དགེ་བ་མཐའ་གཉིས་ལ་མི་གནས་པའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པའི་ཆོས་རྣམས་དང༌། གཞན་ཡང་རྒྱན་དང༌། སྡོང་པོ་བཀོད་པ། མ་སྐྱེས་དགྲའི་ལེའུ། འོད་སྲུང་གི་ལེའུ། རིན་པོ་ཆེའི་ཕུང་པོའི་མདོ་སོགས་ལས་ལེགས་པར་གསུངས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཡས་བརྗོད་དོ། །དྲི་བཟང་སྣ་ཚོགས་ཀྱི་ཁུ་བས་སྐྱང་ནུལ་བྱེད་པ་ལ་སོགས་མཛེས་ཤིང་སྙིང་དུ་སྡུག་པ་ངོམ་པའི་སྒོ་ནས་གནས་ཁང་བརྒྱན་པའི་ཚུལ་ཡང༌། དང་པོ་བྱི་དོར་ལེགས་པར་བྱས་ཤིང་གུར་གུམ་དང༌། དྲི་བཟང་པོའི་སྤོས་ཆུ་དང༌། བ་བྱུང་ལ་སོགས་པས་བྲན་ཞིང་ཆག་ཆག་གདབ་པ་དང་བཅས། སྒེག་ཆོས་མ་ཡིན་པར་གུས་པ་བསྐྱེད་ཕྱིར་ཡན་ལག་གདོང་སོགས་ཐམས་ཅད་བཀྲུ་ཞིང༌། གོས་གཙང་མ་བགོས་ལ་གྲགས་འདོད་དང་བྲལ་བར་དཀོན་མཆོག་གསུམ་གྱི་ཡོན་ཏན་འབའ་ཞིག་ཡིད་ལ་སེམས་པ་ཡི། དད་དང་ངེས་ཤེས་དྲག་པོས་འཕན་གདུགས་རྒྱལ་མཚན་བླ་བྲེ་སོགས་དང༌། མཆོད་ཡོན་སོགས་དང༌། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་སོགས་མཆོད་པའི་ཚོགས་མ་ཚང་བ་མེད་པ་མང་པོའི་ཕྲུ་མ་འདེབས་པ་སྟེ་བཀྲམ་པ་ལ་སྙིང་ཐག་པ་ནས་དགའ་ཞིང་དགེ་བ་ཆུད་མི་ཟ་བའི་སྤྲོ་བ་དང་བཅས་པས་དགོད་ཅིང་ཡི་རང་བར་བྱའོ། །མཆོག་གསུམ་ལ་སོགས་པའི་བདེན་པ་བརྗོད་པས་ས་གཞི་ཐམས་ཅད་དག་པའི་ཞིང་ཁམས་ཀྱི་བཀོད་པ་ལྟར། རྒྱ་དཔང་ཚད་ལས་འདས་པར་རྣམ་པར་དག་པའི་དབུས་སུ་གནས་ཁང་དེ་ཉིད་སྟོང་གསུམ་ལས་རྒྱ་ཆེ་བའི་གཞལ་མེད་ཁང་དང༌། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རྒྱན་བཀོད་སོགས་ཕུན་སུམ་ཚོགས་པའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨ་ཉི་ཟླ་དར་ཟབ་ཀྱི་ཁྲི་སོགས་ལྟ་ན་སྡུག་པ་མང་པོས་མཛེས་པར་བསམ་ལ། དམ་ཚིག་གི་རྟེན་རྒྱལ་བ་སྲས་དང་བཅས་པའི་གཟུགས་བརྙན་དང༌། ཐེག་ཆེན་གྱི་གླེགས་བམ་སོགས་སྐུ་གསུང་ཐུགས་རྟེན་རབ་གནས་ཅན་ཇི་སྙེད་ཡོད་པ་མཐའ་དག་གནས་དེར་བོས་ནས་ཏེ། ཟླ་བ་སྒྲོན་མའི་མདོ་ལས་བྱུང་བ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །སོགས་དང༌། རིག་པ་མཆོག་གི་རྒྱུད་ལས་བྱུང་བ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ལ་སོགས་པའི་ཚིག་གིས་སྤོས་རོལ་དང་བཅས་དབྱིངས་ནས་ཡེ་ཤེས་སེམས་དཔའ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགུག་ཅིང་དྲངས་ནས་དམ་ཚིག་གི་རྟེན་རྣམས་ལ་གཉིས་མེད་དུ་གཞུག་པའི་ཆོ་ག་ནི། མས་བུ་གཅིག་པུ་སྟོར་ཚེ་རྒྱུག་པ་ལྟར་རམ་མཛའ་ཕོ་མོ་གཅུགས་དུས་བཏབ་པའི་དམ་བཅའ་དྲན་པ་ལས་ཀྱང་མྱུར་བས་རྒྱལ་རྣམས་ཕྱོགས་བཅུའི་ཞིང་ཁམས་གཞན་དུ་གཟིགས་པ་ཡོལ་བ་སྟེ་དེ་མ་ཐག་ཏུ་འདི་ཁོ་ནར་བྱོན་པའི་ཐ་སྙད་བཏགས་པའོ། །དཀོན་བརྩེགས་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །འདིར་སྤྱན་འདྲེན་པའི་ཚིག་ནི། གང་ཞིག་འཁོར་བ་ན་གནས་པའི་གདུལ་བྱ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་ཀུན་གྱི་སྡུག་བསྔལ་ལས་སྐྱོབ་པའི་མགོན་དང་ཕན་གདགས་པའི་དཔུང་གཉེན་མཆོག་ཏུ་གྱུར་ཀྱང་བདུད་ཀྱི་སྡེ་དཔུང་དང་བཅས་པའི་ཚོགས་མ་ལུས་པ་འཇོམས་པར་མཛད་པའི་དགྲ་རུ་གྱུར་ཅིང༌། ཇི་ལྟ་བ་ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཇི་སྙེད་པ་ཆོས་ཅན་ཤེས་བྱ་མཐའ་དག་ཆགས་ཐོགས་མེད་པར་མཁྱེན་ཅིང་གཟིགས་པ་ཡི་ཕྱོགས་བཅུའི་བཅོམ་ལྡན་འདས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་གི་སྡུམ་པར་ཏེ་གནས་ཁང་འདིར་ཚོགས་བསགས་པའི་ཞིང་དང༌། སྐྱབས་ཡུལ་དུ་མཆིས་ཏེ་གཤེགས་སུ་གསོལ། བསྙེན་བཀུར་གྱི་ཁྲུས་གསོལ་བ་ནི། དང་པོ་འདི་ལྟར་འཇིག་རྟེན་ཕལ་པའི་ལས་ཀྱི་སྤྲུལ་པ་དངོས་པོ་བཅོས་མ་མ་ཡིན་པར་ལྷ་ཚོགས་རྣམས་འབྱོན་པའི་ཤུལ་ཏེ་ལམ་དུ་ཁྲུས་གསོལ་བའི་གནས་ཀྱི་ཁང་བུ་བརྩེགས་པ་རིན་པོ་ཆེ་ལས་གྲུབ་པ་དྲི་བསུང་ཞིམ་པོས་ཕྱོགས་མཐར་ཁྱབ་པའི་རང་བཞིན་ཅན། ཤེལ་དང་ནོར་བུ་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་ཁོད་སྙོམས་ཞིང་མིག་མང་རིས་སུ་བྲིས་ཤིང་བཀྲ་བ་དང༌། རིན་པོ་ཆེ་འོད་འབར་བའི་ཀ་བ་ཡིད་དུ་འོང་བར་ལྡན་ཞིང༌། གཡུ་དམར་དང་མུ་ཏིག་རིན་པོ་ཆེ་འོད་ཆགས་པའི་བླ་བྲེ་སོགས་རྒྱན་གྱི་རྣམ་པ་མང་པོ་དཔྱངས་ཤིང་མཛེས་པར་བྱས་པ་དེར། བདེ་བར་གཤེགས་པ་སངས་རྒྱས་རྣམས་དང༌། རིགས་ཀྱི་བུ་མཆོག་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས་བཞུགས་པ་ལ། སྤོས་འདག་ཆལ་གྱི་ཆུས་སུམ་ཉིས་གང་བའི་བཻ་ཌཱུརྻ་ལ་སོགས་པའི་ནོར་བུ་རིན་པོ་ཆེའི་བུམ་པ་ནས། ཁྲུས་ཀྱི་རིམ་གྲོ་བགྱིད་པའི་ཕྱིར་རང་ལས་སྤྲུལ་པའི་སྨིན་ལེགས་མ་སྟེ་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྟོད་པའི་གླུ་དང་གར་སོགས་མཛེས་པ་དང་སྙན་པའི་རོལ་མོའི་རྣམ་པར་འགྱུར་བ་དཔག་ཏུ་མེད་པས་ཕན་ཚུན་གཅིག་གིས་གཅིག་ལ་འགྲན་པ་ལྟ་བུར་ཁྲུས་ཀྱི་བྱ་བ་ལ་བརྩོན་བཞིན་སྐུ་ཕྱི་བ་དང༌། ན་བཟའ་དང༌། རྒྱན་གསོལ་བ་སོགས་ཉེ་རེག་གི་ཆོ་ག་སྟེ་བྱ་བ་རྣམས་གུས་པའི་རྣམ་འགྱུར་གྱིས་བྱེད་པ་ལ་མཁས་པའི་རི་དྭགས་མིག་ཏེ་མཆོད་པའི་ལྷ་མོ་རྣམས་ཀྱིས་དྲི་བཟང་གི་ཕྱེ་མ་དར་གོས་སྣ་ཚོགས་པས་ཐུམ་པོར་དྲིལ་བ་མང་པོས་ཁྲུས་གསོལ་བའི་རླན་གྱི་ཆ་ཐམས་ཅད་ཕྱིས། བསྐུ་མཉེའི་རྫས་སྣ་ཚོགས་པས་སྲི་ཞུའི་ལས་བྱེད་པས་གཡེང་ཞིང་གོས་རྒྱན་སོགས་འབུལ་བ་ཡང༌། འདི་ལྟར་ཁ་དོག་གཅིག་ཏུ་མི་གནས་པ་དབང་པོའི་མཚོན་ཏེ་འཇའ་ཚོན་ལྟ་བུ་ལ་ཕལ་པའི་ལས་ཀྱིས་ཐགས་སུ་བཏགས་པ་མེད་པའི་ཡོན་ཏན་བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་ལྷ་རྫས་ཀྱི་གོས་རང་སྣང་དགེ་བའི་རིན་གྱིས་ཉོ་བ་དང་འདྲ་ལ། འབད་རྩོལ་མེད་པར་དགོས་འདོད་ཐམས་ཅད་འབྱུང་བའི་ཡོན་ཏན་ནི་དཔག་བསམ་ལྗོན་པ་ལས་བྱུང་བས་བཙོང་པ་ལྟ་བུའི་གོས་པཉྩ་ལི་སྟེ་ཁ་དོག་ལྔ་པ། དབྱིབས་ནི་དར་གྱི་ཆས་གོས་ལྔ་དང༌། གཞན་ཡང་ཆགས་བྲལ་གྱི་ཚུལ་མཛད་པ་རྣམས་ལ་ཆོས་གོས་རྣམ་གསུམ་སོགས་དང༌། གོས་དེ་དག་ཀྱང་ལྕིད་ཀྱིས་ནོན་པ་སྤངས་ཤིང་ཤ་མི་སྒྲིབ་པས་སྲབ་ལ་རེག་བྱ་འཇམ་ཞིང་ལྗིད་མེད་པས་ཡང་བའི་གོས་ཏེ་བྱང་གླིང་པའི་གོས་སྲང་གཅིག་ལ། རྒྱལ་ཆེན་རིགས་བཞིའི་སྲང་ཕྱེད་ཡིན་པ་ནས། འཕྲུལ་དགའི་གོས་སྲང་གཅིག་གི་དྲུག་ཅུ་རྩ་བཞིའི་ཆ་གཅིག་ལས་མེད་པའི་བར་ཇེ་ཡང་དུ་སོང་བ་དང༌། ཚངས་རིས་ཀྱི་གོས་ལ་སྲང་གིས་ཚད་གཞལ་དུ་མེད་དོ། །དེ་ལྟ་བུའི་གོས་བཟང་པོ་དེ་དག་དྲི་བཟང་སྣ་ཚོགས་དང༌། སྤོས་ཀྱི་ཆུས་བགོས་ཤིང་བྱུགས་པ་ལོངས་སྤྲུལ་གྱི་རྣམ་པ་ཅན་སོ་སོ་ལ་འོས་ཤིང་འཚམས་པ། རྣམ་གྲངས་རེ་རེ་ལ་ཆ་ཤིན་ཏུ་མང་པོ་དང༌། རིན་ཐང་གི་ཚད་བརྗོད་པ་བྲལ་ལ་བརྗོད་ན་ཁྲེལ་བའི་གནས་སུ་གྱུར་པ་ལྟ་བུའི་རིན་ཆེན་རྒྱན་གྱི་བྱེ་བྲག་གདུ་བུ། དཔུང་རྒྱན། སྙན་ཆ། ཅོད་པན་སོགས་རིན་པོ་ཆེའི་རྒྱན་བརྒྱད་པོ་རེ་རེའང་གྲངས་ཚད་བརྗོད་པ་དང་བྲལ་བ། དེ་རྣམས་འབུལ་བའི་ཡུལ་འདོད་པའི་ཡོན་ཏན་ལ་འཛིན་ཞེན་གྱི་བག་ཆགས་ཕྲ་བའང་སྤངས་ཤིང་སྤངས་པ་དང་རྟོགས་པའི་ཡོན་ཏན་མཐའ་དག་མངའ་བའི་ཐུབ་དབང་སངས་རྒྱས་རྣམས་ལ་དགོས་པ་བྲལ་ཡང༌། བདག་གིས་ཚེ་རབས་དུ་མར་བསོད་ནམས་ཀྱི་ཚོགས་མ་བསགས་པས་དབུལ་ཞིང་བཀྲེན་པ་དང་ལྡན་པས་བདག་ཏུ་བཟུང་བའི་ལོངས་སྤྱོད་མེད་པས་ན་བསོད་ནམས་ཀྱི་ཚོགས་རྫོགས་པའི་སླད་དུ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི་རྣམས་བདག་གིར་བཞེས་པར་མཛོད་ཅིག་ཅེས་མཁའ་ཁྱབ་ཏུ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་རྫོགས་ཤིང༌། ཉེས་སྤྱོད་ཀྱིས་གདུང་བ་ལས་སྐྱོབ་པའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ཀྱི་གོས་དང༌། གཟུངས་སྤོབས་ཏིང་འཛིན་མཚན་དཔེ་སོགས་ཡོན་ཏན་གྱི་རྒྱན་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག་སྙམ་པ་དང༌། དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས་བརྒྱད་དང༌། ངན་སོང་ཀུན་འདྲེན་ལ་སོགས་ཏེ་བྱམས་པ། མཐོང་བ་དོན་ཡོད། མྱ་ངན་མུན་འཇོམས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག །འོད་དཔག་མེད། ཟླ་འོད། བཟང་སྐྱོང༌། དྲྭ་བ་ཅན་གྱི་འོད། རྡོ་རྗེའི་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་སྟེ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་པའི་ཚུལ་བྱང་ཆུབ་སེམས་དཔའ་ཆོས་འཕགས། རྟག་ཏུ་ངུ་དང༌། ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་སོགས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའང་དབུལ་བར་བགྱིའོ། །གཞན་ཡང་གླིང་བཞིར་རི་རབ་ཚངས་པ་དང་བཅས་པ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ་དེ་ཐམས་ཅད་གཅིག་ཅར་ཁྱབ་པའི་དྲིའི་བཞོན་པར་འཁྱུད་པ་སྟེ་རླུང་དང་འགྲོགས་པའི་ཙནྡན་སོགས་སྤོས་ཀྱི་བསུང་ཞིམ་པོའི་དྲིས་ནི། བསོད་ནམས་བྱེ་བ་སྟེ་དཔག་མེད་བསྐྲུན་པའི་འབྱུང་གནས་མཚན་དང་དཔེའི་བྱད་བཟང་པོས་བརྒྱན་པའི་གསེར་སྦྱངས་པ་རབ་ཏུ་མཛེས་པའི་བརྟན་པ་འཕྲོག་སྟེ་མོག་མོག་པོར་བྱེད་པའི་སྐུ་འོད་ལ་བྱུག་པར་བགྱིའོ། །དཔེར་ན་དག་པའི་ཞིང་ཁམས་ཀྱི་བཀོད་པ་ནི། སངས་རྒྱས་དེའི་སྨོན་ལམ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་རང་སྣང་ལས་གཞན་མ་ཡིན་པ་ལྟར། ཚད་མེད་བཞིའི་ཐུགས་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རང་སྣང་དང་མཐུན་པར་ཚད་མེད་བཞིས་བློ་སྦྱངས་པའི་གང་ཟག་ཚོགས་གསོག་པ་པོའི་ཡིད་ངོར་དམིགས་ཤིང་སྣང་བ་ནི། དམིགས་པ་རྒྱ་ཆེ་ཤིང་ཉེ་འཁོན་མེད་པའི་བཏང་སྙོམས་ཀྱི་རང་བཞིན་ཤིན་ཏུ་རྒྱ་ཁྱོན་ཡངས་པའི་ཤེལ་གྱི་ས་གཞི་ལ། ཕན་པའི་རླན་དང་ལྡན་པའི་ཡིད་འོང་གི་བྱམས་པའི་རང་བཞིན་པདྨོ་གེ་སར་དང་བཅས་པའི་འདབ་མ་སྟོང་བརྡལ་བའི་སྟེང་དེར། འགྲོ་བའི་སྡུག་བསྔལ་གྱི་གདུང་བ་ཞི་བའི་བསིལ་ཟེར་ཅན་སྙིང་རྗེ་དང༌། རྨོངས་པའི་མུན་པ་སེལ་བའི་ཤེས་རབ་ཟུང་དུ་འཇུག་པའི་རང་བཞིན་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར་ལེགས་པའི་གདན་ལ། ཟག་པ་མེད་པའི་དགའ་བ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས། བསྐལ་པ་རྒྱ་མཚོ་ལྟ་བུའི་བར་བཞུགས་ནས་རྗེས་སུ་བཟུང་དུ་གསོལ། རང་བཞིན་དུ་ལུས་ཀྱི་རྣམ་འགྱུར་ལས་སེམས་ཀྱི་མངོན་རྟོགས་གསལ་ཕྱིར་སེམས་ལ་དད་གུས་གང་ཡང་མེད་བཞིན་གྲགས་འདོད་དང་ཚུལ་འཆོས་སམ་བབ་ཅོལ་གོམས་པ་ལུང་མ་བསྟན་གྱི་བྱ་བ་ལ་འཇུག་པའི་ཚུལ་མིན་པས་ལུས་བཏུད་པའི་རྟགས་ཀྱི་རྣམ་འགྱུར་སྙིང་ཁར་ཐལ་མོ་སྦྱར་ལ་དད་ཅིང་གུས་པ་དང༌། འཇིགས་ཤིང་བག་ཡོད་ཁྲེལ་དང་ངོ་ཚ་ཤེས་པ་དང་བཅས་པའི་སེམས་ཀྱི་མངོན་རྟོགས་ངོམ་པ་ལ་མེ་ཏོག་གི་དོག་པས་རབ་ཏུ་བཟུང་བ་སྟེ་གང་བའི་སྙིམ་པའི་སྣོད་ནི་པདྨ་ཁ་འབུས་པའམ་གའུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡི་དབྱིབས་ལྟ་བུ་དགོས་པ་ཡིན་ནོ། །ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟིགས་པས་སྤྱན་ལྟ་བུ་རིག་པ་དང༌། སྙིང་རྗེས་གཞན་དོན་ལ་གཤེགས་པས་ཞབས་སུ་ལྡན་པ་སོགས་གཞན་ཡང་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ནས་འབྲས་བུ་བདེ་བ་སངས་རྒྱས་ཀྱི་སར་གཤེགས་པས་ན་བདེ་གཤེགས་ཀྱི་ཡོན་ཏན་དང༌། གཞན་ཡང་དམ་པའི་ཆོས་དང༌། འཕགས་པའི་དགེ་འདུན་རྣམས་ཀྱི་ཡོན་ཏན་མཐའ་དག་གནས་ཀྱིས་ཐག་རིང་པོར་བསྐལ་པ་བཞིན་འཕགས་ས་མ་ཐོབ་བར་མངོན་དུ་མི་མཐོང་ཡང༌། དད་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་སྐྱེད་མོས་ཚལ་དུ་མགྲོན་དུ་ཁུག་པ་ལྟར་འོངས་པའི་མོད་ལ། འཇིགས་སྐྲག་དང་སྐྱོ་བ་ལ་སོགས་པའི་ཤུགས་ཀྱིས་མིན་པར། དད་པའི་གདུང་ཤུགས་དྲག་པོས་བ་སྤུ་གཅིག་ཏུ་ཟིང་པའོ། །དེ་ལྟར་དད་པས་མདུན་བསུས་ཏེ་ཡན་ལག་བདུན་པ་འབུལ་བའི་ཚུལ་ཡང༌། དཔེར་ན་སྤྲིན་བྲལ་གྱི་སྟོན་ཟླ་གཞོན་ནུ་ཁྲུས་ལ་འཇུག་པ་དང་འདྲ་བར་གཟུགས་བརྙན་འཛིན་ནུས་པ་ཤིན་ཏུ་དྭངས་པའི་རྫིང་བུའི་ནང་དུ་གཟུགས་བརྙན་ཅི་ཤར་ཡང་ཤིན་ཏུ་གསལ་བས་ན། དེའི་ཁར་རྨ་བྱའི་བུ་མོ་ཡིད་འཇོ་ཞིང་སྒེག་པའི་གཟུགས་ཅན་གྱིས་ཟློས་གར་རྩེད་འཇོ་ལ་རོལ་ན། རྫིང་བུ་དྭངས་པ་དེའི་ནང་དུ་དེ་དག་གི་གཟུགས་བརྙན་ཤར་བ་དེ་དང་གཟུགས་དངོས་གཉིས་ཤིན་ཏུ་འབྱེད་དཀའ་བར་སྣང་ལ། དེ་ལྟ་བུའི་རང་གི་ལང་ཚོའི་གྲངས་མེད་པར་སྤྲུལ་པའི་རྣམ་གྲངས་ཇི་སྙེད་པ་ནི་ས་ཆེན་པོའི་རྡུལ་གྱི་རྣམ་གྲངས་དང་སོ་སོར་མི་འབྱེད་པ་ཤིན་ཏུ་འཁྲུལ་པ་བསྐྱེད་པར་བྱེད་པ་དཔག་ཏུ་མེད་པར་སྤྲུལ་ཏེ་ཕྱག་གི་ལས་ཁོ་ན་ལ་སྒོ་གསུམ་ཆིག་དྲིལ་དུ་འཇུག་པའི་བྱ་བས་བྲེལ་ལོ། །སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདོག་རྒུའི་དངོས་པོ་ཐམས་ཅད་གཏོང་བ་སྦྱིན་སོགས་ཕར་ཕྱིན་དྲུག་གི་ཆགས་བདུན་སྤོང་བ་དང་ཁྱད་ཆོས་བཞི་ལྡན་ཡིན་མོད། སྐབས་འདིར་ལས་དང་པོ་པའི་སེམས་བསྐྱེད་དང་རྗེས་མཐུན་བསམ་པ༡། དངོས་པོ༢། མཆོད་རྫས༣་བཅས་མཆོག་གསུམ་ལ་དམིགས་ཏེ། དག་པ་གསུམ་དང་ལྡན་པས་གཏོང་བའི་ཡན་ལག་ཁྱད་ཆོས་བཞི་ལྡན་རྫོགས་པའི་དངོས་འབྱོར་དང༌། དེས་ཀྱང་མཚོན་པར་མི་ནུས་པས་དཔེ་ཟླར་རུང་བ་མེད་པ་ཡིད་ཀྱིས་མཆོད་རྫས་མ་ཚང་བ་མེད་པར་སྤྲུལ་ཏེ་རྒྱ་དཔང་ཚད་གྲངས་བླ་ན་གཞལ་བྱ་མཆིས་པ་མ་ཡིན་པས། མཆོད་པའི་སྤྲིན་རབ་འབྱམས་སུ་སྤྲོ་བར་བྱེད་པ་སྟེ། དཀོན་མཆོག་ཏཱ་ལར། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང༌། །མེ་ཏོག་བཀོད་པའི་འོད་ཟེ་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ལག་པའི་མཐིལ་ན་ཡོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་པ་ལྟར། འཕགས་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་མཆོད་པའི་ཡོན་གྱིས་རྒྱལ་བ་རྣམས་ལ་མཆོད་པ་དེ་ལ་དོ་ཟླར་སྤོབས་པ་ཙམ་དུ་འབུལ་བར་ཕྲག་དོག་བགྱིད་པའི་ཐ་སྙད་བཏགས་པའོ། །ངག་གི་སྒོ་ནས་མུ་ཅོར་ཏེ་ཚིག་འཆལ་ཅི་རུང་རུང་སྨྲ་བ་མི་དགེ་བའི་ལས་དང༌། ལུས་ངག་གི་བདུན་པོའི་སོགས་དང༌། བག་ཆགས་སོགས་སྒོ་ཀུན་ནས་ཉེས་ཚོགས་སྡིག་པ་ཐམས་ཅད་ཀུན། དགེ་འབྲས་ཀྱིས་ཟིལ་གྱིས་མནན་ཏེ་དེ་ལ་འཇིགས་ཤིང་སྐྲག་ནས་གཞན་དུ་བྲོས་པའི་ཚུལ་གྱིས་སྡིག་པའི་རང་གཟུགས་ངན་སོང་དུ་མྱོང་དགོས་པ་ཡིན་ཀྱང༌། གཏན་མེད་མིན་ཏེ། སྲིད་པའི་རྩ་བ་གནས་ལུགས་ཀྱི་དོན་ལ་སྒྲིབ་པའི་མུན་ནག་སྟུག་པོར་ཀུན་གཞིའི་ཁམས་ལ་འཆབ་པ་སྟེ་བག་ཉལ་གྱི་ཚུལ་དུ་ཡོད་པ་ཀུན། སྦྱོང་བྱེད་ཐབས་གཉེན་པོ་སྔར་བྱས་ལ་འགྱོད་པ། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས། གཉེན་པོ་དགེ་ལ་འབད་པ། ཡུལ་མཆོག་གསུམ་སྟེ་སྟོབས་བཞི་དང་ལྡན་པའི་ཉིན་བྱེད་འབར་བས་དྲུང་ནས་སྦྱངས་ཤིང་བཤགས་སོ། །སྒོ་གསུམ་དགེ་ལ་སྦྱོར་བ་གང་གིས་བདག་ཉིད་མ་འཁྲུགས་བཞིན་དུ། བསམ་པ་བཟང་པོའི་ཁྱད་པར་གཅིག་གིས་གཞན་སངས་རྒྱས་བྱང་སེམས་ཉན་རང་དག་པའི་རྣམ་དཀར་ཡུད་ཙམ་ལ་འཕྲོག་པའི་ཆོམ་རྐུན་གྱི་བརྟུལ་ཞུགས་ཏེ་ཚུལ་ནི་རྗེས་སུ་ཡི་རང་བ་ཁོ་ནས་བྱས་སོ། །དམན་པ་ལ་དགག་སྒྲ་སྦྱར་ཏེ་ཐར་མེད་འཁོར་བའི་སེམས་ཅན་རྣམས་ཀྱི་ཉེས་ཚོགས་སྤྱོད་པ་ནི་གཉེན་པོས་མ་དུལ་བ་རང་བཞིན་དུ་མ་ཞི་ཞིང་གཡོ་སྒྱུས་བསླད་པ། ཆོས་ཕྱོགས་སུ་ཡོ་བྱད་གཏོང་བའི་དོན་དུ་ལྕགས་ཀྱི་ཕ་གུ་བཞིན་རྣམ་པར་སྲ་བ། ལས་ངན་བག་ཆགས་ལ་གོམས་པ་ནི་རྡོ་རྗེའི་འདག་པ་ལྟར་མཁྲེགས་པ། ངེས་འབྱུང་གི་རླན་དང་བྲལ་ཞིང་དད་སོགས་དགེ་བའི་ལོ་ཏོག་གང་ཡང་སྐྱེ་མི་བཏུབ་པས་ཐ་བ་ལྟར་གྱུར་པ། དམ་པའི་ཆོས་མ་ཡིན་པ་གཞན་གང་གིས་ཀྱང་འདུལ་ཐབས་བརྟན་པ་དང་བྲལ་བ་གང་ཡིན་པ་དེ་ལ་དགོངས་ནས། དུག་གསུམ་སོགས་འདུལ་བའི་གཉེན་པོ་དྲང་ངེས་ཀྱིས་དོན་རྗོད་བྱེད་སྡེ་སྣོད་གསུམ་དང་བརྗོད་བྱ་བསླབ་པ་གསུམ་གྱི་ངོ་བོ་ཆོས་འཁོར་གྱི་རིམ་པ་གསུམ་དུ་བསྡུ་བའི་རྩིབས་རྣོན་པོས། བདག་དང་བདག་གིར་འཛིན་ཞེན་སྒྲིབ་གཉིས་བག་ཆགས་དང་བཅས་པ་གཅོད་པར་བྱེད་ཅིང་མངོན་མཐོ་དང་ངེས་ལེགས་ཀྱི་མུ་ཁྱུད་ལས་འདའ་བ་མེད་པར་འཛིན་པ་དེ་བདག་གཞན་སེམས་ཅན་གྱི་མོས་པ་དང་འཚམས་པར་བསྐོར་བར་མཛད་དུ་གསོལ་ཞེས་བསྐུལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་རྣམས་དང༌། དེ་ཡི་ཐུགས་སྲས་ཁྱེད་རྣམས་མྱ་ངན་ལས་འདས་ན། རྣམ་པར་གྲོལ་བའི་ཐབས་ཀྱིས་སྤངས་པར་གྱུར་པའི་འགྲོ་བ་འདི་ཐམས་ཅད་ཀྱིས་ཆོས་དང་ཆོས་མིན་ལམ་དང་ལམ་མིན་མི་ཤེས་པས། སྡུག་བསྔལ་རྒྱུ་འབྲས་ཀྱི་གནས་སྐབས་བསྟེན་པ་ལས་ཐར་པའི་དུས་མེད་པའི་ཚུལ་འདི་ལྟ་བུ་མཐོང་ནས། བསྐལ་པ་རྒྱ་མཚོའི་བར་དུ་མྱ་ངན་ལས་འདའ་བ་མིན་པའི་ཞབས་པད་རྡོ་རྗེའི་གདན་ཁྲི་ལ་བཞུགས་པར་མཛད་སླད། ལུས་དང་ལོངས་སྤྱོད་དགེ་བའི་དངོས་པོ་ཀུན་གྱི་རིན་ཐང་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྤུངས་ནས་ཕུལ་བ་ཡིན་པས་བཞུགས་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །འདི་ལྟར་བདག་ཏུ་བལྟ་བ་དང་བཅས་པས་སྲིད་པའི་བདེ་འབྲས་ལ་དམིགས་པའི་དགེ་བ་ནི་བསོད་ནམས་ཆ་མཐུན་ཏེ་ཐབས་ཤེས་ཁྱད་པར་ཅན་གྱིས་མ་ཟིན་པས་ཁོང་ཁྲོ་སོགས་ཀྱིས་ཟད་པར་འགྱུར་བས་འདར་བའི་རང་བཞིན་ཏེ། གལ་ཏེ་རྐྱེན་གྱིས་མ་ཟད་དུ་ཟིན་ཀྱང༌། དེ་འདྲ་བའི་རྣམ་པར་དཀར་བའི་འབྲས་བུ་ཡང༌། སྲིད་པར་ལན་གཅིག་ཙམ་མངོན་པར་མཐོ་བའི་ལྷ་མིའི་གནས་ཐོབ་ཀྱང༌། དེ་མྱོང་སྟོབས་ཀྱིས་ཟད་ནས་སྲིད་པ་ཕྱི་མར་ལྷུང་བའི་སྡུག་བསྔལ་དང་ཆོ་ངེ་སྟེ་སྨྲེ་ངག་འདོན་པ་དང་བཅས་པའི་རང་བཞིན་ལས་མ་འདས་ལ། ཆེད་དུ་དམིགས་ནས་དུས་གསུམ་གྱིས་བསྡུས་པའི་དགེ་རྩ་བསགས་དང་བྱེད་འགྱུར་ཐམས་ཅད་འགྲོ་ཀུན་རྫོགས་པའི་བྱང་ཆུབ་འབའ་ཞིག་ཐོབ་པའི་ཆེད་དུ་བསྔོ་བ་དམིགས་མེད་སྒྱུ་མ་ལྟ་བུའི་ཚུལ་དུ། ངོ་བོ་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་འདུན་པས་སྦྱོར་བ་འདི་ནི། སངས་རྒྱས་རྣམས་ཐབས་ལ་མཁས་པའི་ཁྱད་ཆོས་ལས་སྟོན་པ་གཞན་གྱི་ལུགས་ཕྱི་རོལ་པ་ལ་གྲགས་པ་མེད་དོ། །དེ་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང༌། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་གང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སོ། །སྤྱིར་ལོངས་སྤྱོད་རང་ལ་ཡོད་པ་དེས་ཆོག་ཤེས་པར་བྱེད་པ་བརྐམ་ཆགས་ཀྱི་གདུང་བ་ཞི་བའི་བདུད་རྩིའི་བཏུང་བ་ལྟ་བུ་ཡིན་པས་དེ་དང་ལྡན་ན་བདག་ཏུ་བཟུང་བའི་དངོས་རྫས་རྒྱ་ཆེ་བ་མཆོད་རྒྱུ་མེད་ནའང༌། ཅུང་ཟད་ཙམ་དམིགས་པའི་རྟེན་བྱས་ཏེ་བདག་པོས་མ་བཟུང་བ་དང་ཡིད་ཀྱིས་སྤྲུལ་པས་མཆོད་ན་རང་གི་ལོངས་སྤྱོད་མཆོད་པ་དང་འདྲ་བར་ཚོགས་རྫོགས་པར་འགྱུར་གྱི། དགོས་པའི་ཡོ་བྱད་ཅུང་ཟད་ཙམ་གྱིས་མ་ངོམས་པར་ནོར་ལོངས་སྤྱོད་སྣ་ཚོགས་པ་གསོག་བསྐྲུན་བྱེད་པ་ལ་འབད་ཅིང་མང་པོ་ཡོད་བཞིན་དུ་སེར་སྣས་བཅིངས་ནས་འབུལ་མི་ནུས་ན། སྐྱེས་བུའི་ཡིད་ལ་མ་བཟུང་བའི་ལྷ་ཀླུ་མི་ཡི་ཡུལ་ན་ཡོད་པའི་མཆོད་པའི་སྤྲིན་ཏེ་མང་པོ་ཡང་གཏོང་བའི་དངོས་པོ་དང་འབྲེལ་ཆད་པས། ཚིག་ཙམ་དག་གི་ཕ་མཐར་འཁྱམས་ནས་མཆོད་ཡུལ་རྫུན་གྱིས་བསླུ་བའི་ཉེས་པ་དེ་ལ་སྐྲག་པར་གྱུར་ནས། བདག་གི་ལུས་མཆོད་ཡུལ་རྣམས་ཀྱི་སྟན་དུ་དབུལ་བ་དང༌། དུས་གཏན་དུ་རྒྱལ་བ་སྲས་དང་བཅས་པར་བདག་ལུས་དབུལ་བ་ལའང་བརྩོན་འགྲུས་ཆེན་པོས་དོ་གལ་བགྱིད་དེ། དེའི་དགོས་པ་ནི་དཀོན་མཆོག་གསུམ་གྱི་བྲན་དང་འབངས་སུ་དམ་བཅས་པའི་གང་ཟག་དེ་དཀོན་མཆོག་གསུམ་གྱི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས། དཔེར་ན་སོ་ཀའི་དུས་སུ་ཚ་བས་གདུང་བ་ན་ལྗོན་ཤིང་མེ་ཏོག་གིས་བརྒྱན་པ་ལོ་འདབ་རྒྱས་པའི་འཇོ་སྒེག་ཅན་གྱི་གྲིབ་མར་བསྡད་པས་དབུགས་འབྱིན་ཐོབ་པ་ལྟར། ཚེ་འདིར་སྡུག་བསྔལ་ལས་སྐྱོབ་ཅིང་ལེགས་དགུའི་དངོས་པོ་འབྱུང་བར་མ་ཟད་འཆི་བའི་ཚེ་ནའང་རྒྱལ་བ་སྲས་དང་བཅས་པས་དག་ཞིང་དུ་འཁྲིད་པར་མཛད་ཅིང༌། གལ་ཏེ་ཚུལ་འཆལ་སོགས་ལས་ངན་གོམས་པའི་དབང་གིས་རྣམ་པ་ཀུན་ཏུ་སྡང་ཞིང་འཁྲུགས་པའི་ཁྲོ་གཏུམ་ཅན་གཤིན་རྗེའི་ཕོ་ཉའི་མདུན་སར་སོན་ན་ཡང༌། དཀོན་མཆོག་དྲན་པའི་མོད་ལ་དེ་དག་གི་ཁྲོ་གཉེར་རྩུབ་མོས་འཇིགས་པས་སྡུག་བསྔལ་བ་ལས་ཐར་པའི་བསོད་ནམས་ཀྱི་རིན་ཐང་ངམ་དོན་ཆེན་པོ་ཟད་མི་ཤེས་སོ། །དེ་ལྟར་སེམས་སྦྱངས་ཤིང་ཚོགས་བསགས་པ་དེས་ནི་གཏི་མུག་གི་མཐུས་ནོན་ཏེ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་ཤིང་ལས་འབྲས་མ་ཤེས་ནས་སྡིག་པའི་ལས་དུ་མ་གོམས་ཤིང་བསགས་པའི་སྒྲིབ་པ་དང་ལྡན་པ་བདག་གི་རྒྱུད་ཀྱི་སྒྲིབ་པའི་དྲི་མ་སེམས་ཅན་གྱི་དོན་དུ་སྦྱང་བའམ། བྱི་དོར་ཤིན་ཏུ་བསྟེན་པའི་དྭངས་ཤེལ་ལ་གཟུགས་བརྙན་འཆར་རུང་བ་ལྟར། བསོད་ནམས་མ་ཡིན་པའི་རྒྱུད་རྙོག་པ་ཅན་དེ་ཉིད་དྭངས་ཤིང་གཙང་ལ་དག་པའི་སེམས་ཀྱི་ནང་དུ། རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཆོ་གའི་སྒོ་ནས་བླངས་པ་ཇི་བཞིན་ཐོབ་པས་བླ་ན་མེད་པའི་སྡོམ་པ་དེའི་གཟུགས་བརྙན་དངོམ་པ་ཡིན་ནོ། །བདག་ཅག་རྣམས་ལས་ངན་པའི་དབང་དུ་གྱུར་པའི་སྟེང་འདོད་ལྷ་བདུད་སྡིག་ཅན་དང་ཆུང་མ་དང་པདྨའི་ཕྲེང་བ་བཅས་ཀྱི་སྤྱི་བོ་ན་མེ་ཏོག་གི་མདའ་ལྔ་ཡོད་པ་འདི་ལྟ་སྟེ། ཐར་ལམ་བསྒྲུབ་པའི་བར་ཆད་དུ་ཆོས་དང་འཇིག་རྟེན་གྱིས་ཁེངས་ཤིང་དྲེགས་པར་བྱེད་པ༡་དང༌། བླང་དོར་གྱི་ཕྱོགས་ལ་རྨོངས་པར་བྱེད་པ༢་དང༌། ཕྱིན་ཅི་ལོག་ལྟ་བས་ཀུན་ནས་རྨོངས་པར་བྱེད་པ༣་དང༌། བརྗེད་ངས་ཀྱིས་དྲན་པ་ཉམས་པས་བརྒྱལ་བར་བྱེད་པ༤་དང༌། འཇིག་རྟེན་ཆོས་བརྒྱད་ཀྱིས་གཡེང་བར་བྱེད་པ༥་སྟེ་མེ་ཏོག་གི་མདའ་བསྣུན་པས་ཉོན་མོངས་པ་ལྔ་གང་ཤས་ཆེ་བ་དེ་ལ་ཕོགས་པས་དེ་རབ་ཏུ་འབར་བར་གྱུར་ཏེ་དེའི་དབང་དུ་སོང་ན་ཐར་པ་དང་མངོན་མཐོ་ལས་ཉམས་པར་གྱུར་པའི་ཉེས་པ་བརྒྱ་ཕྲག་མང་པོའི་གཡང་སར་ཐར་དཀའ་བའི་གནས་སུ་ལྷུང་བ་ཡི་རྒྱུད་ལ་རིམས་ནད་ཀྱི་རྣམ་གྲངས་མི་འདྲ་བ་མང་པོས་དུས་རིང་པོ་ནས་ཤིན་ཏུ་བཏབ་པའི་ནད་དེ་རྩ་ཉོན་ཉེ་ཉོན་ལ་སོགས་པ་རྣམས་ནད་ཀྱི་རྣམ་གྲངས་དེ་དག་གསོ་བའི་ཐབས་ཀྱང་འདུ་བའི་ནད་ལ་དཔྱད་བྱེད་པའི་གསོ་དཔྱད་ཕལ་པ་རྣམས་ཀྱིས་ཇི་ལྟར་བཟང་ཡང་དེའི་མདུན་སར་ནད་བཞི་བརྒྱ་རྩ་བཞི་རྣམས་ལས་འཚོ་བའི་ཐབས་མི་ཤེས་པ་ལྟར་གཞན་གྱི་ཉོན་མོངས་པའི་ནད་ལས་གྲོལ་བའི་དབུགས་མི་ཕྱིན་ཏེ། འོ་ན་སུས་ཕྱིན་ཅེ་ན། སྨན་པ་མཆོག་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་ལྷག་པར་དོང་བས་མྱང་འདས་སུ་གྲོལ་བར་འགྱུར་རོ། །བདག་གི་མོས་པ་བརྟན་པོས་གསོལ་བ་བཏབ་པ་གང་གིས་སླད་དུ་སེམས་བསྐྱེད་ལེན་པའི་གནས་འདིར་གཤེགས་ནས། མཐའ་ཡས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་རྟག་ཏུ་སྒྲིབ་མེད་དུ་གཟིགས་ཤིང་མཁྱེན་བརྩེའི་ཡེ་ཤེས་ཀྱིས་ཆགས་ཐོགས་མེད་པར་དགོངས་པའི་སྟོན་མཆོག་སངས་རྒྱས་རྣམས་ནི། ཐེག་པ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པའི་སར་གནས་པའི་སྐྱེས་བུ་བྱང་སེམས་འབའ་ཞིག་པའི་ཚོགས་ཀྱི་དབུས་ན་ཟླ་བ་རྒྱུ་སྐར་གྱི་དབུས་ནའམ་རི་རྒྱལ་རི་ཕྲན་གྱི་དབུས་ན་འཕགས་པ་ལྟར་སྐུ་གསུང་ཐུགས་ཀྱི་གཟི་བྱིན་མཆོག་ཏུ་འབར་ཞིང་མཐོང་ན་མི་མཐུན་པ་མེད་པར་ལྷམ་མེར་མཛེས་པར་བཞུགས་པ་ལ། དད་གུས་ཀྱི་གདུང་ཤུགས་དྲག་པོས་དཔང་པོར་གསོལ་བ་གདབ་པར་བྱའོ། །ཆོ་ག་དངོས་ལ། སྤྱིར་རྒྱ་ཆེན་སྤྱོད་པའི་སྲོལ་ལ་སྨོན་འཇུག་གི་སྡོམ་པ་འབོགས་ཆོག་སོ་སོར་ཡོད་ལ། ཟབ་མོ་ལྟ་བའི་ལུགས་སློབ་དཔོན་ཆེན་པོ་ཀྲིཥྞ་པའི་སྤྱོད་འཇུག་དཀའ་འགྲེལ་ལྟར་སྨོན་འཇུག་གི་སྡོམ་པ་ལེན་ཚུལ་དབྱེ་ན། སྨོན་སེམས་ལ་ཇི་ལྟར་སྔོན་གྱི་སོགས་ཤླཽ་ཀ་གཅིག་པོ་ལན་གསུམ་དང༌། འཇུག་སྡོམ་ནི་དཀྱུས་སུ་བསྟན་པ་བཞིན་ནོ། །གང་ལྟར་ཡང་སྐྱབས་འགྲོ་བདུན་ཅུ་པར། །སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་ལྟར་སོ་ཐར་སོགས་ཀྱི་སྡོམ་པ་གང་བླངས་ཀྱང་སྐྱབས་འགྲོ་དངོས་གཞིའི་རྟེན་དུ་དགོས་ལ། ཁྱད་པར་བྱང་སྡོམ་སྔོན་དུ་ཐེག་ཆེན་ཐུན་མིན་ཚུལ་གྱིས་སྐྱབས་སུ་འགྲོ་བ་ལ་ལན་གསུམ་གྱིས་སྒོ་ནས་སྐྱབས་སུ་འགྲོ་བར་བྱས་པས་གཞི་བཅས་ལ། སྐབས་འདིར་སྨོན་འཇུག་སྟབས་གཅིག་ལེན་པ་ལ། བླ་མ་ལས་ལེན་ན་བློ་བཅོས་པ་སྔར་བཤད་པ་ལྟར་བླ་མ་ཉིད་ཀྱིས་བྱས་ལ་བླ་མ་མེད་ན་རང་གི་བློས་སེམས་ལ་ངེས་པར་བྱས་ཏེ་ཕྱག་འཚལ་མཎྜལ་ཕུལ། པུས་བཙུགས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ། ཞེས་དགོངས་སུ་གསོལ་བ་གསུམ་གྱིས་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག་པ་ལས་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོའི་ངོ་བོར་སད་པར་བྱས་ནས། སྐབས་འདིར་རྒྱལ་བ་སྲས་དང་བཅས་པའི་ཚོགས་ཀྱིས་གཞན་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། དེ་རྣམས་ཀྱིས་ལམ་བསླབ་པ་གསུམ་གྱིས་བསྡུས་པའི་ཕྱིན་དྲུག་དང༌། བསྡུ་དངོས་བཞིའི་དོན་ལ་རིམ་པ་བཞིན་དུ་བསླབ་པར་མཛད་པའི་བརྟུལ་ཞུགས་ལ་གནས་པ་དེ་བཞིན་དུ། བདག་གིས་ཀྱང་མཐའ་དག་བསྒྲུབ་པར་བྱ་སྙམ་པས་བླང་བ་ཡིན་ནོ་ཞེས་སྤྱིར་དམ་བཅས་ནས། བྱེ་བྲག་ཏུ་ཐར་པ་ལ་སྒྲིབ་པའི་ཉོན་སྒྲིབ་ཟུག་རྔུའི་དུམ་བུ་གང་ཟག་གི་བདག་མེད་རྟོགས་པའི་སྟོབས་ཀྱིས་བཅད་པར་གྱུར་ཀྱང༌། ཐམས་ཅད་མཁྱེན་པ་ལ་སྒྲིབ་པའི་ཤེས་སྒྲིབ་ནི་ཆོས་ཀྱི་བདག་མེད་ཡོངས་རྫོགས་མ་རྟོགས་ཤིང་གོམས་པ་མེད་པས་འཁོར་འདས་བླང་དོར་དུ་བལྟ་བ་སོགས་ཡུལ་གྱི་རོ་ལ་བཅགས་པ་ཡི་གཉེན་པོས་དྲུངས་ནས་འབྱིན་མ་ནུས་པས། ཉན་རང་དགྲ་བཅོམ་རྣམས་ཤེས་སྒྲིབ་དུམ་བུ་ལས་མ་བསྒྲལ་བ་དེ་ལས་བསྒྲལ་བར་བྱ་སྙམ་པ་དང༌། སྒྲིབ་པ་གཉིས་ཀའི་འཆིང་བས་ཀུན་ནས་དཀྲིས་པ་ཡི་སྟེང་དུ་ལྟ་བ་མ་རུངས་པ་ཚངས་པ་ལ་སོགས་ཕྱིན་ཅི་ལོག་པ་མུ་སྟེགས་བྱེད་རྣམས་དང༌། གྲུབ་མཐར་མ་ཞུགས་པ་ཕལ་པ་སོ་སོའི་སྐྱེ་བོ་ནས། སློབ་པ་འཕགས་པ་ས་བཅུ་པའི་བར་ལ་གནས་པ་ཡི་སེམས་ཅན་སྒྲིབ་པ་དེ་དག་ལས་མ་གྲོལ་བ་རྣམས་དགྲོལ་བར་བྱ་སྙམ་པ་དང༌། ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་ཀྱིས་གཟིར་བས་བཟོད་དཀའ་ཞིང་ཡུན་རིང་བ་ལས། དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ་ན་གནས་པའི་སེམས་ཅན་རྣམས། དབུགས་འབྱིན་ཆེན་པོའི་གནས་ཏེ་གནས་སྐབས་མངོན་མཐོ་དང༌། མཐར་ཐུག་ཐར་པ་མཆོག་གི་གོ་འཕང་ལ་སྦྱར་བ་དང༌། མདོར་ན་སྲིད་པའི་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི་རང་བཞིན་བར་མ་ཆད་པར་འཁོར་བའི་འཁོར་ལོའི་རྒྱར་ལས་ཀྱིས་དབང་མེད་དུ་ཆུད་པའི་སྡུག་བསྔལ་དངོས་སུ་མྱོང་བའི་སེམས་ཅན་ཕལ་པ་ནས། ལས་ཀྱི་དབང་གིས་མི་འཁོར་ཡང་རྟེན་འབྲེལ་བག་ཆགས་གཉིས་སྣང་འཁོར་བའི་ཆོས་སུ་ཤར་བ་ཙམ་དབྱིངས་སུ་མ་ལྡོག་པའི་ས་བཅུའི་བྱང་ཆུབ་སེམས་དཔའི་བར་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་བདག་ཁོ་ནས་དགོད་པར་བྱེད་དོ་ཞེས་སྙིང་ཐག་པ་ནས་དམ་བཅའོ། །སྨོན་འཇུག་སྟབས་ཅིག་ལེན་ཚུལ་ཆོ་གས་ཇི་ལྟར་བཟུང་བའི་མཚན་ཉིད་བརྗོད་པ་ནི། སྔོན་བྱོན་དྲང་སྲོང་ཀླུ་སྒྲུབ་ཡབ་སྲས་རྗེས་འབྲངས་དང་བཅས་པ་རྣམས་ཀྱི་ལུགས་ལ་བརྟེན་ཞེས་ཐེག་ཆེན་དབུ་མའི་ལུང་འབོགས་ཆོ་ག་རྒྱས་བསྡུས་གང་རུང་ལ་བརྟེན་པར་གསུངས་ལ་གཞུང་ཚིག་ལན་གསུམ་བརྗོད་པས་ཀྱང་རུང་ངོ༌། །དང་པོ་བླངས་ནས་བཟུང་དུས་རྟག་ཏུ་ཉིན་དང་མཚན་མོ་ལན་གསུམ་དུ། སྤྱོད་འཇུག་ལྟར་བྱང་སྡོམ་ལེན་ཆོག་གི་སྒོ་ནས་སྨོན་འཇུག་བྱང་ཆུབ་ཀྱི་སེམས་གཉིས་ལེན་ཞིང༌། དེ་ཡང་ཁ་ཁྲལ་ལྟར་མ་ཡིན་པར་སེམས་རྣམ་པ་དེ་གཉིས་ཀྱི་ངོ་བོར་བསྐྱེད་ཅིང་གོམས་པར་བྱ་བ་ལ་ནན་ཏན་བྱའོ། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པས་རྐྱེན་ལ་རག་ལས་ཤིང་ཁྱད་པར་རང་གི་འདུན་པ་གང་ལ་བཞག་པའི་རྩེ་ལ་སྒོ་གསུམ་གྱི་བྱ་བའི་ཆོས་རྣམས་དགེ་མི་དགེ་གང་དུ་འགྱུར་བའི་རྐྱེན་ཆགས་པས། སྐབས་འདིར་སེམས་གཉིས་སྟབས་གཅིག་ལེན་པའི་ཆོ་ག་ལན་གསུམ་དུ་སྟེ་བརྗོད་པ་དང་པོས་སྨོན་པ་དང༌། གཉིས་པས་འཇུག་པ་དང༌། གསུམ་པས་སྨོན་འཇུག་གཉིས་ཀ་ཆེས་བརྟན་པར་ཐོབ་པ་ནི། སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་བཞེད་པ་བླ་ན་མེད་པའོ། །བདག་སོགས་འཁོར་བའི་སེམས་ཅན་ཕལ་པ་རྣམས་ཀྱིས་སྔོན་ཆད་སྐྱེ་བ་དུ་མར་ཕ་མ་དང་དྲང་སྲོང་ཚངས་པ་སོགས་གྱུར་པའི་ཚེའང་སེམས་ཅན་གཞན་གྱི་དོན་ལ་ལྟ་ཅི་སྨོས། རང་དོན་ཉིད་ཀྱི་དོན་དུ་མངོན་སུམ་དུ་མི་སྐྱེ་བ་མ་ཟད་རྨི་ལམ་དུ་རྨི་བའང་མ་མྱོང་བའི་རིན་པོ་ཆེ་ཐམས་ཅད་ཀྱི་ནང་ནས་རིན་ཆེན་དབང་གི་རྒྱལ་པོ་རིན་ཆེ་བ་ལྟར། དགེ་བའི་སེམས་ཀྱི་ཁྱད་པར་གསར་པ་འདིས་བདག་གི་མི་ཡི་སྲིད་པ་འདིར་དོན་ཆེན་འབྲས་བུ་རྙེད་པས་རིན་ཐང་གཞལ་དུ་མེད་པར་བྱས་སོ། །དཔེ་ཇི་ལྟར་ན། རྒྱལ་བུ་དྭའུ་རྒྱལ་རིགས་ལས་ཉམས་ནས་གདོལ་པ་དང༌། དམངས་རིགས་སུ་འཁྱམས་ཏེ་དེ་དག་གི་བྱ་བ་ཡང་བྱས་པ་གང་ཞིག །ཕྱིས་རྒྱལ་བུ་ཡིན་པ་ངོ་ཤེས་ནས་ཆོ་རིགས་ཀྱི་ལྷག་པར་བཙུན་པ་རང་གི་ཕའི་རྒྱལ་སྲིད་ཀྱི་གནས་གསར་དུ་ཐོབ་པ་ཇི་བཞིན་དུ། སེམས་ཀྱི་རང་བཞིན་ཆོས་སྐུའི་གདུང་ངམ་དེ་བཞིན་གཤེགས་པའི་རིགས་སུ་ངོ་ཤེས་ནས། རྒྱལ་བའི་མཛད་པ་བསྒྲུབ་པ་ལ་ཞུགས་པས་རྒྱལ་བ་ཀུན་གྱི་སྲས་སུ་དེང་གྱུར་པས། ཐེག་ཆེན་གྱི་རྒྱལ་སྲིད་ལ་དབང་བའི་བྱང་ཆུབ་སེམས་དཔའི་མིང་གི་ཅོད་པན་ཐོབ་བོ། །ས་འོག་ས་སྟེང་ས་བླ་སྟེ་སྲིད་གསུམ་བདག་པོ་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོ་དང༌། ཚངས་པ་ལ་སོགས་པ་དང༌། འཇིག་རྟེན་གསུམ་པོ་རང་རང་གི་གནས་ན་ཆེ་བའི་ལྷ་ཀླུའི་མིའི་རྒྱལ་པོ་བྱས་ཏེ། འཇིག་རྟེན་ན་ང་ལས་ཆེ་བ་མེད་དོ་སྙམ་པ་དང༌། ཆེ་བར་རློམ་པ་དེ་ཉིད་ཀྱིས་འཇིག་རྟེན་རྨོངས་པའི་དབང་གིས་མཆོག་ཏུ་འཛིན་པའི་རྒྱལ་ཕྲན་དང༌། བློན་པོ་སོགས་འཐོབ་དང་མངའ་ཐང་གི་བླ་དྭགས་དཔྱངས་ཏེ་མིང་བཏགས་པ་དེ་དག་ནི་འཁོར་བའི་རང་བཞིན་ལ་མཐོ་དམན་ངེས་པ་མེད་པའི་འཕྲལ་སྣང་ཉམས་དགའ་བ་ཙམ་ལས། རྟག་པ་མེད་པ་དེ་ཙམ་ལའང་རང་ཉིད་དྲེགས་ཤིང་གཞན་དག་དགའ་བར་བྱེད་པའི་གནས་སུ་ལྟ་ན། དེ་འདྲ་ལན་བརྒྱ་ཕྲག་དུ་མར་བྱས་ཀྱང་སྙིང་པོ་མེད་ལ། ད་རེས་ཐེག་ཆེན་གྱི་རྒྱལ་སྲིད་དང་བྱང་ཆུབ་སེམས་དཔའི་མིང་གི་གནས་ཐོབ་སྟེ་འགྲོ་བའི་མགོན་དུ་གྱུར་པ་ནི་དེ་རིང་ཙམ་ཡིན་ལ། རྒྱུ་དེ་ལས་སེམས་ཅན་གྱི་ཁམས་མཐའ་ཡས་པ་དག་ཀྱང་དབུགས་དབྱུང་བའི་སེམས་མི་འདོར་ཞིང༌། ཕན་སེམས་ཁོ་ནས་བདེ་བའི་ལོངས་སྤྱོད་ལ་མགྲོན་དུ་བོས་ནས་ཚིམ་པར་བྱས་ནུས་པ་ཡིན་པས་དགའ་བའི་འཁྲི་ཤིང་སློང་བ་ལ་ལྷ་ཡང་སྟེ་ཡང་གི་སྒྲས་ལྷ་མིན་ལ་སོགས་པ་དག་ཀྱང་ཕྱོགས་ཤིག་ཅེས་གཞན་གྱི་སེམས་གཟེངས་བསྟོད་དོ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས་དེ་ལ་གནས་སྐབས་དུས་མ་ཡིན་པའི་འཆི་བ་དང༌། འཕགས་ས་ཐོབ་ན་སྐྱེ་འཆི་རང་མཚན་པ་བྲལ་ཞིང་མཐར་ཐུག་བསམ་གྱིས་མི་ཁྱབ་པའི་འཆི་བདག་གི་བདུད་ཀྱི་རྒྱུ་བ་རྩད་ནས་འཇོམས་ཤིང༌། མི་གནས་པའི་མྱང་འདས་ཐོབ་པའི་ཕྱིར་བདུད་རྩི་དང་ཚོགས་གཉིས་ཀྱི་མཛོད་དང་ལྡན་ཞིང་ཟང་ཟིང་གི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་གྱུར་པས་འགྲོ་བ་རྣམས་ཀྱི་བཀྲེན་པ་མཐའ་དག་གི་དབུལ་བ་སེལ་བའི་ཡིད་བཞིན་གྱི་ནོར་བུ་དང༌། ཉོན་མོངས་པ་དང་དེས་སྐྱེད་པའི་འདུ་བའི་ནད་ཐམས་ཅད་ཞི་བའི་སྨན་མཆོག་དང༌། འགྲོ་ཀུན་ཕན་བདེའི་གནས་སུ་གྱུར་བས་སྲིད་པའི་ལམ་དུ་སྡུག་བསྔལ་སྣ་ཚོགས་ཀྱིས་དུབ་ཅིང་བདེ་བ་དོན་དུ་གཉེར་བར་བྱེད་པའི་མགྲོན་པོའི་སེམས་ཅན་རྣམས་ལ་དབུགས་འབྱིན་སྟེར་བའི་ངལ་སྟེགས་སོགས་ཡིན་པའི་ཕྱིར། བདག་ནི་དེང་གི་དུས་འདི་ནས་བཟུང་སྟེ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་ཉེར་འཚོར་གྱུར་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ཚོམས་ཏེ་ལེའུ་བརྒྱད་པའོ།། །།འཇིག་རྟེན་གྱི་བྱ་བ་འགའ་ཞིག་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང༌། སྔོན་ཆད་བྱ་བ་དེ་བསྒྲུབ་དཀའ་སླ་དང༌། ལེགས་ཉེས་ཅི་ཡོད་སོགས་ལེགས་པར་ཏེ་ཞིབ་ཏུ་མ་བརྟགས་པར་བབ་ཅོལ་གྱི་སྒོ་ནས། བདག་གིས་འདི་བྱའོ་ཞེས་དམ་བཅའ་བཟུང་ནས་བྱ་དཀའ་བ་སོགས་མཐོང་ན། དེ་སླར་གཏོང་བ་ལའང་ཡིད་གཉིས་སུ་གྱུར་ཏེ་གཞན་གྱིས་ཁྲེལ་བ་ལ་སོགས་པའི་གནས་མཆི་ན། རྒྱལ་བ་སངས་རྒྱས་རྣམས་དང་དེ་སྲས་བྱང་སེམས་རྣམས་ཀྱི་ཐོས་བསམ་སྒོམ་པའི་ཤེས་རབ་ཆེན་པོའི་མཐུས། བསྐལ་པ་གྲངས་མེད་པ་མང་པོར་གདོན་མི་ཟ་བར་བརྟགས་པ་ཡིད་ཆེས་ཤིང་དོན་དང་ལྡན་པའི་བླང་དོར་ཚུལ་བཞིན་བྱེད་པའི་གནས་དམ་བཅས་ཏེ་སླར་བཏང་ན་བདག་གིས་སེམས་ཅན་ཀུན་བསླུས་པས། ཕྱི་མར་བདེ་འགྲོ་དང་བྲལ་བའི་གནས་མུ་མཐའ་མེད་པའི་ངན་འགྲོར་འཁྱམས་པར་འགྱུར་ཏེ། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་ན་ཉེས་པའི་ཚོགས་ཆེན་པོ་ལྟ་ཅི། སེམས་ཅན་གཅིག་གི་སྲོག་འཚོའི་བདེ་བའམ་ལོངས་སྤྱོད་སོགས་ཀྱི་བདེ་བའང༌། གསོད་པ་དང་ལོངས་སྤྱོད་འཕྲོག་པ་སོགས་བདེ་བ་བཤིག་ན། ལས་དེས་བདག་ཉིད་བདེ་འགྲོ་ལས་ཉམས་ཏེ་ངན་འགྲོར་འཕེན་པའི་ཕྱིར་དང་ཐ་ན་སེམས་ཅན་གཅིག་ལ་གནོད་པ་ཆུང་ངུའི་ལས་དེ་ཙམ་ཡང་མི་བགྱིད་དོ། །བྱང་སྡོམ་འདི་སོར་སྡོམ་ལྟ་བུ་མ་ཡིན་པས་སླར་གསོ་རུང་ཞེ་ན། དེ་ལྟར་ལྟུང་བ་སྟོབས་དང་ལྡན་པ་དང་བྱང་ཆུབ་སེམས་སྟོབས་གཉིས་ཀར་ལྡན་ནའང༌། ཕན་ཚུན་འཁོར་བར་རེས་མོས་ཀྱིས་འདྲེ་བར་བྱེད་པ་གང་ཡིན་པ་མོས་སྤྱོད་ཀྱི་ས་ཐོབ་པ་ལ་ཡང་ཡུན་རིང་པོར་འཐོགས་པར་འགྱུར་ན་རབ་དགའ་སོགས་ལ་སྨོས་ཅི་དགོས། དེས་ན་ཤེས་བཞིན་དུ་བླང་དོར་གྱི་བསླབ་བྱ་རྣམས་གཏོང་བར་བྱེད་པའི་སྐྱེས་བུ་ནི། རང་ཉིད་རླག་པར་བྱེད་པའི་སྐྱེས་བུ་སྨྱོན་པ་བཞིན་ཡིན་པས་བསྲུང་བར་བྱའོ། །ཉོན་མོངས་པ་ལ་འཁོན་དུ་བཟུང་བའི་ཚུལ་འཇིག་རྟེན་འདི་ན་གང་ཟག་གང་ཞིག །གནོད་པའི་རྒྱུ་མངའ་ཐང་དང་ལོངས་སྤྱོད་འཕྲོག་པ་ཙམ་ལ་གནོད་པར་བྱེད་པ་དང༌། དེའི་འབྲས་བུ་ཟས་གོས་ལོངས་སྤྱོད་ཆུང་དུ་ལའང་ཁྲོས་པའི་དབང་གིས་བདག་རྒྱལ་བར་འདོད་པའི་ང་རྒྱལ་ཤིན་ཏུ་བདོ་བ་རྣམས་ལ། ཕ་རོལ་པོས་མདའ་མདུང་ལ་སོགས་པའི་མཚོན་གྱིས་རང་ལ་ཆད་པ་རྩུབ་མོ་ཅི་བྱུང་ཡང་བཟོད་པར་བྱས་ནས། རང་གི་བསམ་རྒྱུའི་དོན་མ་གྲུབ་བར་ཁ་ཕྱིར་ཕྱོགས་ཏེ་འབྱེར་བར་མི་བྱེད་ན། ཡུན་རིང་ཐོག་མ་མེད་པ་ནས་རྣམ་པ་ཀུན་ཏུ་ཕན་མི་འདོགས་ཤིང་བཏང་སྙོམས་ཙམ་ཡང་མི་གནས་པར་བདག་ལ་དགྲར་གྱུར་པའི་ཉོན་མོངས་སྟོབས་ཆེན་གྱི་ཚོགས་འདི་དང་གཡུལ་སྤྲད་ནས་གཉེན་པོ་བསྟེན་པའི་ཚེ་ན། བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱིས་སུན་འབྱིན། ཏིང་ངེ་འཛིན་གྱིས་མགོ་གནོན། ཤེས་རབ་ཀྱིས་དྲུངས་ནས་ཕྱུང་སྟེ་འཁོན་དུ་བཟུང་བའི་ཆོ་ག་ཉོན་མོངས་སྤོངས་བའི་ཕྱོགས་ལ་ཆེད་དུ་བརྩོན་པའི་གཉེན་པོའི་སྒོ་ནས་བྱ་བ་མ་ཞིག་པ་དགོས་ལ། འཕགས་ས་མ་ཐོབ་ཀྱི་བར་དུ་བསླབ་པ་བསྲུང་བའི་བརྟུལ་ཞུགས་སུ་ཞིག་གིས་གཏོང་སྟེ། སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོངས་མི་ནུས། །ཞེས་སོ། དེ་ཡང་འཁྲུལ་སྣང་གི་བག་ཆགས་ཤིན་ཏུ་བརྟན་པའི་སྐབས་འདི་ན་ཉོན་མོངས་པའི་བཙོན་རར་བདག་ཏུ་འཛིན་པའི་འཆིང་བ་དམ་པོས་བསྡམས་པ་ཡི་རང་བཞིན། བདག་གི་རྒྱུད་ཀྱི་ཉོན་མོངས་སྤོང་བར་བྱེད་པའི་ཚོད་ཀྱང་རིག་པར་མི་འགྱུར་ན། མཐའ་དག་པའི་འགྲོ་བ་ཐམས་ཅད་ཉོན་མོངས་པ་བག་ཆགས་དང་བཅས་པ་དེ་ལས་དབུགས་འབྱིན་ཞིང་སངས་རྒྱས་ཀྱི་སར་སྒྲོལ་བའི་ཕྱིར་དམ་བཅའ་བརྟན་པ་མི་ཉམས་པ་ག་ལ་ཞིག་སྟེ། དེའི་ཕྱིར་ན་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་བསལ་བའི་དོན་དུ་དང་པོ་རང་གི་ཉོན་མོངས་སྤོང་བྱེད་ཀྱི་ཐབས་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་དང༌། བསླབ་པའི་གནས་མི་བརྗེད་པའི་དྲན་པ་དང༌། སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ལ་བརྟགས་པ་ཤེས་བཞིན་ཏེ་འདི་གསུམ་དང་ལྡན་པའི་གང་ཟག་གི་རྒྱུད་ས་གཞི་གཤིན་པ་དང་འདྲ་བ་ལ། བྱང་ཆུབ་སེམས་ཀྱི་ས་བོན་བཞག་པ་ཙམ་མ་ཡིན་པར་ལྷག་བསམ་དག་པའི་མྱུ་གུ་བསྐྱེད་སླ་བས། འདི་དག་ནི་ཤིན་ཏུ་གནད་གལ་པོ་ཆེ་ཡིན་པས་དབྱེ་འབྱེད་སེམས་ཐོག་ནས་ཤེས་པར་བྱའོ། །དེ་ལྟར་སེམས་བསྐྱེད་དང་བྱང་སེམས་བསླབ་པ་མི་ཉམས་པར་བཟུང་ཞིང་འདི་མ་བཏང་བ་ཙམ་གྱིས་མི་ཆོག་སྟེ། མི་མཐུན་ཕྱོགས་ལྟུང་བའི་དྲི་མ་སྦྱོང་བ་དང༌། མཐུན་ཕྱོགས་སེམས་བསྐྱེད་དང་བསླབ་པ་སྤེལ་བའི་ཐབས་ཐོས་བསམ་སོགས་དགེ་བའི་བཤེས་གཉེན་བསྟེན་པ་དང༌། ཚོགས་བསགས་སྒྲིབ་སྦྱོང་སོགས་ཐེག་ཆེན་བསླབ་བྱ་ལ་ནན་ཏན་བགྱིད་འཚལ་ལོ། །དེ་ལ་ལྟུང་བའི་རབ་དབྱེ་སྡེ་སྣོད་རྣམས་ལས་དུ་མ་གསུངས་པ་བསྡུ་ན། ནམ་སྙིང་མདོ་ཡི་བཅོ་བརྒྱད། གསང་ཆེན་ཐབས་ལ་མཁས་པའི་མདོ་དང༌། དཀོན་བརྩེགས་ལས་གསུངས་པ་རེ་རེ་སྟེ་ཉི་ཤུ་ནི། དཀོན་མཆོག་དཀོར་འཕྲོག་ལ་སོགས་རྒྱལ་པོའི་ལྔ་དང༌། གྲོང་དང་གྲོང་བརྡལ་འཇོམས་པར་བྱེད་པ་ལ་སོགས་བློན་པོའི་ལྔ་སྟེ་བཅུ། བློ་མ་སྦྱངས་པ་ལ་སྟོང་ཉིད་སྟོན་པ་སོགས་ཕལ་པའི་བརྒྱད་དེ་བཅོ་བརྒྱད་དང༌། ཉན་རང་ཡིད་བྱེད་ཀྱིས་སྨོན་པ་དང༌། སྦྱིན་སོགས་དམ་བཅའ་ཉམས་པས་འཇུག་སེམས་གཏོང་བ་སྟེ་ཉི་ཤུ་པོ་རྣམས་སྤང་དགོས་སོ། །མདོར་ན་རྨི་ལམ་དུ་ལྟུང་བ་འབྱིན་པ་སོགས་སྡིག་པ་བྱས་པ་མཐོང་ན་ཡང༌། སད་དུས་བག་ཆགས་ཀྱི་མཐུས་ཡིན་པས་ཕྱི་བཤོལ་མེད་པར་དེ་མ་ཐག་ཏུ་ཕྱག་འཚལ་བ་དང༌། བཤགས་པ་དང༌། བསྔོ་བ་སྟེ་ཕུང་པོ་གསུམ་པ་ཚང་བའི་མདོ་འདོན་པ་ལ་སོགས་པས་བཤགས་པ་བྱ་དགོས་ན། སད་དུས་ཀྱི་ཉེས་ལྟུང་བསམ་བཞིན་བྱས་པ་ལ་ལྟ་ཅི་སྨོས། བྱང་སེམས་ཀྱི་བསླབ་པ་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཐ་ན་སེམས་ཅན་གཅིག་ཙམ་བློས་བཏང་ནས་སྨོན་སེམས་ཤོར་བ་དང༌། འགལ་ཟླ་མི་མཐུན་ཕྱོགས་རྩ་ལྟུང་གང་རུང་བྱུང་བ་དང༌། སྡོམ་པ་རྩ་བ་ནས་སྤོང་བའི་རྐྱེན་བསླབ་པ་ཕུལ་བ་གསུམ་པོ་དག་ལས། ཉིན་མཚན་སོ་སོའི་ཆ་ཐུན་གསུམ་གསུམ་དུ་བཅད་པའི་སྔ་དྲོ་ལྟ་བུ་དྲུག་ཆའི་དང་པོ་ནས་ལྟུང་བ་བྱུང་ནས་གཉིས་པའི་ཐུན་ཚོད་བཤགས་ཚད་དེ་ལས་ཉམས་ཤོར་ན། གཏུགས་པ་ཞེས་ཕྱིར་བཅོས་ཀྱིས་སོར་ཆུད་པ་མ་ཡིན་པས་འགྱོད་སེམས་ཀྱིས་སྐྱ་རེངས་འཆར་དུ་ཉེ་བ་ན། གཙང་སྦྲ་དང་བཅས་ཁ་ཤར་དུ་ཕྱོགས་ནས་པུས་མོ་བཙུགས་ཏེ་མདུན་དུ་ནམ་མཁའི་སྙིང་པོ་ཡིད་ལ་བོས་ནས་ཡན་ལག་བདུན་པ་འབུལ་བའམ་ཡང་ན། ཡི་དམ་གྱི་ལྷ་ཡི་མདུན་དུ་ཐུན་མིན་གྱི་ཡན་ལག་བདུན་པ་བྱས་ལ་བཤགས་པས་ལྟུང་བ་ལས་ལྡང་ངོ༌། །དབང་པོ་རབ་ཏུ་གྱུར་པས་ལྟུང་བ་བཤགས་པའི་ཚུལ། ཐར་པ་ཆེན་པོའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་པ་ལྟར་རོ། །བདག་གི་བདེ་བ་དང་ཡོན་ཏན་ཐམས་ཅད་དབུགས་དང་ལྷན་ཅིག་ཏུ་གཞན་སེམས་ཅན་རྣམས་ལ་ཡང་དག་པར་སྨིན་པར་བསམ་ནས་སྤོ་བ་དང༌། དབུགས་ནང་དུ་རྔུབ་པའི་ཚེ་གཞན་སེམས་ཅན་གྱི་སྡུག་བསྔལ་དང་སྐྱོན་ཐམས་ཅད་བྲལ་ནས་བདག་གི་རྒྱུད་ལ་སྨིན་པའི་ཁུར་དང་དུ་བླང་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པ་རྣམས་བདག་ཁོ་ནས་བཟོད་པར་བྱའོ་སྙམ་པའི་གོ་ཆ་བགོས་ཏེ་དེ་ལྟར་གཏོང་ལེན་སྙིང་སྟོབས་རྨད་དུ་བྱུང་བ་རང་རྒྱུད་ལ་འདུ་བྱེད་ཅིང༌། ཇི་སྲིད་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་བར་དུ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཏེ་བདེ་བ་དེ་དག་དང་མི་འབྲལ་བ་ཕྱི་ཕྱིར་ཏེ་ཡང་ཡང་སྨོན་ནོ། །དེ་ལྟར་སྨོན་བའི་བསླབ་བྱ་ནི་བསམ་པ་བཟང་པོའི་ཚད་མེད་བཞི་པོའང་བདག་གཞན་མཉམ་བརྗེ་བསྟན་པ་དེ་ལ་བློ་ལེགས་པར་སྦྱང་བ་དང༌། སེམས་ཅན་འདི་རྣམས་ཐོག་མེད་ནས་ཕ་མ་བྱས་ཏེ་དྲིན་ཆེན་པོས་བསྐྱངས་པའི་སྒོ་ནས་ཕན་འདོགས་པར་བྱས་པ་དེ་དྲན་ནས། དྲིན་དུ་གཟོ་བར་འདོད་པ་ལས་བྱམས་པ་སྐྱེ་ཞིང༌། བྱམས་པ་ལས་སྙིང་རྗེ་དང༌། སྙིང་རྗེ་དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཐེག་ཆེན་པོའི་སྡེ་སྣོད་རྣམས་ལས་གསུངས་པའི་དོན་བྷཾ་ག་ལའི་པཎྜི་ཏས་རྒྱུ་འབྲས་མན་ངག་བདུན་ལྡན་དུ་བཞེད་པས་ན་ཚད་མའི་ལུང་གིས་ཡང་དག་པར་གྲུབ་སྟེ། རྒྱུ་འབྲས་མན་ངག་བདུན་ནི། མར་ཤེས་པ་དང༌། དྲིན་དྲན་དང༌། དྲིན་གཟོ་བ་དང༌། ཡིད་འོང་གི་བྱམས་པ་དང༌། བརྩེ་བའི་སྙིང་རྗེ་དང༌། ལྷག་བསམ་རྣམ་དག་དང༌། རང་འབྲས་བླ་ན་མེད་པའོ། །དང་པོ་མར་ཤེས་པ་ནི། མར་མ་གྱུར་པ་སེམས་ཅན་གཅིག་ཀྱང་མེད་ལ། མགོན་པོ་ཀླུས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སོ། །གཉིས་པ་དྲིན་དྲན་པ་ནི། བཙས་མ་ཐག་པའི་སྐྱེས་བུ་མི་གཙང་བའི་སྲིན་བུ་དང་འདྲ་བ་བཞིན་ངན་ལ་གདོན་དང༌། གྲུལ་བུམ་གྱི་བྱད་དང་འདྲ་བ་དེ། མ་ཡི་ཚམ་ཚོམ་མེད་པར་པང་པར་བླངས་ནས་ནི་ཁྲུས་ཁང་ལྟར་བྱས་ཏེ། དེ་ནས་མི་གཙང་བ་མཐའ་དག་གོས་ལ་སོགས་པས་རྩུབ་ཀྱི་དོགས་ནས་ལག་པས་ཉེ་རེག་བྱས་ཏེ་ཕྱི་བར་བྱེད་དོ། །ཁ་ཟས་ལ་བརྟེན་མི་ནུས་པས་ནུ་ཞོས་བསྙེན་བཀུར་ལུས་ཀྱི་རེག་བྱ་འཇམ་པོས་གཡོགས་ཏེ་མི་སྐྱོ་བར་བྱས། ཆེ་སྟེ་ཤི་ཡི་དོགས། འབྲིང་སྟེ་ན་ཡི་དོགས། ཆུང་སྟེ་ལྟོགས་ཀྱི་དོགས། སྐོམ་གྱི་དོགས། འཁྱགས་ཀྱི་དོགས་ནས་མི་མཐུན་པའི་ཕྱོགས་སྤང་ལ་བརྩོན་པ། བུ་ཆུང་ཅུང་ཟད་ན་བ་ལས་བདག་ཉིད་འཆི་བར་འདམ་ཤིང༌། བུ་དེའི་དོན་དུ་གཞན་ལ་ཁོང་ཁྲོ་བ་སོགས་སྡིག་དང་དཀའ་ཚེགས་ཚ་གྲང་སོགས་སྡུག་བསྔལ་དང༌། གཏམ་ངན་མཐའ་དག་བསྲན་ཅིང་བཟོད་ནུས་པའི་མ་དེའི་དྲིན་དང་རིམ་གྲོ་དེ་ཙམ་བྱས་པ་ལ་ཅི་ཡང་མི་སེམས་པར་ཁྱད་དུ་གསོད་པར་བྱེད་ན། དེ་ལས་ཆོ་ག་སྟེ་བྱ་བ་འཁྲུགས་པའམ་ངན་པ་བསམ་སྦྱོར་ཉམས་པ་སུ་ཞིག་ཡོད་དེ་མེད་དོ། །དེས་ན་ས་འདིའི་རི་རབ་དང་རྒྱ་མཚོ་ནས་ལྕགས་རིར་བཅས་པ་བདག་གིས་ཁུར་ན་ཡང་ཁུར་ཆེན་པོ་མ་ཡིན་ཏེ། བྱས་པ་དྲིན་དུ་མི་གཟོ་བའི་སྡུག་བསྔལ་གྱི་ཁུར་ཆེན་པོ་ཤིན་ཏུ་བཟོད་དཀའ་བ་ཟད་མཐར་ཐུག་པ་མེད་པ་ནི། དབྱིག་དུག་གྱུར་དུག་ལ་ནུས་པ་ཆེས་ཆེར་བྱེད་པའི་བཙན་དུག་བསྲེས་པ་ལྟ་བུ་དུག་ལྡན་གྱི་བཟའ་བ་ཁོང་དུ་ཆུད་པའི་སྐྱེ་བོ་བཞིན་ཉམས་པར་མི་འགྱུར་སྙམ་ཡང་ཉམས་པར་འགྱུར་ཏེ། ལུང་རྣམ་འབྱེད་ལས། ས་རྣམས་དང་ནི་རི་རྣམས་དང༌། །རྒྱ་མཚོ་བདག་གི་ཁུར་མིན་ཏེ། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་གྲངས་ཕ་མཐའ་ཡས་པའི་སེམས་ཅན་མ་ལུས་པ་ཀུན། མ་རུ་ལན་མང་དུ་གྱུར་ནས་ཕན་ཆེན་པོ་བཏགས་པ་དེ་ལྟ་བུ་ནི་གཞན་སུས་ཀྱང་མི་ནུས་པས་དམ་པ་མཆོག་ཏུ་གྱུར་པའི་དྲིན་ཆེན་དེ་ཡང་ཡང་དྲན་པས་སུ་མཐོང་དྲིན་ཅན་དུ་ཤེས་པར་བྱའོ། །གསུམ་པ་དྲིན་གཟོ་བ་ནི། འདི་དག་ལ་དྲིན་ལན་དུ་ཕན་གདགས་དགོས་པས་ཕན་ཆེན་པོ་ཇི་ལྟར་གདགས་སྙམ་ནས་ཐབས་ལ་བརྩོན་པའོ། །བཞི་པ་ཡིད་འོང་གི་བྱམས་པ་ནི། དེ་ལྟར་གོམས་པས་སེམས་ཅན་གྱིས་རང་ལ་དགྲ་བྱེད་པ་མཐོང་ནའང༌། མས་བུ་ལ་བརྩེ་བ་ལྟར་དེ་ལ་ཁོང་མི་ཁྲོ་བར་མ་ཟད་སྙིང་ནས་བརྩེ་ཞིང་ཡིད་དུ་འོང་བའི་སྒོ་ནས་བདེ་བ་དམ་པ་དང་འཕྲད་པའི་ཐབས་ལ་སྦྱོར་བར་འདོད་པའོ། །ལྔ་པ་བརྩེ་བའི་སྙིང་རྗེ་ནི། བྱམས་སེམས་དེ་ལས་སྙིང་རྗེ་སོགས་ཚད་མེད་ལ་བློ་ངང་གིས་འབྱོང་ཏེ་བྱམས་ཡུལ་དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་བྱུང་བ་དེ་ལ་མི་བཟོད་པར་སྤང་འདོད་པའོ། །དེའི་ཚེ་སེམས་ཅན་གྱིས་བདེ་སྐྱིད་མྱོང་ན་རང་ལ་བྱུང་བ་ལས་ཀྱང་བླ་ལྷག་ཏུ་སྤྲོ་ཞིང་དགའ་བ་དེ་ཡང་ཉེ་རིང་ཆགས་སྡང་དང་བྲལ་བ་མཉམ་པར་ལྟ་བའི་ཚད་མེད་བཞི་པོ་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །དྲུག་པ་ལྷག་བསམ་དག་པ་ནི། དེ་ལྟར་ཚད་མེད་བཞི་པོ་རྒྱུད་ལ་གོམས་པས། སྙིང་རྗེའི་སར་བཞག་པ་ཡིད་འོང་གི་སེམས་ཅན་འདི་དག་གཏན་བདེ་རྣམ་གྲོལ་དུ་དགོད་པའི་ཁུར་ལེན་གཏིང་ནས་སྐྱེ་བའོ། །བདུན་པ་རང་འབྲས་བླ་མེད་ནི། དེ་ལྟར་བྱས་པ་ཤེས་པ་དང་དྲིན་དུ་གཟོ་བ་སོགས་བསམ་པ་དང་ལྡན་པ་ཡི་སྐྱེས་བུ་གང་ཡིན་པ་དེ་ལ། དད་སོགས་འཕགས་པའི་ནོར་བདུན་གྱིས་བསྙེན་པར་འགྱུར་བ་ཆོས་ཉིད་ཡིན་ནོ། །བྱང་ཆུབ་སྨོན་པའི་སེམས་སེམས་ཅན་གྱི་ཁམས་ཡིན་ནོ་ཅོག་ཡལ་བར་མི་འདོར་བའི་བསམ་པ་བཟང་པོ་སྟོན་ཀའི་ཟླ་བ་གསར་པ་དང་འདྲ་བའི་སེམས་བསྐྱེད་པ་དེ་ལ། སྒྲིབ་བྱེད་སྒྲ་གཅན་གྱི་གདོང་བས་ཀྱང་ཐུ་བའི་མི་མཐུན་ཕྱོགས་ནི། ནག་པོའི་ཆོས་བཞི་པོ་ཡིན་པས་གཉེན་པོའི་སྟོབས་ཀྱིས་རིང་དུ་བསྐྲད་པར་བྱའོ། །དེ་ཡང་བླ་མ། སློབ་དཔོན། མཁན་པོ། སྦྱིན་གནས་ཡོན་ཏན་དང་ལྡན་པ་སྟེ་མཆོད་འོས་བསླུ་བ་དང༌། གང་ཟག་གཞན་བསོད་ནམས་ཆ་མཐུན་ཐེག་གསུམ་གང་རུང་ལ་ཞུགས་ཏེ་ཐར་པ་ཆ་མཐུན་གྱི་བསོད་ནམས་བསགས་པ་ལ། ཐེ་ཚོམ་བསྐྱེད་དེ་ཁྱོད་ཀྱིས་སྡོམ་པ་མ་ཐོབ་ཞེས་སོགས་བརྗོད་ནས་འགྱོད་པའི་གནས་ལ་སྦྱར་བ་དང༌། ཡུལ་དམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་རྣམས་ལ་དངོས་སུ་སྐུར་ཞིང་ལྐོག་ཏུ་མི་སྙན་པ་སྒྲོག་པ་དང༌། རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པའི་གཡོ་དང༌། ཡོན་ཏན་མེད་ཀྱང་ཡོད་བརྫུའི་སྒྱུས་བྲེ་སྲང་སོགས་ཀྱི་སྒྱུ་ཐབས་ཀྱི་སྤྱོད་པ་སྣ་ཚོགས་པས་གཞན་དག་མགོ་བོ་བསྐོར་བ་སྟེ་ཆོས་བཞི་པོ་དེ་གང་རུང་ཉམས་སུ་མྱོང་ཚེ་སྨོན་སེམས་ཤོར་བ་ཡིན་ལ། ལྟུང་བ་བྱུང་བའི་ཐུན་དེའི་ཐོག་མཐའ་བར་གསུམ་གང་རུང་དུ་འགྱོད་པ་དྲག་པོ་དང་གཉེན་པོའི་བཤགས་པ་མ་སླེབས་པར་ཐུན་ཚོད་ལས་འདས་ན། དེ་ཡི་མོད་ལ་སེམས་བསྐྱེད་འཆོར་བའི་རྒྱུ་བྱེད་པ་ཡིན་ནོ། །དེ་དག་གི་གཉེན་པོར་ཆེ་བ་དཀར་པོའི་ཆོས་བཞི་ནི། སྲོག་ལ་བབ་ཀྱང་བརྡ་འཕྲོད་པ་ཐམས་ཅད་ལ་བསམ་བཞིན་རྫུན་མི་སྨྲ་བ་དང༌། རྒྱལ་སྲས་རྣམས་ལ་སྟོན་པ་དང་མཚུངས་པར་གུས་ཤིང་བསྔགས་པ་བརྗོད་པ་དང༌། གཡོ་སྒྱུ་མེད་པར་ལྷག་བསམ་དག་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་སྦྱོར་དོན་དུ་གཉེར་བ་དང༌། རང་གིས་སྨིན་ནུས་པའི་སེམས་ཅན་མཐའ་དག་ལ་སྨོན་སེམས་བསྐྱེད་བཅུག་ཅིང་རིམ་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་སྙིང་ཐག་པ་ནས་དཀྲི་བའོ། །སེམས་བསྐྱེད་མི་ཉམས་ཤིང་བརྟན་པར་བྱ་བའི་སྒོ་ནས་བསྲུང་བའི་འདུ་ཤེས་བཞི་སྟེ། ཐེག་ཆེན་དགེ་བའི་བཤེས་གཉེན་བདག་ལ་ལམ་མ་ནོར་བར་སྟོན་པ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང༌། དེས་བསྟན་པའི་ཟབ་རྒྱས་ཀྱི་ཆོས་ལ་ལམ་གྱི་འདུ་ཤེས་དང༌། དེ་སྒྲུབ་པའི་བྱང་སེམས་གཞན་ལྟ་སྤྱོད་མཐུན་པ་རྣམས་ལ་གྲོགས་ཀྱི་འདུ་ཤེས་དང༌། མཐའ་ཡས་བའི་སེམས་ཅན་ཀུན་ཐམས་ཅད་ལ་བུ་གཅིག་པོའི་འདུ་ཤེས་ཏེ་འདི་དག་ཏིང་ངེ་འཛིན་རྒྱལ་པོ་ལས་བཤད་དོ། །བདེ་སྡུག་གཏོང་ལེན་ནས་འདུ་ཤེས་བཞིའི་བར་འདི་དག་སྨོན་པའི་བསླབ་བྱ་ཐེག་ཆེན་གྱི་སྡེ་སྣོད་རྣམས་ལས་བཏུས་པ་ཡང་དག་གོ །འཇུག་པའི་སྡོམ་པ་བླངས་པ་དེའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། དང་པོ་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་སྟེ་ལྔ་ནི་བསོད་ནམས་དམ་པའི་ཚོགས་དང༌། ཕྱི་མ་གཅིག་པོ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཆེན་ཏེ། ཚོགས་གཉིས་ཐབས་ཤེས་ཟུང་འབྲེལ་འདི་གཉིས་ལ་མ་བརྟེན་པའི་སངས་རྒྱས་འགྲུབ་བྱེད་ཀྱི་ཐབས་གཞན་ཡོད་པ་མ་ཡིན་ལ། དེའི་སྟེང་དུ་སྦྱིན་སོགས་དེ་དག་གཞན་དོན་བྱང་ཆུབ་ཆེན་པོར་བསྔོ་བས་མི་ཟད་པར་བྱེད་པའི་ཐབས་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱི་གནོན་པའི་སྟོབས་ཀྱིས་དགེ་བ་བྱང་ཆུབ་ཏུ་ངེས་པར་བྱེད་པའི་སྟོབས་དང༌། འདུན་པས་སྐྱེ་བ་ཐམས་ཅད་དུ་སྦྱིན་སོགས་ཀྱི་ཡོན་ཏན་རྒྱུན་མི་འཆད་པར་འབྱུང་བའི་སྒོ་ནས་དགེ་བ་ལ་རྟག་ཏུ་འཇུག་པར་བྱེད་པའི་སྨོན་ལམ་དང༌། སྦྱིན་སོགས་ཀྱི་ཆོས་རྣམས་ལ་ལོངས་སྤྱོད་ཅིང་སེམས་ཅན་རྣམས་སྨིན་པར་བྱེད་པའི་ཡེ་ཤེས་སྟེ་བཞི་བསྣན་པས་བཅུ་སྟེ་རྒྱལ་སྲས་རྣམས་ཀྱི་སྤྱི་ནོར་ཡིན་ནོ། །གང་ཟག་གི་བློ་སྟོབས་ཀྱི་མཐུ་ཡིས་ལམ་དེ་སྒྲུབ་པར་བྱེད་པོ་རྒྱལ་སྲས་གསུམ་སྟེ། དབང་རྟུལ་རྣམས་ཐོག་མར་རང་ཉིད་འཚང་རྒྱ་བའི་དོན་དུ་ཚོགས་གཉིས་མཐར་ཕྱིན་པའི་བྱ་བ་སྔོན་དུ་བྱས་ནས། རྗེས་ལ་འགྲོ་བ་རྣམས་སྒྲོལ་བར་འདོད་པ་རྒྱལ་པོ་ལྟ་བུའི་འདོད་ཆེན་སེམས་བསྐྱེད་འཕགས་པ་བྱམས་པ་ལྟ་བུ་དང༌། དབང་འབྲིང་རང་དང་འགྲོ་བ་སྔ་ཕྱི་མེད་པར་སྟབས་ཅིག་སྒྲོལ་འདོད་པ་གྲུ་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས་བསྐྱེད་དང༌། དབང་རྣོན་རྣམས་ཀྱིས་འགྲོ་བ་སྔོན་དུ་བསྒྲལ་ཞིང་རང་ཉིད་ས་བཅུར་གནས་ཏེ་རྗེས་ལ་ཞི་བ་མྱང་འདས་མངོན་དུ་བྱེད་འདོད་པ། སྐྱོང་བྱེད་ལྟ་བུ་དཔེ་མེད་པའི་སེམས་བསྐྱེད་དེ་འཇམ་དབྱངས་དང་སྤྱན་རས་གཟིགས་ལྟ་བུའོ། །དེ་རྣམས་ལས་དབང་པོ་རྟུལ་པོས་ཚོགས་སྦྱོར་ལ་བསྐལ་པ་གྲངས་མེད་གསུམ་དང༌། ས་བཅུ་པོ་རེ་རེ་ལ་གསུམ་རེ་སྟེ་སུམ་ཅུ་རྩ་གསུམ་གྱིས་ལམ་མཐར་ཕྱིན་ཏེ་འཚང་རྒྱ་བ་དང༌། འབྲིང་པོས་ཚོགས་སྦྱོར་ལ་བཞི་སྟེ། མཐོང་ལམ་ལ་གཅིག །མ་དག་ས་བདུན་ལ་གཅིག །དག་ས་གསུམ་ལ་གཅིག་སྟེ་བདུན་དུ་འཚང་རྒྱ་བ་དང༌། རྣོན་པོས་ཚོགས་སྦྱོར་ལ་གཅིག །མ་དག་ས་བདུན་ལ་གཅིག །དག་པ་ས་གསུམ་ན་གཅིག་སྟེ་གྲངས་མེད་གསུམ་ན་མྱང་འདས་སུ་གྲོལ་བར་དཀོན་མཆོག་བརྩེགས་པ་ལས་གསུངས་པ་ལྟར་རོ། །སྦྱིན་པའི་ངོ་བོ་བདོག་རྒུའི་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་ཅིང་ཐམས་ཅད་གཞན་ལ་གཏོང་བའི་སེམས་པ་དང་བཅས་པ་སྟེ། དབྱེ་ན་དམ་པའི་ཆོས་ཀྱི་སྦྱིན་པ་དང༌། ཟང་ཟིང་ལོངས་སྤྱོད་ཀྱི་སྦྱིན་པ་དང༌། མི་འཇིགས་པ་སྲོག་གི་སྐྱབས་སྦྱིན་ཏེ་གསུམ་ལས་ཟང་ཟིང་ལའང་རྣམ་པ་གསུམ་ཡིན་ཏེ། བློ་སྟོབས་ཆུང་བའི་དུས་སུ་གཏོང་བ་དང༌། དེ་ལ་གོམས་ནས་གཏོང་བ་ཆེ་བ་དང༌། གཏོང་སེམས་གོམས་པ་ཕུལ་དུ་བྱུང་ནས་ཤིན་ཏུ་གཏོང་བ་ལ་བསླབ་ནུས་སོ། །དེ་ཡང་གཏོང་བ་ཞེས་བྱ་བ་ནི། བློ་སྟོབས་ཀྱིས་རིམ་པར་ཁ་ཟས་དང༌། གོས་དང༌། ཤིང་རྟ་དང༌། གླང་པོ་དང༌། ཡུལ་ཁམས་སོགས་གཞན་ལ་སྦྱིན་པའོ། །གཏོང་བ་ཆེན་པོ་ནི། ཤིན་ཏུ་ཕོངས་པ་ལ་རང་གི་བུ་དང༌། བུ་མོ་དང༌། ཁྱིམ་ཐབ་རྣམས་གཏོང་བ་ཡིན་ནོ། །ཤིན་ཏུ་གཏོང་བ་ནི། བྱ་དཀའ་བའི་གནས་ཏེ་མགོ་དང༌། དབང་པོ་དང༌། ཡན་ལག་ཐམས་ཅད་ཕངས་མེད་དུ་གཏོང་བ་རྒྱལ་པོ་ཟླ་འོད་ལ་སོགས་པ་ལྟར་རོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་ཁྱད་པར་སྦྱིན་པ་ལ་བསླབ་པའི་སྐབས་འདི་ན་ཐོག་མར་གཏོང་སེམས་ལ་གོམས་སུ་འཇུག་པའི་ལས་དང་པོ་པ་རྣམས། སེར་སྣའི་འཆིང་བ་དམ་པོས་བསྡམས་པའི་སྟོབས་ཀྱིས་ཁ་ཟས་ཙམ་ཡང་སྦྱིན་མི་ནུས་པའི་ཚེ་ན། སྐྱེས་བུའི་ལག་པ་ནི་གཅིག་གིས་དངོས་པོས་ངན་ངོན་ཙམ་བཟུང་ནས། གཅིག་ཤོས་ལ་སྦྱིན་པར་བསམ་པའི་སེམས་ཀྱིས་ཡང་ཡང་སྤོས་ཏེ་སྦྱིན་པའི་ཚུལ་ལ་བསླབ་ཏུ་བཅུག་པས་མཐར་སྦྱིན་པ་ཆེན་པོ་གཏོང་ནུས་པ་བཞིན་དུ། རང་ཅག་གིས་ཀྱང་དང་པོ་ཚོད་མ་ལ་སོགས་དངོས་པོ་ཕྲ་མོ་ཙམ་གཏོང་བ་ལ་ཡང་ཡང་གོམས་པར་བྱས་ཏེ་རིམ་གྱིས་ལོངས་སྤྱོད་ལ་བརྐམ་ཞིང་ཆགས་པའི་སེམས་འཇིག་པར་བྱེད་ཅིང་གཏོང་སེམས་སྟོབས་སུ་གྱུར་ཏུ་ཤིན་ཏུ་གཏོང་བའི་བར་ལ་བསླབ་བོ། །མི་འཇིགས་པའི་སྦྱིན་པ་ནི། གཞན་སེམས་ཅན་རྒྱལ་པོའི་ཁྲི་མུན་དུ་ཆུད་པ་དང༌། ཆད་པས་མནར་བ། རི་དྭགས་རྔོན་པས་བདས་པ། ཕྱུགས་ལུག་བཤས་རར་ཁྲིད་པ། ནད་གདོན་གྱིས་གཙེས་པ་སོགས་ཀུན་གྱི་སྲོག་བསྲུང་བ་དང༌། བདག་གིས་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་འཇིགས་པའི་ཡུལ་ཆེན་པོའི་འཁོར་བའི་སྡུག་བསྔལ་མཐའ་ཡས་པ་ལས་བསྒྲལ་ཏེ་དབུགས་འབྱིན་ཆེན་པོ་མྱ་ངན་ལས་འདས་པའི་གནས་ལ་དགོད་པར་བྱ་སྙམ་དུ་བློ་སྦྱང་བར་བྱའོ། །ལས་དང་པོ་པ་རྣམས་ཀྱིས་རང་གི་ནུས་ཚོད་སྦྱིན་པར་བྱ་ཡི། གཞན་བྱ་དཀའ་བ་རྣམས་མི་ནུས་བཞིན་དུ་མ་བརྟགས་པར་བབ་ཅོལ་ཆོ་ག་སྟེ་བྱ་བ་ཡིས་རྣམ་པར་སྦྱར་བའི་མཐར་འགྱོད་པ་སྐྱེ་བར་འགྱུར་བའི་ཕྱིར་དང༌། ཉན་རང་སོགས་སུ་སེམས་བསྐྱེད་ཉེན་ཡོད་པས་དེ་འདྲའི་སྦྱིན་པའང་སྨད་པའི་གནས་ཏེ། དཔེར་ན། སྨན་ཤིང་ལྗོན་པ་བལྟ་ན་སྡུག་པ་ཡི། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ནི། །འབྱིན་པ་དུས་མིན་སྤྱོད་ལས་བསྲུང་བར་བྱ། །རྫོགས་སངས་རྒྱས་ཀྱི་སྨན་ཤིང་དེ་བཞིན་ནོ། །ཞེས་པ་ལྟར་གནོད་སེམས་དང་ཕྲག་དོག་སོགས་སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་པར། ལུས་དང་སྲོག་གཏོང་བ་བསླབ་བཏུས་ཉིད་ལས་བཀག་པ་ནི་གོང་དུ་ལུང་དྲངས་མ་ཐག་པའོ། །གནོད་སེམས་དང༌། ཕྲག་དོག་དང༌། ངོམ་ཆོས་སོགས་བསམ་པ་དང༌། གཞན་ལ་གནོད་པ་བྱས་ནས་གཏོང་བ་སོགས་སྦྱོར་བ་དང༌། དུག་མཚོན་སོགས་དངོས་པོ་དང༌། ཤན་པ་ལ་མཚོན། བག་མེད་ལ་ཆང༌། གཉེན་ལ་ཞེན་པས་ནོར་གཏོང་བ་སོགས་མ་དག་པའི་བསམ་སྦྱོར་སོགས་ཁ་ན་མ་ཐོ་བས་བསྐྲུན་པའི་སྦྱིན་པ་ཡང༌། བྱང་ཆུབ་སེམས་དཔས་སྤྱད་བྱའི་གནས་མིན་པར་སྨད་པའི་གནས་ཏེ། དེས་ན་སེམས་ཀྱི་ཆ་ནས་གནས་ལུས་ལོངས་སྤྱོད་དགེ་རྩ་བཅས་བདོག་པ་ཐམས་ཅད་ལ་སེར་སྣར་ལྟ་བའི་ཞེན་པ་བཏང་བ་ནི་སྦྱིན་པའི་ཚད་དུ་བཞེད་དོ། །མཆོག་ཏུ་གྱུར་པ་ཆོས་ཀྱི་སྦྱིན་པ་ལའང་རྣམ་པ་གསུམ་སྟེ། འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པ་ལས། དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། སྨྱུག་གུ་དང༌། སྣག་ཚ་དང༌། གླེགས་བམ་སྦྱིན་པ་ནི་ཆུང་དུའོ། །སྐལ་པ་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་སོ། །དེ་ལས་ཆོས་ཀྱི་སྦྱིན་པ་དངོས་ནི། གཞན་ལ་བློ་རིམ་བཞིན་དུ་གདམས་པར་བྱེད་པ་ཡིན་ནའང༌། མོས་པས་སྤྱོད་པ་རྣམས་རང་རྒྱུད་ལ་ཆོས་ཀྱི་ཚིག་དོན་གཉིས་ཆར་ནུས་པ་གསལ་བ་མེད་པས་ཇི་བཞིན་འདོམས་པར་དཀའ་ལ། གཞན་ཕན་གྱི་བསམ་པ་གཙོ་བོར་བཟུང་སྟེ་དགེ་བའི་བཤེས་གཉེན་གྱི་གདམས་ངག་གིས་རང་གི་རྒྱུད་ཀྱི་ཉོན་མོངས་པ་བསལ་བའི་ཆོ་ག་སྟེ་ཐབས་ལ་དྲན་པ་དང༌། སེམས་ཅན་ལ་བྱམས་པ་དང༌། སྙིང་རྗེ་ལྡན་པས་དེ་བཞིན་གཤེགས་པའི་གསུང་རབ་སྤྱི་དང་ཁྱད་པར་ཐེག་ཆེན་གྱི་མདོ་སྡེ་རྣམས་བཀླག་པ་ཡིས། ཚེ་རབས་མང་པོའི་སྡིག་སྒྲིབ་འདག་ཅིང་གཞན་ཕན་གྱི་བསམ་པ་ངང་གིས་འབྱུང་བ་སོགས་ཡོན་ཏན་མཐའ་ཡས་པ་ཡོད་པ་དང༌། དཀར་པོའི་ཕྱོགས་ཀྱི་ལྷ་ཀླུ་རྣམས་དངོས་སུ་ཆོས་ཉན་པ་ལ་འོང་བ་ཡིན་པས་དེ་དག་གི་རྒྱུད་ལས་ཉོན་སོགས་ལས་གྲོལ་ནས་རྒྱལ་བའི་བསྟན་པ་བསྲུང་བ་ལ་བརྩོན་པ་སོགས་མདོར་ན་སེམས་ཅན་ཐམས་ཅད་ཐེག་ཆེན་ཆོས་ཀྱི་སྣོད་དུ་གྱུར་ཅིང༌། བླ་མེད་ཀྱི་གོ་འཕང་ལ་གཞོལ་བའི་སྨོན་ལམ་གདབ་པ་འདི་གལ་ཆེའོ། །རང་རྒྱུད་གྲོལ་ནས་འདུ་འཛི་རྣམ་གཡེང་སོགས་ཡུལ་རྐྱེན་ཆོས་བརྒྱད་ཀྱིས་མི་གནོད་པར་གྱུར་ན། འགྲོ་བའི་ཁམས་དབང་མོས་པའི་སྐལ་བ་དང་རང་བཞིན་འཚམས་པར་ལས་འབྲས་ནས་བཟུང་མཐར་རྫོགས་ཆེན་བར་གཞན་དོན་ལ་ཆོས་སྟོན་པ་སོགས་གཙོ་བོར་བྱའོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི། བསླབ་པའི་མི་མཐུན་ཕྱོགས་སྡོམ་པའི་སྒོ་ནས་གཞན་གནོད་གཞིར་བཅས་ལ་སྤོང་སེམས་གོམས་ཤིང་བརྟན་པ་ཡིན་ནོ། །དབྱེ་ན་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་དེ་རྣམ་པ་གསུམ་དུ་བཤད་དོ། །དེ་ཡང་སྒོ་གསུམ་མི་དགེ་བའི་ཕྱོགས་ཐམས་ཅད་སྡོམ་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། དངོས་དང་བརྒྱུད་ནས་གཞན་ལ་བསྡུ་བ་རྣམ་བཞིའི་སྒོ་ནས་ཕན་གདགས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ནོ། །དེ་ལ་སྤྱིར་ཐེག་པ་དམན་མཆོག་གི་སྒོར་ཞུགས་བའི་གང་ཟག་རྣམས་ཀྱིས་ཉེས་སྤྱོད་སྡོམ་ཞིང་དགེ་ཆོས་ལ་གཞོལ་བ་ཙམ་འདྲ་ནའང༌། ནང་གསེས་ཐེག་དམན་གྱི་སོ་སོ་ཐར་པའི་ཚུལ་ཁྲིམས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་ཁྱད་ཆོས་གཉིས་ཏེ་ཁྱད་གཞི་དང་བཅས་ན་ཁྱད་པར་བཞི་ཡི་སྒོ་ནས་འཕགས་པ་སྟེ། འདི་ལྟར་སོ་ཐར་ནི་རང་རྒྱུད་ལ་ཉེས་སྤྱོད་སྡོམ་པས་གཞན་གནོད་གཞི་བཅས་ལྡོག་པ་ཙམ། བྱང་སེམས་ནི་མི་འཚེ་བ་དེ་ཡི་སྟེང་དུ་སེམས་ཅན་ལ་ཕན་འདོགས་པ་སྣོན་ཏེ་ཉེས་སྡོམ། དགེ་སྡུད། དོན་བྱེད་གསུམ་དང་ལྡན་པའོ། །སོ་ཐར་ནི་རིགས་བདུན་པོ་གང་ཡིན་ཀྱང་ལྟུང་མཚམས་ལུས་ཀྱི་གསུམ། ངག་གི་བཞི་སྟེ་སྤང་བ་བདུན་བསྡུས་ལུས་ངག་གཙོ་ཆེ་ལ། བྱང་སེམས་ནི་མི་དགེ་བ་སྤང་བ་བཅུ་ཀ་གཙོ་བོར་བྱེད་དོ། །ཁྱད་པར་བསླབ་པའི་གནས་ནི་སོ་ཐར་སྐབས། རྟེན་གྱི་གང་ཟག་རང་དོན་བསྒྲུབ་པ་དང༌། དངོས་པོར་མངོན་ཞེན་ཅན་ལ་དགོངས་ནས་གཞན་གྱི་དོན་དུ་འགྱུར་ཡང་བྱེད་པར་མ་གནང་བས་ཇི་ལྟར་བཅས་པ་དེ་ལས་མི་འབྲལ་ལ། བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དོན་དུ་འགྱུར་ན། ལུས་ངག་གཉིས་ཀྱི་མི་དགེ་བ་རྣམ་པ་བདུན་གཞན་དོན་དུ་འགྱུར་བ་དང༌། འགྱུར་བར་ཤེས་པ་དང༌། རང་གི་དགེ་ཚོགས་དེ་ལ་མི་སྒྲིབ་པའི་སྟེང་སེམས་ཀྱི་འཕེན་སྟོབས་ཀྱིས་འཕེལ་བར་འགྱུར་བ་ཡི་གནས་སྐབས་གསུམ་པོ་དེ་ལ་བརྟགས་ནས་གསུམ་པོ་ཚང་ན། མི་དགེ་བ་ལྟར་སྣང་བ་དེ་བྱེད་པར་གནང་བའི་སྐབས་ཡོད་དེ། ཇི་ལྟར་ཞེ་ན། འདི་ལྟར་དེད་དཔོན་སེམས་སྟོབས་ཆེན་པོས་སྡིག་ཅན་རྣམ་སྨིན་ལས་ཐར་ཕྱིར་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་བརྒྱད་ཁྲིའི་ཚོགས་རྫོགས་པ་དང༌། བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ལོ་བཞི་ཁྲི་ཉིས་སྟོང་ལ་ནགས་ཁྲོད་དུ་ཚངས་པར་སྤྱད་པའི་མཐར་བསོད་སྙོམས་ལ་བྱོན་དུས་ཚོང་དཔོན་གྱི་བུ་མོ་དེ་ལ་ཆགས་པའི་དབང་གིས་འཆི་བར་བརྩམས་པ་ལས་ལྡོག་པའི་ཕྱིར་ཚངས་སྤྱོད་བཏང་བས་བསྐལ་པ་བརྒྱད་ཁྲིའི་ཚོགས་རྫོགས་པ་ལྟ་བུར་རྐུ་སོགས་ཀྱང་དེས་དཔེར་མཚོན་ནས། ངག་གི་བཞི་ལ་ཡང་དེ་ལྟར་དོན་དང་ལྡན་ན་གཟུགས་བརྙན་གྱི་རྣམ་པའི་ཉེས་པའང་དོན་ལ་དགེ་བ་ཡིན་པའི་ཕྱིར་དེ་འདྲ་བའི་བྱང་སེམས་ལ་གནང་བ། དེ་བས་ན་རྒྱུ་འབྲས་མཐུ་ཅན་དུ་བསམ་པའི་བྱེ་བྲག་གིས་བྱས་པའི་ཕྱིར། ཡིད་ཀྱི་མི་དགེ་བ་གསུམ་ལ་ནི་གནང་བའི་སྐབས་མེད་དོ། །ཐེག་ཆེན་ལ་གནང་བ་དེ་ལྟ་བུ་ཡིན་ནའང་རྒྱལ་སྲས་སྡོམ་པ་ལ་གནས་པའི་ལས་དང་པོ་པ་རྣམས་ཀྱིས་རང་དོན་ཞི་བདེ་ཙམ་གཉེར་ནས་དེ་ཉིད་བཟློག་པ་དང་བྱ་དཀའ་བ་རྣམས་སྤང་བ་དང༌། དངོས་བརྒྱུད་གང་རུང་དུ་གཞན་ཕྱིར་ཕན་པ་མི་བསྒྲུབ་པ་གང་དང་གང་ཡིན་ཀྱང༌། ལྟུང་བའི་རྒྱུ་རུ་ཐམས་ཅད་གཅིག་པ་ཡིན་པར་གསུངས་པ་ཡིན་ནོ། །དང་པོའི་ལས་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་ནི་རང་རྒྱུད་འདུལ་བའི་དུས་ཡིན་པས། ངེས་འབྱུང་དད་སོགས་ཡོན་ཏན་གྱི་ཚོགས་གོང་ནས་གོང་དུ་འཕེལ་བ་ལ་བསླབ་ཅིང་སྤྱོད་པ་གཙོ་ཆེ་བས་ཞག་སྐྱེད་ཟླ་སྐྱེད་སོགས་རྒྱུད་འདུལ་བ་ལ་བསླབ་དགོས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་གསུམ་ལས་ཐོག་མར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་རང་རྒྱུད་མ་དག་པར། གཞན་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་གཉིས་གཙོ་བོར་གཉེར་ན་བསླབ་གསུམ་ལ་བར་ཆད་མང་ངོ༌། །རབ་ཏུ་བྱུང་བའི་སྡོམ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། ཁྱིམ་པ་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་ཅན་དུ་མདོ་སྡེ་རྒྱན་ལས་བཤད་དེ། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟའི་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་སོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རང་སའི་ཐུན་མིན་གྱི་སྡོམ་པ་ཙམ་ལྷ་ཀླུ་སོགས་ལ་སྐྱེ་བར་གསུངས་པས། སོ་ཐར་མཚན་ཉིད་པའི་ཆོ་གས་སོར་སྡོམ་ལེན་དགོས་ཚུལ་ཐེག་ཆེན་མདོ་སྡེ་དག་ལས་གསལ་བ་མེད་དོ། །ཚོགས་གཉིས་ཀྱི་སྦྱངས་པ་སྔོན་དུ་སོང་ཞིང༌། ཟབ་རྒྱས་ཀྱི་དོན་ཉམས་འོག་ཏུ་ཆུད་ནུས་པའི་སེམས་སྟོབས་ཆེན་པོ་ནི། ལུས་རྟེན་ཁྱིམ་པ་དང་རབ་བྱུང་གང་ཡིན་ཀྱང་བསམ་པའི་རྟེན་གཙོ་ཆེ་སྟེ་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏི་བཞིན་དབང་དོན་ནོད་པ་ཙམ་གྱིས་སྡོམ་གསུམ་གཅིག་ཆར་ཉམས་འོག་ཏུ་ཆུད་པ་ཡིན་ནོ། །གང་ཞིག་ཁྱིམ་པའི་ཕྱོགས་ལ་བསྟེན་པ་རྣམས་ནི། དགེ་བསྙེན་གྱི་སྡོམ་པ་འཆད་པར་འགྱུར་བ་གང་རུང་དང་ནི་ཡང་ན་བསྙེན་གནས་སྡོམ་པའི་གཏན་ཁྲིམས་དང་དུས་ཁྲིམས་གང་རུང་སྟེང་དུ་སྨོན་འཇུག་བྱང་ཆུབ་སེམས་གཉིས་རྟག་ཏུ་བསྲུང་བ་ལ་དགེ་བསྙེན་བྱང་སེམས་སུ་གྲགས་ཤིང༌། རབ་ཏུ་བྱུང་བའི་ཕྱོགས་རྣམས་ལ་དགེ་སློང་དང༌། དགེ་ཚུལ་དང༌། དགེ་སློབ་མ་ཡི་སྡོམ་པ་གང་རུང་ཚུལ་བཞིན་བསྲུང་བ་དང་ལྡན་པ་དེའི་སྟེང་དུ་སྨོན་འཇུག་གཉིས་བསྲུང་བ་བྱང་ཆུབ་སེམས་དཔའི་རང་སའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་ནོ། །དབྱེ་ན་ཡོངས་རྫོགས་བསྲུང་བ་དང༌། །ཚངས་པར་སྤྱོད་པའི་དགེ་བསྙེན་རྣམ་པ་གཉིས་ཡིན་ཏེ། སྣ་གཅིག་ནི་ཕམ་པ་བཞི་ལས་གང་རུང་བསྲུང་བ་སྟེ། སྲོག་གཅོད་ལྟ་བུ་ཁོ་ན་སྤང་བ་དང༌། དེ་སྟེང་མ་བྱིན་ལེན་སྤོང་བ་ཕྱོགས་གཅིག་ལྡན་པའམ་སྣ་འགའ་བསྲུང་བ་དང༌། དེ་སྟེང་རྫུན་སྨྲ་བ་སྤང་བ་ཕལ་ཆེར་བསྲུང་བའོ། །དེའི་སྟེང་དུ་འདོད་ལོག་སྤང་བ་བསྣན་ཏེ་ཕྱེད་བཞི་དང༌། ཆང་དང་བཅས་པ་སྤང་ན་ཡོངས་རྫོགས་སྲུང་བའི་དགེ་བསྙེན་དག་ཏུ་འདོད་དེ་ཡན་ལག་ཆང་མ་སྤང་ན་བསླབ་བ་གཞན་བསྲུང་མི་ནུས་པའི་ཕྱིར་རོ། །ཕྱེད་ཞེས་པ་མི་ཚངས་པ་སྤྱོད་པ་དངོས་མ་སྤང་བའོ། །སྲོག་གཅོད་མ་བྱིན་ལེན་རྫུན་དང་མི་ཚངས་སྤྱོད་དང་བཅས་རྩ་བཞི་ཆང་དང་ལྔ་ཀ་སྤང་བ་ལ། ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་སུ་གྲགས་པ་ཡིན་ནོ། །རབ་ཏུ་བྱུང་བའི་བསླབ་པའི་གནས་རགས་པ་བཅུར་དྲིལ་ནས་བསྟན་པ་ལས། གསེར་དངུལ་ལེན་པ་ནི་ཁྱིམ་པ་ལ་མི་དགག་སྟེ་བུ་སྨད་སོགས་གསོ་ཕྱིར་གནང་ལ། གར་སོགས་རྩེད་མོའི་རིགས་བྱེད་དང༌། ཕྲེང་སོགས་རྒྱན་གྱི་རིགས་བྱེད་གཉིས་པོ་སྐྱོན་ནམ་མཚང་ཆུང་བས་གཅིག་ཏུ་བགྲང་བ་ས་སྡེ་ལས་བཤད། དོན་དུ་གསེར་དངུལ་ལེན་པ་ལས་གཞན་དགུ་པོ་བསྙེན་གནས་པས་སྤང་དགོས་ཀྱང་ཐ་སྙད་དུ་ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ་གང་ཞིག །ཉིན་ཞག་ལྟ་བུའི་བསྲུང་མཚམས་མེད་པར་དུས་རྟག་ཏུ་བསྲུང་བ་དེ་ཉིད་ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཞེས་བརྗོད་པ་ཡིན་ནོ། །དགེ་ཚུལ་རྣམས་ཀྱིས་མིའམ་མིར་ཆགས་པ་སྲོག་གཅོད་ཡན་ལག་ཚང་བ་དང༌། །གཞན་གྱི་ནོར་རིན་ཐང་ཚང་བ་བརྐུ་ཞིང་འཕྲོག་པ་དང༌། རྨ་ཡི་སྒོ་གསུམ་གང་རུང་ལ་མི་ཚངས་པ་སྤྱོད་པ་དང༌། སྨྲ་ཤེས་པ་དང༌། དོན་གོ་བ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པའི་མི་ལ་རྫུན་སྨྲ་བ་སྟེ་རྩ་བ་བཞི་པོ་ལ་གཞི་བསམ་སྦྱོར་མཐར་ཐུག་བཞི་ཚང་ན་ཚུལ་འཆལ་དུ་འགྱུར་ལ། སླར་གསོ་རུང་མི་རུང་གི་རྣམ་དབྱེ་ས་མཚམས་འཆབ་སེམས་མེད་པ་དང༌། ཡོད་པའི་དབང་གིས་ཏེ་དགེ་སློང་བཞིན་ནོ། །བཤགས་བྱ་ཡན་ལག་གི་ཉེས་བྱས་དྲུག་ལས། བག་ཡོད་ཀྱི་ཡན་ལག་བཅོས་པའི་ཆང་ལ་སོགས་མྱོས་འགྱུར་གྱི་རིགས་དང༌། གར་ནི་གླུ་རོལ་བརྡུང་དཀྲོལ་རིགས་སོགས། ཕྲེང་བ་ནི་མཛེས་ཆོས་ཀྱི་རྒྱན་དང༌། དྲི་དང་བྱུག་པ། དྲེགས་པའི་རྒྱུ་སོགས། རིན་པོ་ཆེ་སོགས་ལས་བཟོས་པའམ་དེས་སྤྲས་པའི་ཁྲི་ལྟ་བུ་མལ་སྟན་རིན་ཐང་ཆེན་པོ་ཅན་དང༌། ཤིང་སོགས་ཕལ་པ་ཡིན་ཀྱང་ཁྲུ་གང་ལས་མཐོ་བ་དང༌། སྐྱ་རེངས་ཤར་ནས་ཉི་མ་ཕྱེད་ཀྱི་བར་ལས་དུས་མིན་ཕྱི་དྲོའི་ཁ་ཟས་ཟ་བ་དང༌། གསེར་དང་དངུལ་སོགས་རིན་པོ་ཆེའི་རིགས་ལེན་པ་ནོར་གྱི་འདུ་ཤེས་བཅས་འཆང་བ་རྣམས་སྤོང་བ་སྟེ། བྲྀ་ཛིའི་བུ་རྣམས་བཞིན་དུ་བསླབ་པའི་གནས་མང་པོ་ལ་ཞུམ་པ་སྤང་ཕྱིར་རགས་པ་བཅུ་པོ་འདིར་དྲིལ་ནས་འཛིན་དུ་འཇུག་པ་ནི་སྔ་མ་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། ཞིབ་ཏུ་ཕྱེ་ན་བླང་འདས་སོ་གསུམ་སྟེ། རྩ་བཞི་གསོད་གསུམ་དུད་འགྲོའི་ཆར་གཏོགས་གསོད་པ་སྲོག་ཆགས་དང་བཅས་ཆུར་འདེབས་པ། ལོངས་སྤྱོད་པ་སྟེ་གསུམ་གཞི་མེད་ནས། བག་ཙམ། དབྱེ་ན། དེའི་རྗེས་ཕྱོགས། ཁྱིམ་པ། །སུན་འབྱིན་པར་ལྔ་ཤེས་བཞིན་རྫུན་བཤེས། །འཕྱ་དང་ཞལ་ཏ་བ། ཟས་ཅུང་ཆོས་སྟོན་པ་ལྷག་མས་སྐུར། ཉེར་འཇོག་བསླབ་པ་ཁྱད་གསོད་འབྲས་ཆེན་ལྷག་པོ་ལེན་ཕྱིར་འགེབས་དང་ཆང༌། །གར་སོགས་ཕྲེང་སོགས་མལ་ཆེ་མཐོ། དུས་མིན་ཕྱི་དྲོའི་ཁ་ཟས་རིན་ཆེན་བར་མ་གསུམ། ཁྱིམ་པའི་རྟགས་ལེན་པ། རབ་བྱུང་གི་རྟགས་ཉམས་པ། མཁན་པོར་གསོལ་འདེབས་ཉམས་པ་སྟེ་ཉམས་པ་གསུམ་བཅས། དེ་ལྟར་བླངས་འདས་སོ་གསུམ་མོ། །ཞེས་སོ། །དགེ་སློབ་མ་ནི་རགས་པ་བཅུ་པོ་དེའི་སྟེང་སྐྱེས་པ་ལ་རེག་པ་སོགས་རྩ་བའི་ཆོས་དྲུག རིན་པོ་ཆེ་ལ་རེག་པ་ལ་སོགས་རྗེས་མཐུན་དྲུག་སྟེ་སྤང་བྱ་བཅུ་གཉིས་ཀྱི་གཉེན་པོ་དང་བཅས། བུད་མེད་ཉོན་མོངས་པས་གདུང་བས་ལོ་གཉིས་ལ་སོགས་ཐུབ་བམ་མི་ཐུབ་བརྟགས་ནས་རིམ་གྱིས་བསྙེན་པར་རྫོགས་པར་གསུངས། དགེ་སློང་ལ་ལྟུང་བ་སྡེ་ལྔ་ལས། དང་པོ་རྩ་བའི་ཕམ་པ་བཞི་དག་ཡན་ལག་ཚང་བ་དང༌། ཁུ་བ་འབྱིན་པ་སོགས་ལྷག་མ་བཅུ་གསུམ་དང༌། འཆང་འབྲལ་སོགས་སྤང་ལྟུང་སུམ་ཅུ་དང༌། རྫུན་སྐྱོན་ཕྲ་མ་སྐྱོ་སྔོགས་སོགས་ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་དང༌། སོར་བཤགས་སྡེ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་བསྡོམས་པས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་རྣམ་གྲངས་དང་བཅས་པའོ། །དགེ་སློང་མ་ལ་སུམ་བརྒྱ་དྲུག་ཅུ་རྩ་བཞི་ཡོད་དེ། སོ་སོའི་རྩ་བ་བཞིའི་སྟེང་སྐྱེས་རེག །ལུས་བཀན། འཆབ་དང༌། བཟློག་པ་སྟེ་བརྒྱད་པོ་ཕམ་པ་དང༌། སྨྱན་བྱེད་སོགས་ལྷག་མ་ཉི་ཤུ། སྤང་ལྟུང་སོ་གསུམ། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག་ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་བསྡོམས་པས་སུམ་བརྒྱ་དྲུག་ཅུ་རྩ་བཞི་པོ་དེ་དག་གི་ཡན་ལག་མ་ཚང་བ་དང༌། དེ་དག་ལ་བརྟེན་པའི་ཉེས་བྱས་སྦོམ་པོ་ལ་སོགས་པའི་ཕྱོགས་མཐུན་ཁྱད་པར་དུ་མ་ཡོད་དོ། །ཕམ་པ་བཞིའམ་བརྒྱད་པོས་སྡོམ་པ་རྩ་བ་ནས་གཏོང་བ་ཡིན་པས། ཕྱིན་ཆད་ཕྱིར་བཅོས་ཀྱིས་སོར་ཆུད་རུང་དང་མི་རུང་གི་མཚམས་ནི། འདུལ་བ་རང་གཞུང་ལས་འཆབ་སེམས་སྐྱེས་དང་མ་སྐྱེས་པ་དག་ལ་རག་ལས་པར་གསུངས་སོ། །དེ་ལྟར་ལྟུང་བ་སྡེ་ལྔ་སོགས་བསྲུང་བྱའི་རྣམ་གྲངས་ཙམ་ཡང་མི་ཤེས་པར་དགེ་སློང་དགེ་ཚུལ་སོགས་བདག་གིས་ཚུལ་བཞིན་བསྲུང་བར་རློམ་པ་མཚར་ཞེས་ཁྲེལ་བའི་གནས་ཏེ་ཆུ་མེད་སར་ཁྲོན་པར་རློམ་པ་བཞིན་ནོ། །མ་བསྲུང་ན་ཤེས་པས་ཅི་བྱེད་སྙམ་ན། དེ་ལྟར་ཡིན་ཡང་མི་ཤེས་པས་ལན་ཏེ། ལྟུང་བ་དང་བཅོས་ཚུལ་ཤེས་པ་ཙམ་གྱིས་ཉམས་པ་གསོ་ཞིང་ལྟུང་བ་སྦྱོང་སླ་བ་ཡིན་པའི་ཕྱིར། ལྟུང་བ་འབྱུང་བའི་སྒོ་བཞིའི་དང་པོའང་མི་ཤེས་པ་ཡིན་ནོ་ཞེས་ཐོགས་མེད་ཀྱིས་བཞེད་པ་ཡིན་ནོ། །བསྒྲུབ་པའི་བསླབ་བྱ་གསོ་སྦྱོང༌། དབྱར་གནས། དགག་དབྱེ་སྟེ་གཞི་གསུམ་ཆོ་ག་དང་བཅས་བསླབ་པ་གསུམ་གྱི་རྟེན་གཞིར་གྱུར་པའི་གཞི་བཅུ་བདུན་གྱི་བསླབ་བྱ་རྣམས་གསུངས་ཏེ། ལུང་གཞི་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་གནས་ཀོ་ལྤགས་གཞི། སྨན་དང་གོས་དང་སྲ་བརྐྱང་དང༌། །ཀཽ་ཤམྦཱི་དང་ཕྱེ་བའི་ལས་ཞི་བྱེད་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་གཞག་པ་དང༌། གནས་མལ་དང་ནི་རྩོད་པ་དང༌། །དགེ་འདུན་དབྱེ་ན་རྣམས་བསྡུས་པ་ཡིན། །ཞེས་པས་དེ་དག་ལ་བསླབ་པ་ནི་འཇུག་པའི་ཚུལ་ཁྲིམས་སོ། །བསླབ་པ་ལ་གཅེས་སྤྲས་བྱེད་པའི་གནས་སྐབས་འདི་ན་ཕམ་པ་བཞི་ལྷག་མ་བཅུ་གསུམ་སྟེ་བཅུ་བདུན་དང་དེ་ལས་གཞན་དུད་འགྲོ་གསོད་པ་སོགས་རང་བཞིན་ཁ་ན་མ་ཐོ་བ་དང་བཅས་པ་གཉིས་མ་གཏོགས་པའི་མི་རུང་བར་གསུངས་པ་རྣམས་ལོངས་སྤྱོད་དགོས་པ་བྱུང་ན་བྱིན་གྱིས་རློབ་པ་ནི། འདི་ལྟར་དུས་མ་ཡིན་པར་ཁ་ཟས་ལ་སྤྱོད་དགོས་པར་གྱུར་ན། སྤྱིར་རང་བཞིན་གྱི་ཚུལ་ཁྲིམས་དང༌། ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང༌། སྡོམ་པ་དང༌། སྤོང་བ་བསམ་གཏན་བསྒོམ་པའི་ཚུལ་ཁྲིམས་རྣམ་པ་བཞི་ལས། བྱང་སྒྲ་མི་སྙན་པའི་མི་རྣམས་རང་བཞིན་གྱི་ཚུལ་ཁྲིམས་ཅན་ཡིན་པས། རང་ཉིད་གླིང་དེ་ཉིད་དུ་མོས་ནས་ལོངས་སྤྱོད་དུ་རུང་བར་གནང་བ་ནི། གཞུང་དམ་པ་ལས། མཉན་དུ་ཡོད་པ་ན། ཚོང་པ་མང་པོ་དག་གིས། སངས་རྒྱས་དང༌། དགེ་སློང་གི་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་སོ། །དེ་དག་གིས་བཤོས་སྦྱར་ཏེ་བྲིན་པའི་སར་བསྐྱལ་ནས་མ་དྲངས་ཀྱི་བར་དེར། ཚོང་ཁང་མེ་ཤོར་ཏེ། དེ་དག་མེ་གསོད་དུ་སོང་བ་དང༌། གདུགས་ཚོད་ཡོལ་ལ་ཐུག་ནས་དགེ་སློང་དག་གིས་ཇི་ལྟར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དེའི་སེམས་ཀྱིས་ཡོངས་སུ་བཏང་བས་ན། དགེ་སློང་དག་དེ་ལ་ཐེ་ཚོམ་མ་བྱེད་པར་བཟའ་བར་བྱའོ། །ཟོས་ནས་ཀྱང་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་རློབས་ཤིག །ཅེས་གསུངས་པ་དང༌། དེ་བཞིན་ནད་ལ་ཕན་ཕྱིར་ཟླ་ཕྱེད་སོགས་མ་སོང་ཡང་ཁྲུས་བྱེད་དགོས་པ་ལ་བདག་ནི་ནད་པའི་འདུ་ཤེས་པ་དང༌། གོས་ལྷག་གམ་ཁ་དོག་གིས་རུང་བ་མ་ཡིན་པ་བགོ་བ་དཀར་པོ་དང༌། ཀོ་པགས་སོགས་ལོངས་སྤྱོད་དགོས་པ་ན་དེ་ལ་སེམས་ཀྱི་འདུ་ཤེས་དབུལ་ཞིང་ཕོངས་པས་ཕྱིས་མི་རྙེད་པས་ཉམས་ཐག་པར་གྱུར་ཏེ། དགེ་སྦྱོར་དང་སྲོག་གི་བར་ཆད་བསྲུང་བའི་སླད་དུ་གནང་བ་ཡིན་སྙམ་པ་དང༌། རིན་པོ་ཆེར་རེག་པ་དང་བདག་གིར་བྱ་དགོས་ན། དཀོན་མཆོག་མཆོད་པ་དང༌། སེམས་ཅན་གསོ་བའི་སླད་དུ་གནང་བར་བསྒོམ་དགོས་སོ། །དེ་དག་ལས་གཞན་དངོས་སུ་གནང་བ་མེད་ལ་བཀག་པའང་མེད་པ་རྣམས་ལ། སྤང་བླང་ཇི་ལྟར་བྱ་བ་ནི་གནང་བཀག་ཕྱོགས་གཉིས་པོའི་རྗེས་སུ་མཐུན་པར་བརྩིའོ། །རྒྱལ་རིགས་སྒྲ་གཅན་འཛིན་གྱི་བརྒྱུད་པ་ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན། བྲམ་ཟེ་འོད་སྲུང་ཆེན་པོའི་བརྒྱུད་པ་ཕལ་ཆེན་སྡེ་པ་ལས་གྱེས་པ་ལྔ་དང༌། སྨྱིག་མ་མཁན་ཀཱཏྱ་ཡ་ནའི་བརྒྱུད་པ་གནས་བརྟན་སྡེ་པ་ལས་གྱེས་པ་གསུམ་དང༌། འབྲེག་མཁན་ཉེ་འཁོར་གྱི་བརྒྱུད་པ་མང་པོས་བཀུར་བ་ལས་གྱེས་པ་གསུམ་སྟེ་དྲིལ་བས་སྡེ་པ་བཅོ་བརྒྱད་དོ། །རྩ་བའི་སྡེ་པ་བཞི་ལས་བོད་འདིར་དར་ཆེ་བ་ཡོད་སྨྲ་ཡིན་ལ། སྡེ་པ་བཞི་ཀའི་བསླབ་པ་ཐམས་ཅད་ལ་མི་མཐུན་པ་ཅུང་ཟད་རེ་ཡོད་ཀྱང་རྒྱལ་པོ་ཀྲྀ་ཀའི་རྨི་ལྟས་དང་མཐུན་པར་བཀར་བསྡུས་ཤིང་རབ་བྱུང་སྡེ་ལྔའི་སྤྱོད་པ་དང་འབྲེལ་བའི་ཕྱིར་ན། སྟོན་པའི་གནང་བཀག་གི་བཅས་པས་མ་ཁྱབ་པ་མི་སྲིད་པས། དེས་ན་རང་རང་གི་སྡེ་པར་གཏོགས་པའི་བསླབ་བྱ་རྣམས་ཚུལ་བཞིན་དུ་གནས་ན་བསླབ་པ་ཀུན་ལ་དབང་ཐོབ་པར་བྱེད་པ་ཡིན་པས་ན་ཀུན་ལ་ནན་ཏན་དུ་བསྲུང་བ་གལ་ཆེའོ། །མྱ་ངན་ཞེས་འཁོར་བའི་སྡུག་བསྔལ་ལས་ཉོན་རྒྱུ་འབྲས་དང་བཅས་པ་ཡིན་ལ་དེ་ལས་འདའ་བ་ནི་སྡུག་ཀུན་གྱི་རྒྱུན་འགོག་པའི་ཞི་བ་དམ་པའི་གོ་འཕང་ཉན་རང་གི་བྱང་ཆུབ་དེར་བསྔོ་བའི་ཆེད་དུ་བླངས་པ་ཡིན་པས། མངོན་མཐོ་དོན་གཉེར་གྱིས་བསྲུང་པ་ལས་ལྷག་པའི་སོ་ཐར་གྱི་ཚུལ་ཁྲིམས་མཚན་ཉིད་པ་དང༌། དེའི་སྟེང་སེམས་ཅན་གཞན་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། རྫོགས་བྱང་ཐོབ་འདོད་ཀྱིས་སྲོལ་གཉིས་གང་རུང་གི་ཆོ་ག་ལ་བརྟེན་ནས་སྨོན་འཇུག་གི་སྡོམ་པ་བླངས་ཏེ་སེམས་ཅན་ཕན་འདོགས་པ་བྱང་སྡོམ་ཡིན་ལ། དེའི་སྟེང་གཞན་ཕན་གྱི་ཀུན་སློང་བཟང་པོས་རྒྱུད་སྡེ་ཆེན་པོའི་དགོངས་པ་མ་ནོར་བ་སྔགས་ཀྱི་ཆོ་གས་དབང་བསྐུར་ནོད་དེ། ཟབ་མོ་བསྐྱེད་རྫོགས་ཀྱི་རྟེན་རིག་འཛིན་སྔགས་ཀྱི་སྡོམ་པ་རྣལ་མ་ཞིག་ཐོབ་ན་སྔགས་སྡོམ་མཚན་ཉིད་པ་སྟེ། དེ་ལྟར་སྡོམ་པ་གསུམ་པོ་གང་ཟག་གཅིག་གི་རྒྱུད་ལ་རྫོགས་པའི་ཚེ་སྤང་བླང་གི་བསླབ་བྱ་ཡང་རང་རང་སྐབས་ནས་བཤད་པ་བཞིན་བསྲུངས་པས་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་ཕྱིར་ཤིན་ཏུ་མང་ངོ༌། །བར་དུ་ཇི་ལྟར་གནས་ཞེ་ན། ངོ་བོ་གནས་འགྱུར་བའི་ཚུལ་གྱིས་གཅིག་ཏུ་གྱུར་པས་རྫས་ཐ་དད་མེད་ལ། ལྡོག་པ་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཡོད་པས་མ་འདྲེས་པར་ཐ་དད་དུ་གང་ཟག་གཅིག་གི་རྒྱུད་ལ་རང་རང་གི་གཏོང་རྒྱུ་མ་བྱུང་གི་བར་དུ་གནས་པ་ཡིན་ནོ། །དེ་ལྟར་ལྡོག་པ་ཐ་དད་པར་ཡོད་པའི་གནད་ཀྱིས་སོ་སོར་མ་འདྲེས་པར་བསྲུང་དགོས་ཤིང༌། གལ་ཏེ་སོ་ཐར་དུ་མི་གསོད་པ་ལྟ་བུ་དེ་བྱང་སེམས་ལ་རྗེས་སུ་གནང་བ་ཡོད་པར་གསུངས་པ་དང༌། སྔགས་བླ་མེད་ཀྱི་སྐབས། རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ་དང་དུ་བླང་བྱར་བཤད་པ་ལྟ་བུ་ནང་འགལ་བ་ཅན་དུ་བྱུང་བ་རྣམས་ཇི་ལྟར་བྱ་སྙམ་ན། གཞན་ཕན་གྱི་བསམ་པ་ཁྱད་པར་ཅན་འབྱོངས་པ་དང༌། བསྐྱེད་རྫོགས་ཀྱི་གདིང་དང་ལྡན་པ་དག་ལ་དགོངས་ནས་གོང་མ་བྱང་སེམས་དང་སྔགས་ལུགས་གཙོར་བཏོན་དགོས་པའི་ཚུལ། སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ལུགས་ལ་གྲགས་པ་ཡིན་ལ། དེའི་གནད་ཀྱང་འདི་ཡིན་ཏེ་འོག་མ་སོ་སོ་ཐར་པའི་སྐབས་བསླབ་པའི་རྣམ་པ་དང་འགལ་བ་སྲོག་གཅོད་ལ་སོགས་པ་ལྟར་སྣང་ཡང༌། སོ་ཐར་སྐབས་སྲོག་ལ་མི་འཚེ་བ་ལ་སོགས་པ་ཙམ་གྱིས་ཕ་རོལ་པོ་ལ་གནོན་པ་སྤོང་ཞིང་ཕན་འདོགས་ཀྱི་དགོས་པ་བསྒྲུབ་ལ། བྱང་ཆུབ་སེམས་དཔས་སྡིག་ཅན་གང་དག་བསད་པར་བྱས་ན། དེའི་ལས་ངན་རྒྱུན་ཆད་ནས་སྡུག་བསྔལ་ཡུན་ཐུང་བར་འགྱུར་ཏེ། དེས་ན་གནོད་པ་སྤོང་བ་དང༌། བདེ་འགྲོར་འགོད་པ་དང༌། ཐར་པའི་ས་བོན་འཇོག་པ་སོགས་ཕན་ཆེན་པོ་འདོགས་པ་ལ་དགོས་པ་མཐུན་ནོ། །འདིར་གང་ཞིག་སོགས་ཀྱི་ཚིག་རྐང་གཉིས་པོ་ཀུན་མཁྱེན་རྩོམ་གཞིར་གཏན་ནས་མི་སྣང་གསུངས། གང་ལྟར་སྟོན་པ་ཐབས་མཁས་པས་ཁམས་དབང་སྣ་ཚོགས་དང་མཐུན་པར་གསུངས་པའི་བསླབ་པའི་གཞི་གང་ཞིག །དོན་གྱི་ངོས་ནས་འགལ་ན་གནང་བར་མི་སྲིད་ལ། མི་དགེ་བ་ལྟར་སྣང་བའི་སྤྱོད་པ་རྣམས་གང་ཞིག་གནང་བ་ཡིན་ན། དོན་ལ་འགལ་བ་མི་སྲིད་དེ། ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་དྲང་ངེས་ཀྱི་ཆོས་སྣ་ཚོགས་བསྟན་པ་ཐམས་ཅད་དོན་གྱི་དགོངས་གནད་གཅིག་ཏུ་འབབ་ཅིང་གཞོལ་བའི་ཆོས་ཅན་དུ་བསྟན་པ་ཡིན་ནོ། །ཁྱད་པར་དུ་གསང་སྔགས་ཀྱི་ལྟ་སྒོམ་རྨད་དུ་བྱུང་བ་དང་འབྲེལ་བའི་སྤྱོད་པ་ནི། འདི་ལྟར་གང་ཞིག་བཏུང་ན་ཉན་ཐོས་པ་ལ་ལྟུང་བ་ཕོག་བྱེད་ཀྱི་རྒྱུ་དང༌། བྱང་ཆུབ་སེམས་དཔར་དེ་དང་ཕྱོགས་མཐུན་ཉེས་བྱས་སུ་འགྱུར་བའི་མྱོས་བྱེད་ཆང་གི་ངོ་བོ་དེ། སྔགས་ཀྱི་དམ་རྫས་སུ་མེད་དུ་མི་རུང་བར་བཤད་དོ། །གསང་རྒྱུད་ལས། མ་ཧཱ་མཾ་ས་བདུད་རྩིར་བཅས། །མེད་དུ་མི་རུང་དངོས་གྲུབ་རྫས། །བཟའ་བཏུང་བཅུད་དང་ཤིང་འབྲས་དང༌། །འདོད་པའི་ཡོན་ཏན་ཐམས་ཅད་དོ། །ཞེས་དང༌། ཁྱད་པར་ཤ་ཆང་མེད་མི་རུང༌། །ཞེས་སོ། །དེ་ལ་ལོངས་སྤྱོད་པར་བྱེད་པའི་སྐྱེས་བུའི་བསྐྱེད་རྫོགས་ཀྱི་ཐབས་ཀྱིས་རྟོག་ཚོགས་ཐམས་ཅད་ལྷར་ཤར་བས་མཚན་མའི་རྟོག་བ་ཟིལ་གྱིས་གནོན་ནུས་པར་གསུངས་ཏེ། དེ་ཡང་སྤྱིར་ཚོགས་ལམ་ན་མོས་པའི་ལྷ་སྐུ། སྦྱོར་ལམ་ན་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་ན་འོད་གསལ་གྱི་ལྷ་སྐུ། སྒོམ་ལམ་ན་ཡེ་ཤེས་ཀྱི་རང་མདངས་སློབ་པའི་ཟུང་འཇུག་གི་ལྷ་སྐུ། མི་སློབ་ལམ་ན་ཆོས་སྐུ་དང་གཟུགས་སྐུ་ཟུང་འཇུག་གི་ལྷ་སྐུ་ཞེས་བྱའོ། །ཁྱད་པར་གསང་སྔགས་ནང་རྒྱུད་པས་དག་མཉམ་གྱི་ལྟ་དགོངས་ཐམས་ཅད་ཀྱི་གྲོགས་སུ་གཟུང་འཛིན་ལ་དོར་བའི་སྤྱོད་པར། བསྐྱེད་པའི་ཐབས་ཆ་ཕུང་ཁམས་སྣོད་བཅུད་སོགས་ལྷ་སྔགས་ཕྱག་རྒྱའི་རོལ་པར་ཤར་བས། ཚོགས་རྫས་རྣམས་དམ་ཚིག་གི་བདུད་རྩིར་བྱིན་གྱིས་བརླབས་ཏེ་སྤྱོད་པའི་ཚེ་ན་གཞི་ཆང་དང་བསམ་པ་ཆགས་སྲེད་གཉིས་ཀ་རང་མཚན་དུ་མི་འཛིན་པར། གཞན་ལྷ་དང་བདུད་རྩིའི་རང་བཞིན་དུ་དག་མཉམ་ཆེན་པོར་འདུ་ཤེས་གནས་འགྱུར་བ་དེ་དང་འདྲ་བའི་རྣལ་འབྱོར་པ་དེ་ལ་ནི། རང་དོན་དུ་སྤང་བླང་ལ་དངོས་པོར་ཞེན་ནས་བདག་དགེ་སློང་ཡིན་སྙམ་པ་ཡང་ཡོད་པ་མ་ཡིན་ལ། གཞན་གྱི་དོན་དུ་སྦྱིན་སོགས་ཀྱི་སྤྱོད་པ་ལ་ཐ་སྙད་དུ་མཚན་མར་བལྟས་ཏེ་བདག་བྱང་ཆུབ་སེམས་དཔའ་ཡིན་སྙམ་པའི་མངོན་ཞེན་ཡོད་པའང་མིན་ཞིང༌། དེ་ནི་ཉོན་མོངས་འདོད་ཡོན་ལམ་དུ་བྱེད་པའི་ཐབས་དང་བྲལ་ནས་ཆགས་ཤིང་སྲེད་པ་སྤོང་བར་བྱེད་པའི་ཉན་ཐོས་ལྟ་བུ་དང༌། ཉོན་མོངས་པའི་མཐུས་ནོན་ཏེ་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་པའི་སོ་སྐྱེ་ཕལ་པ་ལྟ་བུའང་མིན་པར་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས་གང་སྣང་བ་མཐའ་དག་ལྷ་དང་དཀྱིལ་འཁོར་གྱི་འཁོར་ར་ལོར་འབྱམས་ཀླས་པ་དང༌། སྤྱད་བྱའི་དམ་རྫས་ཆང་ལ་སོགས་པའང་བདུད་རྩིའི་རང་བཞིན་དུ་འདུ་ཤེས་གནས་འགྱུར་བ་ཡིན་པས། དེ་ལྟ་བུའི་གང་ཟག་གང་ལ་གནང་བ་ཡིན་ཏེ་ཉེས་པས་མ་གོས་པར་མ་ཟད་བསོད་ནམས་འགྱུར་ཆེ་བ་ཡང༌། སོ་སོ་ཐར་པའི་ཚུལ་ཁྲིམས་ལ་གནས་པ་དང༌། དག་མཉམ་མ་རྟོགས་པར་གཞན་དོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཡི་ཉན་ཐོས་ཀྱི་དགེ་སློང་དང་ནི། བྱང་སེམས་ཀྱི་དགེ་འདུན་ལ་བྱིན་པ་ལས། རྣལ་འབྱོར་པ་རང་གིས་དམ་རྫས་བརྟེན་ན་དཀོན་མཆོག་གསུམ་དང༌། ཡི་དམ་ལ་དངོས་སུ་ཕུལ་བ་ཡིན་པས་ཚོགས་རྫོགས་པ་སོགས་ཡོན་ཏན་ཐམས་ཅད་ཀྱང་ཡར་ལྡན་དུ་འགྱུར་བ་ཡིན་པའི་ཕྱིར། ཉོན་མོངས་དང་འདོད་ཡོན་ལམ་དུ་བྱེད་པའི་བསླབ་པའི་ཆ་ཤས་གཞན་ཕྲ་རགས་ཐམས་ཅད་ལའང་དེ་ཡིས་རིགས་འགྲེ་སྟེ་ཤེས་པར་བྱོས་ཤིག །འོན་ཀྱང་སྡོམ་པ་གསུམ་ཀ་ཐོབ་པའི་གང་ཟག་ལས་དང་པོ་པ་རྣམས་ཀྱིས་ཀྱང་གསུམ་ཀའི་བསླབ་པ་ཅི་ནུས་སུ་བསྲུང་དགོས་པ་དེའི་ཕྱིར་རང་ལུགས་ཆོས་དྲུག་གི་རྣམ་པར་བཞག་པའི་ཚུལ་ནི་ངེས་པར་བྱ་དགོས་ཏེ། དེ་ལ་དང་པོ་རང་ལྡོག་མ་འདྲེས་པ་ནི། སྡོམ་པ་གསུམ་པོ་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་པའི་ཆོ་ག །རང་རང་གི་ལྡོག་པ་མ་འདྲེས་པའི་སྒོ་ནས་ཇི་སྲིད་བླངས་པའི་དུས་ཀྱང་ཐ་དད་དུ་ངེས་པ་ཁོ་ན་ཡིན་པས་ཕྱིར་ལྡོག་པ་ལ་གཞི་མཐུན་པ་མི་སྲིད་ཅིང༌། ལྡོག་པའི་མཚན་ཉིད་སོ་སོར་འཛིན་པས་རང་རང་གི་ལྡོག་པ་ནས་བསྲུང་ཞིང༌། ཉེས་པ་བྱུང་ན་ཡང་སོ་སོར་བཅོས་པའི་ཐབས་ཡོད་པ་ཡིན་ནོ། །དགག་དགོས་ཚང་བ་ནི། དགག་བྱ་ཉོན་མོངས་པའི་གཉེན་པོར་འགྲོ་བ་དང༌། དགོས་པ་རང་རྒྱུད་མི་འཆིང་བ་གཉིས་རང་ལམ་སོ་སོར་ཚང་བ་ལ་གཅིག་སྟེ། དཔེར་ན་སྐྱེད་མོས་ཚལ་ཞིག་ཏུ་ཧ་ལའི་སྡོང་པོ་སྐྱེས་པ་ན། བདག་པོ་ཐབས་ལ་མི་མཁས་པས་དེ་བཅད་ནས་རྒྱང་རིང་པོར་དོར་བ་དང༌། སྨན་པ་ཞིག་གིས་ལྡེ་གུར་སྦྱར་བས་ནད་ཐམས་ཅད་ལ་ཕན་པ་དང༌། སྔགས་ལ་མཁས་པ་ཞིག་གིས་སྔགས་ཀྱི་ནུས་པ་བགོས་པ་ཙམ་གྱིས་དེ་བས་ཀྱང་ཕན་པ་ཆེན་པོར་གྱུར་པ་ཞིག་བྱུང་ནས། དུག་གི་མི་གནོད་པ་ལ་འདྲ་ཡང་སྔ་མ་ལས་ཕྱི་མ་ཐབས་སླ་ཞིང་ཆོད་ཆེ་བ་ལྟར། ཉན་ཐོས་རྣམས་ཀུན་རྫོབ་མ་ཟད་དོན་དམ་དུ་ཡང་ཉོན་མོངས་པ་ལ་རྫས་ཡོད་དུ་བལྟས་ནས་གཙོ་བོ་ལུས་ངག་གི་ཀུན་སྤྱོད་དབང་པོའི་སྒོ་སྡོམ་པ་ལ་སོགས་པའི་ཐབས་སོ་ཐར་གྱི་སྡོམ་པས་རྒྱུད་བསྡམས་ནས་སྤོང་བ་སྟེ། སོ་ཐར་གྱི་མདོ་ལས། རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་རྒྱབ་པ་ཡི། །སྲབ་ནི་སོ་སོ་ཐར་འདི་ཡིན། །ཞེས་སོ། །བྱང་ཆུབ་སེམས་དཔས་ཉོན་མོངས་དོན་དམ་པར་མ་གྲུབ་ཀྱང་ཐ་སྙད་ཀུན་རྫོབ་ཙམ་དུ་འཆིང་བྱེད་ཡིན་པར་བལྟས་ནས། ཆོས་ཉིད་དུ་སྦྱར་ཞིང་བསྒྱུར་བའི་ཐབས་ལྷུར་བྱེད་པ་སྟེ། དེ་སྐད་དུ། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ལས། ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལ་འདོད་ཆགས་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ན། འདོད་ཆགས་དེ་གཞི་གང་ལས་བྱུང་བ་འཚོལ་བར་བྱེད་དེ། ཡོངས་སུ་བཙལ་བ་ན་དེ་དག་གི་གཞི་མི་དམིགས་སོ། །གང་ལས་འདོད་ཆགས་དེ་སྐྱེ་བ་དང༌། གང་གིས་འདོད་ཆགས་དེ་སྐྱེ་བ་དང༌། ཇི་ལྟར་འདོད་ཆགས་དེ་སྐྱེ་བ་དེ་ལྟར་ཉོན་མོངས་གང་གིས་ཀྱང་སྐྱེ་བ་དེ་མི་དམིགས་སོ། །གང་ལ་སྐྱེ་བ་དེ་མི་དམིགས། ཇི་ལྟར་སྐྱེ་བ་དེ་མི་དམིགས་ཏེ་འདོད་ཆགས་དེ་མི་དམིགས་པ་ནི། འདོད་ཆགས་ཀྱི་རྒྱུས་སྡིག་པའི་ལས་མི་བྱེད་ལ། དེའི་ཐབས་ཀྱིས་ཟིན་པར་བྱས་ན། མཆན། དཀར་པོའི་ཆོས་རྣམས་འཕེལ་བར་འགྱུར་ཞིང༌། དེ་མ་སྨད་ཅིང་བསྔགས་པར་འགྱུར་ཏེ་ཞེས་རྒྱ་ཆེར་བསྟན་ཏོ། །རྡོ་རྗེ་ཐེག་པ་ནི། སྤྱིར་ཀུན་རྫོབ་དུ་ཡང་ཉོན་མོངས་པ་ལ་སྐྱོན་དུ་མི་ལྟ་བར། ལྷ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ཆབ་རོམ་ཆུར་ཞུ་བ་ལྟར་ལམ་དུ་བྱས་ནས་འབྲས་བུ་ལ་མྱུར་དུ་སྦྱོར་ཏེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཡི། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཉོན་མོངས་དང་འདོད་ཡོན། ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་སོ། །ཁྱད་པར་ཆོས་ཉིད་རྣལ་མའི་དོན་མཐོང་བ་དག་ལ་ནི། ཡེ་ཤེས་ཀྱི་རྒྱན་དུ་ལྷག་པར་ཆེ་སྟེ། ཀུན་བྱེད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང༌། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང༌། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང༌། །ཆོས་ཉིད་དབྱིངས་ཀྱི་རྒྱན་དུ་ཆེ། །ཞེས་སོ། །དེ་ཡང་དཔེར་ན་རྨ་བྱས་དུག་གི་མེ་ཏོག་སོགས་བླང་དོར་མེད་པར་ཟོས་པས་ལང་ཚོ་རྒྱས་ཤིང་འདབ་མ་ལྟ་ན་སྡུག་པ་བཞིན་ནོ། །དེས་ན་ཚངས་སྤྱོད་ལ་གནས་པའི་དགེ་སློང་གིས་ནུས་པ་ཡོད་བཞིན་དུ་མི་སྤྱོད་པས་འདོད་པའི་དྲིས་མ་གོས་པ་དང༌། དབང་གསུམ་པའི་ལམ་གྱི་རྣལ་འབྱོར་པས་སྤྱད་བཞིན་དྲི་མས་མ་གོས་པ་སྟེ། དེ་གཉིས་ཀའང་ཉོན་མོངས་དེ་ཉིད་ལ་བརྟེན་ནས་སྡོམ་པ་རྫོགས་པར་བྱེད་པས་དགག་དགོས་གནད་གཅིག་ཏུ་ཚང་བ་ཡིན་ནོ། །དེ་ལྟར་ནའང་དུག་སྡོང་གང་དུ་སྐྱེ་བའི་ས་གཞི་དེ་ལ་ནི་ཕན་གནོད་ཀྱི་བསམ་པ་གང་ཡང་མེད་པ་ལྟར། རང་བཞིན་རྫོགས་པ་ཆེན་པོའི་དགོངས་དོན་ལ་རྣལ་དུ་འབྱོར་པ་རྣམས་ལ་ནི་ཉོན་མོངས་པས་གནོད་པར་མི་འགྱུར་ཞིང༌། སྤོང་བསྒྱུར། ལམ་བྱེད་སོགས་ཀྱི་དགག་སྒྲུབ་དང་རྩོལ་བ་གང་ཡང་མེད་དེ། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོགས་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་སོ། །ངོ་བོ་གནས་འགྱུར་ནི། བསམ་གཏན་ངལ་གསོར། གསང་བ་ཅོད་པན་ལས། །དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ཅིང༌། །གསེར་དུ་གྱུར་པར་ཟངས་མི་སྣང༌། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོ་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་རྣམས་ཀྱིས་མ་གསུངས་སོ། །ཞེས་རིག་འཛིན་སྔགས་ཀྱི་དུས་ན་སོ་ཐར་བྱང་སེམས་ཞེས་རྫས་ཐ་དད་པ་མེད་དེ། སྔགས་ཀྱི་སྡོམ་རྫས་སུ་ངོ་བོ་གནས་འགྱུར་བའི་ཕྱིར་ཞེས་དང༌། དེས་ན་གསང་སྔགས་སུ་རྫས་གཅིག་ཏུ་གཞན་གཉིས་གནས་འགྱུར་བ་ཡིན་ལ། ལྡོག་ཆ་སོ་སོར་མ་འདྲེས་ཏེ་ཁས་བླང་བའི་ཆ་ལས་ཉམས་རྐྱེན་མ་བྱུང་བར་སོ་སོར་གནས་པའི་ཕྱིར་རོ། །ཞེས་གསུངས། གནས་འགྱུར་གྱི་དོན་འདི་ལ་འགའ་ཞིག །རིག་འཛིན་ནང་གི་དགེ་སློང་ལ། །ཞེས་དང༌། གཞུང་འདིར་འོག་ཏུ། གནས་འགྱུར་ངོ་བོ་ཡེ་ཤེས་མཐུས་བྱེད་པས། ཞེས་པའི་ཚིག་གི་ནུས་པས་དཔེ་དོན་གང་རུང་གི་ཡེ་ཤེས་ཁྱད་པར་ཅན་ཞིག་མ་སྐྱེས་པར་གནས་འགྱུར་གྱི་ཐ་སྙད་ཙམ་ཡང་བཞག་ཏུ་མེད་པར་རྟོགས་ཤིང༌། བླ་མའི་ཞལ་རྒྱུན་ལས་ཀྱང་དགོས་པའི་དབང་གིས་དེ་ལྟར་བྱུང་ལ། ཡང་གཞན་དག་གི་དབང་བསྐུར་ནོད་པ་ཙམ་ཞིག་གིས་གནས་འགྱུར་དངོས་ཐོབ་པ་ཡིན་སྙམ་དུ་རྟོག་པར་འདུག་པ་འདྲ་ཡང༌། ཁོ་བོ་ནི་འདི་ལྟར་སེམས་ཏེ། གནས་འགྱུར་ཞེས་པ་དེ་རྣམ་པ་ཐམས་ཅད་དུ་འདུས་མ་བྱས་པའི་གནས་སྐབས་སེམས་ཀྱི་ལྷད་ཡོད་མེད་ཙམ་ལས། རང་བཞིན་དང་རྣམ་པ་གཉིས་ཀ་དཔེ་དོན་གྱི་ཡེ་ཤེས་མཚུངས་པས་དེ་དག་གང་རུང་གི་ཡེ་ཤེས་མཆན། ཡེ་ཤེས་ཁྱད་པར་ཅན་ལྟ་བུ་སྐྱེས་པ་ཞིག་མ་གཏོགས་ཐ་སྙད་འདོགས་མི་རུང་བའང་མ་ཡིན་ལ། དབང་གྲལ་དུ་བསྡད་ནས་དབང་རྫས་གནས་གསུམ་དུ་གཏུགས་ཤིང་ཁར་མྱོང་བ་ཙམ་གྱིས་གནས་འགྱུར་ཐོབ་པའང་མིན་ཏེ། ཞིབ་ཏུ་དཔྱད་ན་སོར་སྡོམ་གྱི་ངོ་བོ་ངེས་འབྱུང༌། བྱང་སྡོམ་གྱི་ངོ་བོ་གཞན་ཕན། སྔགས་སྡོམ་གྱི་ངོ་བོ་དག་སྣང་དུ་འཇོག་དགོས་པ་སྤྱིར་བཏང་ཡིན་ལ། དེ་ཡང་ངེས་འབྱུང་ཙམ་དང༌། གཞན་ཕན་ཙམ་དང༌། དག་སྣང་ཙམ་ཞིག་ཡོད་པས་དེ་དང་དེ་ཡི་སྡོམ་པ་མཚན་ཉིད་པར་མི་འགྱུར་ན་ཡང༌། བསམ་པ་དེ་དག་གིས་ངེས་པར་ཟིན་པ་ཞིག་དགོས་པས་དེ་སྐད་དུ་བྱའོ། །དེས་ན་སོ་ཐར་གྱི་སྡོམ་པའི་མཚན་ཉིད་ནི། ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག །འདོད་པའི་སས་བསྡུས་ཏེ། མདོ་རྩར། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་དང༌། རྟེན་གྱི་བྱེ་བྲག་མཛོད་ལས། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ཞེས་དང༌། རབ་དབྱེར། གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །ཅེས་སོ། །བྱང་སྡོམ་གྱི་མཚན་ཉིད་ནི། གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་འདོད་ཀྱིས་ཟིན་པའི་ཕྱིན་དྲུག་གི་ངོ་བོ་གྱུར་པའི་སྒྲུབ་པ་ཁྱད་པར་བ་སྟེ། དེའི་མི་མཐུན་པའི་ཕྱོགས་སྒོ་གསུམ་གྱི་ཉེས་པ་མ་ལུས་སྤོང་བའི་སེམས་པ་དང་མཚུངས་ལྡན་དུ་གྱུར་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །སྔགས་སྡོམ་གྱི་མཚན་ཉིད་ནི། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ཡེ་ཤེས་ཀྱི་མཚན་འཛིན་གྱི་རྟོག་པ་དང༌། དེས་བསྐྱེད་པའི་སྒོ་གསུམ་གྱི་ཉེས་པ་སྡོམ་པར་བྱེད་པའི་སེམས་པ་དང་མཚུངས་ལྡན་དུ་གྱུར་པའི་སེམས་ཏེ། འོད་ཕྲེང་ལས། ནམ་མཁའ་ཇི་སྲིད་གནས་བར་དུ། །ལྷན་སྐྱེས་ཡེ་ཤེས་བརྡ་དོན་སྤྲོད། རང་ལ་ཡེ་ནས་གནས་པ་དེ་བླ་མས་དབང་དུས་སུ་བརྡ་དོན་རྟགས་གསུམ་གྱི་ཚུལ་དུ་ངོ་སྤྲད་པའི་ཤེས་བྱ་ལ། ཐ་མལ་བ་ལྟ་བའི། མཆན། །རྣམ་རྟོག་དྲི་མ་ཀུན་ལས་སྡོམ། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་དང༌། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལ་མི་འགོང༌། རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་སོ། །དེ་དག་ཀྱང་རང་རང་གི་ཐོབ་བྱེད་ཀྱི་ཆོ་ག་ལ་བརྟེན་ནས་ཐོབ་དགོས་སོ། །དེས་ན་སོ་ཐར་གྱི་སྡོམ་པའི་སྐབས་སུ་ཡང་རང་སྡོམ་ཐོབ་བྱེད་ཀྱི་ཆོ་ག་རྣམ་པར་དག་པ་ལས་བླངས་པའི་ཁྱིམ་པའམ་རབ་བྱུང་གི་སྡོམ་པ་གང་ཡིན་ཀྱང་སྡོམ་པ་ཙམ་ཞིག་ཐོབ་པ་ཡིན་ནའང་ཀུན་སློང་གི་བྱེ་བྲག་ལས། འཇིགས་སྐྱོབ་དང༌། ལེགས་སྨོན་གྱི་ཚུལ་ཁྲིམས་སུ་སོང་ན། དེ་ནམ་ངེས་འབྱུང་གི་བསམ་པ་རྒྱུད་ལ་སྐྱེས་ཚེ་སོར་སྡོམ་མཚན་ཉིད་པར་གནས་འགྱུར་བ་འདུ་ཤེས་ན་འཕར་བའི་དབང་གིས་ཏེ་གཅུང་དགའ་བོ་ལྟར་དང༌། དེ་ཡང་བསམ་པ་རྒྱ་ཆེ་རུ་སོང་ནས་འདུ་ཤེས་གནས་འགྱུར་བ་ཡིན་ཀྱང་ཉེས་སྤྱོད་གང་སྤོང་དམ་བཅས་པ་དེ་མེད་དུ་སོང་བ་ནི་མིན་ནོ། །དེ་ལྟར་སོ་ཐར་གྱི་བསླབ་ཚིག་གསུམ་པོ་རིམ་གྱིས་ནོད་ན་སྤང་བྱ་སྤོང་བར་དམ་བཅས་པའི་བསམ་པ་གོང་འཕེལ་དུ་སོང་ཡང་འོག་མའི་ལྡོག་པའི་ཆ་མེད་པ་མིན་ཏེ། ཕྱིས་བསླབ་པ་གོང་མ་ཕུལ་ན་རིམ་པར་འོག་མ་དགེ་ཚུལ་སོགས་སུ་བབས་པར་བཤད་ལ། དེའང་བསླབ་ཚིག་གོང་མ་ཐོབ་དུས་འོག་མ་གཉིས་སྡོམ་རྫས་ཐ་དད་དུ་དེར་ཡོད་པ་མིན་ཏེ། གལ་ཏེ་ཡིན་ན་བསྙེན་རྫོགས་ཀྱི་སྡོམ་པའི་རྟེན་རབ་བྱུང་གང་ཞིག་དེ་ཁྱིམ་བའང་ཡིན་དགོས་ཏེ། དགེ་བསྙེན་གྱི་སྡོམ་རྟེན་ཡང་དེ་ཡིན་དགོས་པའི་ཕྱིར་ཏེ་དེ་དུས་དགེ་བསྙེན་གྱི་སྡོམ་པའི་ངོ་བོའི་རྫས་ཐ་དད་དུ་ཡོད་པའི་ཕྱིར་རོ། །དེ་བཞིན་སོར་སྡོམ་སྟེང་གཞན་ཕན་དོན་གཉེར་གྱི་བྱང་སྡོམ་བླང་ན་སོར་སྡོམ་གྱི་ལྡོག་པ་དེ་ལ་འདྲེས་པ་ཡོད་ཀྱང་རང་ཉིད་གཅིག་པུ་ཐར་འདོད་ཀྱི་ངེས་འབྱུང་གི་བློ་དེ་གནས་འགྱུར་ནས་དོན་གཉིས་ལྡན་པའི་བྱང་སེམས་ཀྱི་ངོ་བོར་ཐ་མི་དད་པར་ཡོད་དེ། དེ་ཡང་དཔེར་ན་ཟངས་རྡོ་ཞུ་བ་ལས་ཟངས་སུ་འགྱུར་བའི་གནས་སྐབས་ན་སྔར་གྱི་རྡོ་དེ་ལས་གཞན་པའི་རྫས་ཤིག་ཡོད་པ་མ་ཡིན་ཀྱང་དེ་དུས་རྡོའི་ཁམས་དམན་པ་དེ་ད་དུང་ཡོད་པ་ཡིན་ན། རྡོ་ཡང་ཡིན་ལ་ཟངས་ཀྱང་ཡིན་པ་ཞིག་དགོས་ན་དེ་ནི་མི་སྲིད་པ་བཞིན་དུ་ངེས་འབྱུང་གི་བསམ་པ་དེ་ཉིད་ཇེ་བཟང་དུ་སོང་བས། དེ་ལས་གཞན་པའི་བློ་རྫས་ཤིག་མེད་ཀྱང༌། དེའི་དུས་སྔར་གྱི་བློ་དམན་དེ་ཡོད་ན་རང་དོན་ཡིད་བྱེད་ཀྱང་ཡིན་ལ་གཞན་ཕན་དོན་གཉེར་ཀྱང་ཡིན་པ་དེ་ནི་མི་སྲིད་དོ། །ཚུལ་དེས་མཚོན་ནས་བྱང་སྡོམ་སྟེང་སྔགས་སྡོམ་ཐོབ་ཚེ་དབང་དོན་གྱིས་ཡེ་ཤེས་བསྐྱེད་རྫོགས་རང་རང་གི་ལམ་གྱི་གཞི་དབང་བཞི་རང་རང་གི་སྐབས་སུ་བཤད་པ་རྣམས་དངོས་སུ་སྐྱེས་ན་ལྟ་ཅི། སྤྱིར་དག་མཉམ་ཙམ་ཞིག་ལ་གོ་བའི་ངེས་ཤེས་སྐྱེས་པའི་སྟོབས་ཀྱིས་གཞན་ཕན་བློ་དེ་ན་འཕར་ཚེ། གཞན་ཕན་གྱི་བསམ་པ་དེ་ཇེ་བཟང་དུ་སོང་ནས་སྔགས་སྡོམ་གྱི་ངོ་བོར་གྱུར་ནས་རྫས་གཞན་ཞིག་མེད་ཀྱང་ཀུན་རྫོབ་ཙམ་དུ་འཁོར་འདས་བླང་དོར་འཛིན་པ་དང་བྲལ་ཞིང༌། རང་རེ་ལས་དང་པོ་པས་སྡོམ་པ་གསུམ་རྒྱུད་ལ་གནས་ཚུལ་ལ་བསམ་གཞིག་བཏང་བ་ཡིན་པས། སྔགས་སྡོམ་གྱི་ངོ་བོ་དག་སྣང་ཐོས་བསམ་གྱི་ལྟ་བ་ན་འཕར་སྟོབས་ཀྱིས་འདུ་ཤེས་གནས་འགྱུར་བ་ཙམ་ལ་བྱ་ཡི། བསྒོམས་སྟོབས་ཀྱིས་ཡེ་ཤེས་སྐྱེས་པ་ལྟ་བུ་མིན་ནོ། །སྒོམ་སྟོབས་ཀྱིས་དཔེའི་ཡེ་ཤེས་སམ་ཁྱད་པར་དོན་གྱི་ཡེ་ཤེས་མངོན་དུ་གྱུར་ཚེ་སེམས་ཡེ་ཤེས་སུ་གནས་འགྱུར་བའི་ཆོས་ཉིད་ཀུན་ཏུ་འགྲོ་བ་ལ་དབང་ཐོབ་ནས་འདོད་ཡོན་ཉོན་མོངས་ཐམས་ཅད་ཆོས་ཉིད་ཀྱི་ལྟ་བས་དབང་དུ་བསྒྱུར་ནུས་པས་ཇི་ལྟར་སྤྱད་ཀྱང་ལྟུང་བ་རང་མཚན་པས་གོས་མི་སྲིད་པས། གཞན་ངོར་དོན་མཐུན་གྱི་སྤྱོད་པ་མ་གཏོགས་རང་ངོས་ནས་སྡོམ་པ་འོག་མའི་མཚན་འཛིན་མེད་པས་ཆེད་དུ་སྤང་བླང་དང་བྲལ་ན། ངོ་བོ་གནས་འགྱུར་ཐོབ་ནས་ཐ་དད་མེད་པ་སྨོས་ཅི་དགོས་ཏེ་རང་བྱུང་དོན་གྱི་དགེ་སློང་ཡིན་པའི་ཕྱིར། དེ་སྐད་དུ་གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང༌། །ཇི་སྙེད་སྡོམ་པ་བསམ་ཡས་ཀུན། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང༌། ས་ར་ཧས། སྨྱིག་མ་མཁན་གྱི་བུ་མོ་ཕྱག་རྒྱར་བརྟེན་པའི་རྗེས་ལ། ཁ་སང་ཡན་ཆད་བྲམ་ཟེ་ཡིན། །ཁ་སང་ཡན་ཆད་དགེ་སློང་མིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་གསུངས་ནས་དེའི་རྗེས་ལ་ཀླུ་སྒྲུབ་ཀྱི་མཁན་པོ་མཛད་པ་ལྟ་བུའོ། །མདོར་བསྡུ་ན་འདུ་ཤེས་གནས་འགྱུར་སེམས་ཡེ་ཤེས་སུའམ་ཟག་བཅས་ཟག་མེད་དུ་གནས་འགྱུར་ཁྱད་པར་བ་གཉིས་སུ་ཡོད་པར་བལྟ་དགོས་པ་ཡིན་ནོ། །འོ་ན་སྔགས་བྱང་གཉིས་ཆོ་ག་ལ་བརྟེན་ནས་ནོད་པའི་ཚེ་གནས་འགྱུར་མ་ཐོབ་ན། ངོ་བོ་ཐ་དད་དུ་ཡོད་བར་མི་འཐད་པར་བཤད་པས་སྡོམ་པ་གཏན་ནས་མི་ཐོབ་སྙམ་ན། ཁམས་རང་བཞིན་རྣམ་དག་བདེ་གཤེགས་སྙིང་པོ་ལ་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་རུང་ཡོད་པས་སད་བྱེད་ཀྱི་རྐྱེན་ལ་བརྟེན་ནས་ནུས་པ་བཞག་པ་ཙམ་ལས་ཀྱང་རང་རང་གི་ལམ་གྱི་ངོ་བོ་མངོན་དུ་འགྱུར་རུང་བའི་རྟེན་འབྲེལ་ནུས་མཐུ་བསམ་མི་ཁྱབ་འདི་ནི་རྟོག་གེའི་རིག་པས་དགག་པར་མི་བྱ་སྟེ་ཕྲིན་ལས་རྨད་དུ་བྱུང་བའོ། །དེ་ལྟར་རྟེན་འབྲེལ་གྱི་རྣམ་བཞག་པ་དེ་ཙམ་ངོ་བོ་གཅིག་གམ་ཐ་དད་ཅེས་བརྟག་བྱ་མིན་ཏེ། སྤྱིར་དགེ་མི་དགེའི་བྱེ་བྲག་བག་ཆགས་བསམ་གྱིས་མི་ཁྱབ་ཅིང༌། ཁྱད་པར་ལམ་པ་རྣམས་ཀྱི་རྒྱུད་ཀྱི་དགེ་བ་ལ་ཡང་ཟག་བཅས་དང་ཟག་མེད་སོགས་དུ་མ་ཞིག་ཡོད་ན་དེ་དག་གི་བག་ཆགས་ངོ་བོ་གཅིག་ན་དགེ་མི་དགེ་གཅིག་ཏུ་འགྱུར་བ་དང༌། ཐ་དད་དུ་འདོད་ན་གཅིག་གི་རྒྱུད་དུ་མ་འགྱུར་བའམ། ཡང་ན་རྒྱུད་ལས་ཐ་དད་པའི་དགེ་མི་དགེ་ཡོད་དགོས་ན་དེ་ནི་མི་འཐད་དོ། །དེ་ཡང༌། རྟོག་གེ་བརྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་པ་ལྟར་རང་ལུགས་འཛིན་པ་རྣམས་ཀྱིས་དཔྱད་དེ་ངེས་ཤེས་གཏིང་ནས་རྙེད་པ་གལ་ཆེའོ། །ཡོན་ཏན་ཡར་ལྡན་ནི། སོ་ཐར་རང་ལམ་ནས་ཐབས་ཤེས་ཕྱོགས་གཅིག་གིས་བཟུང་ནས་ཉེས་སྤྱོད་སྡོམ་པ་དེ་རང་ཉིད་འཁོར་བ་ལས་ཐར་བའི་ཐབས་སུ་གྱུར་པའི་ཡོན་ཏན་ཉི་ཚེ་བ་ཙམ་ཞིག་ཐོབ་པ་དེ་བྱང་སྡོམ་གྱི་ངོ་བོར་བསྲུང་ན་ཐབས་ཤེས་རྒྱ་ཆེན་པོས་ཟིན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོ་བས་བྱང་སྡོམ་མ་བླངས་པའི་དུས་སུ་བསྲུང་བ་ལས་ཆེས་ཕན་ཡོན་མཆོག་ཏུ་འཕགས་པ་དེ་གཉིས་ཀ་སྔགས་སྡོམ་གྱི་ངོ་བོ་བསྲུང་ན། ཐབས་ཤེས་ཤིན་ཏུ་མྱུར་ལམ་ཟབ་ཅིང་རྒྱ་ཆེ་བས་མྱུར་དུ་ཚེགས་མེད་པར་བླ་ན་མེད་པའི་བྱང་ཆུབ་ལ་རེག་པའི་རྒྱུ་ཡིན་པའི་ཕྱིར་དེ་བས་ཀྱང་ཡོན་ཏན་ལྷག་པར་ཆེའོ། །གནད་ཀྱི་མི་འགལ་བ་ནི། ལས་དང་པོ་པའི་དུས་སུ་གཞན་ཕན་གྱི་སྤྱོད་པ་རྒྱ་ཆེན་པོ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་རླབས་པོ་ཆེ་དངོས་སུ་བསྒྲུབ་པའི་ནུས་པ་མ་ཐོན་པའི་གནས་སྐབས་ན་ལུས་ངག་གི་ཀུན་སྤྱོད་ཕལ་ཆེར་འོག་མ་སོ་ཐར་གྱི་ལུགས་བཞིན་བསྲུངས་ནས་བསམ་པ་དང་ལྟ་སྒོམ་གོང་མའི་ལུགས་བཞིན་རྒྱུད་ལ་ཅི་ལོན་བྱས་ན། བྱང་སྔགས་ཀྱི་སྤྱོད་པ་ཐུན་མིན་ལ་མ་བསླབ་པས་འགལ་བ་ལྟར་སྣང་བ་དག་གིས་ཉེས་པ་མི་བསྐྱེད་ཅིང༌། རང་དོན་ཡིད་བྱེད་ཀྱི་བློ་གཏན་ནས་མེད་པའམ་ཆུང་ངུར་གྱུར་ནས་གཙོ་བོར་གཞན་དོན་སེམས་པ་དང༌། སྔགས་ཀྱི་ལྟ་སྒོམ་ནར་སོན་ནས་ཆགས་པ་རང་རྒྱུད་པ་དག་པའི་ཚེ་ན་གཞན་དོན་དུ་དངོས་གྲུབ་རྣམ་གཉིས་ཐོབ་པ་ལ་སོགས་པའི་ཕྱིར་སྦྱོར་སྒྲོལ་ལ་སོགས་པ་འོག་མའི་བསླབ་པ་དང་འགལ་བ་ལྟར་སྣང་བ་ཅི་བྱས་ཀྱང་སོ་ཐར་གྱི་སྐབས་སུ་དངོས་ཞེན་དང་བཅས་པ་ལ། ཇི་སྐད་བཤད་པའི་ལྟུང་བའི་ཡན་ལག་ཚང་བ་མི་སྲིད་པས་རྨ་བྱས་དུག་ལ་བྱ་བ་བཞིན་ཉེས་པས་མི་གོས་པའི་སྟེང་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བའི་ཕྱིར་གནད་ཀྱིས་མི་འགལ་ཏེ། ཨཱརྻ་དེ་ཝས། ཀུན་ནས་ཉོན་མོངས་སྤང་འདོད་པས། །དམ་པའི་དོན་ནི་འཚོལ་བར་བྱ། །ཞེས་སོ། །དུས་སྐབས་གང་གཙོར་སྤྱད་པ་ནི། སྤྱིར་ལས་དང་པོ་པ་ནས་རྣལ་འབྱོར་གྱི་དབང་ཕྱུག་གི་བར་རང་ཉམས་དང་དཔག་པའི་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཉིད་དེ། ཚོགས་ཀྱི་དབུས་ན་ནི། ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལྔ་ལ་ཁྲེལ་བག་ཡོད་པར་བྱ་བ་ཉིད་དོ། །དེ་ཡང་གནས་དག་པ་དགོན་པ་དང་བས་མཐའ་འོ། །འཚོ་བ་དག་པ་ལོག་འཚོ་དང་མ་འདྲེས་པའི་ཆོས་དང་མཐུན་པའོ། །སྡོམ་པ་དག་པ་ལས་དང་པོ་སོ་ཐར་གཙོར་གྱུར་པ་ལས་རིམ་གྱིས་སྙིང་རྗེ་ཆེན་པོ་དང༌། ཐབས་མཁས་པ་དང༌། དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང༌། དངོས་པོ་མེད་པའི་བློ་ནུས་ནར་སོན་པ་དང་བསྟུན་གོང་མ་གོང་མའི་དགོས་པ་གཙོ་བོར་བསྒྲུབ་ཅིང་སོ་ཐར་བྱང་སེམས་རིག་འཛིན་གསུམ་ལ་ཉེས་པས་མི་གོས་པའོ། །གྲོགས་དག་པ་ཚངས་པ་མཚུངས་པར་ལྡན་པའོ། །ཆོས་དག་པ་སྟོང་ཉིད་སྙིང་རྗེའི་རྩིས་ཟིན་པའོ། །དེ་སྐད་དུ་ཡང་གསང་བ་འདུས་པ་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང༌། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་པ་དང་མཐུན་པར་རྫོགས་པའི་སངས་རྒྱས་པདྨ་སྐྱེས་ཀྱང་བཞེད་དོ། །གསང་སྤྱོད་ཀྱི་དུས་ན་ལྟུང་བ་ནང་མ་འདོམས་པ་རྣམས་ནི་འདྲེས་པ་མེད་ཅིང་མཐའ་དག་རྫོགས་པར་བསྲུང་ལ། འདོམ་པའམ་བརྟུལ་ཞུགས་ལ་སློབ་པའི་ཚེ་སྔགས་གཙོ་བོར་བྱས་ནས་འོག་མ་ཁྱད་དུ་གསོད་པ་མ་ཡིན་ཀྱང་གོང་མའི་ཐབས་ཤེས་ཀྱིས་ཟིན་པས་ཉེས་པ་མི་འབྱུང་ངོ༌། །དེ་ལྟ་ནའང་འཇིག་རྟེན་མ་དད་པར་གྱུར་པའི་ཆ་སྡོམ་པ་གཉིས་སུ་མཐུན་པ་རྣམས་དེ་ཉིད་ལྟར་བསྲུང་བར་བྱ་སྟེ། སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་དང༌། རབ་དབྱེ་ལས། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང༌། །འདོད་པས་དབེན་པའི་ལྟུང་བ་འགའ། །བྱང་ཆུབ་སེམས་པའི་ལུགས་བཞིན་བསྲུང༌། །འཇིག་རྟེན་མ་དད་གྱུར་པའི་ཆ། །གཉིས་ཀ་མཐུན་རྣམས་འབད་པས་བསྲུང༌། །ཞེས་སོ། །མདོར་ན། ལས་དང་པོ་པ་དང༌། ལམ་རྣལ་འབྱོར་པ་དང༌། གྲུབ་པ་ཐོབ་པ་དང༌། ཐམས་ཅད་མཁྱེན་པའི་གནས་སྐབས་དེ་དང་དེ་དག་གི་སྤྱོད་པ་མ་འདྲེས་པ་བླང་དོར་བྱ་བར་དུས་འཁོར་འགྲེལ་ཆེན་ལས་གསུངས་སོ། །གཉིས་པ་བཞེད་སྲོལ་གཞན་གྱི་གནད་བསྡུ་བ་ནི། དེ་ལྟར་དེ་བཞིན་གཤེགས་པའི་ཆོས་ཚུལ་རྒྱ་མཚོའི་ཉམས་ལེན་ཐམས་ཅད་སྡོམ་གསུམ་དུ་བསྡུས་ནས་གང་ཟག་གཅིག་གིས་ཉམས་སུ་ལེན་ཚུལ་བཤད་པ་ན། སྡོམ་གསུམ་རྒྱུད་གཅིག་ཏུ་ཇི་ལྟར་རྫོགས་ཤིང་གྲུབ་པའི་ཚུལ་གྱི་མཐའ་ལ་དཔྱད་པ་ཞུགས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་དྲུག་ཡོད་ལ། དེ་དག་ཀྱང་ངོ་བོ་གཅིག་ཏུ་འདོད་པ་དང་ཐ་དད་པར་འདོད་པའི་ལུགས་གཉིས་སུ་འདུའོ། །དྲུག་པོ་གང་ཞེ་ན་འདི་ལྟར། དང་པོ་ནི་རྒྱུད་ལས། བླ་མེད་ཐེག་ཆེན་རབ་ངེས་ན། །ཉོན་མོངས་ལས་རྣམས་གང་སྤྱད་ཀྱང༌། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་པའི་སྟེང་དུ་སླེབ་ཚེ་འཕགས་བོད་ཀྱི་སྐྱེས་ཆེན་ཕལ་མོ་ཆེའི་མཛད་པ་ལྟ་བུ་སྟེ། སྡོམ་པ་ཡིན་མིན་དངོས་པོར་བལྟ་བ་ལས་བྱུང་བ་ཡིན་ན། དེ་དག་ལ་ནི་མངོན་ཞེན་མི་མངའ་སྟེ། ཀུན་རྟོག་ཐམས་ཅད་ཡེ་ཤེས་སུ་གནས་འགྱུར་ཟིན་ནས་ལྡོག་པའི་ངོ་བོ་ཞེས་ཐ་སྙད་ལས་འདས་སོ། །འོན་ཀྱང་སྔོན་བོད་འདིར་ཨ་ཙ་ར་དམར་པོ་ཞེས་བྱ་བ་ཞིག་བྱུང་བ་དེས། དབང་བསྐུར་ཐོབ་ནས་སྔགས་ཁོ་ན་བསྲུང་བས་ཆོག་པར་བཤད་པའི་རྗེས་སུ་འབྲངས་ནས་ཁ་ཅིག་ངོ་བོ་དང་ལྡོག་པ་གཉིས་ཀ་གནས་འགྱུར་བས་གོང་མ་ཐོབ་ཚེ་འོག་མ་བསྲུང་མི་དགོས་པར་སྔགས་སྡོམ་གྱི་ངོ་བོ་གཅིག་ཏུ་ཡོད་ཅེས་འདོད་པའང་གོང་དུ་བཤད་པ་དེ་དང་ཚུལ་མཐུན་པར་སྣང་ཡང༌། དེ་ནི་མཉམ་ཉིད་རྟོགས་གྲོལ་ཆེན་པོའི་རྣལ་འབྱོར་པར་འཐད་ཀྱང༌། ལས་དང་པོ་པས་དེ་ལྟར་བྱས་ན་འོག་མ་ཁྱད་དུ་བསད་པའི་ལྟུང་བ་ཆར་བཞིན་འབབ་བོ། །གཉིས་པ་ནི། སོ་བྱང་གི་སྡོམ་པའི་ངོ་བོ་སྔགས་སུ་གནས་འགྱུར་ཚེ་ངོ་བོ་སྔགས་སྡོམ་གཅིག་པུ་ལ་ལྡོག་པ་གཞི་མི་མཐུན་པར་ཐ་དད་དུ་འདོད་པ་ནི་རང་ལུགས་ཏེ། འདི་སྔ་འགྱུར་གྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་སོགས་ལས་གསལ་བར་བསྟན་པ་ལྟར་འཕགས་བོད་ཀྱི་སྐྱེས་ཆེན་ཚད་མ་རྣམས་ཀྱི་བཞེད་པ་སྟེ། འོད་ཕྲེང་ལས། གཞན་ཡང་ཁ་ཅིག་སྡོམ་པ་གསུམ། །རྟེན་ས་རྟེན་འབྲེལ་ཆུ་གྲུ་འདྲ་གཞི་རྟེན་དུ། །འདོད་ཅེས་སྒྲོག་པ་འཁྲུལ་གནས་ཡིན། །བདག་ཉིད་ཆེན་པོ་རྟ་དབྱངས་དང༌། །སློབ་དཔོན་སྒེག་པའི་རྡོ་རྗེ་སོགས། །དོན་འདི་ལྡོག་པ་དུ་མས་འབྱེད། །ཅེས་དང༌། བོད་ཀྱི་རོང་ཟོམ་ཆོས་ཀྱི་བཟང་པོ་དང༌། ཟུར་ལུགས་ཀྱི་བླ་མ་ཕལ་ཆེ་བ་དང༌། ཁྱད་པར་ཀུན་མཁྱེན་གཉིས་པ་དྲི་མེད་འོད་ཟེར་དང་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་རྙིང་མའི་མཁས་གྲུབ་རྣམས་དང༌། གསར་མའི་ལོ་ཆེན་རིན་བཟང༌། འཇམ་དབྱངས་ས་པཎ་རྗེས་འབྲང་དང་བཅས་པ་སྟེ་གསར་རྙིང་གི་མཁས་གྲུབ་རྣམས་ཀྱི་དགོངས་པ་རྨ་མེད་པ་ཡིན་ནོ། །གནས་འགྱུར་གྱི་ཚུལ་ནི་བཤད་ཟིན་ཏོ། །དེ་ཡང་ངོ་བོ་གཅིག་ཏུ་འདོད་ན་ཤི་བའི་ཚེ་བྱང་སྔགས་གཏོང་བའམ། ཡང་ན་སོ་ཐར་ཀྱང་མྱང་འདས་བར་མི་གཏོང་བའི་སྐྱོན་དུ་འགྱུར་རོ། །གསུམ་པ་ནི། སྡོམ་གསུམ་གྱི་རྣམ་བཞག་དཔེར་ན་སྣོད་གཙང་མར་ཆུ་དྭངས་པ་བླུགས་པའི་ནང་རིན་པོ་ཆེ་ཨིནྡྲ་ནཱི་ལ་བཞག་ན། སྣོད་ཆུ་གཉིས་ཨིནྡྲ་ནཱི་ལའི་ཁ་དོག་ཏུ་འགྱུར་ཡང་དེ་གསུམ་རྫས་ཐ་དད་པ་ལྟར་སོ་བྱང་སྔགས་གསུམ་ཀ་རྒྱུད་གཅིག་ལ་རྫོགས་པའི་ཚེ་སོ་སོའི་རྫས་ཐ་དད་དུ་ཡོད་པས་འགལ་ཡང༌། ཡོན་ཏན་གྱི་ངོས་ནས་གོང་འཕེལ་གྱི་དབང་གིས་སོ་བྱང་གཉིས་སྔགས་སྡོམ་གྱི་ཡན་ལག་ཏུ་འདོད་པ་ཡིན་ཞིང༌། དེ་ཡང་རྟེན་དང་བརྟེན་པའི་ཚུལ་དུ་འདོད་དོ། །དེ་ཡང་གོང་མའི་ཐབས་ཤེས་ཀྱིས་འོག་མ་ཟིལ་གྱིས་གནོན་པར་མི་ནུས་པའི་བློ་ངོ་ན་ལྡོག་པ་ཐ་དད་དུ་ཡོད་པ་མི་འགལ་ཡང༌། རྟེན་བརྟེན་པ་ཐམས་ཅད་ལ་ཁྱབ་མཉམ་དུ་འདོད་ན་རྟེན་སོ་ཐར་གཏོང་ཚེ་བརྟེན་པ་སྔགས་བྱང་གཉིས་ཀྱང་གཏོང་བར་འགྱུར་བས་མི་འཐད་དོ། །བཞི་པ་ནི། སྤྱིར་བཀའ་བརྒྱུད་པ་རྣམས་ཀྱིས་སྡོམ་པ་གསུམ་གཏོང་རྒྱུ་དང་གཏོང་མཚམས་དུས་ཐ་དད་པ་དང༌། ཐོབ་བྱེད་ཀྱི་ཆོ་ག་ཐ་དད་པས་ངོ་བོ་ཐ་དད་ཡིན་ཞེས་སོ་སོའི་གཏོང་མཚམས་ཐོབ་མཚམས་ཐ་དད་པས་ངོ་བོ་ཐ་དད་པའི་རྣམ་དབྱེ་བྱེད་འདུག་པས་དེ་ལ་བཤད་ཆོག་པར་སྣང་ཡང༌། བཀའ་བརྒྱུད་པ་ལས་གཞན་ཡང་དངོས་དོན་ནི་འོག་མའི་སྡོམ་པ་གཏོང་བའི་མཚམས་གོང་མ་ཐོབ་པའི་ཚེ་ཡིན་ནོ་ཞེས་གཏོང་ཐོབ་ཀྱི་མཚམས་ནས་རྣམ་པར་དབྱེ་བ་ནི། བློ་ཆུང་དག་གྲོལ་དུ་འཛིན་པའི་གང་ཟག་ལ་དགོངས་ནས། དམ་པ་དང་པོ་ལས་དྲང་སྲོང་ཉི་མའི་ཤིང་རྟ་ལྟ་བུ་བློ་ཆུང་གསང་སྔགས་ཐོས་ན་ལོག་ལྟས་སྤངས་ཤིང་ངན་སོང་དུ་ལྟུང་བ་དེ་ལས་བསྲུང་ཕྱིར་རེ་ཞིག་གསང་སྔགས་ཐོབ་པར་མི་བྱེད་པ།ཞིང་དོན་ཟབ་མོ་རིང་དུ་སྤང་བར་འགྱུར་བ་རྣམས་ལ་རྗེས་སུ་གཟུང་ཕྱིར་ཐོག་མར་དེ་སྐད་དུ་བརྗོད་པས་གདོད་སྔགས་ལ་འཇུག་པའི་རྒྱུར་གསུངས་པ་ལྟ་བུ་དང༌། དགོས་དབང་གཞན་ཡང་རབ་བྱུང་སྤྱོད་པ་ལྷོད་པ་རྣམས་གོང་མའི་ཐབས་བསྐྱེད་རྫོགས་ཤེས་ཁྱད་པར་ཅན་གང་ཡང་མེད་པར་རབ་བྱུང་གི་ཕྱོགས་ཀྱི་བསླབ་ཁྲིམས་ཡལ་བ་འདོར་བ་ལ་དགོངས་ནས། ལམ་སྒྲོན་དུ། གསང་བ་ཤེས་རབ་དབང་བསྐུར་ནི། ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་པ་ལྟ་བུ་ཡིན་ན་ནི་འཐད་རུང་ལ། རྣམ་པ་ཐམས་ཅད་དུ་དེ་ལྟར་འདོད་ན་སུམ་ལྡན་རྡོ་རྗེ་འཛིན་པ་མི་སྲིད་པ་དང༌། དབང་བཞི་མ་རྫོགས་ན་སངས་རྒྱས་མི་ཐོབ་པ་དང་ཡང་འགལ་ལོ། །ལྔ་པ་ནི། ཨ་བྷ་ཡཱ་ཀ་རའི་ཐུབ་དབང་དགོངས་རྒྱན་ལས་བྱུང་བ་སྟེ། གསེར་གྱི་རྒྱན་གསེར་དུ་རིགས་གཅིག་ཀྱང་མགོ་རྒྱན་རྐང་རྒྱན་ལག་གདུབ་སོགས་ཐ་དད་པ་བཞིན་དུ་སྡོམ་པ་གསུམ་པོ་སྤོང་བའི་སེམས་སུ་རིགས་གཅིག་ཀྱང་རྫས་ཐ་དད་དུ་བཤད་པ་དང༌། དོང་རྩེ་བརྩེགས་པ་ནས་སོ་སོར་མ་འདྲེས་པར་ཡོད་པ་བཞིན་སྡོམ་པ་གསུམ་སོ་སོར་མ་འདྲེས་པར་རྒྱུད་གཅིག་ལ་ཡོད་པ་ཡང་འདོད་པ་ཡང་དེ་དང་གཅིག་གོ །དེ་ཡང་སྡོམ་པའི་རང་ལྡོག་མ་འདྲེས་པའི་ངོས་ནས་ཐ་དད་དུ་ཡོད་པ་འཐད་ཀྱང༌། ངོ་བོ་ལ་དེ་ལྟར་འདོད་ན་སྲོག་གཅོད་སྤོང་སེམས་ལྟ་བུའི་སེམས་བྱུང་རིགས་མཐུན་གསུམ་གང་ཟག་གཅིག་གི་རྒྱུད་ལ་གནས་པ་མི་འཐད་དོ། །དྲུག་པ་ནི། ཤཱཀྱ་ཤྲཱིའི་སློབ་མ་བི་བྷུ་ཏིཙནྡྲའི་ལུགས་འོད་ཕྲེང་ལས་བྱུང་བ་སྟེ། དཔེར་ན་ཉི་ཟླ་སྐར་གསུམ་པོ་རིམ་ཅན་དུ་ཚོགས་པ་ལྟར་ཏེ། ཟླ་བ་ཤར་བ་ན་སྐར་འོད་ཟིལ་གྱིས་མནན་ནས་བག་ལ་ཞ་བར་གྱུར་ཀྱང་རང་རང་གི་འོད་དང་བཅས་པ་མ་ཉམས་པ་སྟེ་གཏན་མེད་དུ་སོང་བ་མ་ཡིན་པར་ཐ་དད་དུ་ཡོད་པ་བཞིན། སྡོམ་པ་གསུམ་པོ་ཡང་གོང་མ་གོང་མ་ཐོབ་པས་འོག་མ་འོག་མ་ཟིལ་གྱིས་མནན་ཏེ་བག་ལ་ཞ་བར་གྱུར་པ་ནི་ནུས་པའི་ཁྱད་ཞུགས་པ་ཙམ་ཡིན་གྱི་ངོ་བོ་ཐ་དད་པར་ཡོད་དོ་ཞེས་འདོད་དོ། །དེ་ཡང་ཤེས་བྱ་གཟུང་འཛིན་ཤེས་བྱེད་ཀྱི་བློ་དང་བྲལ་ནས་གོང་མ་གཉིས་ཐབས་དང་ཤེས་རབ་ཀྱི་ངོས་ནས་ནུས་པ་ཆེ་བར་སོང་བའི་ཚེ་འོག་མ་རྣམས་སུན་འབྱིན་པ་མེད་ཀྱང་རང་བཞིན་གྱི་ཚུལ་ཁྲིམས་གང་ཡིན་པའི་རིགས་སད་ནས་འོག་མའི་ཆ་བག་ལ་ཞར་འཐད་དུ་རུང་སྟེ། སློབ་དཔོན་ཆེན་པོ་བི་མ་ལས་སེམས་ཅན་གང་གིས་ལས་དེ་བྱ་བའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་ཕྱིར་རམ་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམ་ན་དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །གཞན་དུ་ན་སྡོམ་གསུམ་མཚན་ཉིད་སོ་སོར་འཛིན་བཞིན་བག་ལ་ཞ་བར་མི་འཐད་དེ། བླང་འདས་སོ་སོར་བསྲུང་དགོས་ན་ནི་བག་ལ་མ་ཞ་ལ། མི་དགོས་ན་སོ་སོར་ཡོད་པ་མི་རུང་བས་མི་འཐད་དོ། །དེ་ལ་སོགས་སྡོམ་གསུམ་གང་ཟག་གཅིག་གི་རྒྱུད་ལ་ཡོན་ཏན་ཡར་ལྡན་ལྡོག་པས་བཏགས་པ་ཙམ་དུ་གནས་ཚུལ་དཔྱད་པ་བཏང་ཚེ་བློའི་རང་བཞིན་ནི་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་ཞིང༌། ཚིག་ནི་དཔེ་དོན་དང་མཚུངས་པར་འཇུག་པས་རྣམ་པའི་ཁས་བླངས་མཐའ་ཡས་པ་ཞིག་ཡོད་ནའང༌། དེ་བཞིན་གཤེགས་པའི་བསྟན་པ་ནི་རྟོན་པ་བཞི་དང་ལྡན་པ་ཡིན་པས། དེ་དག་ཐམས་ཅད་ཀྱང་གནད་བསྡུ་ན་འདི་ལྟར་སྡོམ་པས་རྒྱུད་བསྡམས་པ་མེད་ན་བསོད་ནམས་ཁྱད་པར་ཅན་དང་ལྟུང་བ་གཉིས་ཀ་མེད་ཅིང༌། དགེ་བ་བྱས་ན་ཡང་བར་མའི་དགེ་བ་ཞེས་བྱ་སྟེ་སྲིད་པ་ལས་མི་འདའ་བས། ཞིང་ཡོད་པ་རྣམས་ཐན་པ་དང་སེར་བས་འཇིགས་དགོས་པ་ལྟར་རྣམ་གྲོལ་དོན་དུ་གཉེར་བའི་སྡོམ་པ་ཐོབ་དགོས་ཤིང༌། སྡོམ་པ་ཡོད་པ་རྣམས་ཀྱིས་ཉེས་པས་འཇིགས་ནས་ཚུལ་བཞིན་བསྲུང་དགོས་པའི་ཕྱིར་སྡོམ་གསུམ་རང་གི་ཐོབ་བྱེད་ཆོ་གའི་དུས་སུ་ཇི་སྐད་བཤད་པ་ལྟར་བཏགས་ཡོད་ཀྱི་ཆ་ནས་རང་རང་གི་ལྡོག་པ་མ་འདྲེས་པར་ཡོད་པ་དེ་བཞིན་དུ་བསྲུང་བར་བྱ་བ་དང༌། གསུམ་ཀའི་བསྲུང་མཚམས་ནང་འདོམ་པའི་དུས་ན་དགག་དགོས་གང་དུ་ཚང་བ་དེ་ལྟར་བྱས་ན་འགལ་བ་མེད་དེ་དགེ་སྡིག་རྣམ་རྟོག་གི་གཟུགས་བརྙན་ཡིན་པའི་ཕྱིར་དང༌། འདུས་བྱས་ཀྱི་སྡོམ་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཅན་དེ་དག་འདུས་མ་བྱས་པའི་ཚུལ་ཁྲིམས་སུ་གནས་འགྱུར་བའི་ངོ་བོ་ནི་ཚོགས་བརྒྱད་ཀྱི་རྟོག་པ་ཐམས་ཅད་ཆོས་ཉིད་ངོ་བོ་ཉིད་མེད་པའི་དོན་དང་འདྲེས་ཏེ་སྡོམ་སྡོམ་མིན་དུ་འཛིན་པའི་ཀུན་རྟོག་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མཐུས་བྱེད་པ་ཡིན་ཏེ་མདོ་ལས་བཤད་པ་ལྟར་རོ། །དེ་ལྟར་ལྡོག་པ་མ་འདྲེས་པ་ལ་སོགས་པའི་ཆོས་དྲུག་བརྩི་བ་སྤྱིར་བཏང་ཡིན་ལ། དམིགས་བསལ་ནི་སྡོམ་པ་ནོད་ཙམ་གྱིས་ངེས་འབྱུང་སོགས་འདུ་ཤེས་ཁྱད་པར་ཅན་མ་སྐྱེས་ན་རང་རང་གི་སྡོམ་པ་མཚན་ཉིད་པར་མི་འགྱུར་བས། ངེས་འབྱུང་སོགས་ལ་སེམས་རྒྱུད་ཇེ་བཟང་དུ་འགྲོ་བའི་ཐབས་ལ་བརྩོན་པ་དང༌། འདུ་ཤེས་གནས་འགྱུར་ཙམ་ཐོབ་ཀྱང་ལྡོག་པ་སོ་སོར་བསྲུང་དགོས་པ་དང༌། ཡེ་ཤེས་ཁྱད་པར་ཅན་དོན་གྱི་འོད་གསལ་ཇི་བཞིན་སྐྱེས་པའི་ཚེ་ན་ནི་ལྡོག་པའི་བསྲུང་བྱ་ཙམ་ཡང་ཐ་དད་དུ་མི་དམིགས་པས་ཇི་ལྟར་བྱས་ཀྱང་ཉེས་པར་མི་འགྱུར་བའི་དབྱེ་བ་ཕྱེད་པ་ཁྱད་པར་རྣམས་ཤེས་དགོས་པ་ཡིན་ནོ། །དེ་སྐད་དུ། རིན་ཆེན་ཕྲེང་བར། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་རབ་ཏུ་བསྔགས། ཞེས་སོ། །དེས་ན་ཆུ་ཕྲན་ཐམས་ཅད་རྒྱ་མཚོར་ཕྱིན་ཚེ་བ་ཚྭ་ཅན་དུ་འགྱུར་བ་ཡིན་གྱི། ལམ་དུ་སོ་སོར་མ་འདྲེས་པ་ལྟར་ལས་བྱེད་པ་པོ་དགེ་མི་དགེའི་སེམས་ལས་བདེ་སྡུག་ཐམས་ཅད་འབྱུང་བའོ། །སྡོམ་པ་སོ་སོའི་སྤང་བླང་གི་མཚམས་གླེང་བར་བྱེད་པའི་གཞི་ལྡོག་པའི་སྟེང་ནས་འཇོག་དགོས་པས་ན། ལྡོག་པ་ཡང་དང་པོ་ནས་གནས་འགྱུར་བར་འདོད་པ་དེའི་ལུགས་ལ་ནི། ལྟུང་བ་འོག་མ་ཕྱིར་བཅོས་པའི་ཐབས་མེད་དེ། དཔེར་ན་སོ་ཐར་ངོས་ནས་བྱུང་བའི་ཆོས་གོས་འབྲལ་བ་ལྟ་བུའི་ལྟུང་བ་གཅིག །སོ་ཐར་རང་ངོས་ནས་སྤང་བྲལ་སྔོན་དུ་གཏོང་བ་ལྟ་བུའི་སྒོ་ནས་འཆོས་ན། སོ་ཐར་གྱི་ལྡོག་པ་ཙམ་ཡང་གནས་འགྱུར་ཟིན་ཏེ་མེད་པས་འགལ་ལ། གོང་མ་བྱང་སྔགས་ལྟ་བུའི་ངོས་ནས་འཆོས་ན་གོང་མ་དེ་ཉིད་ལ་ལྟུང་བ་མ་བྱུང་བས་ན་ཕྱིར་བཅོས་མི་དགོས་པ་དེ་བཅོས་པའི་ཐབས་ཀྱང་མ་བཤད་དོ་ཞེས་བསྙོན་ཏེ་དེ་སྐད་བརྗོད་པར་བྱའོ། །རྒྱུད་ཚོད་དང་སྦྱར་ནས་ཉམས་སུ་ལེན་ཚུལ་བསྡུ་ན། དེ་ལ་བྱེ་བྲག་སྨྲ་བས་ལུས་ངག་གི་རྣམ་པ་རིག་བྱེད་ལས་སྐྱེས་པ་ཡིན་ཕྱིར་སྡོམ་པའི་ངོ་བོ་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཅན་དུ་འདོད། མདོ་སྡེ་པ་ནི། རྒྱུད་གཞན་དང་གཞན་དུ་སྐྱེ་བ་ཅན་ནམ་གོང་འོག་ཁྱིམ་པ་ནས་བཟུང་ཡོངས་སུ་འགྱུར་བ་ཅན་དུ་འདོད། སེམས་ཙམ་པ་ནི་སྤོང་བའི་སེམས་པ་རྒྱུན་ཆགས་ས་བོན་དང་བཅས་པ་ལ་འདོད་དེ། དེ་དག་ནི་དངོས་པོ་བདེན་ཞེན་དང་ལྡན་པ་ཡིན་ལ། དབུ་མ་པ་ནི། སྟོང་ཉིད་སྙིང་རྗེ་ཐབས་མཁས་ཀྱིས་ལམ་གྱི་གྲོགས་སུ་བསྒྱུར་ནུས་པ་དང༌། གསང་སྔགས་ཀྱི་ལམ་དུ་འཁྱེར་བའི་ཐབས་ཁྱད་པར་ཅན་གྱིས་མ་ཟིན་པར་ཐེག་ཆེན་ལམ་དུ་ཞུགས་པ་ཙམ་དང༌། དབང་བསྐུར་ནོད་ཙམ་རེ་བྱས་ནས་དེ་དང་དེའི་ལམ་སློབ་པར་བྱེད་ནའང༌། གནས་འགྱུར་ཁྱད་པར་བ་ཐོབ་པའི་རྡོ་རྗེ་འཛིན་པ་ད་རུང་མིན་ཏེ། སྔགས་མེད་དུག་གིས་འཆི་བ་ལྟར་ཉོན་མོངས་ཀྱིས་བར་དུ་གཅོད་པའི་ཕྱིར་རོ། །དེས་ན་སྡོམ་པ་རྣམ་པར་དག་ཅིང་མཚན་ཉིད་པར་བྱེད་པ་ནི་འདུ་ཤེས་ཏེ་འཁོར་བ་ལས་ངེས་པར་འབྱུང་བའི་འདུ་ཤེས་ཀྱིས་སོ་ཐར་དང་གཞན་དོན་རྫོགས་བྱང་བསྒྲུབ་པའི་འདུ་ཤེས་ཀྱིས་བྱང་སྡོམ་མཚན་ཉིད་པར་འགྱུར་བ་དང༌། འདུ་ཤེས་གཉིས་པོ་དེའང་ཕུང་སོགས་ཆོས་ལ་མ་དག་པའི་མཚན་མར་བལྟ་བ་བཅས་བླང་དོར་ལ་བརྩོན་པ་ཡིན་པས་དག་བྱེད་ནི་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ་ཤེས་ནས་བསྐྱེད་རིམ་གྱི་རྣལ་འབྱོར་ལ་རང་བྱན་ཆུབ་དགོས་པ་ཡིན་ཞིང༌། བསྐྱེད་རིམ་གྱི་ལྷ་དེ་ཉིད་གྱ་ནོམ་དུ་བལྟ་བའི་ཞེན་པ་ཡོད་ན། དེ་དག་བྱེད་རྫོགས་རིམ་ངོ་བོ་ཞེན་རྟོག་དང་བྲལ་བའི་ཡེ་ཤེས་ལ་གོམས་པ་ཚད་དུ་འཁྱོལ་ན་ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་དུ་སྔར་གྱི་ཉོན་མོངས་རང་རྒྱུད་པས་བསྐྱེད་པའི་བཅས་པའི་ལྟུང་བ་ཆོས་ཅན་ཀུན་རྫོབ་ཀྱི་རང་བཞིན་སྐྱེ་འཇིག་ཅན་དེས་གནོད་པའི་རང་མཚན་མི་འཛིན་ཏེ། ཉོན་མོངས་དང་ལས་རང་རྒྱུད་པ་མེད་ཕྱིར་དེ་འདྲའི་གང་ཟག་དེ་ལ་རྟོགས་པ་བཟང་པོས་ཕན་བཏགས་ཏེ་ཡོན་ཏན་ཐོབ་པ་དང༌། ངན་པས་གནོད་པ་བསྐྱལ་ཏེ་གཉེན་པོའི་ཕྱོགས་ཤོར་བ་སྟེ་ཉམས་པར་གྱུར་པ་གཉིས་ཀ་མེད་དོ། །དེ་ཡང་འདི་ལྟར་ཐེག་པ་ལ་རིམ་ཞུགས་ཀྱི་གང་ཟག་རྣམས་ལ་དགོངས་ནས་སྟོན་པས་སྡོམ་པ་གསུམ་གྱི་བཅས་མཚམས་རྣམ་བཞག་གི་ཚུལ་ལས་དང་པོ་པའི་གནས་སྐབས་ན་ཐར་པའི་གེགས་སུ་གྱུར་པའི་ཉོན་མོངས་དང༌། དེས་བསྐྱེད་པའི་སྒོ་གསུམ་གྱི་ཁ་ན་མ་ཐོ་སྡོམ་པའི་ཕྱིར། ཐོག་མར་སོ་ཐར་གྱི་བསླབ་ཁྲིམས་གཞན་ཕན་གྱི་གེགས་རང་དོན་ཡིད་བྱེད་དང༌། དེས་བསྐྱེད་པའི་སྒོ་གསུམ་གྱི་ལས་རྣམས་སྡོམ་བྱེད་ཀྱི་ཐབས་སུ་བར་དུ་བྱང་སེམས་ཀྱི་བསླབ་ཚུལ་བསྟན་ཅིང༌། དེ་གོམས་ནས་བསམ་སྦྱོར་གཞན་དོན་དུ་འགྱུར་བའི་ཚེ་གཞན་དོན་འབད་མེད་མྱུར་དུ་བསྒྲུབ་ནུས་པའི་གེགས་རྐྱེན་སྒོ་གསུམ་ཐ་མལ་དུ་བཟུང་ནས་འཁོར་བར་འཁྲུལ་འཛིན་སྡོམ་ཕྱིར་མཐའ་མར་རིག་འཛིན་སྔགས་སྡོམ་སྟེ། ནད་པ་ལ་སྨན་ལྟར་རིམ་གྱིས་ཐོག་མཐའ་བར་དུ་འགལ་བར་མི་གནས་པའི་སྡོམ་པ་གསུམ་གྱི་ངོ་བོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་པའི་རང་བཞིན་སེམས་དང་སེམས་བྱུང་གི་ངང་ཚུལ་ཡིན་པས་གནས་སྐབས་འདུ་ཤེས་ཇེ་བཟང་དུ་སོང་བའི་གནས་འགྱུར་ཙམ་དང༌། མཐར་འདུས་བྱས་སེམས་སྣང་གི་ཆ་ཐམས་ཅད་འདུས་མ་བྱས་པའི་ཡེ་ཤེས་སུ་གནས་འགྱུར་བ་ནི་གྲུབ་པ་ཡིན་ནོ། །ད་ལྟའི་གང་ཟག་ཕལ་མོ་ཆེ་ནི་ཐོས་བསམ་སྒོམ་པ་ལེགས་པར་མི་འབྱོངས་བས་གཞི་རང་ཉིད་སོགས་ལ་དང༌། བསམ་པ་ཆང་སྲེད་སོགས་རང་རྒྱུད་ལ་ཡོད་པའི་གནང་བཀག་གི་ཕྱོགས་གཉིས་ཀ་ལ་བདེན་ཞེན་མངོན་གྱུར་དུ་ལྡན་པའི་ཕྱིར་ལྷར་སྣང་ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་ལ་མོས་པ་ལམ་བྱེད་ཀྱི་སྒོ་ནས་སྤྱོད་པའི་སྡོམ་པ་གསུམ་ལྡན་གྱི་གང་ཟག་དེ་ལ། སྡོམ་པ་གསུམ་པོ་ཉམས་རྐྱེན་དང་གཏོང་རྒྱུ་མ་བྱུང་བར་སོ་སོར་གནས་པའི་ཚེ་ན། ལྡོག་པ་བྱེ་བྲག་པ་སོ་སོ་ཡོད་ལ། བསྲུང་ནའང་གསུམ་པོའི་སྤང་བླང་གནས་ཐམས་ཅད་མཉམ་དུ་བསྲེས་ནས་འཆོལ་བར་བསྲུང་དགོས་ཤིང༌། དེ་ལྟར་བསྲུང་བའི་སྒོ་ནས་སྐྱོན་མེད་པར་ལྡན་ན་འོག་མ་རང་རང་ས་ནས་བསྲུང་བས་གོང་མའི་ངོ་བོ་ཡར་ལྡན་དུ་གྲུབ་ལ། འཆོས་དགོས་ན་སྡོམ་པ་གསུམ་པོ་རང་ས་ནས་ཉམས་པའི་ལྟུང་བ་དེ་ཁོལ་བུར་ཕྱུང་བའི་རང་རང་གི་ས་ནས་ཇི་སྐད་བཤད་པའི་སྒོ་ནས་ཕྱིར་བཅོས་ན་རྣམ་པར་དག་པ་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། ཉེས་པ་བསྐྱེད་ན་གཟུགས་བརྙན་སོགས་ལ་ཆགས་སྲེད་ཀྱིས་ཆང་འཐུང་ལྟ་བུ་སྐྱོན་དང༌། ཕྲག་དོག་གི་ཆོས་འཆད་པ་སོགས་ཡོན་ཏན་གང་ལྟར་སྣང་ཡང་འགོག་གོ །རྒྱུ་དགེ་བ་དང་འབྲས་བུ་ཡོན་ཏན་བསྐྱེད་པར་བྱེད་ན་གཟུགས་བརྙན་ཕན་སེམས་ཀྱིས་བརྡུང་བརྡེག་བྱེད་བ་སོགས་སྐྱོན་ལྟར་སྣང་བ་དང༌། ཕན་སེམས་ཀྱིས་སྦྱིན་སོགས་གཏོང་བ་ལྟ་བུ་གང་ཡིན་ཀྱང་སྤྱོད་པར་གནང་བའི་ཕྱིར། གནང་བཀག་གི་བྱེ་བྲག་འཚམས་པར་བྱེད་ཀྱི་ཚིག་གི་ཕྱོགས་གཅིག་ཁོ་ནའི་ལམ་ན་གནས་པ་མིན་ཏེ་གང་ཟག་རྒྱུད་མཐོ་དམན་གྱི་བྱེ་བྲག་དང་འབྲེལ་ནས་གནང་བཀག་གི་མཚམས་ལེགས་པར་གྲུབ་པའོ། །གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཚང་ལ་མ་ནོར་བ་ནི། ཕ་རོལ་ཕྱིན་པ་དྲུག་དང་ཚོགས་གཉིས་ཀྱི་ཤེས་རབ་ཏེ་དམིགས་རྣམ་དང་བཅས་བསྒྲུབ་པའི་ཆ་བསོད་ནམས་དང༌། རང་རང་གི་འཁོར་གསུམ་ལ་བདེན་ཞེན་གྱི་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་སོགས་ཉན་རང་དང་ཐུན་མིན་ཡོན་ཏན་རང་རྒྱུད་ལ་སྔར་མ་སྐྱེས་པ་ཐབས་དང་རྟེན་འབྲེལ་དུ་མས་བསྐྱེད་པར་བྱེད་པ་ནི་གལ་ཆེ་སྟེ། བྱང་སྡོམ་ལེན་སྐབས། རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལྟར་དང༌། སྔར་སྐྱེས་པ་སླར་གོང་འཕེལ་དུ་སྤེལ་བ་ལ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱ་ལ། བསླབ་པ་གསུམ་གྱི་ནང་ནས་སེམས་ཀྱི་བསླབ་པས་བསྡུས་ཏེ། གཏོང་བ་སོགས་ཕྱིན་དྲུག་རང་རང་གི་ངོ་བོ་གྱུར་བའི་དགེ་སེམས་རྩེ་གཅིག་པ་ཡིན་པའི་ཕྱིར་རོ། །བྱམས་དང་སྙིང་རྗེས་ཟིན་པའི་སྦྱིན་གཏོང་དང་ཐོས་བསམ་ལ་སོགས་པའི་དགེ་བ་གཅིག་ལ་ནི་དྲུག་ཀ་ཚང་བ་ཡིན་ཏེ། གནས་སྐབས་གང་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་དམིགས་ནས་བྱེད་པ་དེ་ནི་སྦྱིན་པ་ཡིན་ཏེ་འབྲས་བུ་ལ་བདག་འཛིན་དང་བྲལ་བའི་ཕྱིར་རོ། །དེ་ལ་རང་དོན་ཡིད་བྱེད་ཀྱི་འདོད་བློ་མེད་པ་ཚུལ་ཁྲིམས་ཡིན་ལ། གཞན་དོན་གང་ལའང་སྐྱོ་ངལ་དང་འཁྲུགས་པ་མེད་པ་བཟོད་པའོ། །བསྒྲུབ་བྱ་དེའི་ཡོན་ཏན་མཐོང་ནས་ལྷག་པར་སྤྲོ་ཞིང་འཇུག་པ་བརྩོན་འགྲུས་ཡིན་ཏེ་དགེ་ལ་སྤྲོ་ཕྱིར་རོ། །སེམས་ཅན་དོན་ལ་དམིགས་པ་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ་གཞན་དུ་མ་གཡེང་བ་དང༌། འཁོར་གསུམ་གྱི་དངོས་པོ་བདེན་འཛིན་གྱི་མཚན་མར་ཞེན་པ་སྤངས་པ་ཤེས་རབ་སྟེ། རྟེན་འབྲེལ་གྱི་ཆོས་ལ་ཁྱད་དུ་མི་གསོད་པ་བླང་དོར་ཞེན་འཛིན་བྲལ་བའི་ཕྱིར་རོ། །དེས་ན་བསྒྲུབ་བྱའི་དགེ་བ་དེའི་ངོ་བོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ཚང་བ་དེ་བཞིན་དུ་རྟག་པར་ཐབས་ཤེས་དེ་ལྟ་བུས་ཟིན་ན་སྒོ་གསུམ་དགེ་ཚོགས་ཀྱི་བྱ་བ་ཐམས་ཅད་ཕྱིན་དྲུག་དང་ནམ་ཡང་འདུ་འབྲལ་མེད་ཅིང་བྱང་ཆུབ་བསྒྲུབ་པ་ལ་ཚེགས་མེད་པའོ། །དེར་མ་ཟད་བྱང་ཆུབ་སེམས་དཔའ་རྣམས་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ལུང་མ་བསྟན་པ་རྣམ་པ་བཞི་ཀུན་ལ་དྲན་ཤེས་དང་ལྡན་པས། སྤྱོད་ཡུལ་གང་ལ་འཇུག་ཀྱང་དེ་དང་རིགས་མཐུན་སྨོན་ལམ་འདེབས་པའི་སྒོ་ནས་ཡོངས་སུ་དག་པའི་དགེ་ཚོགས་ཀྱི་ནུས་པ་བརྟན་པར་གྱུར་ཚེ་ཐ་ན་གོམ་པའི་འདེགས་འཇོག་ཚུན་ཆད་སྒོ་གསུམ་གྱི་བྱ་བ་ཅི་བྱས་པ་དག་ཀྱང་ཕྱིན་དྲུག་གི་ལམ་ལ་ཆེད་དུ་རྩོལ་མེད་འཇུག་ཅིང་ཐབས་མཁས་པ་དང་ལྡན་པས་ཚོགས་རྫོགས་ཤིན་ཏུ་མྱུར་བ་ཡིན་ནོ། །དེ་དག་གི་བསླབ་ཚུལ་གཙོ་ཆེ་བའི་དབང་དུ་ནི་ལས་དང་པོ་པས་བསྲུང་བ། མོས་སྤྱོད་པས་དག་པ། མ་དག་ས་བདུན་ལ་གནས་པས་བཏང་བ། དག་ས་ལ་གནས་པས་སྤེལ་བའི་ཚུལ་ལ་བསླབ་པར་གསུངས་སོ། །རྒྱལ་སྲས་ཐབས་ལ་མཁས་ཤིང་རྫོགས་སྨིན་སྦྱངས་གསུམ་ཚད་ཕྱིན་པས་དངོས་སུ་སློང་མོ་བ་ལ་སྦྱིན་པ་གཏོང་བ་སོགས་སམ། བརྒྱུད་མ་ནས་ཆོས་བཤད་སྦྱིན་གཏོང་དགེ་བ་ལ་བསྐུལ་བ་སོགས་སེམས་ཅན་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་ལྷུར་བྱེད་ཅིང༌། ཟང་ཟིང་སྦྱིན་པ་དང༌། བློ་རིམ་དང་འཚམས་པར་ཆོས་སྙན་པར་སྨྲ་བ་དང༌། དོན་ནམ་མངོན་རྟོགས་ལ་སྤྱོད་དུ་འཇུག་པ་དང༌། རང་ཡང་དོན་མཐུན་པར་སྤྱོད་པ་སྟེ་བསྡུ་དངོས་བཞི་དང༌། དེའི་གྲོགས་རང་རྒྱུད་ལ་དགེ་བའི་ཆོས་མཐའ་དག་ཡོངས་སུ་སྡུད་པའི་ཚུལ་ཁྲིམས་ཀྱིས་ཕྱུག་ན་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཕྱེས་པ་ལྟར་གཞན་དོན་གོ་སྐབས་ཡངས་པ་ཡིན་ནོ། །གཞན་ལ་ཕན་པའི་གཞི་གང་ལ་བརྟག་པ་དྲུག་ཏུ་གསུངས་པ་སྟེ། བདག་དང༌། གཞན་དང༌། ཟང་ཟིང་གིས་ཕོངས་པ་དང༌། ཟང་ཟིང་གིས་འབྱོར་པ་དང༌། ཆོས་ཀྱི་ཕོངས་པ་དང༌། ཆོས་ཀྱིས་འབྱོར་པ་སྟེ་གནས་དྲུག་པོ་དེའང་བདག་གཞན་ནི་ཆོས་དང་ཟང་ཟིང་གིས་འབྱོར་རྒུད་ཀྱི་གཞི་ཡིན་པས་གཞན་བཞི་པོ་ཡང་དེའི་ཁོངས་སུ་འདུ་ལ། གཉིས་པོའང་རང་གི་ཆོས་ལ་འབྱོར་པ་དང་རྒུད་པ་བརྟག་པར་འདུ་སྟེ། རང་ཉིད་ལུང་རྟོགས་ཀྱི་ཡོན་ཏན་ཡོད་ཅིང་འདུ་འཛི་དང་རྣམ་གཡེང་སོགས་ཀྱིས་རང་ཆོས་ལམ་ལས་མ་ཉམས་པར་འགྱུར་བ་ཤེས་ན་གཞན་དོན་གཙོ་བོར་བྱ་དགོས་ལ། གཞན་དོན་བྱས་ཀྱང་གཟུགས་བརྙན་ཙམ་དུ་སོང་ནས་གཞན་ལ་ཕན་མི་ཐོགས་པའི་སྟེང་རང་དོན་བསླབ་གསུམ་གྱི་ཡོན་ཏན་ཉམས་ཏེ་ཚུལ་ཁྲིམས་འཆལ། ཏིང་འཛིན་གཡེལ། ཤེས་རབ་རྨོངས་པ་ལ་སོགས་པའི་ཉེས་པས་གནོད་པར་འགྱུར་བས། སོ་སྐྱེ་ལས་དང་པོ་པས་རང་གི་འཁྲུལ་པའི་ཀུན་རྟོག་ཉོན་མོངས་ལ་དྲན་ཤེས་ཀྱིས་བརྟགས་ནས་ཉོན་མོངས་དེ་དག་སྤོང་བྱེད་ཀྱི་གཉེན་པོའི་སྟོབས་གོང་དུ་བསྐྱེད་པའི་ཐབས་ལ་གཙོ་བོར་བསླབ་ན་གཞན་ཕན་ཐབས་ཀྱང་དོན་གྱིས་བྱས་པ་ཡིན་ནོ། །གཞན་བསྟན་འགྲོ་ལ་ཕན་པ་རླབས་ཆེན་འགྲུབ་སྲིད་ན་ནི། རང་དོན་ཙམ་དང་གཞན་དོན་ཉི་ཚེ་བ་ཙམ་ལས་མེད་པའི་འོག་མའི་བསླབ་སྡོམ་ལྟ་བུ་བཅས་པ་ཆུང་ངུ་རྣམས་བག་ཡངས་སུ་འཇོག་པར་གནང་བའི་སྐབས་ཡོད་དོ། །དཔེར་ན་ཆེན་པོ་གྲོང་ཁྱེར་གྱི་ཕྱིར་ན་ཆུང་ངུ་གྲོང་བརྡལ་ལྟ་བུ་དང༌། བདག་གི་ལུས་སྲོག་གི་ཕྱིར་སྡོད་གནས་ཀྱི་ས་གཞན་ལ་གཏོང་བ་དང༌། ལུང་རྟོགས་ཀྱི་ཆོས་རྒྱ་ཆེར་དར་ཕྱིར་བདག་ཀྱང་གཏོང་བ་སོགས་གནང་བ་ཡིན་ནོ། །བསླབ་ཁྲིམས་ལ་གནས་པའི་སྐབས་འདི་ན་གྲོགས་སམ་འཁོར་ནི་འདི་ཡིན་ཏེ། མི་མཇེད་པ་སྟེ་སྡུག་བསྔལ་སོགས་རྐྱེན་ཐམས་ཅད་ཐེག་པས་བཟོད་པའི་ངོ་བོ་ནི་ས་གཞི་བཟང་པོ་ལྟ་བུ་ལ། ཚུལ་ཁྲིམས་གསུམ་གྱི་རང་བཞིན་ཆོས་ཀྱི་མེ་ཏོག་གི་ཚལ་ལ་ཡོན་ཏན་གྱི་དྲི་བཟང་པོ་ཀུན་ནས་རྒྱས་པ་རབ་ཏུ་བསྲུང་བའི་ར་བ་ལྟ་བུ། རང་གཞན་དོན་གཉིས་གང་ཡིན་ཀྱང་དཀའ་སྤྱད་དང་སྡུག་བསྔལ་གྱི་ཁུར་ཆེན་པོ་ཅི་བྱུང་བ་དེ་ཉིད་དང་དུ་ལེན་ཤིང་བཟོད་པ་དང༌། ཕ་རོལ་པོས་གནོད་འཚེ་ཅི་བྱས་ཀྱང་ཇི་མི་སྙམ་པའི་བཟོད་པ་དང༌། སྟོང་ཉིད་སོགས་ཟབ་མོའི་དོན་ལ་མི་སྐྲག་པ་སྟེ་རྣམ་པ་གསུམ་མོ། །ཡིད་ནི་ཤིན་ཏུ་རེངས་པ་སྟེ་གྱོང་ཤིང་མ་རུངས་པར་བྱ་བའི་ཞེ་སྡང་གི་སྡིག་པའི་མངོན་རྟོགས་ནི་དགའ་བདེ་སྒྲིབ་པའི་མུན་པ་ལྟ་བུ་དང༌། གསོད་པ་དང་བརྡུང་བརྡེག་སོགས་ཉེས་པ་སྣ་ཚོགས་པའི་འཁྲི་ཤིང་ཅན་ཡིན་ལ། དེས་ནི་ཐར་དུ་མེད་པའི་དམྱལ་བར་འཕེན་ཞིང་དེར་འཛུལ་བ་ལ་སྐྲག་པ་རྣམས། ནམ་ཡང་ཁྲོ་བའི་རྣམ་རྟོག་སེམས་ལ་སྐྱེ་བའི་གོ་སྐབས་དབྱེ་བར་མི་བགྱིད་དེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་ཏུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། ཞེས་སོ། །གནོད་པའི་ཡུལ་ནི་དཔག་ཏུ་མེད་དེ། དཔེར་ན་ནགས་ཀྱི་ཚེར་མ་བསལ་གྱིས་མི་ལང་ལ་དེར་མ་ཕྱིན་ན་མི་གནོད་པ་བཞིན། གནོད་པའི་ཡུལ་དེ་དག་ཐམས་ཅད་འདུལ་གྱིས་མི་ལང་སྟེ་སླར་ཡང་ཀུན་ནས་འཕེལ་བ་ཅན་དུ་ཟད་དེ། དེ་བས་ཕན་ཚུན་མི་འདོད་པའི་བསམ་པས་འཁོན་དང༌། དེའི་དབང་གིས་ཁྲོ་བའི་ཀུན་ཀུན་རྟོག་བཟོད་པར་དཀའ་བས་རང་གཞན་ཀུན་གྱི་རྒྱུད་མ་རུངས་པར་བྱེད་པ་པོ་ནི། ཐོག་མར་ཡུལ་ལ་མི་འདོད་པའི་རྣམ་པར་བཟུང་ནས་ཉེ་བར་ལེན་པའི་སེམས་ཡིད་མི་བདེ་བ་དེ་ཉིད་གཅིག་པུ་ཤེད་མ་རྒྱས་གོང་དུ་ཕག་སྣ་གཏུན་བརྡུང་དང་ཀོང་བུ་དྲོ་ཕྱིས་ཞེས་པའི་དཔེ་ལྟར་བཏུལ་བར་བྱས་ན། བཟོད་པའི་དཀའ་ཐུབ་ཅེས་མི་ཐུབ་ཁུར་ཆེན་པོ་དེ་ཡང་བདག་ལ་མཛའ་བར་འགྱུར་རོ། །ཕ་རོལ་པོས་སྐྱོན་མཚང་སྨྲས་ན། ཚིག་དེ་དང༌། རང་གི་རྣ་བའི་དབང་པོ་དང༌། ཤེས་པ་སྟེ་གསུམ་པོ་ཕྲད་ཅིང་རེག་པའི་ཚོར་བ་ཤིན་ཏུ་རྩུབ་པའི་རང་བཞིན་དུ་ཚིག་གི་རྣམ་པ་དེ་ཤར་ནས། དཔེར་ན་མདས་སྐྱེས་བུའི་གནད་ལ་བསྣུན་པ་ལྟར་སྙིང་ཚལ་པར་འགས་པ་ཙམ་དུ་སྡུག་བསྔལ་ནས་མི་བཟོད་པ་དྲག་པོ་སྐྱེ་ནའང༌། བརྟག་ནས་ཚིག་དེ་བྲག་ཅ་བཞིན་ཡིན་པས་སྙིང་ལ་ཟུག་པ་ལྟར་སྣང་བ་དེ་ལ་དངོས་སུ་ཟུག་རྔུ་ཞིག་ཅང་མཆིའམ་སྟེ་ཅང་མེད་དོ། །འོ་ན་ཅི་ཞེ་ན། ཚིག་དེ་ཉིད་རང་ལ་གནོད་པའི་ངོ་བོར་དང་དུ་བླང་བའི་ཉེར་ལེན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཡང་ཡང་མྱངས་བས་ཕན་ཚུན་གནོད་བྱ་དང་གནོད་བྱེད་རྟེན་དང་བརྟེན་པར་གྱུར་ནས་ཁོང་འཁྲུགས་བཞིན་དེས་བསྐྱེད་པའི་སྡུག་བསྔལ་གྱིས་མནར་བར་འགྱུར་བས་ན། སྲིད་པའི་གནས་འདི་ན་གནོད་པའི་རྒྱུ་ལྟར་སྣང་བའི་བརྡུང་བརྡེག་འཕྲོག་བཅོམ་ངན་སྨྲས་སོགས་སྤྱིའི་འབྲས་བུ་ལུས་སེམས་སྡུག་བསྔལ་མཐའ་ཡས་སུ་སྣང་བ་ཇི་སྙེད་ཐམས་ཅད་བདག་ཉིད་ལས་བྱུང་བ་ཡིན་ཏེ། དཔེར་ན་ཅ་ཅོའི་སྒྲ་བསྒྲགས་པ་དང་བྲག་ཅ་འབྱུང་བ་བཞིན་ཡིན་ཏེ། སྤྱིར་བདག་ཉིད་མ་བྱུང་སྟེ་གཏན་ནས་མེད་ན་ཕ་རོལ་པོས་གནོད་པ་བྱ་བའི་ཡུལ་མེད་པས། རང་གིས་སྔོན་བྱས་རྐྱེན་གྱིས་བོས་ལ་ལྟོས་ཤིག །བཟོད་པ་གནོད་བྱེད་ཀྱི་རྐྱེན་ལས་གྲུབ་ཕྱིར་བརྟགས་ན་གནོད་བྱེད་འདི་ནི་གནོད་པ་ཆེན་པོ་མ་ཡིན་ལ་ཕན་ཆེན་པོ་ཡིན་ཏེ། གནོད་བྱེད་དགྲ་བོ་གང་ལ་བརྟེན་ནས་ཐེག་ཆེན་རྒྱ་མཚོར་བགྲོད་པའི་བཟོད་པའི་གྲུ་གཟིངས་དང༌། དེ་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་ནོར་བུ་རིན་པོ་ཆེ་རང་གཞན་འཕྲལ་ཡུན་གྱི་ཕན་བདེ་དམ་པའི་རྒྱུ་འཐོབ་པར་འགྱུར་བས་ན། བཟོད་པའི་རྒྱུ་དེ་དང་འདྲ་བའི་གནོད་པ་བྱེད་པའི་དགྲ་དེ་བཟོད་པའི་ཞིང་དུ་བསམ་ནས་དམ་པའི་ཆོས་ལྟར་མཆོད་པར་འོས་སོ། །ཆོས་ལ་ངེས་སེམས་ཀྱི་བཟོད་པ་བརྟགས་ཚུལ་ནི། ཤིན་ཏུ་བརྟགས་ཤིང་དཔྱད་ན་རང་ལ་གནོད་པའི་ངོ་བོ་དེ་གནོད་བྱེད་ཡུལ་གྱི་སྟེང་ན་འདུག་གམ། དེས་བྱས་པའི་ལས་ཀྱི་སྟེང་ན་འདུག་གམ། གནོད་བྱ་རང་གི་སྟེང་ན་འདུག་གམ་ཞེས་བརྟགས་ན་གཞན་གང་ནའང་མི་འདུག་སྟེ། སྔར་བཤད་པ་བཞིན་རྐྱེན་སྣ་ཚོགས་ཚོགས་པ་ན་རང་གི་ཉེར་ལེན་སེམས་ཀྱིས་གློ་བུར་དུ་བཟོས་པ་ཙམ་ཡིན་ལ། སེམས་དེ་ཡང་བརྟགས་ན་མཚན་ཉིད་རྒྱུན་ཆགས་སུ་འཛིན་པའི་ནུས་པ་མེད་དེ། དཔེར་ན་ཆུ་ཡི་རི་མོ་ནི་མོད་ལ་བྱུང་ཡང་མོད་ལ་མེད་པ་བཞིན། རྣམ་པར་རྟོག་པ་དང་བཅས་པའི་ཁྲོ་གཉེར་རྩུབ་མོ་རང་རྐྱ་མ་ཐུབ་པར་ཞིག་པའི་མོད་ལ་སེམས་ནམ་མཁའ་བཞིན་དུ་རྣམ་པར་དག་པ་རྣམ་རྟོག་ཐམས་ཅད་དང་བྲལ་བ་ཡེ་སྟོང་ཆེན་པོར་གནས་པ་ལ་ཐོབ་ཤོར་རམ་བླང་དོར་གང་ཡང་མེད་པ་དེའི་ངང་བསྐྱངས་ཏེ་རྐྱེན་དབང་དུ་མ་སོང་བར་བྱ་བ་འདི་ཡང་ཟབ་མོ་དབུ་མའི་ལམ་གྱིས་ཉོན་མོངས་ཆོས་ཉིད་དུ་སྦྱང་ཞེས་པ་དེ་ཡིན་ནོ། །གང་གི་ཕྱིར་ན་བཟོད་པའི་དཀའ་ཐུབ་ལ་གསུམ་སྟེ། ལས་དཀའ་བ་ལ་དང་ལེན་དང༌། གནོད་བྱེད་ལ་ཇི་མི་སྙམ་པ་དང༌། ཆོས་ཉིད་ལ་ངེས་པར་སེམས་པ་སྟེ་འོག་མ་འདི་མེད་ན་གོང་མ་གཉིས་ཡོད་ཀྱང་ལམ་ཙམ་ལས་འཕགས་མི་ནུས་པས་དེ་རྣམས་ཉམས་ཤིང་མེད་ན་སྦྱིན་སོགས་ཕ་རོལ་ཕྱིན་པ་གཞན་ལྔ་ཡང༌། དཔེར་ན་ཕྱི་མཐའ་ཐམས་ཅད་དགྲ་རྐུན་གཅན་གཟན་དུ་མ་ཡིས་བསྐོར་བའི་བཤུལ་ལམ་ལ་དཔུང་གཉེན་མེད་པར་ཞུགས་ཏེ་སོང་ན་རང་འདོད་པའི་སར་ཕྱིན་དཀའ་བ་དེ་བཞིན་དུ་སྦྱིན་སོགས་ལ་བརྟེན་ནས་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བསྒྲུབ་པར་འདོད་ཀྱང་ཇི་ལྟར་འདོད་པའི་དོན་དེ་ཐོབ་པའི་གནས་སུ་ཕྱིན་དཀའ་བས། རང་བསྐུལ་རང་ལ་གདབ་ནས་བློ་སྟོབས་བསྐྱེད་དེ་བསྒོམ་པར་བྱའོ། །དུས་སྐད་ཅིག་ཙམ་ཡང་ཐོས་བསམ་དང་བསླབ་གསུམ་གྱི་ཉམས་ལེན་དེ་ལས་གཡོལ་བ་མེད་པའི་བརྩོན་འགྲུས་ཀྱིས་རང་དབང་ཉིད་དུ་བསྒྲུབ་བྱ་དགེ་བའི་ཆོས་མཐའ་དག །དཔེར་ན་སྐྱེད་མོས་ཚལ་དུ་སྒོ་ང་ལ་ཡིད་གདུང་བའི་ངང་པ་ཁྱོ་ཤུག་བུའི་ནུས་པ་རྫོགས་ཚེ་ཕྱི་བཤོལ་མེད་པར་འགྲོ་བ་བཞིན་དུ། ལེ་ལོ་གསུམ་པོའི་གཡང་ས་ལ་དགེ་བའི་ཕྱོགས་བསྐྱུད་པ་སྟེ་བརྗེད་ནས་ལུས་པ་མེད་པར་འཇུག་པ་གལ་ཆེའོ། །བྱ་བ་ངན་པ་ནི་འཇིག་རྟེན་གྱི་བྱ་བཞག་སྣ་ཚོགས་ལ་ཞེན་ཅིང་སྐྱེ་བོ་མང་པོའི་འདུ་ལོང་དང་འཛི་བ་ནི་འཛིངས་པ་སྟེ། གཉེན་ལ་ཆགས་པས་འབྲེལ། དགྲ་ལ་སྡང་བས་འབྲེལ། ལོངས་སྤྱོད་གསོག་བསྲུང་སྤེལ་བའི་ལས་ཀྱིས་འབྲེལ་ཏེ་དེ་དག་གི་གསེབ་ནས་མི་ཐར་བ་ནི། དཔེར་ན་སྲིན་བུའི་ཁ་ཆུའི་ཐག་པས་རང་ཉིད་དཀྲིས་པ་ལྟ་བུ་དང༌། དཀའ་བ་ལ་སྒྱིད་ལུག་པའི་ལེ་ལོའི་མཐུས་ནོན་ཏེ་དགེ་བ་ལ་སྦྱོར་བའི་ནུས་པའང་བཏང་སྟེ་ཕྱི་བཤོལ་དུ་ལུས་པ་དང༌། བདག་ལྟ་བུས་ག་ལ་ནུས་སྙམ་ནས་བདག་ཉིད་བརྙས་ནས་སེམས་ཞུམ་པའི་བརྟུལ་ཞུགས་དང་དུ་བླངས་པ་དེས་ནི་རང་གི་ཆོས་སྐལ་རང་གིས་བཅད་པ་ཡིན་ནོ། །དེས་ན་དེ་འདྲའི་གང་ཟག་ལེ་ལོ་གསུམ་གྱི་ཉེས་པའི་རྒྱ་མཚོ་བྱིང་བ་ལས་ཐར་པའི་གོ་སྐབས་མེད་དེ། དཔེར་ན་ལྕགས་གཟེར་ཞིག་པའི་གཟིངས་ལ་ཞོན་ན་ཆུ་ངོགས་སུ་མི་ཕྱིན་པ་བཞིན་ནོ། །ཐེག་པ་ཆེན་པོའི་ལམ་གྱི་གེགས་སུ་གྱུར་པའི་བདུད་བཞི་ཡི་དཔུང་ཐམས་ཅད་འཇོམས་པར་བྱེད་པ་དཔའོ་གཡུལ་ལས་རྒྱལ་བར་བྱེད་པ་བློ་སྙིང་སྟོབས་ཀྱི་གོ་ཆ་རྐྱེན་གང་གིས་ཀྱང་མི་ཤིགས་པའི་བརྩོན་འགྲུས་དང༌། ས་བཅུའི་ངོ་བོ་མཐར་ཕྱིན་པར་བྱེད་པ་སློབ་ལམ་བཞི་པོའི་འགྲོས་ཀྱིས་ཚུལ་ཁྲིམས་གསུམ་ལ་རིམ་གྱིས་སྦྱོར་བའི་སྒོ་ནས་ལམ་ལྔ་མཐར་ཕྱིན་པར་བྱེད་པའི་བརྩོན་འགྲུས་དང༌། །སྔར་དམ་བཅས་ནས་བརྩོན་པའི་བསམ་སྦྱོར་གཉིས་པོ་དེ་སླར་ཇེ་ཞན་དུ་སོང་ནས་མི་འགོང་བ་དང༌། རྐྱེན་གང་གིས་ཀྱང་བར་མ་དོར་མི་ལྡོག་ཅིང༌། ལམ་གྱི་ཡོན་ཏན་གང་བྱུང་ཡང་ཆོག་ཤེས་མེད་པ་ཡི་བརྩོན་འགྲུས་ཅན་གྱིས་ནི། གནས་སྐབས་དང་མཐར་ཐུག་གི་སྨོན་པའི་དོན་ཀུན་འགྲུབ་པ་ཐེ་ཚོམ་མེད་དོ། །བདག་གི་ཚེ་འདི་ལ་ནི་ཉིན་མོའི་སྣང་བ་བཞིན་ད་ལྟ་གཉེན་བཤེས་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང༌། ཚེ་ཟད་ཚུལ་ནི་ཉི་མ་ནུབ་རིར་ཕྱོགས་པ་ལྟར་སྐད་ཅིག་སྐད་ཅིག་གིས་མཐར་གྱུར་ཏེ། མྱུར་བ་མྱུར་བར་གྲིབ་སོ་ལྟར་འཆི་བའི་མུན་ནག་གིས་ཚུར་ཚུར་གཏུགས་ཏེ་འཆི་བའི་ཚེ་ན། ལོངས་སྤྱོད་འདི་དག་གིས་འདི་བྱའོ་ཞེས་གཉེན་གྲོགས་རྣམས་ཀྱིས་ཡོ་བྱད་བགོ་བཤའ་བྱེད་ཚུལ་ཡད་ཡུད་ཙམ་མཐོང་བའི་འཁོར་བའི་བྱ་བཞག་འཇིག་རྟེན་གྱི་སྤྱོད་པ་མཚན་མོའི་རྒྱུ་སྐར་ལས་རྣམ་གྲངས་མང་བ་རྣམས་ཀྱིས་རང་ལ་སྔར་བསགས་མེད་ན། ཤུལ་མི་རྣམས་ཀྱིས་དགེ་ཚོགས་ཅི་བྱས་ཀྱང་དེ་ཡིས་བར་དོའི་འཇིགས་སྐྲག་སོགས་ལས་དབུགས་མི་ཕྱིན་ཏེ། སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་སོ། །ལེ་ལོའི་སྐྱོན་གྱིས་འདམ་ཆུ་ལྟ་བུའི་རྙོག་པ་དྭངས་བར་བྱེད་པའི་བརྩོན་འགྲུས་ཀྱི་གྲོགས་དང་བཅས་ནས། ལམ་གྱི་བགྲོད་ཚུལ་དལ་འབབ་སྟེ་ཁ་བབས་ཆུ་བོ་བཞི་ལྟ་བུ་ནི་ཆུ་ཕྲན་ཕྱོགས་སུ་ལྷུང་ནས་སྐམ་པའམ་འཁྱིལ་བར་སྟོན་པ་ལྟ་བུ་མ་ཡིན་པར་རྒྱ་མཚོ་ཆེན་པོར་ངང་གིས་འབབ་པ་བཞིན། རྣམ་པ་ཐམས་ཅད་ཀུན་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོར་ཕྱིན་པ་དེ་སྲིད་དུ་རྟག་པར་ཐང་ལྷོད་མེད་པའི་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་དྲག་པོས་འབྲས་བུའི་སར་གཡོ་ཞིང་མྱུར་བའི་སྒོ་ནས་བགྲོད་པའི་བརྟུལ་ཞུགས་ཉམས་པར་མི་བགྱིད་དོ། །གང་དུ་གཞི་ཐམས་ཅད་རྩྭ་ལྗང་དང་ལྡུམ་བུའི་རིགས་སྣ་ཚོགས་ཀྱིས་བཀབ་པ་ལ་རྨ་བྱའི་མགྲིན་པ་ལྟ་བུའི་ཁ་དོག་ཤིན་ཏུ་ལེགས་པའི་ནགས་ཚལ་ཡལ་འདབ་མེ་ཏོག་སྣ་ཚོགས་པས་མཛེས་པར་སྤུད་ཅིང་ཉམས་དགའ་བར་འཁྲིགས་པའི་གནས་སུ་རླུང་བསིལ་བུའི་རྐྱེན་གྱིས་དྲི་བཟང་པོའི་ངད་ཕྱོགས་ཀུན་ཏུ་ལྡང་པའི་སྨན་ལྗོངས་དེར་ནི། འབབ་ཆུ་བསིལ་བའི་སྒྲ་ཧ་ཅང་མི་རྩུབ་པ་སྙན་པར་འབབ་ཅིང༌། མཚམས་མཚམས་སུ་མཚོ་ལྟེང་ཀ་ནེ་སེང་སོགས་མུ་ཁྱུད་ཅན་ལ་ངང་པ་དང༌། དུར་པ་ལ་སོགས་པས་སྐད་སྙན་སྒྲོག་ཅིང་སྤྱོད་ལམ་ཤིན་ཏུ་ཞི་བ་མང་པོས་བསྟེན་པར་བྱས་ཤིང༌། རི་ཡི་ངོས་རྣམས་སུ་ལྟ་ན་སྡུག་པ་བྲག་རིའི་ངོས་འཇམ་ཞིང་ཁ་དོག་སྣུམ་པའི་དཀྱིལ་ན་རང་བྱུང་གི་ཕུག་པ་དང༌། སྟེང་འོག་རྣམས་སུ་བྲག་ཐེམ་དང་རི་མོ་བཀྲ་ཞིང་ཁ་དོག་ཕྱེད་པའི་དབྱིབས་ལྟ་བུའི་ཕ་གུ་དང༌། རྟ་བབས་ཀྱི་རྣམ་པ་ཅན་གྱིས་མཛེས་པའི་སྤོ་ན་བྱ་དང༌། ངོས་དང་གཤམ་རྣམས་སུ་རི་དྭགས་གཞོན་ནུ་འགྲོགས་ན་བདེ་བས་མཛེས་པ་ཡོད་དོ། །རང་བཞིན་སྙིང་ལ་དགའ་བ་བསྐྱེད་པའི་ནགས་ཚལ་ལྷ་མོ་ལྟ་བུ་གཟུགས་མཛེས་པའི་རྐེད་ཆིངས་ནི། ཤིང་བལ་གཞོན་ནུས་ལུ་གུ་རྒྱུད་དུ་སྤྲེལ་བའི་དྲྭ་ཕྱེད་གཡོ་བ་ན། འཚེ་བ་ལ་དོགས་པས་སྐྲག་པ་མིན་པའི་ཁུ་བྱུག་གི་ཚོགས་རྣམས། འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་གསར་པའི་སྐད་སྙན་འགྲེམས་པར་བྱེད་དོ། །དེ་ལྟ་བུའི་ཆོས་མཐུན་གྱི་དགའ་བའི་ལོངས་སྤྱོད་མང་པོས་བརྒྱན་པའི་དབེན་གནས་དེ་རུ་གཤེགས་ཤིག་སུ་ཞིག་ན་བསམ་གཏན་བསྒོམ་པར་འདོད་པ་རྣམས་སོ། །ཅིའི་ཕྱིར་ན། འཇིག་རྟེན་གྱི་ལོངས་སྤྱོད་གློ་བུར་བ་མི་རྟག་ཅིང་སྤྲིན་གྱི་བླ་རེ་ལྟ་བུའི་ནང་ཤེད་ན། སྐྱེས་བུ་རྣམས་ཀྱི་ཚེ་བརྟན་ཅིང་སྲོག་འཚོ་བའི་རྐྱེན་དུ་ཕན་པར་རློམ་ནས་རོལ་ཞིང་སྤྱོད་ནའང༌། སྣང་བ་ཙམ་ལས་མེད་པའི་གློག་གི་འགྱུར་བ་ནི་སྐད་ཅིག་གིས་གཡོ་ཞིང་འདར་ནས་ཟད་པར་འགྱུར་བ་ལས་ཡུད་ཙམ་སྡོད་ལོང་མེད་པའི་གནས་སྐབས་ལྟ་བུ་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་གསུམ་གྱི་ཆོམ་རྐུན་ལྟ་བུ་དཀྱུ་ཞིང་འགྲོ་བས་མནར་བར་བྱེད་ཅིང༌། ཁྱད་པར་འདི་ཕྱི་གཉིས་ཀར་ཕུང་ཀྲོལ་དུ་མ་སྐྱེད་པར་བྱེད་པ་ནི་དཔེར་ན་རྦ་རླབས་འཁྲུགས་པའི་ཆུ་ཀླུང་ཅ་ཅོ་ཅན་བཟློག་ཏུ་མེད་པར་རྒྱ་མཚོར་འགྲོ་བ་ལྟར། སྐྱེ་བོ་རྣམས་ལོངས་སྤྱོད་གསོག་པ་དང༌། སྲུང་བ་དང༌། སྤེལ་བ་གསུམ་གྱི་ངལ་དུབ་སོགས་སྡུག་བསྔལ་དྲག་པོས་གདུང་བའི་ངང་ལ་འདོད་པས་ཆོག་མི་ཤེས་པའི་རྣམ་རྟོག་ངན་པས་རྒྱུད་འཁྲུགས་པ་དང༌། ལོངས་སྤྱོད་འབྱོར་པ་ཅུང་ཡོད་པས་ཁེངས་ཤིང་ཕ་རོལ་ཁྱད་དུ་གསོད་པ་དང༌། དེ་ནས་ཁ་བྲི་ཡི་དོགས་ནས་འཇུངས་པ་དང༌། རང་གི་ཁ་ཟས་རྒྱན་གོས་ཙམ་ཡང་སྤྱོད་མི་བྲ་བའི་སེར་སྣས་བདས་བཞིན་ཚེ་ཡི་མཐར་གཏུགས་ནས་རྒྱུ་དེས་འབྲས་བུ་ངན་འགྲོའི་ཆུ་གཏེར་མུ་མཐའ་མེད་པར་འཁྱམས་སོ། །རྒྱུད་མི་དྲང་བའི་བསམ་པ་གྱ་གྱུ་བའི་གཡོ་དང༌། གཞན་བསླུ་སེམས་ཀྱི་སྒྱུའི་རང་བཞིན་དཔེར་ན་དབྱར་དུས་ཀྱི་ཆར་སྤྲིན་ལྟ་བུ་བརྣག་པའི་མི་དགེ་བའི་བསམ་སྦྱོར་གྱིས་རིན་ཐང་ཅན་གྱི་ལོངས་སྤྱོད་ཀྱི་དངོས་པོ་ནོར་ནི་ཇི་ཙམ་འབྱོར་བཞིན་འདི་ཕྱི་ཀུན་ཏུ་སྡུག་བསྔལ་དཔག་ཏུ་མེད་པའི་རྒྱུ་ཡིན་ནོ། །དེས་ན་ཡོ་བྱད་བསྙུངས་བ་རྣམས་ལ་དགྲ་རྐུན་འཚེ་བས་སྤང་ཞིང༌། ཆོག་ཤེས་ཐོབ་པ་ནི་འབྱོར་པའི་རྩེ་མོར་འགྲོ་བ་ཡིན་ནོ། །སོ་སོའི་སྐྱེ་བོའི་ནང་ནས་ཕལ་བ་བླུན་པོའི་རང་བཞིན་ནི་བྱིས་པ་མ་རབས་ཞིག་སྟེ། འདི་ལྟར་བྱིས་པ་རྣམས་ཀྱི་རྒྱུད་ནི་བསམ་སྦྱོར་ཕྱི་ན་ཅི་ལོག་གི་ཉེས་པའི་སྤྲིན་གྱིས་འཁྲིགས་པ་ཡིན་ཏེ། བདག་ཉིད་བསྟོད་ཅིང་གཞན་ལ་མི་སྙན་པར་སྒྲོག་པ་དང༌། ཉོན་མོངས་པའི་དུག་གིས་ཁོག་པ་གང་ཞིང་བསམ་སྦྱོར་སྦྲུལ་གདུག་གི་ལྕེ་བཞིན་བསམ་སྦྱོར་རྩུབ་མོའི་ཉམས་བག་ལ་རྟག་ཏུ་བསྟེན་ནས་སྡིག་པ་མི་དགེ་བ་འཕེལ་བའི་འཇིག་རྟེན་པའི་དཔལ་འབྱོར་གཡོ་བ་སྙིང་པོ་མེད་པ་གང་ལའང་རྟག་པར་སེམས་ནས། དགེ་བའི་བཤེས་གཉེན་སོགས་ཀྱིས་ཕན་པ་ཅི་བྱས་པ་ལ་ཡང་དྲིན་དུ་མི་གཟོ་ཞིང༌། ཆོས་མཐུན་གྱི་བསམ་སྦྱོར་བཟང་པོ་ཅི་བྱས་ཀྱང་མགུ་བའི་གཟུགས་བརྙན་ཕྱིན་ཅི་ལོག་ཏུ་འཁྱོག་སྟེ་ཁྲོ་ནས་མི་དགའ་བའི་རྣམ་འགྱུར་སྟོན་ཏོ། །འཁོན་གྱི་ཟུག་རྔུ་མེ་ལྕེ་ལྟ་བུ་ཅུང་ཟད་ཡོད་པའང་ཕྲ་མའི་ངག་སྦྱོར་རླུང་ཆེན་དག་གིས་བསྐྱོད་དེ་འཐབ་པར་བྱེད་པ་དང༌། རང་བཞིན་མི་བརྟན་ཅིང་སྤྲེའུ་བཞིན་དུ་སྤྱོད་པ་ཐམས་ཅད་ཆོས་དང་འགལ་བས་གནོད་པའི་རྒྱུ་མི་དགེ་བ་སྣ་ཚོགས་པ་སྟེར་བ། ཆུ་སྲིན་ཁ་གདངས་པའི་ནང་སྲོག་ཆགས་སྣ་ཚོགས་རྔུབ་སྟེ་ལྟོ་བར་ཆུད་པ་བཞིན་དུ་སྡིག་པའི་ལས་སྣ་ཚོགས་བསྒྲུབ་པའི་སེམས་ཀྱི་ལྟོ་བ་ཡངས་པ། དུག་རླངས་འཐུལ་བའི་སྦྲུལ་གདུག་བཞིན་དུ་སུ་དང་ཕྲད་པ་འཇོམས་ཤིང༌། ཁོང་ཁྲོ་ལ་སོགས་པའི་དབང་གིས་མེ་ཆེན་པོ་བཞིན་དུ་རང་བཞིན་དུ་རང་གཞན་གྱི་རྒྱུད་ཀྱི་དགེ་བའི་ལྗོན་ཤིང་བཟང་པོ་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་སྲེག་པར་འགྱུར་བའི་ཕྱིར་ན། ཐ་ཆད་ཀྱི་བྱིས་པའི་གྲོགས་པོ་ངན་པ་ལས་རིང་དུ་བསྲིང་བར་བྱའོ། །འདོད་པའི་ཡུལ་གཟུགས་སོགས་དྲུག་ལ་དབང་པོ་དྲུག་གཡོ་ཞིང་སྤྱོད་པ་ནི། རྣོ་མྱུར་དུག་ལས་ཐུ་སྟེ་དུག་གིས་སྲོག་གཅིག་ཁོ་ནར་ཉེན་ཆེ་ཞིང་སྔགས་སྨན་རྣམས་ཀྱིས་མ་ཟིན་ན་འདོར་ལ། འདིས་ནི་ཚེ་རབས་སུ་ངན་འགྲོར་མནར་བའི་རྣམ་སྨིན་ཤིན་ཏུ་རྩུབ་སྟེ། དུག་ནི་སྤྱད་པའི་མོད་ལ་བདའ་བའི་རོ་མངར་བ་སོགས་བྲོ་ཞིང་མྱོང་ཟིན་ཚེ་སྡུག་བསྔལ་ན་ཡང་སྔགས་སྨན་སོགས་ཀྱིས་གསོ་རུང་ཞིང༌། ཡུལ་ལ་སྤྱད་པའི་ཉེས་པས་ནི་ཚེ་རབས་གཅིག་མིན་ལ་སྐྱེ་བ་མང་པོའི་དུས་ཐམས་ཅད་དུ་སྡུག་བསྔལ་ཞིང༌། ཉེས་པ་དེ་ནི་གསང་སྔགས་མཆོག་དང་བཞི་བརྒྱ་རྩ་བཞི་སེལ་བའི་སྨན་གྱིས་ཀྱང་གསོར་མི་རུང་བས། སོ་སྐྱེ་གང་ཞིག་ཡུལ་གྱི་འདོད་ཡོན་དུག་གིས་མྱོས་པའི་སེམས་ཀྱི་གླང་པོ་ཆེ་ལྷག་མཐོང་གིས་མ་དུལ་བར་དུ། སླུ་བར་བྱེད་པའི་ཡུལ་གྱི་ཉེས་དམིགས་མངོན་དུ་མི་མཐོང་བས་ཡོན་ཏན་དུ་བརྫུ་ཞིང་བསླུ་ཐབས་སྣ་ཚོགས་ཀྱི་རྫུ་འཕྲུལ་ལ་ཡུལ་ལས་ཆེ་བ་མེད་དེ། ནམ་ཞིག་གཟུགས་ཀྱི་ཕུང་པོའི་འདུ་བྱེད་ཞིག་སྟེ་ཤི་བས་ཁྱོགས་ལ་བཞག་ནས་མི་བཞིས་བཏེགས་པའམ། ཕྱུགས་སོགས་ལ་བཀལ་ཏེ་དུར་ཁྲོད་དུ་མ་བསྐྱལ་གྱི་བར་དེ་སྲིད་དུ་འདུ་འཛིའི་རྣམ་གཡེངས་ཞི་བའི་ནགས་མཐོང་སོགས་དབེན་གནས་དག་ལ་བསྙེན་པར་མཛོད་ཅེས་གདམས་པའོ། །རྒྱང་གྲགས་ཕྱེད་དམ་གྲོང་ཟད་པའི་མཚམས་བས་མཐའ་དང༌། གྲོང་ལས་རྒྱང་གྲགས་ཡན་ཆད་འཕགས་པའི་འབྲོག་དགོན་ནི། སེམས་བརྩེ་བ་མེད་པས་ཡིད་དུ་འོང་ཞིང་སྐྱོ་ཤས་འཕེལ་བ། ཚོང་དང་ཞིང་ལས་ལ་སོགས་སོ་ནམ་དང་བསམ་སྦྱོར་ངན་པའི་སྡིག་པའི་གྲོགས་ལ་སོགས་རྣམས་ཀྱིས་སྤངས་ཏེ་མེད་པ་དང༌། དཔྱ་འབེབས་པ་སྟེ་འུ་ལག་ཏུ་འདེད་པ་དང༌། ཁྲལ་འཇལ་བ་དང༌། བྲན་གཡོག་སོགས་གཞན་གྱི་ནུས་པ་ལ་བརྟེན་ནས་འཚོ་དགོས་པ་ཞོ་ཤས་འཚོ་བ་ལ་སོགས་པའི་བྲེལ་བས་མི་གདུང་ཞིང༌། དེ་ན་འཁོད་པའི་བྱ་དང་རི་དྭགས་རྣམས་ནི་བག་ཕེབས་པ་ལས་མི་སྙན་པ་སྒྲོག་པ་མེད་ལ། ཆུ་གཙང་དང་འབྲས་བུ་དང་རྩ་བ་སྡོང་བུ་མྱུ་གུ་ལོ་མ་ཡལ་འདབ་ལ་སོགས་པ་འཕགས་པ་དགྱེས་པའི་ཉེར་སྤྱོད་རྒྱ་ཆེ་ལ། རང་བྱུང་གི་བྲག་རིའི་ཕུག་དང༌། ལོ་མའི་སྤྱིལ་བུའི་ཁང་བཟང་སྤྱོད་ལམ་བཞི་ཤོང་བས་ཡངས་པ་དང༌། ལྗོན་པའི་ཤིང་གི་གྲིབ་བསིལ་སོགས་ཉམས་དགའ་ཞིང་འགྲོགས་ན་བདེ་བ་དེ་དང་མཐུན་པར་ནམ་ཞིག་བདག་ནི་ལྷན་ཅིག་གནས་པར་འགྱུར་ན་ཅི་མ་རུང་བསམ་མོ། །ཕུན་སུམ་ཚོགས་པའི་གནས་དེ་རུ་བསྡད་ན་ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ནི། དཔེར་ན་མགྲོན་པོ་སྔ་མ་སྔ་མའི་རྗེས་ལ་ཕྱི་མ་ཕྱི་མ་གསར་དུ་སླེབས་ཏེ་བརྗེས་པ་ལྟ་བུ་ཡིས་ཤིང་རྣམས་མདོག་རིམ་གྱིས་དུས་སུ་འཕོ་འགྱུར་མངོན་རྟོགས་ངོམ་པའི་ནགས་ཚལ་རྣམས་ཀྱིས། རང་ཉིད་ཉོན་མོངས་པའི་རྐྱེན་མ་ཡིན་པར་རྒྱལ་བའི་བཀའ་ལ་གཏན་ཚིགས་སུ་བྱས་ཏེ། གོམ་བདུན་ཕྱོགས་པའི་བསོད་ནམས་ཚད་མེད་དོ་ཞེས་སྒྲོག་པ་ལ་ལྟོས་ཤིག་ཅེས་རབ་བཏགས་ཀྱི་རྒྱན་དུ་སྦྱར་ནས་བསྔགས་ཏེ། ཏིང་འཛིན་རྒྱལ་པོ་ལས། གང་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་ལ་བསྐལ་པའི་བར་དུ་མེ་ཏོག་དང༌། བདུག་སྤོས་དང་ཞལ་ཟས་དང་བདེ་བར་སྦྱར་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པར་མཆོད་པ་བས། རབ་ཏུ་སྐྱོ་བའི་སེམས་ཀྱིས་དགོན་པར་ཕྱོགས་ཏེ་གོམ་བདུན་ཙམ་བོར་ན། འདི་དེ་བས་ཀྱང་ཆེས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ལུས་དང་སྲོག་ལ་བལྟ་བ་རབ་སྤོངས་ལ། །སྟོང་པ་ཞི་བ་མཆོག་ཏུ་གོམས་པར་གྱིས། །⁽1498⁾བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང༌། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་སོ། །དབེན་གནས་གང་དུ་བསམ་གཏན་ལ་མཉམ་པར་འཇོག་པ་ཤིན་ཏུ་སྟེ་སྐད་ཅིག་ཀྱང་མི་ཡེངས་པར་བསྟེན་པ་ནི། ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་དེ། རྟེན་འབྲེལ་ལུས་ལ་བསྒྲིགས་ནས་འདུག་ཚུལ་ལེགས་ན་རྩ་དང་རླུང་དྲང་བའི་གནད་ཀྱི་རྟེན་ཅིང་འབྲེལ་འབྱུང་ལས་རྟོགས་པ་སེམས་ལ་འཆར་བར་འགྱུར་བས་ལུས་ཀྱི་ཆོ་ག་སྟེ་འདུག་ཚུལ་གྱི་བྱ་བ་ནི། སྟན་བདེ་བ་ལ་རྣམ་སྣང་ཆོས་བདུན་གྱིས་འདུག་པར་བྱ་སྟེ། རྐང་པ་སྐྱིལ་ཀྲུང་ངམ་སྐྱིལ་ཀྲུང་ཕྱེད་པ་བཅའ། མིག་འབྱེད་འཛུམ་རན་པར་སྣ་རྩེར་གཏད། ལུས་དགྱེ་སྒུར་དང་གཡས་གཡོན་རྣམས་སུ་མ་ཡོ་བར་དྲང་པོར་བསྲང༌། ཕྲག་པ་མཐོ་དམན་མེད་པ་ཉིད་དུ་མཉམ་པར་བཞག །མགྲིན་པ་ཅུང་ཟད་བཀུག་ལ་སྣ་དང་ལྟེ་བ་དྲང་པོར་བསྟུན། ལྕེ་ཡང་སོ་ཡི་དྲུང་དུ་བཞག །དབུགས་འབྱིན་འཇུག་རང་བབས་སུ་དལ་བར་བྱ་བ་སྟེ། དེ་ནི་སེམས་ཀྱི་སྲོག་ཤིང་ཅན་ཞེས་སྲོག་ཤིང་བཙུགས་པ་བཞིན་གཞན་དུ་མི་འཕྲོ་བའི་ཐབས་སོ། །དམིགས་ཡུལ་གང་ལ་སེམས་འཛིན་པ་དེ་གཅིག་པུ་ལས་མི་དགེ་བ་དང་ལུང་མ་བསྟན་ལྟ་ཅི་དགེ་བའི་དམིགས་པ་གཉིས་པ་ལའང་གཏད་པ་མ་ཡིན་པར་དམིགས་ཡུལ་དེ་ཁོ་ན་ལ་སེམས་ཆ་མཉམ་པར་བཞག་པ་ལ་བརྩོན་དགོས་ཏེ། དེ་ཡང་འདི་ལྟར་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པའི་དམིགས་པ་གང་ཡང་རུང་བའི་དོན་ལ་རྩེ་གཅིག་ཏུ་འཛིན་པ་དང༌། སྐབས་སྐབས་སུ་དཔྱད་པའི་སྟོབས་ཀྱིས་ཡིད་ནི་དགེ་བའི་དོན་ལ་རྣམ་པར་བཅིང་ཞིང་དཔྱད་འཇོག་སྤེལ་མར་བྱ་སྟེ། ལས་དང་པོ་པས་རྟེན་སྐུ་གཟུགས་སོགས་ལ་བློ་གཏད་ཅིང་འདས་འོང་སོགས་མཚན་ཉིད་གཞིག་ལ། དེ་ནས་རིམ་པར་ཡུན་བསྲིངས་ཏེ་བསྒོམས་པས་མཐར་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་སྤྲོས་པའི་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པའི་རང་བཞིན་གཅིག་ཏུ་ནུབ་ཅིང༌། དེ་ཡང་སྣང་ཆ་འགག་པས་ཕྱང་ཆད་དུ་མ་ཡིན་པར་ཡུལ་སྣང་གཟུགས་སོགས་མ་འགགས་ཀྱང་དངོས་པོ་མེད་པའི་ལྟ་བ་མཚན་ཉིད་མ་གྲུབ་པ་ལྟར་དཀའ་བའི་ཕྱིར་དེར་འཛིན་མེད་པ་ཡིན་ནོ། །དེ་ལྟ་བུའི་ངང་ལ་བྱིང་རྒོད་སྐྱོན་གྱིས་མི་འཕྲོག་པའི་ཤེས་པ་ཡུལ་ལ་མི་རྟོག་པར་རྩེ་གཅིག་ཏུ་གནས་པའི་ཆ་མཉམ་བཞག་གམ་ཞི་གནས་ཡིན་ལ། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་རང་བཞིན་ཡོངས་སུ་ཤེས་པའམ། ནང་སེམས་ཉིད་ཙམ་ལའང་མ་ཞེན་པའི་ཆ་ནི་རྗེས་ཐོབ་བམ་ལྷག་མཐོང་སྟེ། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་པའོ། །དེ་ལ་ནང་གསེས་ཀྱིས་དབྱེ་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལམ་ལ་ཉེ་བར་སྤྱོད་པའི་བསམ་གཏན་དང༌། དོན་རབ་ཏུ་རྣམ་པར་འབྱེད་པ་མཐོང་ལམ་གྱི་རྒྱུར་གྱུར་པའི་ལམ་ཞུགས་འཇིག་རྟེན་པའི་རྒྱུད་ཀྱི་བསམ་གཏན་དང༌། འཕགས་པའི་ལམ་ལ་ཞུགས་པའི་རྒྱུད་ཀྱི་དེ་བཞིན་གཤེགས་དགེའི་བསམ་གཏན་སྟེ་རྣམ་པ་གསུམ་དང༌། ཡང་རྟོག་པ་དང་དཔྱོད་པ་དགའ་བདེ་རྣམས་ཡོད་མེད་ཀྱི་མུ་བཞིའི་དབྱེ་བས་བསམ་གཏན་དང་པོ་སོགས་བཞི། དེ་བཞིན་ནམ་མཁའ་མཐའ་ཡས་སོགས་གཟུགས་མེད་བཞི་སྟེ་རྣམ་པའི་གྲངས་སྙོམས་འཇུག་བརྒྱད་རྣམས་ཡོད་པ་ཡིན་ནོ། །ཐེག་གསུམ་གང་རུང་གི་ལམ་ལ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་དང༌། གཟུགས་མེད་བཞི་སྟེ་བརྒྱད་པོ་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱ་བ་ཡིན་ནོ། །བསམ་གཏན་བཞི་པོ་འདི་དག་གི་དོན་ཅུང་ཟད་ཕྲལ་ཏེ་བཤད་ན། བསམ་གཏན་བཞི་དང༌། གཟུགས་མེད་བཞི་ལས། དང་པོ་བསམ་གཏན་ལ་ཉེར་བསྡོགས་དང་དངོས་གཞི་གཉིས་ལས། དང་པོ་ཉེར་བསྡོགས་ལ་བསྒོམ་ཚུལ་མང་ཡང༌། འཇིག་རྟེན་པའི་ལམ་རྐྱང་པ་ལ་ཞི་རགས་ཀྱི་རྣམ་པ་ཅན་དུ་བསྒོམ་པ་ཤས་ཆེ་བས་དེ་ལྟར་ན། དང་པོ་འདོད་པའི་སེམས་ནི་རགས་པ་དང༌། མ་ཞི་བ་དང༌། མཚན་མར་དམན་པར་བལྟས་ནས་བསམ་གཏན་དང་པོ་ནི། དེ་བས་ལྷག་པར་ཡང་ཞི་བ་དང༌། བདེ་བ་གྱ་ནོམ་པའོ་སྙམ་ནས་ཐོས་བསམ་འདྲེས་མའི་ཚུལ་གྱིས་ཡང་དང་དང་དུ་ཡིད་ལ་བྱས་པས་ནམ་ཞིག་ཐོས་བསམ་ལས་འདས་ནས་སྒོམ་བྱུང་དུ་སོང་སྟེ། འདོད་པའི་ཉོན་མོངས་ཆེ་འབྲིང་དྲུག་སྤངས་པའི་བར་ནི་བསམ་གཏན་གྱི་ཉེར་བསྡོགས་སོ། །དེ་ནས་འདོད་པའི་ཉོན་མོངས་པ་ཆུང་ངུ་གསུམ་སྤངས་པའི་ཚེ་ན་བསམ་གཏན་དངོས་གཞིའི་སེམས་ཐོབ་པའོ། །བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། ཏིང་ངེ་འཛིན་དང་ལྔའོ། །རྟོག་དཔྱོད་གཉིས་ནི་མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་པ་ལྟར་སེམས་ཏིང་ངེ་འཛིན་སྐྱོན་མེད་དུ་གནས་མི་གནས་རགས་པར་རྟོག་པ་དང༌། ཞིབ་པར་དཔྱོད་པ་དང༌། སེམས་ཏིང་ངེ་འཛིན་ལ་གནས་པས་ཡིད་ཤེས་བདེ་བས་ཁྱབ་པ་དགའ་བ་དང༌། དེའི་སྟོབས་ཀྱིས་ལུས་ལ་ཤིན་སྦྱང་གི་བདེ་བ་སྐྱེས་པ་བདེ་བ་དང༌། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ཏིང་ངེ་འཛིན་ནོ། ༈ བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། རབ་དྭངས་དང༌། དགའ་བ་དང༌། བདེ་བ་དང༌། ཏིང་ངེ་འཛིན་ནོ། །དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་ཀྱི་ངོ་བོ་ཡིན་ཡང་འདིར་དགའ་བའི་གཡོ་བ་དང་མ་བྲལ་བའི་ཕྱིར་རབ་དྭངས་གི་སྒྲས་བསྟན་ཏོ། །ལྷག་མ་གསུམ་ནི་སྔར་བཞིན་ནོ། ༈ བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བད་ེ་བ་དང༌། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། ཏིང་ངེ་འཛིན་དང་ལྔའོ། །བདེ་བ་ནི་སྔར་དང་འདྲ་ལ། བཏང་སྙོམས་ནི་སེམས་བྱིངས་རྒོད་མེད་པར་གནས་པའི་ཚེ་རང་བབས་སུ་འཇོག་པའོ། །དྲན་པ་ནི་ཏིང་ངེ་འཛིན་མི་བརྗེད་པའོ། །ཤེས་བཞིན་ནི་བྱིང་རྒོད་ལ་སོགས་བྱུང་མ་བྱུང་རྟོག་པའོ། །ཏིང་ངེ་འཛིན་ནི་སྔར་ལྟར་རོ། ༈ བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། དྲན་པ་དང༌། ཚོར་བ་བཏང་སྙོམས་དང༌། འདུ་བྱེད་བཏང་སྙོམས་དང༌། ཏིང་ངེ་འཛིན་ནོ། །དྲན་པ་དང་ཏིང་ངེ་འཛིན་སྔར་དང་འདྲ་ལ། །ཚོར་བ་བཏང་སྙོམས་ནི་ལུང་མ་བསྟན་ནོ། །འདུ་བྱེད་བཏང་སྙོམས་ནི་སྔར་དང་འདྲའོ། །དེ་ཡང་རྟོག་དཔྱོད་ལ་སོགས་ཡན་ལག་ལྔ་དང་ལྡན་པ་ནི་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ་ཡིན་ལ། དེ་ལས་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་དངོས་གཞི་ཁྱད་པར་ཅན་ནོ། །རྟོག་དཔྱོད་གཉིས་ཀ་སྤངས་པ་ནི་བསམ་གཏན་གཉིས་པའོ། །རྟོག་དཔྱོད་དགའ་བ་གསུམ་སྤངས་པ་ནི་བསམ་གཏན་གསུམ་པའོ། །དེ་གསུམ་བདེ་བ་དང་བཞི་སྤངས་པ་ནི་བསམ་གཏན་བཞི་པའོ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་བསམ་གཏན་དང་པོའི་ཉེར་བསྡོགས་ཡང་དག་པ་དེས་ཀྱང་ལྷག་མཐོང་གི་རྟེན་བྱས་པས་ན་ཉེར་བསྡོགས་མི་ལྕོགས་མེད་ཅེས་བྱ་ལ། ཉེར་བསྡོགས་དེ་དང༌། དང་པོའི་དངོས་གཞི་ལ་ཙམ་ཁྱད་གཉིས། ལྷག་མ་གསུམ་དང༌། དྲུག་ལ་བསམ་གཏན་ས་དྲུག་ཞེས་བྱའོ། །གཉིས་པ་གཟུགས་མེད་རྣམས་ནི་ཡན་ལག་གི་དབྱེ་བ་མེད་པས་དམིགས་རྣམ་གྱིས་འབྱེད་དེ། བསམ་གཏན་བཞི་པ་ཐོབ་པ་དེས་གྲུ་བཞི་ཟླུམ་པོ་ལ་སོགས་པ་དབྱིབས་ཀྱི་འདུ་ཤེས་དང༌། དཀར་སེར་དམར་ལྗང་སོགས་ཁ་དོག་གི་འདུ་ཤེས་དང༌། རི་དང་ཁང་ཁྱིམ་ལ་སོགས་ཐོགས་རེག་གི་འདུ་ཤེས་གསུམ་ཀ་བཀག་ནས་ཆོས་ཐམས་ཅད་ནམ་མཁའ་ལྟར་བསྒོམས་པ་གཟུགས་ཀྱི་འདུ་ཤེས་ཐམས་ཅད་ལས་འདས་ནས་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ནི་ནམ་མཁའ་མཐའ་ཡས། ནམ་མཁའ་ཙམ་དུའང་འཛིན་པ་སྤངས་ནས་ནམ་མཁའོ་སྙམ་བྱེད་རྣམ་ཤེས་ཙམ་གྱི་ངང་དུ་གནས་པ་ནི་རྣམ་ཤེས་མཐའ་ཡས། རྣམ་ཤེས་ཙམ་དུའང་འཛིན་པ་སྤངས་ནས་ཅི་ཡང་མེད་དོ་སྙམ་དུ་གནས་པ་ནི་ཅི་ཡང་མེད་པ། ཅི་ཡང་མེད་དོ་སྙམ་དུ་འཛིན་པ་ཡང་སྤངས་ནས་ཅི་ཡང་མེད་དོ་སྙམ་མཁན་གྱི་འདུ་ཤེས་བརྟགས་ནས། འདུ་ཤེས་ཀྱི་འགྱུ་བ་རགས་པ་ཐམས་ཅད་བཀག་ནས། འདུ་ཤེས་ཕྲ་མོ་ཙམ་ལ་གནས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །འདི་ལ་ཡོད་མིན་མེད་མིན་ཡང་ཟེར་རོ། །ཐེག་གསུམ་གང་རུང་གི་ལམ་ལ་ཞུགས་པའི་གང་ཟག་ཚོགས་ལམ་དང་སྦྱོར་བའི་ལམ་དུ་ལྷག་མཐོང་དང་འབྲེལ་བར་བསྒོམ་པའི་ཏིང་འཛིན་གྱིས། ཐར་པ་མཐོང་ལམ་མངོན་དུ་བྱེད་པ་དོན་རབ་འབྱེད་པའི་བསམ་གཏན་ཞེས་རྒྱུ་ལས་འབྲས་མིང་དུ་བཏགས་པར་གྲགས་སོ། །བྱང་ཆུབ་སེམས་དཔའི་འཕགས་ལམ་གྱི་ཡེ་ཤེས་དང་པོའི་ས་རབ་ཏུ་དགའ་བ་ཡན་ཆད་འཕགས་པའི་ཏིང་འཛིན་ཏེ། དེ་དག་གི་རང་བཞིན་ཟག་པ་མེད་པའི་ཡེ་ཤེས་ཡིན་པས་ཕྱི་མ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཞི་ལྷག་མཐར་ཕྱིན་པས་ཟག་མེད་ཀྱི་དགེ་བ་ཡིན་ནོ། །བསམ་གཏན་དེ་དག་ཀུན་ཀྱང་ངོ་བོ་ནི་ཕྱི་རོལ་དུ་མི་གཡེང་བར་ནང་དུ་སེམས་རྩེ་གཅིག་ཏུ་འཛིན་པ་ཡིན་ལ། དེ་འགྲུབ་པ་དང་མཐར་ཕྱིན་པའི་རྒྱུ་ནི་དམིགས་རྣམ་མི་བརྗེད་པའི་དྲན་པ་རྒྱུན་ཆགས་པ་དང་སྤྲོ་བའི་བརྩོན་འགྲུས་ཀྱི་རྐྱེན་ལ་ལྟོས་པ་ཅན་ཡིན་ནོ། །རྩེ་གཅིག་པའི་དྲན་པ་ཉམས་ནས་ཕྱི་རོལ་དུ་རྣམ་པར་གཡེངས་པར་གྱུར་ན། དེ་མ་ཐག་ཤེས་བཞིན་གྱིས་ཟིན་པར་བྱས་ཏེ་བརྩོན་འགྲུས་ཀྱིས་སླར་ཡང་དམིགས་པ་དེ་ལ་བསླན་ནས་བསྒོམ་པར་བྱའོ། །དེས་ན་ཐུན་མོང་གི་བསམ་གཏན་བསྒྲུབ་པར་བྱས་ན་དེའི་བྱེད་ལས་ནི། ལུས་དང་སེམས་ལ་ཤིན་ཏུ་སྦྱངས་པའི་བདེ་བ་བསྐྱེད་ཅིང་རྫུ་འཕྲུལ་སྣ་ཚོགས་འགྲུབ་པའི་རྟེན་བྱེད་ལ། བསམ་གཏན་དེ་འགྲུབ་ཚེ་འབྲས་བུ་སྔོན་གནས་རྗེས་དྲན་སོགས་མངོན་ཤེས་དང་ཟིལ་གནོན་ལ་སོགས་པ་ཉན་ཐོས་དང་ཐུན་མོང་གི་ཡོན་ཏན་ཐོབ་པ་ཡིན་ནོ། །དེ་དག་གི་ཚེ་བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་བྱེད་དྲུག་གི་ཚེ་རགས་པར་རྟོག་ཅིང་ཞིབ་པར་དཔྱོད་པ་ཙམ་དང༌། དང་པོའི་དངོས་གཞིའི་སྐབས་སུ་རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། ལྷག་མ་བསམ་གཏན་གཉིས་པ་སོགས་གསུམ་པོར་རྟོག་དཔྱོད་གཉིས་ཀ་མེད་པ་ཡིན་ལ། བསམ་གཏན་དང་པོས་གཉིས་པའི་ཉེར་བསྡོགས་བྱེད་པ་སོགས་རིམ་གྱིས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་ཉེར་བསྡོགས་བྱེད་ཅིང༌། དེ་བཞིན་དུ་བསམ་གཏན་བཞི་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་ཉེར་བསྡོགས་སོགས་ཕྱི་མ་གསུམ་པོའང་རིམ་པར་བྱེད་དོ། །དེས་ན་སྙོམས་འཇུག་དགུ་བོ་དེ་ལ་འཕགས་པ་གསུམ་ཀའི་མཐོང་སྒོམ་གྱི་ལམ་གྱི་རྟེན་གཞི་ཞེས་སུ་གྲགས་སོ། །ཐེག་གསུམ་གྱི་ལམ་དང་འབྲས་བུའི་ཡོན་ཏན་ཇི་སྙེད་ཡོད་པ་ཐམས་ཅད་བསྐྱེད་པའི་རྒྱུ་ཞི་ལྷག་དང༌། ཁྱད་པར་ཐེག་ཆེན་ལམ་དང་འབྲས་བུའི་ཡོན་ཏན་ཀུན་གྱི་རྒྱུར་གྱུར་པའི་བསམ་གཏན་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་ནི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དམ་པས་ཟིན་པ་དེ་ལ་གོམས་སྟོབས་སུ་གྱུར་པ་ལས་རང་དང་ངོ་བོ་གཅིག་བའི་ཏིང་འཛིན་གྱི་སྒོ་མང་པོ་དང་ལྡན་ཏེ། ཐེག་ཆེན་ཐུན་མིན་ས་ལམ་གྱི་ཡོན་ཏན་ཇི་སྙེད་པའི་རྣམ་པ་ཐམས་ཅད་འགྲུབ་པར་བྱེད་ཅིང༌། དེ་དག་གིས་སྒྲིབ་པ་སྤོང་ཚུལ་ཡང༌། མཉམ་རྗེས་ལ་ཕྱེ་ཚུལ་གཉིས་ལས། མཉམ་རྗེས་ངོ་བོ་གཅིག་པའི་དབང་དུ་བྱས་ན་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་སེམས་དང་སེམས་བྱུང་གི་འགྱུ་བ་རགས་པ་ཐམས་ཅད་ནུབ་ནས་སེམས་རྟོག་མེད་དུ་གནས་པ་ནི་མཉམ་བཞག་ཡིན་ལ། དེའི་ཚེ་དབང་ཤེས་མ་འགགས་པ་ལ་ཡུལ་སྣང་ཐམས་ཅད་སྣང་ལ་འཛིན་པ་མེད་པ་གསལ་བའི་ཆ་ནི་རྗེས་ཐོབ་ཡིན་པས་བློའམ་རིག་པ་རྫས་གཅིག་པའི་མཉམ་བཞག་དང་རྗེས་ཐོབ་དེ་ཡིས་གཟུང་འཛིན་གྱི་རྟོག་པ་རིམ་གྱིས་སྤོང་བར་བྱེད་ལ། ཡུལ་གྱི་རང་བཞིན་མེད་བཞིན་སྣང་བ་ནི་གཟུང་བ་དང༌། དེར་འཛིན་སྐྱེས་པ་ནི་འཛིན་པའམ། དོན་ཚོགས་བརྒྱད་ཡུལ་གཟུགས་སོགས་ལ་དེ་དང་དེར་འཛིན་པ་གཟུང་རྟོག །ཡུལ་ཅན་ཚོགས་བརྒྱད་ཀྱི་རྟོག་པ་ལ་དེ་དང་དེར་འཛིན་པ་འཛིན་རྟོག་ཞེས་བྱ་ལ། དེ་ཡང་གཟུང་འཛིན་སྤོང་བ་དང༌། གཟུང་འཛིན་གྱི་རྟོག་པ་སྤོང་པ་ན་གཟུང་འཛིན་ཀྱང་སྤང་བ་ཡིན་པའི་ཕྱིར་རོ་སྙམ་སྟེ་བློ་གསལ་དག་གིས་དཔྱོད་ཅིག །ཡང་མཉམ་རྗེས་ཐ་དད་པ་ནི། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་ན་མཉམ་བཞག་ཡིན་ལ། དེ་ལས་ལངས་ནས་ཟ་ཉལ་ལ་སོགས་སྤྱོད་ལམ་གྱི་ཚེ་སྒྱུ་མ་ལྟ་བུའི་དྲན་རྩི་དང་མ་བྲལ་བ་ནི་རྗེས་ཐོབ་བོ། །འགྲོ་འདུག་སོགས་ཀྱི་དུས་སུ་ཚོགས་དྲུག་གི་ཤེས་པ་ཕྱི་རོལ་དུ་སོང་བ་ལ་རྒྱ་ཡན་པ་ཞེས་བྱ་སྟེ། ས་བདུན་ཚུན་ཆད་ཀྱི་འཕགས་པ་དེ་རྣམས་ལའང་སྐབས་རེར་དེ་འདྲ་བ་ཀུན་ན་ཡོད་པ་ཡིན་ཞེས་གསུངས་སོ། །བསླབ་པ་གསུམ་གྱི་ནང་ཚན་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ངོ་བོ་དང་དབྱེ་བ་ལ་སོགས་པའི་དོན་ངེས་པར་འབྱེད་ཅིང་གསལ་བར་བསྟན་པ་ནི། སྒོམ་བྱུང་གི་ཤེས་རབ་ཁོ་ནའི་དབང་དུ་བྱས་ཏེ་ཏིང་ངེ་འཛིན་གྱི་སྦྱོར་བ་ཉེར་བསྡོགས་ལ་གོམས་པ་ལས་དེའི་ངོ་བོར་སྐྱེ་བ་དང་སེམས་ལས་སུ་རུང་ཞིང༌། སྒྲིབ་རྙོག་དྭངས་པའི་བསམ་གཏན་དངོས་གཞིའི་ངོ་བོ་སྐྱེས་པ་དང༌། རྗེས་ཐོབ་དེའི་སྟོབས་ལས་ཆོས་རྣམས་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ངང་གིས་བྱུང་བའི་རྣམ་པ་གསུམ་གྱི་དབྱེ་བས་ཤེས་རབ་བམ། ཡང་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལས་བྱུང་བའི་ཤེས་རབ་གསུམ་ལ་རིམ་གྱིས་བསླབ་པས་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡང་དག་པར་འགྲུབ་པར་འགྱུར་རོ། །བྱེད་ལས་ནི་ཐར་པ་ལ་བར་དུ་གཅོད་པའི་ཉོན་མོངས་པའི་ཚོགས་དང༌། རྣམ་མཁྱེན་ལ་བར་དུ་གཅོད་པ་ཤེས་སྒྲིབ་འཇོམས་པར་བྱེད་ཅིང༌། ཆོས་ཉིད་ཟབ་མོའི་གནས་ལུགས་དང༌། ཆོས་ཅན་འཁྲུལ་ངོར་སྣང་བ་མཐའ་དག་གི་དོན་མ་ནོར་བར་ཤེས་པའོ། །དེ་ལྟར་ཤེས་པས་སྲིད་པའི་གྲོང་ཁྱེར་ལས་ཉོན་ཤིན་ཏུ་བརྒལ་དཀའ་བ་འདི་ལས་མྱུར་དུ་སྡུག་བསྔལ་མཐའ་དག་ལས་བརྒལ་ཏེ་མྱ་ངན་ལས་ཚེགས་མེད་པར་འདའ་འོ། །སྦྱིན་སོགས་རྣམ་པ་དྲུག་པོའང་དམན་མཆོག་དང་རགས་ཕྲའི་དབང་གིས་གོང་ནས་གོང་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འཕགས་ཏེ། ཁྱད་ཞུགས་པའི་ཚུལ་དེ་དག་ཀུན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟེན་ནས་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །དེ་ཡང་ལམ་དུ་ཞུགས་པའི་སྐབས་འདི་ན་སོ་སོ་སྐྱེ་བོའི་སར། ཐོས་པ་ལས་བྱུང་བའི་ཤེས་རབ་ལ་མ་བརྟེན་ན། བསམ་པ་དང་སྒོམ་པའི་ཡོན་ཏན་གྱི་རྒྱགས་དྲེགས་དེ་ནི་གནས་མིན་འཁྱམས་ཏེ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་ཚུལ་ཁྲིམས་གྲགས་པས་དེ་རྒྱགས་ཤིང༌། །མང་དུ་ཐོས་ལ་བརྩོན་པར་མི་བྱེད་ན། །ཚུལ་ཁྲིམས་འབྲས་བུ་སླར་ཡང་ཟད་ནས་ནི། །ཕྱིར་ཡང་སྡུག་བསྔལ་རབ་ཏུ་མྱོང་པར་འགྱུར། །ཞེས་སོ། །ཐོས་པའི་ཤེས་རབ་ནི་བསམ་པ་དང་སྒོམ་པ་ཀུན་གྱི་རྒྱུ་རུ་གསུངས་ཏེ། སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །དེ་མེད་དེ་ཀོ་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུད་ལ། །བསམ་བཞིན་བསྒོམ་པས་ཤེས་རབ་ཡངས་པ་འབྱུང༌། །ཞེས་སོ། །གཞལ་བྱའི་ཆོས་བདེན་གཉིས་ཀྱི་དོན་སྟོན་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ། འཇལ་བྱེད་ཐོས་པའི་ཤེས་རབ་ཀྱིས། འཇལ་ཚུལ་དྲང་དོན་དང་ངེས་དོན་གཉིས་དང་དགོངས་པ་བཞི་དང་ལྡེམ་དགོངས་རྣམ་པ་བཞིར་གཞལ་བ་ཡིན་ནོ། །དེ་ཡང་དོན་ནི་རྟོན་པ་བཞིའི་སྒོ་ནས་རྟོགས་པར་བྱ་བ་ཁོ་ནའོ། །འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་རྣམས་ཀུན་གྱི་ངོ་བོའམ་གཤིས་ཀྱི་གནས་ཚུལ་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཉིད་འོད་གསལ་བའི་དགོངས་པ་ནི། སྐྱེ་འགགས་གནས་གསུམ་ལས་འདས་པ་སྟོང་པ་ཉིད་མཚན་མ་མེད་པ་སྨོན་པ་མེད་པ་སྟེ་རྣམ་ཐར་གསུམ་གྱི་རང་བཞིན་དུ་གནས་པ་ངེས་དོན་ཡིན་ལ། ཆོས་ཅན་ཀུན་རྫོབ་ཀྱི་རང་བཞིན་འཁྲུལ་ངོར་སྣང་ཚོད་ཙམ་འདི་ལ་བརྟེན་ནས་ལམ་ལ་རིམ་གྱིས་འཇུག་པའི་ཕྱིར། གཤིས་ལ་མ་གྲུབ་བཞིན་རིག་པས་གཞལ་ནས་སྒྲོ་བཏགས་ཏེ་གཞི་ཕུང་ཁམས་སྐྱེ་མཆེད་སོགས་དང༌། ལམ་ཐེག་པ་གསུམ་གྱིས་བསྡུས་པའི་རྣམ་བཞག་ཐམས་ཅད་དང༌། འབྲས་བུའི་རྣམ་བཞག་མྱང་འདས་གསུམ་གྱི་རང་བཞིན་དུ་བསྟན་པ་ཐམས་ཅད་ནི་དྲང་བའི་ལམ་ཡིན་ལ། དེ་སྟོན་པའི་གསུང་རབ་རྣམས་ནི་དྲང་དོན་གྱི་སྡེ་སྣོད། དེའི་དགོངས་པ་འགྲེལ་བ་ནི་དྲང་དོན་གྱི་དགོངས་འགྲེལ་བསྟན་བཅོས་སོ། །དེ་ལྟར་དྲང་ངེས་ཀྱི་མདོ་སྡེ་གཉིས་པོས་བརྗོད་བྱའི་དོན་ཇི་ལྟར་ཡིན་ཤེས་པས་དྲང་ངེས་གང་ལ་ཡིད་རྟོན་པ་དང་མི་རྟོན་བའི་ཚུལ་སྔར་བཤད་པ་ལྟར་ཤེས་པ་དེ། གསུང་རབ་ཀྱི་བརྗོད་བྱ་སྣ་ཚོགས་དང་ལྡན་པའི་མཛོད་ཁང་ལྟ་བུ་དེ་དག་སོ་སོར་འབྱེད་ཅིང་བལྟ་བར་བྱ་བའི་ལྡེའུ་མིག་དང་པོ་ལྟ་བུ་ཡིན་ནོ། །དྲང་ངེས་དེ་དག་གི་རང་བཞིན་ཐ་དད་པར་གསལ་བར་བྱས་ནས་དྲང་དོན་གྱི་དགོངས་པ་ཅན་གྱི་གསུང་འདི་ལྟ་བུའོ་ཞེས་སྟོན་པ་དང༌། དྲང་དོན་གྱི་མདོའི་དགོངས་གཞི་དང་དགོངས་པ་ལ་བརྟགས་ནས་མཐར་ངེས་དོན་གྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་ཕྱིར། དགོངས་པ་བཞི་དང་ལྡེམ་དགོངས་བཞི་སྟེ་གཉིས་བཤད་པ་ལས། དང་པོ་དགོངས་པ་བཞི་ནི། རང་རང་གི་དགོངས་གཞིའི་དོན་དེ་ལ་ཅུང་ཟད་སྒྲོ་བཏགས་ནས་བཤད་དུ་ཡང་ཡོད་ལ། གདུལ་བར་བྱ་བའི་ཡུལ་གྱི་གང་ཟག་རྣམས་རེ་ཞིག་ཚིག་ཙམ་གྱིས་དགོངས་གཞིའི་དོན་རྟོགས་པ་ལ་ཁ་དྲང་བ་གཅིག་བུའི་སླད་དུ་བསྟན་པ་ལྡེམ་དགོངས་ལྟ་བུའང་མ་ཡིན་པར། དེ་ལས་གཞན་ཡང་དགོས་ཆེད་དང་བཅས་ནས་དགོངས་པ་རྣམ་བཞིར་སྟོན་པ་སྟེ། སྤྱིར་ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་བཟང་ངན་དང་ཐ་དད་མེད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཆོས་སྐུའི་ཀློང་དུ་མཉམ་ཞིང་གཅིག་པ་ཉིད་ལ་དགོངས་ནས་ང་ཉིད་དེ་ཡི་ཚེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པ་ལྟར། སྔ་ཕྱི་ཐ་དད་དུ་སྣང་བ་དང༌། བླང་དོར། འཁོར་འདས། བཟང་ངན་སོགས་སྣང་བ་ཤིན་ཏུ་འགལ་བ་ལྟ་བུ་ཡིན་ནའང༌། གཅིག་ཏུ་བསྟན་པས་སྐུ་ཚེ་ཐུང་བ་དང༌། སྐུ་བོང་ཆུང་བ་སོགས་སུ་བལྟ་བའི་བརྙས་པ་ལྡོག་པའོ། །དོན་གཞན་ངོ་བོ་ཉིད་མེད་པ་ཀུན་བརྟགས་ལ་སོགས་པ་གསུམ་ལ་དགོངས་ནས་གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་ལ་དཔྱད་ན་གང་ཡང་མ་གྲུབ་པར་བསྟན་པས་དཔྱད་པ་ལ་སོགས་པ་ལ་བརྟེན་ནས་བདེན་ཞེན་ལྡོག་པའོ། །དུས་གཞན་མ་འོངས་པ་ཞིག་ལ་འཚང་རྒྱ་བའི་རྒྱུའམ་ས་བོན་ཙམ་ཞིག་ཐེབས་པ་ལ་དགོངས་ནས་གཟུངས་སྔགས་འགའ་ཞིག་ལན་གཅིག་བརྗོད་པ་ཙམ་མམ། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་ཙམ་གྱིས་འབད་མེད་འཚང་རྒྱ་བར་བསྟན་པ་ལྟ་བུའི་ལེ་ལོ་ཅན་རྣམས་དགེ་སྦྱོར་ལ་འཇུག་པའོ། །གང་ཟག་ལ་ལ་སྦྱིན་པ་ལ་མངོན་པར་རློམ་པ་དང༌། འགའ་ཞིག་ཚུལ་ཁྲིམས་མཆོག་འཛིན་སོགས་ནི་བདུད་ལས་མིན་ཀྱང་ཐར་པའི་གེགས་ཡིན་པ་ལ་དགོངས་ནས། སྦྱིན་པ་ནི་བདུད་ཀྱི་ལས་སོ་ཞེས་སྨད་ནས་ཚུལ་ཁྲིམས་སོགས་བསྔགས་པའམ། ཚུལ་ཁྲིམས་ནི་བདུད་ཀྱི་ལས་སོ་ཞེས་སྨད་ནས་སྦྱིན་པ་སོགས་གཞན་ལ་བསྟོད་པ་ལྟ་བུ་གང་དང་གང་ལ་མཆོག་ཏུ་འཛིན་པ་དེ་དང་དེ་ཡི་མཆོག་འཛིན་སྨད་ནས་མངོན་རློམ་ཞི་བར་བྱེད་པའོ། །ལྡེམ་པོར་དགོངས་པ་ཞེས་པ་ནི་དོན་ཇི་བཞིན་མིན་པའི་ངག་གིས་དོན་དེ་ཉིད་བསྟན་པ་སྟེ། དེའི་ཚུལ་ནི་གདུལ་བྱ་བློ་དམན་གང་ཞིག་ལ། བདེན་གཉིས་དབྱེར་མེད་དང་སངས་རྒྱས་བྱང་སེམས་ཀྱི་ཐུན་མིན་གྱི་ཡོན་ཏན་ཇི་ལྟ་བ་བཞིན་གསལ་པོར་བརྗོད་པའི་ཚིག་གིས་བསྟན་ན། དེ་དག་གི་བློ་ལ་མི་ཆུད་པར་ཡིད་གཉིས་ཀྱི་གནས་ཐོབ་སྟེ་དོན་ལ་འཇུག་མི་ནུས་པའི་རིགས་རྣམས་ལ། རེ་ཞིག་དེ་ཉིད་ཀྱི་བློར་ཆུད་ཅིང་དགའ་བར་འགྱུར་བའི་མིང་དང་ཆ་ལྡན་ཅུང་ཟད་ཡོད་པའི་རྒྱུ་མཚན་གྱིས། དེ་ལས་རྣམ་པར་བསྐྱོགས་ནས་ཡང་དག་པའི་དགོངས་གཞི་དེ་བསྒྲུབ་པའི་ལམ་ལ་གཟུད་པའི་ཕྱིར། ཚིག་ནི་ཉན་པོ་དེའི་བློ་དང་མཐུན་པ་སྟེ་འཚམས་པ་ཞིག་ཡིན་ཡང་དོན་མི་མཐུན་པར་བཤད་པར་བྱ་སྟེ། དབྱེ་ན་མདོ་སྡེ་རྒྱན་ལས། ཞུགས་པ་ལྡེམ་པོར་དགོངས་པ་དང༌། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཞེས་པ་ལྟར་ཞུགས་པ་དང༌། །མཚན་ཉིད་དང༌། གཉེན་པོ་དང༌། བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ་བཞི་ཡོད་དོ། །དང་པོ་ཞུགས་པ་ལྡེམ་པོར་དགོངས་པ་ནི། གང་ཞིག་རིགས་དང་མོས་པ་སོགས་དམན་པ་ཉན་ཐོས་དག་ལ། ཆོས་ཀྱི་བདག་མེད་ཡོངས་རྫོགས་སྟོན་པའི་གཞུང་ཡུམ་མདོ་ལྟ་བུ་དང་པོར་བསྟན་ན། དེས་རྟེན་འབྱུང་གི་དོན་མི་གོ་བར་ཐ་སྙད་ཀྱིས་སྟོང་པས་ཆད་ལྟ་ལྟ་བུར་གོ་ནས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གཉིས་ཀ་ལ་སྐྲག་ནས་ཐེག་ཆེན་གྱི་ལམ་དང་བཀའ་གཉིས་ཀ་སྤོང་བ་དེ་རྣམས་ལ། མདོ་ལས། རབ་འབྱོར་གཟུགས་ནི་མཚན་མའོ། །སྒྲ་ནི་མཚན་མའོ། །ཞེས་གསུངས་པ་ལྟར་གཟུགས་ལ་སོགས་ཆོས་རྣམས་ཡོད་དོ་ཞེས་སྨོས་པས། ཉན་པོ་སྐྲག་པ་མི་སྐྱེ་ཞིང་དོན་ལ་གྲུབ་པར་གོ་ནས་ལམ་ལ་རིམ་གྱིས་འཇུག་པ་ནི་དགོས་ཆེད་ཡིན་ལ། དགོངས་གཞི་ནི་འཁྲུལ་ངོར་སྣང་ཚོད་རྨི་ལམ་ལྟ་བུར་དགོངས་པའོ། །གཉིས་པ་མཚན་ཉིད་ལྡེམ་པོར་དགོངས་པ་ནི། ཆོས་ཀྱི་གནས་ལུགས་ངོ་བོ་ཉིད་མེད་པར་བསྟན་པ་དེ་གཏན་མེད་ལྟ་བུ་མ་ཡིན་པར། རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་གནས་པའི་དོན་དེ་ཤེས་པའི་དོན་དུ་རིམ་པ་བཞིན་བྱིས་པས་བདེན་པར་སྒྲོ་བཏགས་པའི་ཀུན་བརྟགས་དང༌། རྟེན་འབྲེལ་གྱི་ངོ་བོར་སྣང་ཙམ་པའི་གཞན་དབང་དང༌། རང་བཞིན་སྤྲོས་པ་དང་བྲལ་བའི་ཡོངས་གྲུབ་སྟེ་རྣམ་པ་གསུམ་པོ་དག་ལས། དང་པོ་ངོ་བོ་ཉིད་མེད་པའི་ཚུལ་ནི། ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ། བྱིས་པའི་ལོག་ཤེས་ཀྱི་ཡུལ་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་བཞིན་དང༌། གཉིས་པར་ངོ་བོ་ཉིད་མེད་པའི་ཚུལ་ནི། གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ། སྐྱེ་བ་ལྟར་སྣང་ཡང་དཔྱད་ན་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར། དཔེར་ན་སྒྱུ་མ་བཞིན་དང༌། གསུམ་པར་ངོ་བོ་ཉིད་མེད་པའི་ཚུལ་ལ། དོན་དམ་ངོ་བོ་ཉིད་མེད་པའི་ཚུལ་ནི། ཡོངས་གྲུབ་ལ་དོན་དམ་ངོ་བོ་ཉིད་མེད་དེ། དོན་དམ་པ་ཡིན་ཞིང་བདག་ཉིད་ལ་མ་དག་པ་ལ་སོགས་སྤྲོས་པའི་ངོ་བོ་ཉིད་མེད་པའི་ཕྱིར། དཔེར་ན་ནམ་མཁའི་ངོ་བོ་ལ་སྤྲིན་གྱིས་མ་གོས་པ་བཞིན་ཡིན་པས། དོན་དེ་རྣམས་ལ་དགོངས་ནས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ངོ་བོ་ཉིད་མེད་པ། མ་སྐྱེས་པ་ཞེས་པ་ལ་སོགས་པའི་བརྗོད་པ་ཟབ་པ་གཏིང་དཔོག་པར་དཀའ་བ་དག་ཏུ་སྟོན་ཏེ། མཚན་ཉིད་ལྡེམ་དགོངས་འདི་ཡོངས་གྲགས་ལ། ཀུན་བརྟགས་རྫས་སུ་དང༌། གཞན་དབང་རང་སྐྱེ་བའི་དང༌། ཡོངས་གྲུབ་གཞན་དབང་ལས་ལོགས་སུ་མེད་པའི་ཕྱིར་ངོ་བོ་མེད་པ་སྟེ། དེ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་སྟོན་པ་དྲང་དོན་ནོ་ཞེས་སེམས་ཙམ་པ་ཁོ་ནའི་འདོད་པར་བཤད་པ་དང་འདིའི་བཤད་ཚུལ་མི་གཅིག་གོ །གསུམ་པ་གཉེན་པོ་ལྡེམ་པོར་དགོངས་པ་ནི། བློ་དམན་པ་གཞན་གྱིས་འདི་སྙམ་དུ། བསྐལ་པ་བཟང་པོའི་མདོ་སྡེ་ལས། སངས་རྒྱས་སྟོང་རྩ་བྱོན་པའི་ཚེ་དེ་དག་གི་ནང་ནས་ཤཱཀྱ་ཐུབ་པ་ནི་སྐུ་བོང་ཆུང་ཞིང༌། འོད་ཀྱང་འདོམ་གང༌། འདུས་པ་ཉུང་བ། སྐུ་ཚེ་ཡང་ཐུང་བས་གཞན་ལས་དམན་ནོ་སྙམ་དུ་ལོག་པར་རྟོག་པ་དེ་ལྡོག་པའི་ཆེད་དུ། འཆད་པ་པོའི་སྐུ་ཚེ་དང་རིགས་དང་སྐུ་བོང་ཚད་ཀྱིས་འཇལ་བ་མིན་ཏེ། སངས་རྒྱས་ཐམས་ཅད་གཟུགས་སྐུ་གདུལ་བྱའི་ངོར་སྣང་ཙམ་དང༌། ཆོས་སྐུ་སྐྱེ་བ་མེད་པར་མཉམ་པ་དང༌། ཚོགས་གཉིས་ཀྱི་བྱ་བ་ཡོངས་སུ་རྫོགས་པ་དང༌། གདུལ་བྱའི་ཡུལ་ལའང་ཕྲིན་ལས་རྩོལ་མེད་དུ་འཇུག་པ་ལ་མཉམ་པ་ལྟ་བུར་དགོངས་སོ། །དེས་མཚོན་ནས་གཉིས་པ་ལུང་གི་ཆོས་ལ་བརྙས་པའི་གཉེན་པོར་གངྒའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་ན། གཟོད་ཐེག་ཆེན་གྱི་རྟོགས་པ་སྐྱེའོ། །ཞེས་གསུངས་པ་ལྟ་བུའོ། །དེའི་དོན་ཐེག་ཆེན་གྱི་དོན་ལ་དགོངས་ནས་གསུངས་པར་བཤད་དོ། །བཞི་པ་བསྒྱུར་བ་ལྡེམ་དགོངས་ནི། དགེ་སྦྱོང་གཽ་ཏ་མ་མ་བསྐུལ་ནའང་ཆོས་འཆད་དོ་ཞེས་འཕྱ་བ་བསལ་བ་དང༌། ལོ་དྲུག་ཏུ་དཀའ་སྤྱད་དེས་ཁྱད་པར་ཐོབ་ན་ཆོས་དེ་ཡང་གཏིང་དཔོག་སླའོ་ཞེས་པ་བསལ་ཕྱིར། ཟབ་ཞི་སྤྲོས་བྲལ་སོགས་གསུངས་ནས་ཆོས་མི་གསུང་བའི་ཚུལ་བསྟན་པ་ལྟ་བུ་དང༌། ཁྱད་པར་དོན་ཟབ་མོ་འདྲེན་པ་འདི་ལྟར་བསད་བྱ་མ་ཡིན་པའི་ཕ་དང་མ་གསོད་པར་བསྟན་པ་དང༌། དེ་བཞིན་དུ་བཅོམ་བྱ་མིན་པའི་རྒྱལ་པོ་དང་ནི། བྲམ་ཟེ་དང་དགེ་སྦྱོང་སྟེ་གཙང་སྦྲ་ཅན་གཉིས་དང༌། ཡུལ་འཁོར་སྐོར་དང་བཅས་པ་རྣམས་བཅོམ་ན། མི་དེ་དག་པ་ཉིད་དུ་གསུངས་པ་དེ་དག་གི་དགོངས་གཞི་ནི་སྲེད་ལེན་ཀུན་གཞི་ལ་སོགས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཕ་སྲེད་པ་དང་མ་ལེན་པ་ནི་བསད་བྱ་ཞིང༌། རྒྱལ་པོ་ཀུན་གཞི་གཙང་སྦྲ་ཅན་བྲམ་ཟེ་ནི་འཇིག་ཚོགས་ལ་བལྟ་བ་དང༌། དགེ་སྦྱོང་ནི་ཚུལ་ཁྲིམས་མཆོག་འཛིན་ཏེ་གཉིས་དང༌། །ཡུལ་འཁོར་སྐོར་བཅས་ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་རབ་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་སོ། །དེ་ལྟར་བཏགས་པའི་དོན་རྣམས་རྣལ་མར་བཟུང་ན་ནོར་བ་ཆེན་པོ་ཡིན་པ་ལྟ་བུའོ། །མདོར་བསྡུ་ན་དགོངས་པ་བཞི་དང༌། ལྡེམ་པོར་དགོངས་པ་བཞི་སྟེ་གཉིས་པོའི་ཁྱད་པར་ནི། རང་བཞིན་ཅི་རིགས་པར་ངོ་བོ་གཅིག་ལ་བྱེ་བྲག་ཐ་དད་པར་ཡོད་དེ། དགོངས་པ་སྒྲས་ཟིན་ཚོད་དེ་ཚིག་དེའི་དགོངས་པ་མིན་པར་ལོགས་སུ་བཤད་ནས། འདི་ལ་དགོངས་ནས་གསུངས་སོ་ཞེས་སྨྲ་བ་པོས་ཡིད་ལ་རྣམ་པར་བཞག་པའི་བསམ་པ་ཙམ་སྟོན་པའི་ཆ་ནས་བཞག་པ་ཡིན་གྱི། ཕ་རོལ་པོ་རྗེས་སུ་བཟུང་བ་ལ་ལྟོས་པ་མིན་ཞེས་དེའི་ཆ་ནས་བཞག་པ་མིན་ནོ། །ལྡེམ་པོར་དགོངས་པ་ནི་ཐད་དཀར་མི་སྟོན་པར་འཁྱོག་པོའི་ངག་གིས་བསྟན་པའི་དགོས་པ་འདིའི་ཞེས་ཕ་རོལ་རྗེས་སུ་བཟུང་བ་ལ་ལྟོས་པ་སྟེ་དགོས་པ་སྟོན་པའི་ཆ་ནས་བཞག་པའི་སྒྲ་དོན་ཚིག་དགོས་ཆེད་རྣམས་དུ་མ་ཡོད་པ་དེ་ཚུལ་བཞིན་དུ་རྣམ་པར་འབྱེད་ཤེས་པའི་ཤེས་རབ་ནི་གསུང་རབ་མདོ་རྒྱུད་རྣམས་ལ་ལྟ་བར་བྱེད་པའི་ལྡེ་མིག་གཉིས་པ་ཡིན་ནོ། །གཞལ་བྱའི་ངོས་ནས་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ལྡན་པས་དུག་གསུམ་ཆ་དང་མཉམ་སྟེ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་པའི་བརྗོད་བྱ་དོན་གྱི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་ནའང་བསྡུ་ན་གཉིས་སུ་འདུ་སྟེ། འཇིག་རྟེན་འཁོར་བའི་ཆོས་སེམས་དང་སེམས་བྱུང་ཡུལ་གྱི་རྣམ་པ་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་བདེན་པའི་ངོ་བོ་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ་སོ་རང་རིག་པ་ཆོས་དབྱིངས་དང་རོ་གཅིག་པ་ནི་དོན་དམ་བདེན་པའི་ངོ་བོ་སྟེ། དེས་ན་ཆོས་ཐམས་ཅད་གཏན་ལ་འབེབས་པར་བྱེད་པ་ལ་བདེན་པ་གཉིས་པོ་དེ་ལས་གཞན་ཕུང་གསུམ་པ་ཞིག་མ་མཆིས་སོ། །ཀུན་རྫོབ་པ་དེ་ལའང་འཁྲུལ་མ་འཁྲུལ་གྱི་སྣང་ལུགས་བདེན་རྫུན་གྱི་རྣམ་པ་གཉིས་སུ་ཕྱེ་སྟེ། དུས་དེའི་འཁྲུལ་ཤེས་ཀྱི་ངོ་ལ་མེ་ཆུ་སོགས་དང༌། ཟླ་བ་གཅིག་ལ་སོགས་སྣང་བ་ཇི་སྙེད་པ་དེ་སྙེད་ཀྱི་རང་རང་གིས་མེས་བཙོ་བསྲེགས་དང༌། ཆུས་རླན་སྡུད་དང༌། ཟླ་བས་མུན་པ་སེལ་བ་སོགས་སྣང་ཚོད་དེ་ཉིད་དང་མཐུན་པར་དོན་བྱེད་པ་རྣམས། རང་རང་གི་ཤེས་པ་དང་བཅས་པས་བསྡུས་པ་ལ་ཡང་དག་པའི་ཀུན་རྫོབ་ཉིད་དུ་བཤད་དེ། མཐུན་པར་སྣང་བ་རྒྱུ་ལས་སྐྱེས་པ་བཏགས་པས་དབེན་པའི་ཕྱིར་དེ་སྐད་བརྗོད་དོ། །འཁྲུལ་ངོར་སྣང་ནའང་སྨིག་རྒྱུ་ལ་ཆུ་དང༌། ཐག་ཁྲ་ལ་སྦྲུལ། ཟླ་བ་གཉིས་སྣང་ལྟ་བུས་རིམ་བར་བརླན་པའི་བྱ་བ་དང༌། དུག་གིས་གནོད་པ་དང༌། མུན་པ་སེལ་བའི་དོན་མི་བྱེད་པ་ལ་སོགས་པ་དེ་དག་གི་ཤེས་པ་དང་བཅས་པ་ལ་ལོག་པའི་ཀུན་རྫོབ་དང༌། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཡོད་པའི་དབང་གིས་ཡང་དག་དང་ལོག་པའི་ཀུན་རྫོབ་སྟེ་གཉིས་སུ་གྲགས་སོ། །དོན་དམ་པའི་བདེན་པ་ནི་གཤིས་ཀྱི་བཞུགས་ཚུལ་ལམ་གནས་ཚུལ་འཁོར་འདས་རོ་གཅིག་པའི་ཡེ་ཤེས་ཏེ། དེའི་ངོ་བོ་ནི། འཁོར་བ་དང་ནི་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཟོད་མ་ནས་ངོ་བོ་ཉིད་མེད་པས་གཉིས་སུ་མེད་ཅིང་གདོད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བས། སྙམ་བྱེད་ཀྱི་བློས་བསམ་པ་དང་སྒྲ་ཚིག་གིས་བརྗོད་པ་ལས་འདས་པས་ན། རྟོགས་པའི་བློ་ཡིས་དོན་དམ་ཡིན་པ་དང༌། མ་རྟོགས་པའི་བློ་ཡིས་མ་ཡིན་པར་མ་བཞག་སྟེ་རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་ཆོས་རྣམས་ཀྱི་གཤིས་འཕོ་འགྱུར་བྲལ་བ་ཞིག་གོ །དེ་ཡང་རྒྱལ་ཚབ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ལྟར་བདེན་གཉིས་མ་ཧེའི་རྭ་ལྟར་ཐ་དད་མེད་པའི་ཚུལ་ནི་འདི་ལྟར། བདེན་པ་གཉིས་པོ་ཡེ་ནས་རོ་གཅིག་ཏུ་འདྲེས་ཤིང་དབྱེར་མེད་པའི་སྣང་སྟོང་ཟུང་འཇུག་ནི། དཔེར་ན་རྫིང་བུ་དྭངས་བར་ཞུགས་པ་སྟེ་ཤར་བའི་ཟླ་བའི་སྐྱེ་མཆེད་བཞིན་རྟེན་ཅིང་འབྲེལ་འབྱུང་གི་ཆོས་འདི་དག་གཏན་མེད་རི་བོང་གི་རྭ་ལྟར་མ་ཡི་ན་པར། སྣང་ཙམ་པའི་ཆ་ནས་ཀུན་རྫོབ་ཀྱི་བདེན་པ་དང༌། སྣང་དུས་ཉིད་ནས་རང་བཞིན་གང་ཡང་མ་གྲུབ་པའི་ཆ་ནས་དོན་དམ་པའི་བདེན་པའོ་ཞེས་གཉིས་སུ་དབྱེ་ཡང་རང་བཞིན་མེད་པར་ངོ་བོ་གཅིག་གོ །རེ་ཞིག་མོས་སྤྱོད་པའི་ལམ་ལ་སྣང་བའི་ཆོས་གཟུགས་སྒྲ་སོགས་འདོད་པའི་ཡུལ་དབང་པོ་སྒོ་ལྔའི་ཤེས་པའི་ངོ་ལ་ཚོན་རིས་ཀྱི་ཁ་དོག་མ་འདྲེས་པ་ལྟ་བུས་སོ་སོར་སྣང་བ་ན། གཟུགས་སོགས་ཡུལ་ལྔ་པོ་སྣང་ཙམ་པ་དེས་མི་འཆིང་མོད། དེ་དག་ལ་གཟུང་འཛིན་དུ་སྐྱེས་ནས་འདོད་པའི་ལོངས་སྤྱོད་དུ་ཉེ་བར་ལེན་པའི་ཆ་བཟུང་བ་ནི། དེ་དང་དེ་ལ་འདི་ནི་གཟུགས་སོ་ཞེས་སོགས་དེར་འཛིན་གྱི་སྒོ་ནས་མི་འདོད་པ་ལ་དགག་པ་དང༌། འདོད་པ་ལ་སྒྲུབ་པའི་བློ་སེམས་དང་རྟོག་པ་སེམས་བྱུང་གི་འཁྲུལ་སྣང་བར་མ་ཆད་པ་སྣང་བ་དེ་ཐམས་ཅད་རང་བཞིན་མ་གྲུབ་ཅིང་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཚུལ། སྐྱེ་བ་མེད་པ་རྨི་ལམ་ལྟ་བུ། འགག་པ་མེད་པ་སྒྱུ་མ་ལྟ་བུ། རྟག་པ་མེད་པ་སྨིག་རྒྱུ་ལྟ་བུ། ཆད་པ་མེད་པ་ཆུ་ཟླ་ལྟ་བུ། འོང་བ་མེད་པ་མིག་ཡོར་ལྟ་བུ། འགྲོ་བ་མེད་པ་བྲག་ཆ་ལྟ་བུ། ཐ་དད་མ་ཡིན་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། དོན་གཅིག་མ་ཡིན་པ་སྤྲུལ་པ་ལྟ་བུ་སྟེ་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟགས་ནས་སྣང་སྟོང་དབྱེར་མེད་ལ་ངེས་ཤེས་བསྐྱེད་ནས་རྩེ་གཅིག་ཏུ་འཇོག་པར་བྱའོ། །དེར་མ་ཟད་བདེན་གཉིས་དབྱེར་མེད་སྒྱུ་མའི་དཔེ་ཡིས་རང་བཞིན་མེད་པར་ཤེས་ཤིང་བསྒོམས་པ་དེ་ཡང་མཐར་ཐུག་ཆོས་ཀྱི་གནས་ལུགས་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བློ་ཡིས་རྣམ་པར་དཔྱད་བཟོད་དེ་ཡུལ་དུ་བྱ་རུང་བ་ཞིག་ཡོད་ན། དེ་ནི་དོན་དམ་མ་ཡིན་ཏེ་དོན་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་ལ། བློ་ནི་གཉིས་མེད་ཀྱི་དོན་ལ་སྒྲིབ་པའི་ཀུན་རྫོབ་ཡིན་པའི་ཕྱིར། གཅིག་དང་དུ་མ་དང་ཡོད་མེད་སོགས་སྤྲོས་པ་དང་རྣམ་པར་འགལ་བའི་སྤྲོས་བྲལ་དང༌། ཆོས་ཉིད་དང༌། ཡེ་ཤེས་ལ་སོགས་པའི་མཚན་ཉིད་རྣམས་ནི། བློ་ཡི་ཡུལ་ན་ནམ་དུ་ཡང་གནས་མ་མྱོང་སྟེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་སོ། །སྤྱིར་བདེན་གཉིས་ཀྱི་རང་བཞིན་དེ་ལྟར་ཡིན་ལ། རེ་ཞིག་ནང་པ་སངས་རྒྱས་པའི་གྲུབ་པའི་མཐའ་སྨྲ་བ་སོ་སོ་ཡིས་བཀའི་དགོངས་པ་ལེན་ཚུལ་ཐ་དད་པའི་དབང་གིས་རང་རང་གི་གཞི་ལམ་འབྲས་བུའི་དོན་རྣམ་པར་བཞག་པའི་ཚུལ་ནི། ཚོགས་དྲུག་གི་ཤེས་པ་རགས་པའི་དོན་དམ་བློ་ཡིས་ཇི་ལྟར་དཔྱད་ཀྱང་དུས་གསུམ་དུ་བགོ་རུ་མེད་པའི་ཤེས་པ་སྐད་ཅིག་ཆ་མེད་དང༌། བེམ་པོ་དངོས་པོའི་ཆོས་ཀུན་རྡུལ་ཕྲན་ཆ་ཤས་བསགས་པའི་རགས་པར་སྣང་བ་འདི་ཡང་ཡོད་མི་རུང་བས་དེ་དག་དོན་དམ་པར་ནི། གཉེན་པོ་ཐོ་བ་ལ་སོགས་པས་བཅོམ་པའམ་གཞིག་ཀྱང་ཆ་ཤས་ཕྱེ་རུ་མེད་པ་ཡི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཞིག་ཡོད་དོ་ཞེས་འདོད་པ་ཉན་ཐོས་སྡེ་པ་བྱེ་བྲག་སྨྲ་བའི་ལུགས་སོ། །མདོ་སྡེ་པས་ཆོས་རྣམས་བདེན་གཉིས་སུ་གཏན་ལ་ཕབ་ཚུལ་ནི། ཆུ་སྐྱོར་གྱི་དོན་བྱེད་པའི་བུམ་པ་དང༌། གདུང་མ་འདེགས་པའི་དོན་བྱེད་ནུས་པ་ཡོད་པ་ཀ་བ་ལྟ་བུ་དངོས་པོ་གང་ཡིན་པ་དེ། འདི་པའི་གྲུབ་མཐའི་སྐབས་འདིར་ནི། དོན་དམ་པར་ཡོད་པ་མིན་ཏེ་རྫས་སུ་ཡོད་པའི་རྡུལ་ཕྲན་དུ་མ་འདུས་པ་ལས་མ་འདས་པའི་ཕྱིར་རོ། །དེས་ན་བེམ་ཤེས་ཆ་མེད་གཉིས་འདོད་པ་བྱེ་སྨྲར་མཚུངས་ཀྱང་དུས་གསུམ་རྫས་གྲུབ་དང་ནམ་མཁའ་རྟག་དངོས་སོགས་མི་འདོད་དོ། །དེ་ལས་གཞན་ཡིད་རྟོག་པའི་སྣང་ཡུལ་ལ་ཤར་བའི་ཆུ་སྐྱོར་བ་ལ་སོགས་པའི་དོན་བྱེད་མི་ནུས་པའི་ཀ་བུམ་སོགས་ལྟ་བུ་ནི་དོན་རང་མཚན་པའི་གནས་ལུགས་མཐོང་བ་ལ་སྒྲིབ་པའི་ཕྱིར་ཀུན་རྫོབ་ཡིན་ལ། དེ་ཡང་འཁྲུལ་སྣང་གི་བློ་ངོར་སྣང་ཙམ་དུ་ཡོད་པ་ལས་རང་བཞིན་གྲུབ་པ་མེད་དོ། །དེ་དག་ལ་རིམ་པ་ལྟར་རང་མཚན་དང་སྤྱིའི་མཚན་ཉིད་ཀྱིས་བཤད་པ་མདོ་སྡེ་པའི་ལུགས་ངོ་བོ་རྟོག་གེར་ཏེ་ཚད་མ་དང་མཐུན་ནོ། །བག་ཆགས་ཀྱི་དབང་གིས་གཟུང་བ་དང་འཛིན་པ་གཉིས་སུ་མེད་བཞིན་སྣང་བའི་ཡུལ་གཟུགས་སོགས་དང༌། ཡུལ་ཅན་འཛིན་པའི་སེམས་སོགས་ཀུན་བཏགས་ནི་གཟུང་འཛིན་གཉིས་སུ་མེད་བཞིན་དེར་བདེན་པར་སྒྲོ་བཏགས་པ་ཡིན་པས་ཀུན་རྫོབ་བདེན་པ་ཉིད་དེ། གང་ཀུན་བརྟགས་ལས་གཞན་སྣང་གཞི་གཞན་དབང་གི་ངོ་བོ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་དང༌། དེའི་སྟེང་ན་ཀུན་བརྟགས་ཀྱིས་སྟོང་པའི་ཆ་ཡོངས་གྲུབ་གཉིས་ནི་དོན་དམ་པའི་བདེན་པ་རུ་འདོད་པ་སྟེ་སྔ་མ་ཆོས་ཅན་དོན་དམ་དང༌། ཕྱི་མ་ཆོས་ཉིད་དོན་དམ་དུ་འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ་འཛིན་པ་རྣམས་ཀྱི་ལུགས་སོ། །ཚོགས་དྲུག་གི་ཡུལ་གཟུགས་ལ་སོགས་པའི་ཆོས་ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྟེ། ཐ་སྙད་དཔྱོད་བྱེད་ཀྱི་ངོར་གྲུབ་པའི་ཕྱིར་ཞེས་བཞེད་དེ། དེས་ན་བདེན་གྲུབ་སོགས་མེད་ཀྱང་རང་ངོས་ནས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རྫས་སུ་གྲུབ་པ་རྣམས་ནི་དོན་གཅིག་ཅིང་དེ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱར་མི་འདོད་དོ། །དེས་ན་བུ་མའི་གཞུང་ལུགས་ལས་རང་བཞིན་མ་གྲུབ་པར་གསུངས་པ་འགའ་ཞིག་སྣང་བ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་ཞེས་བཞེད་པར་སྣང་སྙམ་མོ། །དེ་ཡང་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལས་སྣང་བའི་སྒྱུ་མ་ལྟ་བུའི་མཚན་ཉིད་དུ་གྲུབ་པ་དེ་ལ། ལས་འབྲས་སོགས་ཆོས་རྣམས་མ་འདྲེས་པར་རྣམ་པར་འཇོག་ཏུ་ཡོད་ནའང༌། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱིས་ཡུལ་རང་གི་གྲུབ་ཚུལ་ལ་དཔྱད་ན་གང་དུའང་གྲུབ་པ་མེད་པ་ནམ་མཁའ་ལྟར་རྣམ་པར་དག་པ་སྟེ། དེས་ན་བདེན་གྲུབ་དང༌། རང་བཞིན་གྲུབ་པ་དང༌། ཡང་དག་པར་གྲུབ་པ་དང༌། དེ་ཁོ་ན་ཉིད་དུ་གྲུབ་པ་རྣམས་དོན་གཅིག་པས་དོན་དམ་ལ་དཔྱོད་བྱེད་ཀྱི་རྟགས་ཀྱིས་དགག་བྱ་མཐར་ཐུག་པའོ། །ཆོས་ཀྱི་བདག་དང་གང་ཟག་གི་བདག་དགག་བྱར་འདོད་པ་དེ་དག་ནི་དབུ་མ་རང་རྒྱུད་པ་སྤྱིའི་ལུགས་སོ། །འདི་ལྟར་སྣང་ཞིང་སྲིད་པའི་ཆོས་མཆིས་སོ་ཅོག་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་སྣང་བ་ཙམ་འདི་ཉིད་གྲུབ་མ་གྲུབ་སོགས་སུ་མ་དཔྱད་པར་དོན་དམ་པའི་བདེན་པ་ལ་ནི་འཇུག་པའི་ཐབས་སུ་ཀུན་རྫོབ་དང༌། ཆོས་ཅན་རང་བཞིན་མེད་པ་ཆོས་ཉིད་སྟོང་པ་ཉིད་དུ་གདོད་ནས་གནས་པ་དོན་དམ་པའོ་ཞེས་བྱ་བར་ཐ་སྙད་ཀྱི་སྒོ་ནས་བཏགས་པ་ཙམ་ཡིན་གྱི། དོན་ལ་དེ་གཉིས་ཀ་སྣང་བ་དང་སྟོང་པ་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་ཆོས་རྣམས་རང་གི་ངོ་བོ་གཞི་མེད་རྩ་བ་ལས་འདས་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང༌། གཟུགས་སོགས་ཆོས་འདི་དག་ཚོགས་དྲུག་གི་ཡུལ་ལ་སྐྱེ་འགག་སོགས་ཀྱི་རྣམ་པར་སྣང་དུས་ཉིད་ནས་གཟུགས་བརྙན་དང་སྨིག་རྒྱུ་བཞིན་སྐྱེ་བ་དང༌། འགག་པ་དང༌། འགྲོ་བ་དང༌། འོང་བ་སོགས་ཆོས་ཐམས་ཅད་རང་གི་ངོ་བོ་ན་མེད་དེ། སྐྱེ་སོགས་སུ་སྣང་བའི་ངོ་བོ་ཡང་གྲུབ་མ་མྱོང་བའི་ཕྱིར་རོ། །སེམས་ཙམ་པས་གཞན་དབང་གི་ཤེས་པ་རང་གསལ་གྱི་ངོ་བོ་མི་སྟོང་པར་འདོད་པ་དང༌། རང་རྒྱུད་པས་གཟུགས་སོགས་རྒྱུ་རྐྱེན་གཞན་དབང་ཅན་གྱི་དངོས་པོ་འདི་དག་ཐ་སྙད་དུ་གྲུབ་པར་འདོད་པ་ལྟ་བུའི་སྒོ་ནས་ནི། ཀུན་རྫོབ་ཀྱི་ཆོས་རྣམས་ཀྱང་ཐལ་འགྱུར་བ་དེ་ཡི་གྲུབ་པའི་མཐའ་རུ་ཁས་མ་བླངས་ན་དོན་དམ་པར་ལྟ་ཅི་སྨོས། དེ་ནི་ཐལ་གྱུར་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ལུང་ཟིན་གྱི་སྐྱེས་བུ་དམ་པ་དཔལ་ལྡན་ཀླུ་ཡི་དབང་པོས་དགོངས་འགྲེལ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་བཀྲལ་ཏེ་དབུ་མ་རིགས་པའི་ཚོགས་རྣམས་མཛད་ནས་ད་ལྟའི་བར་དུ་དར་བ་ཡིན་ཏེ། དེའི་ཚུལ་ནི། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་མོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཅེས་གསུངས་པ་ལྟར་རོ། །དེ་ཉིད་ཀྱི་གཞུང་རིགས་ཚོགས་དང་བཅས་པའི་དོན་འགྲེལ་བ་པོ་སློབ་དཔོན་ཨཱརྻ་དེ་ཝ་དང༌། སངས་རྒྱས་བསྐྱང༌། ལེགས་ལྡན་འབྱེད། ཟླ་གྲགས་ལ་སོགས་པ་སྟེ་དེ་དག་ལས་ཁྱད་པར་མི་འཕྲོག་པའི་མཁྱེན་རབ་དང་ལྡན་པ་དཔལ་ལྡན་ཟླ་བ་གྲགས་པས་ནི་སློབ་དཔོན་ཀླུའི་དགོངས་པ་མ་ནོར་བར་རྩ་བའི་དོན་འགྲེལ་དབུ་མ་འཇུག་པ་དང༌། ཚིག་འགྲེལ་ཚིག་གསལ་རྣམས་མཛད་དེ་རྒྱལ་བའི་དགོངས་པ་མཐར་ཐུག་པའི་དོན་ཇི་བཞིན་པར་བཀྲལ། ཐལ་འགྱུར་བའི་གྲུབ་པའི་མཐའི་ཉི་མ་འཛམ་གླིང་དུ་ཤར་བར་མཛད་པས་ལྟ་ངན་གྱི་མུན་པ་མཐའ་དག་གསལ་བར་བྱས་པའི་ཁྱད་ཆོས་དང་ལྡན་པ་ཡིན་པས་འདིར་ནི་གྲུབ་མཐའ་སྨྲ་བ་འོག་མ་གསུམ་པོའི་རང་རང་གི་བློ་ཡིས་ཆོས་རྣམས་ཀྱི་མཚན་ཉིད་ལ་བཏགས་ཤིང༌། ཤེས་རབ་ཀྱི་ཡུལ་བདག་མེད་དང༌། སྐྱེ་མེད་དང༌། སྟོང་ཉིད་དང༌། མཐའ་བྲལ་སོགས་སུ་དཔྱད་ནས་སྤྲོས་པ་ཕྱོགས་རེ་ཙམ་བཅད་ཀྱང་དངོས་ཞེན་གྱི་རྣམ་པ་དང་བཅས་པ་མ་ཟད། རང་རྒྱུད་པས་ཐ་སྙད་དུ་གྲུབ་པར་ཁས་ལེན་པ་ལ་སོགས་པ་ཐམས་ཅད་ལའང་བརྩད་ཅིང་བརྟགས་པས་མཐར་འཛིན་གྱི་ཞེན་པ་རེ་རེ་ནས་ཀྱང་ཐལ་འགྱུར་ཆེན་པོས་སུན་ཕྱུང་སྟེ་འདི་ལ་རྒོལ་ནུས་པ་སུ་ཡང་མེད་པས་གྲུབ་མཐའ་ཐམས་ཅད་ཀྱི་ནང་ནས་གོང་མའམ་རྩེ་མོ་ཡིན་པ་འདི་སུ་ལའང་ནོར་འཁྲུལ་མི་འགྱུར་རོ། །རྒྱ་གར་དུ་ཕྱི་ནང་གི་གྲུབ་མཐའི་དབྱེ་བ་མང་ཞིང་བོད་འདིར་ཡང་རང་རང་གི་འདོད་ཞེན་གྱིས་སྦྱར་བའི་གྲུབ་མཐའ་སྣ་ཚོགས་བྱུང་ཞིང་དབུ་མ་གསང་སྔགས་སོགས་ཀྱི་སྲོལ་འཛིན་དགོངས་པ་ལེན་ཚུལ་མང་ནའང༌། རང་རང་གི་ངོར་ལྟོས་ཏེ་རང་རང་གི་བློས་བཞག་པའི་ཚུལ་དེ་མཐར་ཐུག་གི་དོན་དུ་གྲུབ་པར་འདོད་ཀྱི། ཞིབ་ཏུ་དཔྱད་ཏེ་གྲུབ་པའི་མཐའ་ཡི་རྣམ་བཞག་ཐམས་ཅད་ཀྱི་མཚན་ཉིད་ཐོས་པའི་ཤེས་རབ་ཀྱིས་ཉམས་འོག་ཆུད་པར་བྱས་ནས། གྲུབ་མཐའ་བཞི་པོ་དེ་ལས་བླང་བྱ་དངོས་ཐལ་འགྱུར་པ་དང༌། དངོས་འདྲ་རང་རྒྱུད་པ་དང༌། དངོས་མིན་བྱེ་མདོ་སེམས་གསུམ་གྱི་མཚན་ཉིད་ཐམས་ཅད་མ་འདྲེས་པར་སོ་སོར་ལེགས་པར་ཕྱེད་པའི་ཚིག་ཙམ་ལ་མ་ལྟོས་པར་ནང་དུ་ངེས་པ་ཡང་དག་རྙེད་པ་ནི་བསམ་པའི་ཤེས་རབ་ཡིན་ཀྱང༌། དེ་ཉིད་ནི་ཐོས་པ་དྲི་མ་མེད་པའི་ཤེས་རབ་ལ་བརྟེན་ནས་འབྱུང་ཞིང༌། དེ་ཡིས་རྙེད་པའི་དོན་ལ་གོམས་པར་བྱས་ཤིང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཡང་དག་པ་དེས་ནང་དུ་ཉོན་མོངས་དང་མངོན་ཞེན་གྱི་རྟོག་པ་ཐམས་ཅད་བཅིལ་ཏེ་རྒྱུད་ལ་མི་གནས་པར་བྱེད་ཅིང༌། མངོན་ཞེན་དང་ཉོན་མོངས་མེད་པ་ལ་ནི་བདུད་དང་རྒོལ་བ་ངན་པ་གང་ལའང་འཇིགས་པ་མེད་པའི་སྤོབས་པ་རྒྱ་ཆེན་པོ་དེ་རྣམས་ཐོབ་པས་བདུད་ཕྱོགས་ཀྱིས་གླགས་མི་རྙེད་ཅིང་བརྫི་མི་ནུས་སོ། །དེ་དག་གི་ནང་ནས་འདིར་མཐར་ཐུག་གི་ཉམས་ལེན་གང་བཟུང་ཞེ་ན། ཐལ་འགྱུར་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ཇི་ལྟར་བསྟན་པའི་དོན་ཆོས་རྣམས་ཀྱི་གཤིས་ཀྱི་བཞུགས་ཚུལ་ཆོས་དབྱིངས་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་ལ། ངག་གི་སྨྲ་བ་དང༌། བློས་བསམ་པ་དང༌། ཚིག་གིས་བརྗོད་དུ་མེད་པ་སྤྲོས་བྲལ་ཞི་བ་དེ་ནི་དོན་དམ་བདེན་པ་མཐར་ཐུག་པ་ཡིན་ནོ། །དེ་ལྟར་རྩལ་སྣང་འགག་པ་མེད་པ་རྟེན་འབྲེལ་གྱི་སྣང་ཆ་འདི་ལ་བློ་སྟེ་སེམས་སེམས་བྱུང་གི་རྟོག་པ་ཡི་ཆ་ནས་སྨྲ་བསམ་བརྗོད་པ་རུ་བཏགས་ཤིང༌། བཏགས་པ་ཇི་ལྟ་བར་སྣང་བའི་ཆ་འགག་མེད་དུ་འཆར་བ་ཀུན་རྫོབ་བདེན་པའི་ཆར་བཞག་ནས། མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང་ལ་འཇོག་ཅིང༌། རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་དྲན་འདུན་གྱིས་བསོད་ནམས་ཀྱི་ཚོགས་མི་འགོག་པར་བསྒྲུབ་ནའང་བདེན་གཉིས་སོ་སོའི་ཕྱོགས་སུ་ལྷུང་བ་མ་ཡིན་པར་རྗེས་ཐོབ་སྣང་བཅས་ཀྱི་གནས་སྐབས་སུའང་རང་བཞིན་གཤིས་ཀྱི་བཞུགས་ཚུལ་ལས་གཡོ་མི་སྲིད་ལ། མཉམ་བཞག་སྤྲོས་པ་དང་བྲལ་བ་ལ་གནས་པའི་ཚེ་ནའང་ཆད་སྟོང་ཅི་ཡང་མེད་པར་འགྱུར་མི་སྲིད་པས་དུས་ནམ་དུ་ཡང་གཉིས་པོ་ཟུང་དུ་འཇུག་ཅིང་འདུ་འབྲལ་མེད་པའི་དོན་དེ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས། དེའི་ངོ་བོ་རྟོགས་བྱ་ཡུལ་དང་རྟོགས་བྱེད་བློའམ་ཤེས་པ་སོགས་བློས་བཏགས་པའི་གཉིས་ཆོས་ཐམས་ཅད་ལས་འདས་པ་ཡིན་པས། གང་ཟག་སུས་ཀྱང་ཤེས་བྱ་ཤེས་བྱེད་ཀྱི་ཚུལ་གྱིས་མངོན་དུ་བྱར་མེད་ལ། དམིགས་རྣམ་ཅན་གྱི་ལྟ་བས་བལྟར་མེད་ཅིང༌། རྩོལ་བ་དང་བཅས་ལམ་བསྒྲུབས་པས་སྔར་མེད་གསར་དུ་ཐོབ་པ་དང་མཐར་ཕྱིན་རྒྱུ་ཡང་རྡུལ་ཙམ་མེད་ལ། ལམ་མ་བསྒྲུབས་པར་རང་གར་ཐ་མལ་དུ་བསྡད་ཀྱང་མ་ཐོབ་པ་སྟེ་ཐོབ་ཤོར་གང་ཡང་མེད་ལ། ཆོས་ཉིད་རྣལ་མའི་ངོས་ན་དེ་གཉིས་ཀ་བཟང་ངན་མེད་པར་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཉིད་སྟོང་པ་ཉིད་དུ་གནས་པ་ལ་དེ་དང་ངེས་པར་རྗེས་སུ་མཐུན་པའི་བློ་མཐར་འཛིན་གྱི་དྲི་མ་ཐམས་ཅད་ཟད་ཅིང༌། །ཡུལ་ཡུལ་ཅན་རོ་གཅིག་པའི་ཚུལ་དུ་སྐྱེས་པ་སྟེ། ལན་ཚྭ་ཆུར་ཞུ་བ་ལྟར་ཆོས་ཉིད་དང་ཐ་དད་མེད་པར་གྱུར་པ་ལ། སྟོང་ཉིད་རྟོགས་པ་དང་འབྲས་བུ་ཐོབ་པ་ལ་སོགས་པའི་བླ་དྭགས་ཏེ་མིང་གི་ཐ་སྙད་དུ་བཏགས་སོ། །གཞི་ལམ་འབྲས་བུས་བསྡུས་པའི་ཆོས་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་དུ་གནས་པའི་དོན་འདི་ནི་གསུང་རབ་ཀྱི་ཆོས་རྣམས་མ་ལུས་པ་ཀུན་གྱི་བརྗོད་བྱར་གནས་པས་མཛོད་དུ་གྱུར་པའོ། །གང་ཞིག་རྟེན་འབྱུང་གི་དོན་དེ་ལྟ་བུ་ཐོས་པས་གཏན་ལ་ཕབས་པའི་རྗེས་སུ། གནད་དོན་གཅིག་ཏུ་བསྡུས་ཏེ་བསམ་པའི་ཤེས་རབ་ཀྱིས་མཐར་འཛིན་གྱི་ཕྱོགས་ཞེན་དྲི་མས་མ་བསླད་པར་ཡང་དག་པར་འཇུག་པ་ནི་གསུང་རབ་ཀྱི་བརྗོད་དོན་ཟབ་མོའི་སྒོ་འཕར་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ནོ། །འདི་ལྟར་སྣང་བ་ནི་བསླུ་ཞིང་རྫུན་པ་སྲིད་པ་ནི་གཡོ་ཞིང་འདུ་བྱེད་པ། འཁོར་བ་ནི་ཀུན་འབྱུང་རང་རྒྱུད་ལྡན། འདས་པ་ནི་མྱང་འདས་རང་བཞིན་ཆོས་ཉིད་ལ་མིང་དུ་གདགས་པ་སྟེ་དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། དང་པོ་གང་ནས་ཀྱང་ནི་མ་འོངས་ལ། ཐ་མར་གང་དུའང་མ་སོང༌། བར་དུ་གང་ནའང་མི་གནས་པ་སྟེ་ཆོས་རྣམས་ཡེ་ནས་དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ནི། གཤིས་ལ་གནས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། ཡབ་སྲས་མཇལ་བ་ལས། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་དག་སྟེ། སོགས་གསུངས་པ་ལྟར་རོ། །ཡང་འདི་ལྟར་ཆོས་ཅན་སྣ་ཚོགས་སུ་སྣང་བ་ཉིད་ཀྱང་སྐྱེ་འགག་ལ་སོགས་པ་ལྟར་སྣང་ཡང༌། སྣང་དུས་དེ་ཉིད་ནས་ངོ་བོ་རང་བཞིན་མ་གྲུབ་པས། རང་གི་རང་བཞིན་སྟོང་བཞིན་དུ་སྣང་བ་མ་འགག་པར་ཤར་བས་ཡོད་མེད་སོགས་སྤྲོས་པའི་མཐའ་གང་ལའང་མི་གནས་པའི་དོན་ལ་ཤེས་རབ་ཀྱིས་ངེས་པ་གཏིང་ནས་རྙེད་ཅིང༌། ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་པའི་སྟོང་ཉིད་ལ་བརྟེན་ནས་གདགས་པ་ཙམ་དུ་ཤེས་པའི་ལམ་དེ་ནི། མཐའ་བྲལ་དབུ་མའི་ལམ་གྱི་རང་བཞིན་ཉིད་དུ་བསྟན་ནོ། །དེ་ཡང་གཤིས་རྣལ་མའི་ངོ་བོ་ལ་དག་པ་དང་མ་དག་པ་གཉིས་ཀ་མེད་ཀྱང་སེམས་རྟོག་གློ་བུར་བ་ལངས་པའི་བག་ཆགས་ཀྱི་དབང་གིས་དོན་ལ་མེད་པ་ཡིན་ཀྱང་མེད་བཞིན་དུ་ཕྱི་ནང་གི་སྣང་བ་སྣ་ཚོགས་འདི་དག་སྣང་ཞིང༌། སྣང་བ་དེ་ལ་འདི་ཡུལ་ལོ། འདི་ནི་ཡུལ་ཅན་ནོ་ཞེས་སོགས་གཟུང་འཛིན་གྱི་རྣམ་པར་ཀུན་ཏུ་སྒྲོ་བཏགས་ཏེ་བླང་དོར་དགག་སྒྲུབ་ཏུ་ཞེན་པས་ཉེ་བར་ལེན་པའི་སྒོ་ནས་འཁྲུལ་སྣང་དང་འཁྲུལ་རྟོག་ལུ་གུ་རྒྱུད་དུ་བར་མ་ཆད་པར་འཁོར་བ་ཡིན་ལ། ཡང་གཤིས་ཀྱི་གནས་ལུགས་ཚོལ་བར་འདོད་པའི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་པོ་དག་གིས་ཚུལ་དེ་ལ་རྟོག་ཅིང་ཡང་ཡང་དཔྱད་པས། མཐའ་བྲལ་ཇི་བཞིན་བློར་མ་ཆུད་ནས་སྒྲོ་སྐུར་གྱི་མཐའ་བཞི་བྱུང་བ་ཡིན་ཏེ། གང་ཞེ་ན། རང་སྡེ་རྣམས་ཀྱིས་ཕྱི་དོན་ནང་རིག་ལ་སོགས་པ་ཡོད་པར་ལྟ་བ་དང༌། དངོས་པོ་རང་ས་དང་གཟུང་འཛིན་ལ་སོགས་བཀག་པའི་མེད་པ་མེད་དགག་སྟོང་རྐྱང་ཙམ་དུ་འདོད་པ་དང༌། ཕྱི་རོལ་པ་དག་གཙོ་བོ་བདག་ལ་སོགས་པ་རྟག་པར་འདོད་པ་དང༌། ད་ལྟའི་སྣང་བ་འདི་ཙམ་གློ་བུར་དུ་བྱུང་བ་ལས་སྔ་ཕྱིའི་རྒྱུན་སོགས་ཆད་པར་ལྟ་བ་སོགས་དང༌། མཐའ་དང་བྲལ་བའི་དབུས་ཞེས་བློས་བཟོས་ཏེ་མཆོག་འཛིན་དེ་ལ་གནས་པར་བྱེད་པའང་ཆོས་ཉིད་ཀྱི་དོན་ལ་མཁས་པ་མིན་ཏེ་འཆིང་བྱེད་གང་རུང་མཚུངས་ཏེ། ཇི་ལྟར་དར་གྱི་སྲིན་བུ་ཞེས་སྡོམ་སྲིན་གྱི་ཁ་ཆུས་ཐག་རྒྱ་བྲན་ཏེ་དེས་རང་གི་རྐང་ལག་བཅིངས་ནས་མི་ཐར་བ་བཞིན་དུ། རང་རང་གི་འདོད་པའི་གྲུབ་མཐས་རང་ཉིད་བཅིངས་པ་དེས་བག་ཆགས་ཀྱི་མཐུ་བརྟས་པའི་སྐབས་འདི་ན། བློ་ཡིས་སྒྲོ་བཏགས་ཤིང་སྣང་ཙམ་པའི་ཆོས་འདི་དག་ཐམས་ཅད་ཀྱི་རང་བཞིན་སྐྱེ་མེད་གཤིས་ལུགས་ཡིན་ལ། དང་པོ་སྐྱེ་བ་༡དང༌། མཐར་འགག་པ་༢དང༌། བར་དུ་གནས་པ་༣དང༌། ཕར་འགྲོ་བ་ཚུར་འོང་བ་མིན་ཏེ། ཅིའི་ཕྱིར་ན། དོན་གཅིག་པ་མ་ཡིན་ལ། རང་གཞན་ཐ་དད་པའང་མིན། འཕོ་འགྱུར་མེད་པ་རྟག་པ་མ་ཡིན་ལ། དང་པོ་ཡོད་ནས་མཐར་ཆད་པའང་མིན་ཏེ་དེ་ལྟར་མེད་པ་དྲུག་དང་མ་ཡིན་པ་གཉིས་ཏེ་སྤྲོས་པའི་མཐའ་བརྒྱད་པོ་དག་ཉེ་བར་ཞི་བའི་རང་བཞིན་ཡིན་ཏེ། མགོན་པོ་ཀླུའི་དབང་པོ་ཞལ་ནས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །་ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །ཞེས་སོ། །དེས་ན་དེ་ལྟ་བུའི་གཤིས་ཐོག་ཉིད་དུ་བློ་ཕེབས་ཤིང་ཇི་བཞིན་པའི་གནས་ལུགས་ཤེས་པ་ནི། བསམ་བྱུང་ཤེས་རབ་ཀྱི་ངོ་བོ་མ་ནོར་བ་ཡིན་ནོ། །ཐ་སྙད་འཁྲུལ་ངོར་སྣང་ཡུལ་ས་ཆུ་མེ་རླུང་སྟེ་འབྱུང་བཞི་དང༌། གོ་འབྱེད་ནམ་མཁའ་ཡང་སྣང་ཞིང༌། བྱེ་བྲག་རི་དང་ནགས་ཚལ་དང༌། ཁང་བུ་བརྩེགས་པ་དང༌། བུམ་པ་དང༌། སྣམ་བུ། རེ་ལྡེ། ས་མྱུག་སོགས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་རང་རང་གི་རྒྱུ་ལས་ཐམས་ཅད་སྐྱེས་ཏེ། རྩ་བ། སྡོང་བུ། ཡལ་ག་ལོ་མ། མེ་ཏོག །འབྲས་བུ་སྟེ་རྒྱུ་དང་འབྲེལ་བ་དྲུག་འབྱུང་བ་ལྔ་དང་དུས་ཀྱི་འགྱུར་བ་སྟེ་དྲུག་པོ་ལ་རྐྱེན་དང་འབྲེལ་བ་དྲུག་ཅེས་བྱ་སྟེ་དེ་ལྟ་བུའི་རང་བཞིན་དུ་ཕྱི་དོན་གྱི་བག་ཆགས་མ་ཟད་པ་དེ་སྲིད་དུ་འཁོར་བ་ཕྱི་ཡི་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཡིན་ནོ། །ཡང་མ་རིག་པ་ལས་འདུ་བྱེད་དེ། དེ་བཞིན་དུ་རྣམ་ཤེས་སོགས་གཅིག་ལ་གཅིག་བརྟེན་གྱིས་རྒ་ཤིའི་བར་དུ་མ་ཆད་པར་འབྲེལ་ཏེ་ཐོག་མེད་ནས་འཁོར་བ་ནི་ནང་གི་སེམས་དང་ལུས་ཀྱི་བག་ཆགས་མ་ཟད་ཀྱི་བར་དུ་འབྱུང་བ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་སུ་གསུངས་སོ། །མྱང་འདས་ཀྱི་རྟེན་ཅིང་འབྲེལ་འབྱུང་ནི། སློབ་པའི་ལམ་བཞིའི་གནས་སྐབས་དང༌། འབྲས་བུ་མི་སློབ་པའི་གནས་སྐབས་གཉིས་སུ་གནས་པ་ཡིན་ལ། དེ་ཡང་སློབ་པའི་ལམ་གྱི་དུས་སུ་ནི། འཁོར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རིག་པ་ནས་རྒ་ཤིའི་བར་ལུགས་སུ་འཇུག་པ་བཅུ་གཉིས་ཀྱི་རྩ་བ། བདེན་གཉིས་ཀྱི་དོན་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཆེན་པོ་ནི། ཚོགས་ལམ་དུ་ཐོས་བསམ་གྱིས་དེའི་གཉེན་པོ་བདག་མེད་པའི་དོན་རིག་པའི་ཡེ་ཤེས་ཇི་ལྟ་བ་བཞིན་གཏན་ལ་ཕབ་སྟེ་སྦྱོར་ལམ་དུ་དད་སོགས་ལྔའི་སྒོ་ནས་དོན་སྤྱིའི་ཚུལ་དུ་བསྒོམས་ཏེ་མ་རིག་པ་ཉམས་སྨད་པར་བྱས་ནས། མཐོང་ལམ་དུ་རིག་པའི་ཡེ་ཤེས་དེ་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་སྟེ་མ་རིག་པའི་སྒོ་ནས་སྲིད་པར་འཕེན་བྱེད་ཀྱི་ལས་མི་གསོག་ཅིང༌། སྒོམ་ལམ་ས་དགུ་པོར་ཡེ་ཤེས་དེའི་རྒྱུན་གོམས་ཤིང་གོང་དུ་འཕེལ་སྟོབས་ཀྱིས་མ་རིག་པའི་བག་ཆགས་རིམ་གྱིས་ལྡོག་པས་འདུ་བྱེད་ལ་སོགས་པའི་ཡན་ལག་གཞན་རྣམས་ཀྱི་བག་ཆགས་ཀྱང་ལུགས་ལྡོག་ཏུ་འགགས་ནས་རྒྱུན་མཐའི་རྡོར་ཏིང་གིས་སྲིད་པའི་རྩ་བ་མ་རིག་པའི་བག་ཆགས་ཤིན་ཏུ་ཕྲ་བ་གཉིས་སྣང་དང་བཅས་པ་སྤངས་པས་རྒྱུན་ཆད་དེ་འབྲས་བུ་ཆོས་སྐུའི་ཡེ་ཤེས་མངོན་དུ་གྱུར་ཏེ་འགག་མེད་ཐུགས་རྗེའི་རོལ་པ་ཅིར་ཡང་འཆར་བར་འགྱུར་བ་ནི་འབྲས་བུའི་རྟེན་འབྲེལ་ཡིན་ནོ། །དེ་ལྟར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་སྣང་ཙམ་ལས་ངོ་བོས་མ་གྲུབ་པའི་མཚན་ཉིད་མ་ནོར་བར་མཐོང་བའི་སྐྱེས་བུ་དེ་ཡིས་སྡུག་བསྔལ་གྱི་བདེན་པ་སྣང་ཙམ་ལས་རང་བཞིན་མེད་པར་ཤེས་ཤིང༌། དེའི་རྒྱུ་ཀུན་འབྱུང་ཉོན་མོངས་ཀྱི་རྩ་བ་མ་རིག་པ་སྤོང་བའི་རྟེན་འབྲེལ་གྱིས་འགོག་པ་མྱང་འདས་དམ་པ་མངོན་དུ་གྱུར་པར་ཤེས་ནས་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་མཆོག་གི་དོན་བསྒོམ་པས་མངོན་དུ་མཐོང་ངོ༌། །གོང་དུ་ཇི་སྐད་བཤད་པ་དེ་ལྟར་འཁོར་འདས་ལམ་གསུམ་གྱི་སྣང་བ་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་དུ་བསམ་པ་ལས་བྱུང་བའི་ཤེས་རབ་རྣམ་པར་དག་པས་གཏན་ལ་ཕབ་པ་དེའི་ཚེ་གནས་ལུགས་ཀྱི་རང་བཞིན་མ་ནོར་ཤེས་པའི་ཆོས་ཉིད་དེའི་ངང་ལ་གཟུང་འཛིན་གྱི་རྟོག་པས་མ་བསླད་པར་འཇོག་པ་ནི། སྒོམ་པའི་ཤེས་རབ་ཅེས་སུ་ཐུན་མིན་མདོ་དང༌། དགོངས་འགྲེལ་རྣམས་སུ་དང༌། ཚད་མའི་སྐྱེས་བུ་རྣམས་ལ་གྲགས་སོ། །འདི་ལྟར་ནམ་མཁའ་ནི་གཟུང་དུ་མེད་པ། བསྟན་དུ་མེད་པ། གཟུགས་ཅན་མ་ཡིན་པ། མཐའ་དབུས་མེད་པ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་ནས་བསྒོམ་པའི་དོན་ཆོས་ཉིད་དང་ཡུལ་ཅན་ཡེ་ཤེས་རོ་གཅིག་ཏུ་གྱུར་པའི་སེམས་ཀྱི་གཤིས་ལུགས་དེ་ལ། དངོས་པོའི་མཚན་མ་མེད་པས་གཟུགས་སོགས་ཕུང་པོ་ལྔ་དང༌། འདུས་མ་བྱས་པ་ཡིན་པས་རྣམ་ཤེས་ཚོགས་བརྒྱད་ཀུན་ཀྱང་ཡོད་པ་མ་ཡིན་ནོ་ཞེས་མཐའ་བཞིའི་སྐྱེ་བ་འགོག་པའི་དམ་བཅའ་སྟོན་པ་ཉིད་དབུ་མ་ཐལ་འགྱུར་བའི་བཞེད་པ་ཡིན་ཀྱང༌། མེད་ཅེས་ཡོད་མཐའ་བློ་ཡིས་བཀག་ནས་མེད་པ་ཞིག་གློ་བུར་དུ་བསྒོམ་པར་བྱར་མེད་དེ་མེད་པ་གཤིས་ལ་མི་གནས་པའི་ཕྱིར་ན། གཤིས་ཀྱི་གནས་ཚུལ་ཤེས་པའི་ཤེས་རབ་ཉིད་དང་ལྷག་པར་ཡང་འགལ་བ་ཡིན་ཏེ། སེམས་ཀྱི་རང་བཞིན་རྣམ་ཐར་སྒོ་གསུམ་དུ་གནས་པ་འདི་ནི་ཅང་མེད་ཕྱང་ཆད་པ་ཉིད་མ་ཡིན་པར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ཡེ་ཤེས་ཀུན་གྱི་འབྱུང་གནས་ཡིན་པས་མཛོད་ལྟ་བུའོ། །དེས་ན་གནས་ལུགས་ཇི་བཞིན་མངོན་སུམ་མཐོང་བ་ནི་འཕགས་པ་ཁོ་ན་ཡིན་མོད་སོ་སྐྱེའི་དུས་ནའང་ཆོས་རྣམས་ཀྱི་རང་བཞིན་ཆོས་ཉིད་དུ་རྣམ་པར་དག་ཟིན་པའི་ཡང་དག་པའི་དོན་ཉིད་ལ། བཅོས་མའི་བློ་ཡིས་མ་བསླད་པར་ཡང་དག་ལྟ་བར་བྱེད་པ་ནི། དམུས་ལོང་ལྟར་རྐྱེན་མ་ཚོགས་པའམ་གཉིད་ལོག་པ་ལྟ་བུའམ་འདུ་ཤེས་མེད་པའི་སྙོམས་འཇུག་ལྟར་མིན་ལ། ལྷག་མཐོང་གི་ཡེ་ཤེས་དང་ལྷན་ཅིག་པ་ཡིན་ནོ། །བལྟ་ཞེས་བྱ་བ་དེའང་ཀུན་རྫོབ་ཙམ་དུ་བརྡ་སྤྲོད་པའི་མིང་སྟེ། རང་བཞིན་མ་བཅོས་པའི་ངང་དེ་ལས་གཞན་དུ་མ་ཡེངས་ཤིང་མི་བསྒོམ་པའི་ཚུལ་གྱིས་མ་གཡོས་ན། གནས་ལུགས་ཇི་བཞིན་བསྒོམ་པའི་ཕྱིར་གཞན་ལས་མཆོག་གོ །དེ་ལྟར་མཉམ་པར་བཞག་པའི་ཡེ་ཤེས་དེ་ཡི་མདུན་ཏེ་ཡུལ་ན་བློ་ཞེས་གཙོ་སེམས་དང་ནི། ཡིད་བྱེད་སོགས་སེམས་བྱུང་གིས་བསྡུས་པའི་རྟོག་ཚོགས་ཡུལ་བཅས་གཟུང་འཛིན་གྱི་རྣམ་པ་ཐམས་ཅད་གནས་པ་མིན་ཏེ་སོ་སོར་རྟོག་པའི་ཤེས་རབ་བོ། །ཤེས་རབ་དེ་འདྲ་བར་བློ་འབྱོང་ཞིང་ཆོས་ཐམས་ཅད་སྒྲོ་སྐུར་དང་བྲལ་བ་ཡོངས་སུ་ཤེས་ན། སེམས་བསྐྱེད་དང་སྦྱིན་སོགས་ཀྱི་ཐབས་ཀྱིས་རྣམ་པར་གྲོལ་བར་འགྱུར་རོ། །ཤེས་རབ་དེ་མེད་པར་མངོན་ཞེན་དང་བཅས་བའི་ཐབས་ཀྱིས་ནི། མུ་སྟེགས་ཅན་གྱི་ལམ་བཞིན་དུ་སྲིད་པའི་གནས་སུ་རང་རྒྱུད་བཅིངས་པ་ཉིད་ལས་གྲོལ་བ་མེད་དོ། །ལམ་གང་དུ་མཉམ་བཞག་ཏུ་སྟོང་ཉིད་དང་རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོའི་སྒོ་ནས་ཚོགས་བསགས་པ་སྟེ་རྣམ་པ་གཉིས་དང་པོར་རྒྱུད་ལ་བསྟེན་ནས་རིམ་གྱིས་གོམས་པར་བྱེད་པ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ཡིན་ནོ། །མཐོང་ལམ་ལ་མྱུར་དུ་སྦྱོར་བའི་ལམ་དེ་ལ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་སྟེ་བཞི་ཡོད་པས་ཆོས་མཆོག་མན་ཆད་བཞི་པོའི་གནས་སྐབས་ཐམས་ཅད་དུ་མཉམ་རྗེས་གནས་སྐབས་རིམ་བཞིན་སྟོང་པ་དང་སྙིང་རྗེ་ངང་གིས་འཆར་རོ། །དེ་ནས་མཐོང་ལམ་ཐོབ་ནས་སྟོང་ཉིད་སྙིང་རྗེ་གཉིས་པོ་ནི་ཟུང་དུ་འཇུག་ཅིང༌། མཉམ་གཞག་སྟོང་ཉིད་རྗེས་ཐོབ་སྙིང་རྗེ་ཞེས་ཐ་མི་དད་ལ་ལྷན་ཅིག་སྟོང་ཉིད་སྙིང་རྗེ་ངོ་བོ་ཉིད་ལ་འདུ་འབྲལ་མེད་དེ། སྟོང་ཉིད་ལ་མཉམ་པར་བཞག་པ་ན་སྙིང་རྗེ་ཆེན་པོའི་རྩི་དང་མི་འབྲལ་ཞིང༌། རྗེས་ཐོབ་སྦྱིན་སོགས་སྤྱོད་པ་ལ་བསླབ་པ་ན། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པར་བསྒྲུབ་པས་སོ། །རབ་ཏུ་དགའ་བ་དང་པོའི་སར་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་པས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ནས་འཕགས་པའི་སྒོམ་ལམ་ལ་མ་དག་ས་བདུན་དུ་ཐབས་ཤེས་ཟུང་དུ་འབྲེལ་ཀྱང་མཉམ་རྗེས་ཀྱི་ཉམས་ལེན་ཐ་དད་དུ་ཡོད་ལ། དག་ས་ཐོབ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཟག་མེད་ཀྱི་དབྱིངས་སུ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་རྣམས་རིམ་གྱིས་ཐོབ་པས་མཚན་མེད་འབད་རྩོལ་བྲལ་བའི་ལམ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པས་མཉམ་རྗེས་ཀྱི་ཉམས་ལེན་དབྱེར་མེད་དུ་འགྱུར་རོ། །དེ་ལྟར་སྒོམ་ལམ་མཐར་ཕྱིན་ཏེ་ས་བཅུ་རྒྱུན་གྱི་མཐའ་མ་ལ། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཤེས་སྒྲིབ་ཕྲ་བའང་ལྷག་མེད་དུ་བཅོམ་ནས་མི་སློབ་པའི་ལམ་དུ་མངོན་པར་རྫོགས་པའི་བྱང་ཆུབ་བརྙེས་སོ། །འདིའི་སྐབས་སུ་མཉམ་པར་མ་བཞག་པའི་དུས་མེད་པ་སོགས་རྒྱལ་བའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དང༌། གཞན་ཡང་སྟོབས་བཅུ་དང་ནི། མི་འཇིག་པ་བཞི་སོགས་མཁྱེན་པའི་ཡེ་ཤེས་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་པོ་མཐའ་དག་མངོན་དུ་གྱུར་ནས་སངས་རྒྱས་པ་ཡིན་ནོ། །འདི་ལྟར་ཕ་རོལ་ཕྱིན་པ་དྲུག་སྟོན་པའི་སྡེ་སྣོད་རྣམས་དང༌། དེ་དག་གི་བརྗོད་བྱའི་དོན་རྣམས་ནི། དུས་གསུམ་དུ་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཀུན་སློབ་པ་ལམ་གྱི་གནས་སྐབས་ན་ཐོས་བསམ་བྱེད་པའི་གཞུང་དང་ཉམས་སུ་ལེན་པའི་ལམ་སྟེ། མཐར་འཛིན་དང་བྲལ་བའི་ལྟ་བས་ལམ་བསྒྲུབ་ཚུལ་ལ་མ་རྨོངས་ཤིང༌། སྤྱོད་པ་ཕར་ཕྱིན་དྲུག་གི་དོན་སྤྱོད་པ་ལའང་ཤིན་ཏུ་རྣམ་པར་དག་པས་ཚོགས་གཉིས་མཐར་ཕྱིན་ཏེ། ངེས་པ་ལྔ་ལྡན་འོག་མིན་དུ་འགྲོ་བ་སྟེ་དེར་མངོན་པར་སངས་རྒྱས་ཏེ་སྐུ་གཉིས་མངོན་པར་འགྲུབ་བོ། །དེ་ཡན་རྒྱུ་མཚན་ཉིད་ཀྱི་ཐེག་པ་བསྟན་ཏེ་ཟབ་མོ་ལྟ་བ་དང༌། རྒྱ་ཆེན་སྤྱོད་པའི་ཚུལ་གཏན་ལ་ཕབ་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྨོན་འཇུག་གི་བསླབ་བྱ་བསྟན་པའི་ཚོམས་ཏེ་ལེའུ་དགུ་པའོ།། །།ད་ནི་ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་བསྟན་པ་ལ། ཐོག་མར་ལོ་རྒྱུས་མདོ་ཙམ་བརྗོད་དེ། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང༌། རྣ་རྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་ཀྱི། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། །ཞེས་གསུངས་པ་ལྟར་ནང་རྒྱུད་ཡོ་ག་གསུམ་གཙོར་གྱུར་པའི་རྒྱུད་སྡེ་བྱུང་ཚུལ་ནི། སྤྱིར་སྔ་འགྱུར་བཀའ་མ་ཐམས་ཅད་ལ་བརྒྱུད་པ་གསུམ་ལྡན་དང༌། གཏེར་མ་རྣམས་ལ་བརྒྱུད་ཚུལ་དྲུག་དང་བདུན་དང་དགུ་རྣམས་སུ་ངེས་པ་ལས། དང་པོ་ནི། རྒྱལ་བ་དགོངས་པའི་བརྒྱུད་པ། ཆོས་སྐུ། རྟོགས་པས་རྒྱུད་དོན་ཚུལ་བཞིན་རིག་པ། རིག་འཛིན་བརྡ་ཡི་བརྒྱུད་པ། རིགས་ལྔ་ལོངས་སྐུ། གང་ཟག་སྙན་ཁུང་བརྒྱུད་པ་སྤྲུལ་སྐུ་སྟེ་གསུམ་མོ། །གཉིས་པ་ནི། བརྒྱུད་པ་གོང་མ་གསུམ་གྱི་སྟེང་དུ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། བཀའ་གཏེར་སྲུང་མས་ལས་ཅན་ལ་གདམས་པ་གཏད། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། གཏེར་སྟོན་སྐྱེས་ཆེན་ལ་གདམས་པ། ཤོག་སེར་ཚིག་གི་བརྒྱུད་པ་གཏེར་ཆོས་ཤོག་སེར་ལ་བཏབ་སྟེ་གཏེར་དུ་རྒྱས་བཏབ་པ་བྱིན་རླབས་ཆེ་བར་གསུངས་སྟེ་དྲུག་གོ །གསུམ་པ་ནི། ཤོག་སེར་བརྒྱུད་པ་དོར་ཏེ་སྔ་མ་ལྔའི་སྟེང་དུ། བཀའ་བབ་ལུང་བསྟན་གྱི་བརྒྱུད་པ་ཆོས་བདག་ལ་འགྲོ་དོན་ལུང་བསྟན་པ་དང༌། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་བསྐྱེད་རྫོགས་བསྙེན་སྒྲུབ་ལྷན་སྐྱེས་ཡེ་ཤེས་གཉིས་བསྣན་པས་བདུན་ནོ། །བཞི་པ་ནི། དེ་བདུན་གྱི་སྟེང་སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ་དང༌། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་སྟེ་དགུའོ། །དེ་སོགས་ལས་བྱུང་བའི་རྒྱུད་སྡེ་རྣམས་ཀྱི་ལོ་རྒྱུས་རྒྱ་ཆེར་གསུངས་ཀྱང་མདོ་བརྒྱུད་པའི་ལོ་རྒྱུས་ཙམ་མོ། །དེ་ལྟར་བརྒྱུད་པ་དེ་རྣམས་ནི་རིམ་བཞིན་བདག་ཅག་གི་བླ་མ་རྣམས་ཀྱི་བར་དུ་བརྒྱུད་པ་ཡིན་ལ་ཁྱད་པར་དུ་བསྟན་བཅོས་འདི་ཉིད་མཛད་པ་པོ་རིག་འཛིན་འཇིགས་མེད་གླིང་པ་ཞེས། འཕགས་པ་སེམས་ཉིད་ངལ་གསོ་ཉིད་དངོས་སུ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བཟུང་ནས། པདྨ་སམྦྷ་དང༌། བི་མ་མི་ཏྲ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ལས་དགོངས་པའི་ཕ་ཕོག་ཐོབ་སྟེ་ཐུགས་དགོངས་དབྱེར་མེད་དུ་གྱུར་པ་༡དང༌། དེ་དག་གི་བརྡ་ཐབས་རྟེན་འབྲེལ་གྱི་རྣམ་འཕྲུལ་བསྟན་པ་ཐམས་ཅད་དང་དབུགས་དབྱུང་ཞལ་བཞེས་རྗེས་གནང་སོགས་རིག་འཛིན་བརྡ་བརྒྱུད་༢དང༌། དགོངས་གཏེར་མཐའ་དག་ཐུགས་ལ་བཀྲ་ལམ་མེར་ཤར་བ་སྟེ་དགོངས་བརྡ་སྙན་བརྒྱུད་ཀྱི་བརྒྱུད་གསུམ་ཆིག་རྫོགས་སུ་བླངས་ཏེ། ལས་དང་སྐལ་པར་ལྡན་པ་ལ་བསྟན་པ་ཡོངས་རྫོགས་ཀྱི་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ཞིང་མངོན་པར་རྫོགས་པའི་སངས་རྒྱས་སུ་བཞུགས་པ་ཡིན་ཏེ། ཇི་སྐད་དུ། ལུས་ནི་གང་ཟག་ལྷ་མི་ཡང༌། །དགོངས་པ་དམ་པ་སངས་རྒྱས་དངོས། །ཞེས་པ་ལྟར་རོ། །དེ་ཡང་མན་ངག་གི་བསྟན་བཅོས་ཀྱི་གཞུང་འདི་ཉིད་དམ་པ་དེ་ཉིད་ལས། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་གསན། དེ་ལས་རྒྱས་སྲས་གཞན་ཕན་མཐའ་ཡས། དེ་ལས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། དེ་ལས་བཀའ་དྲིན་མཚུངས་མེད་ཨོ་རྒྱན་བསྟན་འཛིན་ནོར་བུས་གསན། དེ་ལས་ཡོན་ཏན་རྒྱ་མཚོ། དེ་གསུམ་ལས་མཁན་ཆེན་བསམ་གཏན་རྒྱ་མཚོ། དེ་ལས་ཙནྡྲརསྨིའམ་མཁན་པོ་ཟླ་འོད། དེ་ལས་ཆིག་རྫོགས་སུ་ནོད་པའོ། །དེ་ཡང་སྔགས་ཀྱི་སྐབས་སུ་སྤྱིར་རྒྱལ་བས་སེམས་ཅན་རྣམས་ཀྱི་དོན་དུ་བློ་དང་འདུ་ཤེས་ཀྱི་རྗེས་སུ་འགྲོ་བའི་ཐེག་པའི་རྣམ་དབྱེ་བསམ་གྱི་མི་ཁྱབ་པ་ཞིག་གསུངས་པ་མཐའ་དག་བསྡུ་ན་གཉིས་སུ་འདུ་བ་ཡིན་ཏེ། ཐེག་དམན་དང༌། ཐེག་ཆེན་ནོ། །ཐེག་ཆེན་ལའང་རྣམ་པ་གཉིས་ཡོད་དེ། ཐེག་ཆེན་ཚུལ་སྒྲུབ་ལས། ཐེག་པ་ཆེན་པོ་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་དང་གསང་སྔགས་སོ། །ཞེས་སོ། །དེའི་རྒྱུ་མཚན་ཐེག་ཆེན་གྱི་གདུལ་བྱ་བྱང་ཆུབ་སེམས་དཔའ་དེ་ལའང་དབང་པོ་རྣོན་པོ་དང༌། ཤིན་ཏུ་རྣོན་པོའི་རིགས་ཅན་གཉིས་ཡོད་པའི་གཉིས་ཀའང་སྙིང་རྗེའི་གཞན་དབང་གིས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་མཚུངས་ཀྱང༌། སྒྲུབ་ཚུལ་མཚན་ཉིད་ཐེག་པ་ལས་བདེ་གཤེགས་སྙིང་པོའི་ས་བོན་ཡོད་པ་ཙམ། ཚོགས་གཉིས་ཀྱི་རྐྱེན་ལས་གོང་འཕེལ་དུ་སོང་ནས་སངས་རྒྱས་ཐོབ་པར་འདོད་ཅིང༌། རྒྱུ་འབྲས་སྔ་ཕྱི་འབྲེལ་བས་རྒྱུ་ཡི་ཐེག་པ་ཞེས་བྱ་ལ། སྔགས་སུ་སྙིང་པོ་དེ་སེམས་ཅན་ཀུན་ལ་རང་ཆས་སུ་ཡོད་པ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྦྱང་གཞི་ཉི་མ་ལྟ་བུ་དེ་ཉིད་ལ། སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞི་དང་བཅས་པའི་འདུས་བྱས་ཀྱི་སེམས་གློ་བུར་བ་སྤྲིན་དང་འདྲ་བའི་སྒྲིབ་པ་ཉིད། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་ཀྱིས་སྦྱངས་པས། སྦྱངས་འབྲས་རང་ངོའི་ཡོན་ཏན་ཇི་བཞིན་མངོན་དུ་འགྱུར་བར་འདོད་པ་སྟེ། དེས་ན་སྔགས་ཀྱི་ཐེག་པ་ཞེས་པའི་དོན་ནི། མ་ན་ཡིད་དང༌། ཏྲ་ཡ་སྐྱོབ་པའི་སྒྲ་བསྡུས་པ་མནྟྲ་ཞེས་བྱ་སྟེ། གང་སྐྱོབ་ན། ཡིད་ཤེས་ཏེ་དེ་ཡང་རིག་པ་ལ་བརྗོད་དེ། འབྲས་བུའི་གནས་སྐབས་སུའང་རིག་པའི་ཡེ་ཤེས་ཞེས་བརྗོད་པའི་ཚུལ། གསང་སྙིང་ལས། བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོའོ། །ཞེས་སོ། །གང་ལས་སྐྱོབ་ན། གཟུང་འཛིན་དང་བཅས་པའི་ཚོགས་བརྒྱད་ལས། ཇི་ལྟར་སྐྱོབ་ན། བདེ་མྱུར་གྱི་ཚུལ་དུ་སྐྱོབ་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་འབྲས་བུའི་ཐེག་པ་ཞེས་ཀྱང་བྱ་སྟེ། དེའི་དོན་ནི་གཞི་གཏན་ལ་ཕབ་པའི་དུས་སུ་མཐར་ཐུག་གི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སོགས་ཆོས་ཁམས་རྒྱ་མཚོ་ལྟ་བུ། སེམས་ཉིད་བདེ་གཤེགས་སྙིང་པོའི་རང་རྩལ་དུ་རྫོགས་པས་འབྲས་བུ་གཞི་ལ་གནས་པར་འདོད་པ་དང༌། ལམ་ཉམས་སུ་ལེན་པའི་དུས་སུ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་དང་མཐུན་པའི་ལམ་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པ་དང༌། འབྲས་བུ་མངོན་དུ་བྱེད་པའི་དུས་སུ་ཚེ་ལུས་གཅིག་གིས་འབྲས་བུ་མངོན་དུ་བྱེད་པས་འབྲས་བུའི་ཐུས་ཀ་སྟེ། དཔེར་ན་སྨན་ཐམས་ཅད་ཀྱི་ནུས་པ་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུ་ལམ་གྱི་མན་ངག་གི་ནུས་པ་ཐམས་ཅད་གཅིག་ཏུ་འདུས་པའི་དོན་གྱིས་ན་དེ་སྐད་ཅེས་བྱ་བའམ། ཡང་ན་ནི་མཚོན་བྱེད་དཔེའི་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཆོས་ཉིད་དོན་དམ་པའི་རྡོ་རྗེ་བདེ་གཤེགས་སྙིང་པོའི་ཡིན་ལུགས་བླ་མས་ངོ་སྤྲད་པ་དེ་ཉིད། ཕར་མཚན་མའི་རྣམ་རྟོག་ཐམས་ཅད་འཇོམས་པ་ལ་ཐོགས་པ་མེད་པ་དང༌། ཚུར་མཚན་མའི་རྣམ་རྟོག་ཐམས་ཅད་ཀྱིས་གླགས་མི་རྙེད་པས་ན་རྡོ་རྗེ་སྟེ། དེ་ཉིད་བརྗོད་བྱའི་གཙོ་བོར་བསྟན་པས་ན་རྡོ་རྗེའི་ཐེག་པ་ཞེས་བརྗོད་པ་དང༌། ཡང་སྦྱིན་པ་ལྟ་བུ་སྤྱོད་པའི་སྒོ་རེ་རེ་ཡང་ཐབས་དུ་མའི་སྒོ་ནས་སྒྲུབ་པས་ཐབས་མང་བ་དང༌། ཉོན་མོངས་ལྔ་ཡང་ལམ་དུ་བྱེད་པས་ཐབས་མཁས་པ་དང༌། འདོད་ཡོན་ལྔ་ཡང་སྤང་མི་དགོས་པར་ལམ་དུ་བྱེད་པས་ཐབས་བདེ་བ་དང༌། སྐལ་པ་དང་ལྡན་པའི་གང་ཟག་ཤིན་ཏུ་རྣོན་པོ་ཞིག་མ་གཏོགས་ཁོང་དུ་མི་ཆུད་པས་ཐབས་ཟབ་པ་དང༌། ཚེ་གཅིག་གིས་ཀྱང་འབྲས་བུ་འགྲུབ་པས་ཐབས་མྱུར་བའི་ཕྱིར་ཐབས་ཀྱི་ཐེག་པ་ཞེས་བྱ་ལ། རིག་པ་བདེ་གཤེགས་སྙིང་པོའི་ཆོས་ཉིད་བླ་མས་ངོ་སྤྲད་པ་དེ་ཉིད་མི་འབྲལ་བར་འཛིན་པའི་རིག་འཛིན་ནི། གསང་སྔགས་ཉམས་སུ་ལེན་པའི་གང་ཟག་ཡིན་ལ། དེ་དག་གིས་ཉམས་སུ་བླང་བྱའི་སྡེ་སྣོད་ཡིན་པས་ན་རིག་པ་འཛིན་པ་ཡི་སྡེ་སྣོད་ཅེས་གྲགས་ཤིང༌། སྤྱིར་སྡེ་སྣོད་ཅེས་པའི་དོན། ཚིག་དང་དོན་གྱི་སྡེ་ཚན་དུ་མའི་སྣོད་ཡིན་པས་ན་སྡེ་སྣོད་ཅེས་བརྗོད་པ་ཡིན་ནོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་འཕགས་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར་འབྲས་བུ་སངས་རྒྱས་སྒྲུབ་པར་དོན་གཅིག་ནའང༌། སྒྲུབ་ཚུལ་ལ་རྨོངས་མ་རྨོངས་ཀྱི་ཁྱད་པར་ཡོད་དེ། མཚན་ཉིད་ཐེག་པ་ལས་ཕྱི་སྣང་བའི་བདེན་ཞེན་ལྡོག་པ་ལ། སྒྱུ་མ་ལྟ་བུར་བསྒོམ་པ་ལ་སོགས་པས་འབྱུང་བའི་རིག་པ་ལ་རྨོངས། ནང་ཕུང་པོ་ལྔ་ལྷར་མ་ཤེས་པས་གནས་པའི་དོན་ལ་རྨོངས། གསང་བ་རྟོག་ཚོགས་དང་ཉོན་མོངས་པ་ཡེ་ཤེས་སུ་མ་ཤེས་པས་ལམ་གྱི་རྣམ་པ་ལ་རྨོངས། ཐམས་ཅད་དག་མཉམ་ཆེན་པོ་བདེན་པ་དབྱེར་མེད་དུ་མ་ཤེས་པས་རྟོགས་པའི་ལྟ་བ་ལ་རྨོངས་པ་ཉིད། སྔགས་སུ་ཕྱི་འབྱུང་བར་སྣང་བ་ཡུམ་ལྔ། ནང་ཕུང་པོར་སྣང་བ་ཡབ་ལྔ། གསང་བ་རྟོག་ཚོགས་ཀུན་བྱང་ཆུབ་སེམས་དཔའ་སེམས་མ་ཡེ་ཤེས་ལྔ་ཡི་རང་བཞིན། ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་ནས་བསྒོམ་ཞིང༌། བླང་དོར་དང་འཛིན་པ་མེད་པའི་ཐབས་མཁས་ཀྱི་སྤྱོད་པ་གོང་དུ་བཤད་པ་ལྟ་བུའི་སྒོ་ནས་འབྲས་བུ་ལ་མྱུར་དུ་སྦྱོར་བའི་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པ་ཡིན་ནོ། །ཡང་རྒྱུན་ཆགས་པ་སྟེ་སངས་རྒྱས་སེམས་ཅན་གྱི་ངོས་ན་ཡོད་པའི་དོན་གྱི་ངོས་ནས་བཤད་ན། ཏནྟྲ་ཞེས་པའི་སྒྲ་ལས་དྲངས་ན་རྒྱུད་དེ། དེ་ཡང་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ལམ་ཐབས་དང་གཞི་རྒྱུ་ལས་འབྲས་བུའོ། །ཞེས་རྒྱུད་ཅེས་པ་ནི་རྒྱུན་ཆགས་པའི་དོན་ཏེ། གང་ཞིག་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་དང༌། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་དང༌། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དོ། །དེ་ལ་དང་པོ་གཞིའི་རྒྱུད་ནི། སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་གནས་ལུགས་དོན་དམ་པའི་ཡེ་ཤེས་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་བློ་ཡི་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་འཆིང་གྲོལ་མེད་པར་སེམས་ཅན་ཐམས་ཅད་ལ་ཡེ་ནས་གནས་པའི་དོན་ལ་བྱ་སྟེ། གསང་སྙིང་ལས། བཅིང་མེད་རྣམ་པར་གྲོལ་མེད་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང༌། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་སོ། །དེ་ལ་ཅིའི་ཕྱིར་གཞིའམ་རྒྱུའི་རྒྱུད་ཅེས་བྱ་ཞེ་ན། དེ་ཉིད་ཐབས་ཀྱི་རྐྱེན་གྱིས་མ་ཟིན་ན་འཁོར་བ་དང༌། ཟིན་ན་མྱང་འདས་སུ་སྣང་བས་དེ་གཉིས་ཀའི་འབྱུང་གཞིའམ་རྒྱུ་ལྟ་བུར་གྱུར་པས་དེ་སྐད་ཅེས་བྱའོ། །དེ་ཡང་རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་དང༌། མ་ཕམ་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཐ་སྙད་ཙམ་དུ་དབྱེ་ན། སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི་སྦྱང་གཞི་ནོར་བུ་ལྟ་བུ་ཡིན་པས་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་བྱ་ལ། ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་ནི་སྦྱང་བྱ་འདམ་རྫབ་ལྟ་བུ་སྟེ། མེད་སྣང་གློ་བུར་བ་ཡིན་པས་འཁྲུལ་པ་བརྟགས་པའི་གཞི་ཞེས་གསུངས་ཏེ། འདི་མེད་སྣང་འབྲས་བུའི་ཉེར་ལེན་གྱི་རྒྱུ་དང་རྒྱུད་མཚན་ཉིད་པ་མ་ཡིན་ནོ། །གཉིས་པ་ལམ་གྱི་རྒྱུད་ནི། གཞི་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པའི་ལྟ་བ་དང༌། རང་བཞིན་ཡོངས་ཤེས་ཀྱི་དོན་བསྒོམ་པའི་ཏིང་ངེ་འཛིན། གྲོགས་སྤྱོད་པ་དམ་ཚིག་དང་བཅས་པ་ལ་བྱ་སྟེ། རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་ནས་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང༌། །ཞེས་སོ། །དེ་ལ་ཅིའི་ཕྱིར་ཐབས་སམ་ལམ་གྱི་རྒྱུད་ཅེས་བྱ་ཞེ་ན། འཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང༌། གང་གིས་གང་དུ་བགྲོད་པའི་རྟེན་ཡིན་པས་ན་ལམ་སྟེ། མདོ་ཡི་དོན་བསྡུས་ལས། བགྲོད་ལམ་དང་དེ་ཆོས་ཡོན་ཏན་ལྡན་པ་དང༌། །ཞེས་པ་ལ་སོགས་པ་ལྟར་རོ། །དེ་ཡང་རྣལ་འབྱོར་བླ་ན་མེད་པ་ཁྱད་པར་གྱི་ལམ་འདི་འབྲས་བུ་ལ་ཉེ་བའི་ལམ་རྒྱུད་ཡིན་ལ། ཕྱི་རྒྱུད་རྣམས་ནི་རིང་བའི་ལམ་རྒྱུད་དོ། ནང་རྒྱུད་ལ་ལྟོས་ན་རིང་བའི་ལམ་རྒྱུད་དང༌། མཚན་ཉིད་ཐེག་པ་ལས་ཉེ་ལམ། །ལམ་དེ་ལ་རྒྱུད་ཅེས་སྨོས་པའི་དོན་ནི། གཞི་ཤེས་བྱ་དང་ལམ་ཤེས་བྱེད་དུ་དང༌། འབྲས་བུ་འཐོབ་བྱ་དང་ལམ་འཐོབ་བྱེད་དུ་འབྲེལ་བའི་ཕྱིར་དང༌། ལམ་དང་པོ་བསྒྲུབ་པ་ནས་འབྲས་བུའི་བར་དུ་མ་ཆད་པར་རྒྱུན་ཆགས་སུ་འབྱུང་བས་ན་དེ་སྐད་ཅེས་བྱའོ། །གསུམ་པ་འབྲས་བུའི་རྒྱུད་ནི། གཞི་ཡི་གནས་ལུགས་ལ་སྒྲིབ་པར་བྱེད་པའི་དྲི་མ་ལམ་གྱིས་ཡང་དག་པར་སྦྱངས་ནས། གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ལ་བྱ་སྟེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ཐུབ་པའི་བསྐྱེད་རྫོགས་རྣལ་འབྱོར་འབྲས་བུ་ལྷུན་གྲུབ་ཀྱི་རྣལ་འབྱོར་ཆེ། །འབྲས་བུ་ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང༌། །བཏགས་པ་ཙམ་སྟེ་གཞི་འབྲས་ལ་ཐ་དད་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་སོ། །དེ་ཡང་གཉིས་པ་མེད་ཅེས་པ་གཞི་འབྲས་ངོ་བོ་བདག་གཅིག་གིས་འབྲེལ་བས་གཞི་ལས་ཐ་དད་པའི་འབྲས་བུ་མེད་པའི་དོན་ནོ། །དེ་ལ་ཅིའི་ཕྱིར་འབྲས་བུའི་རྒྱུད་ཅེས་བྱ་ཞེ་ན། བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་འབྲས་བུ་དང་ནམ་ཡང་རྒྱུན་མི་འཆད་པས་རྒྱུད་དུ་བཞག་པ་ཡིན་ནོ། །དེ་ལ་སྤྱིར་རྒྱུད་གསུམ་གྱི་རྣམ་བཞག་དེ་ལྟར་ཡིན་པའི་གནད་ཀྱིས་བྱེ་བྲག་ལམ་རྒྱུད་ཀྱི་དངོས་པོ་རྣམས་ཀྱང༌། མཚན་ཉིད་ཐེག་པ་ལས་འཕགས་ཆོས་དུ་མ་དང་ལྡན་པ་ཡིན་ལ། དེའང་ནང་གསེས་ཀྱི་དབྱེ་བ་བྱས་ན། རྗོད་བྱེད་སྒྲ་ཡི་རྒྱུད་དང༌། བརྗོད་བྱ་དོན་གྱི་རྒྱུད། སྔ་མ་ལའང་ལས་ཕྲ་མོ་སྒྲུབ་པའི་ཆ་ལག་དང༌། ཐུན་མོང་གི་དངོས་གྲུབ་བརྒྱད་སྒྲུབ་པའི་དང༌། མཆོག་དངོས་མཐོང་སྒོམ་གཉིས་ཀྱི་ཡེ་ཤེས་སྒྲུབ་པའི་ཐབས་སྟོན་པའི་སྒོ་ནས་དབྱེ་བ་དང༌། རྩ་བའི་རྒྱུད་དང༌། ཡན་ལག་གི་རྒྱུད་ཀྱི་དབྱེ་བ་དང༌། ཕྱི་ནང་གི་དབྱེ་བ་སོགས་མང་ནའང༌། བསྡུ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལ་དང༌། གདུལ་བྱ་རྣམས་ཀྱི་སེམས་ལ་སྣང་བ་སྒྲར་སྣང་བའི་རྒྱུད་དང༌། སྔར་གསང་བའི་བདག་པོས་གསུངས་པ་སོགས་ནས་སྨྲ་བ་པོས་དངོས་སུ་བརྗོད་པ་སྒྲར་གྲགས་པའི་རྒྱུད་དང༌། བློ་གྲོས་ཐབས་ལྡན་གྱིས་རྒྱུད་རྣམས་ཡི་གེར་བཏབ་པ་སོགས་ནས་རྒྱ་བོད་སོགས་ཀྱི་ཡི་གེའི་གཟུགས་སུ་བཀོད་དེ་གླེགས་བམ་གྱི་བར་དུ་ཡོད་པ་སོགས་ལ་བརྡར་གྱུར་པའི་རྒྱུད་ཅེས་བརྗོད་པ་ཡིན་ནོ། །ཕྱི་མ་བརྗོད་བྱ་དོན་གྱི་རྒྱུད་སྡེ་ལའང་དབྱེ་བ་མང་དུ་སྣང་མོད། དོན་གྱི་སྙིང་པོ་གཞིའི་གནས་ལུགས་ལྟ་བས་གཏན་ལ་འབེབས་ཚུལ་གྱིས་རྒྱུའི་ཐེག་པ་ལས་ཁྱད་དུ་འཕགས་པའི་སྟོབས་ཀྱིས་ལམ་ཉམས་སུ་ལེན་ཚུལ་ཡང༌། སྤྱིར་ཐེག་ཆེན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བརྟེན་ནས་ཐབས་ཤེས་ཟུང་འབྲེལ་དུ་བསྒྲུབ་པ་ཙམ་དུ་མདོ་སྔགས་མཚུངས་ནའང༌། གསང་བ་སྔགས་ཀྱི་སྐབས་སུ་ནི་བསོད་ནམས་ཀྱི་ཚོགས་བསགས་པའང༌། ཕུང་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་ལ་མ་དག་པའི་མཚན་མར་བལྟས་ཏེ་སྦྱིན་སོགས་ལ་སློབ་པ་ལྟ་བུ་མ་ཡིན་པར། རང་བཞིན་ཡེ་ནས་དག་པའི་རྣམ་པ་ལྷར་གསལ་བའི་བསྐྱེད་རིམ་གྱི་ངང་ནས་དཀྱིལ་འཁོར་མཆོད་པ་ལ་སོགས་པའི་སྦྱིན་པ་དང༌། མཚན་འཛིན་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་ཀྱིས་མཚོན་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་དང་འབྲེལ་བའི་སྒོ་ནས་སྒྲུབ་པ་དང༌། ཡེ་ཤེས་ཀྱི་ཚོགས་ཀྱང་རྗེས་སུ་དཔག་པའི་ཤེས་རབ་ཀྱིས་སྤྲོས་བྲལ་སོགས་སུ་ལྟ་བ་ཙམ་མ་ཡིན་པར། བླ་མའི་མན་ངག་གི་ཐབས་ཀྱིས་ངོ་སྤྲད་པའི་རང་གནས་ཀྱི་ཡེ་ཤེས་ལ་མཉམ་པར་འཇོག་པའི་རྫོགས་རིམ་གྱི་སྒོ་ནས་སྒྲུབ་པ་སྟེ། ཚུལ་དེ་གཉིས་ལ་བརྟེན་ནས་ཐབས་དང་ཤེས་རབ་ཁྱད་པར་ཟུང་དུ་འབྲེལ་ནས་ཉམས་སུ་ལེན་པ་ལ། མཚན་ཉིད་ཐེག་པ་ལྟར་ཐབས་ལ་མི་མཁས་པས་མགོ་དང་ཡན་ལག་གཏོང་བ་སོགས་དཀའ་ཐུབ་མཐུ་ཡིས་ཡུན་རིང་པོར་མི་གདུང་བར་འཁོར་བའི་རྒྱུ་འབྲས་ཐམས་ཅད་གང་ཡང་སྤང་མི་དགོས་པར་ཉོན་མོངས་དང་འདོད་ཡོན་སོགས་ལམ་དུ་བྱེད་ཅིང༌། མཚོན་རྟུལ་པོས་མ་ཆོད་པའི་དངོས་པོ་གང་ཞིག །རྣོན་པོས་ཡུད་ཙམ་གྱིས་གཅོད་ནུས་པ་བཞིན། ཐབས་དམན་པ་འོག་མའི་ལམ་གྱིས་གདུལ་མ་ནུས་པའི་གང་ཟག་སྡིག་པ་དང༌། སྒྲིབ་པ་སྟོབས་ཆེན་པོས་ནོན་པ་ཡང་ལམ་འདིར་འཇུག་རྒྱུ་ཡོད་པས་སྒོ་ཡངས་ཤིང༌། གང་ཟག་དབང་པོ་ཤིན་ཏུ་རྣོན་པོའི་ཉམས་སུ་ལེན་པའི་དབང་དུ་བྱས་པའི་ལམ་ཡིན་པས། ཤེས་རབ་ཟབ་མོས་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བར་གསང་སྔགས་རང་གི་སྐབས་སུ་བཤད་པ་སྒྲ་ཇི་བཞིན་པར་ཉམས་སུ་བླངས་ན། དེ་ལྟ་བུའི་སྡིག་པ་ཅན་ཡིན་ཡང་མི་གོས་པར་ཟུང་འཇུག་གི་འབྲས་བུ་མཐར་ཐུག་པ་ཚེ་གཅིག་ལ་སོགས་པ་ལས་མི་འགོར་བར་སྦྱོར་བས་ན། ལམ་བགྲོད་པའི་བརྟུལ་ཞུགས་ཏེ་ཚུལ་གཞན་ལས་མྱུར་བ་ཡིན་ནོ། ༈ དབྱེ་བ་ལ་དང་པོ་ཕྱི་རྒྱུད་སྡེ་བཞིར་དབྱེ་བ་ནི། དེ་ཡང་འདི་ལྟར་གང་གིས་སྟོན་པ་ལོངས་སྐུ། གང་བསྟན་པ་གསང་སྔགས་ཀྱི་ཆོས་ནི་ཇི་ལྟར་ན་སྒྲ་ཚིག་བརྗོད་བྲལ་ལོངས་སྐུའི་བསྟན་པ་ཡིན་པས། རྒྱལ་བ་ཀུན་གྱི་སྤྱི་གཟུགས་རྡོ་རྗེ་འཆང་ཆེན་པོས། དུས་ཐོག་མ་མེད་པ་ནས་འཁོར་ཚད་མེད་པའི་ནང་དུ་གསུངས་པའི་ཕྱིར། བདེ་གཤེགས་སྙིང་པོ་ཀུན་ལ་ཡོད་ཀྱང་དུས་བབ་ཀྱི་གདུལ་བྱའི་ངོར་སེམས་ཅན་མཐའ་ཡས་པའི་བློ་དང་ཆོས་ཀྱི་དབྱིངས་འབྱམས་ཀླས་པས་སངས་རྒྱས་ཀྱི་ཆོས་ཀྱང་དེའི་རྗེས་སུ་འགྲོ་བས་ན། གདུལ་བྱ་བྱེ་བྲག་པའི་ངོར་མཆོག་གི་སྤྲུལ་པའི་སྐུའི་བསྟན་པའི་རྒྱུད་གསང་འདུས་ལ་སོགས་པ་ལྟར། བསྟན་པའི་གནས་ཚད་དང༌། དར་ཚད། བྱང་ཆུབ་སོགས་དུས་ཀྱི་ཐོག་མཐའི་ཚད་དང༌། རྩ་རླུང་གི་བྱེད་པ་སྡོམ་བྱེད་ཀྱི་གཉེན་པོ། རང་གནས་ཡེ་ཤེས་ལམ་བྱེད་ཀྱི་ཐེག་པ་དང༌། རྒྱུད་སྡེའི་གྲངས་ལ་སོགས་པ་མཐའ་གཅིག་ངེས་གཟུང་བྱ་རྒྱུ་མེད་དེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་དང་གསང་ཆེན་ཤིན་ཏུ་གསང༌། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང༌། །རྗེས་སུ་རྣལ་འབྱོར་ཆེན་པོ་དང༌། །ཞེས་དང༌། གསང་སྔགས་གསང་ཆེན་ཤིན་ཏུ་གསང༌། །རྒྱུད་རྣམས་ཀུན་གྱི་སྤྱི་བོ་སྟེ། །ཞེས་པས་ཤིན་ཏུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་སོགས་གསལ་བར་བསྟན་ལ། དེ་བཞིན་དུ་དཔུང་བཟང་ལས། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་གསལ་བར་རྒྱལ་བས་གསུངས། །ཞེས་སོ། །དེ་དག་ཀྱང་སྡེ་ཚན་དུ་སྣང་བའི་ཚུལ་སྐྱེ་འགྲོའི་ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རིམ་པས་དེར་འབབ་པའི་ཁུ་རྡུལ་གཉིས་དང༌། རླུང་གི་འདུ་བ་ལས་ཆོས་ཀྱི་རྣམ་གྲངས་དེ་སྙེད་ཅིག་གདུལ་བྱའི་བློ་ལ་བདེ་བར་གཤེགས་པའི་བདག་རྐྱེན་ལས་རང་བཞིན་འཆར་བའི་ཚུལ། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པ་ནི་ཤེས་པར་བྱ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །བྱང་ཆུབ་སེམས་ནི་རབ་ཏུ་འབབ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བར་ནི་ཤེས་པར་བྱ། །ཞེས་པ་དང་མཐུན་པར་རྒྱུད་སྡེའི་གྲངས། ཀླུ་སྒྲུབ་ཞབས་ཀྱི་རིམ་ལྔའི་འགྲེལ་པ་ལས། གསང་སྔགས་ཀྱི་དབྱེ་བ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྔགས་ཀྱི་རྒྱུད་སྡེ་ཡོད་དོ་ཅོག་ཐམས་ཅད་འདོད་ཡོན་དང་ཉོན་མོངས་ལམ་དུ་བྱེད་ཚུལ་དང༌། གདུལ་བྱའི་བློ་རིམ་སོགས་ཀྱིས་བསྒྲུབ་ཚུལ་གྱི་རྣམ་གྲངས་དང༌། སྡེ་ཚན་གྱི་གྲངས་འཛིན་སླ་བའི་ཕྱིར་ཆིངས་ཆེན་པོ་ལྔ་ཡིས་བཅིངས་ཏེ་སྟོན་པ་ནི། གསང་བ་གྲུབ་པ་ལས། གདུལ་བྱ་དུས་དང་འདུལ་བྱེད་ཀྱི། །སྐལ་པ་ཅན་རྣམས་དོན་གྱི་ཕྱིར། །གསང་སྔགས་ཚུལ་ཆེན་རྣམ་པ་བཞི། །འཇིག་རྟེན་ཁམས་སུ་བསྒྲགས་པ་ཡིན། །ཞེས་སོ། །དེ་ཡང་དུས་དང་རིགས་དང་དབང་པོ་སོགས་ལ་དགོངས་ཏེ་གསུངས་པས། དུས་ལ་དགོངས་པ་ནི། འཛམ་བུ་གླིང་པ་རྣམས་ལ་སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་རིམ་པར་བྱུང་སྟེ། ཚེ་ལོ་ས་ཡ་དྲུག་འབུམ་ཡན་ཆད་དུ་ཉོན་མོངས་མངོན་གྱུར་མེད་ཅིང༌། ཚེ་ལོ་དཔག་མེད་ཐུབ་པ་དང༌། ལུས་ཀྱི་འོད་དང༌། རྫུ་འཕྲུལ་དང༌། བདུད་རྩིའི་ཟས་ཏེ་ཡོན་ཏན་རྣམ་པ་བཞི་པོ་ཐམས་ཅད་རྫོགས་པར་ཡོད་པས་རྫོགས་ལྡན་ཏེ། འདིའི་དུས་ན་ཉོན་མོངས་འདོད་ཆགས་ཅུང་ཟད་ལངས་ཀྱང་ཤས་ཆུང་བས་གཅིག་ལ་གཅིག་བལྟས་པ་ཙམ་གྱིས་ཚིམ་པ་དང༌། རིམ་པར་ཡོན་ཏན་དེ་དག་ལས་གཅིག་ཉམས་ཏེ་གསུམ་ལྡན་གྱི་དུས་ན་བགད་པས་ཚིམ་པ་དང༌། ཡང་གཅིག་ཉམས་པས་གཉིས་ལྡན་གྱི་དུས་ན་ཕན་ཚུན་རེག་པ་དང་བཅངས་པ་ཙམ་གྱིས་ཚིམ་པའི་འདོད་ཆགས་དང་ནི། ཡོན་ཏན་ཐམས་ཅད་ནུབ་སྟེ་ཕན་ཚུན་རྩོད་པར་བྱེད་ཅིང་འཁྱུད་སྦྱོར་གྱི་འདོད་ཆགས་དང་ལྡན་པ་སྟེ་བཞི་ཡི་གཉེན་པོར་གསུངས་པ་ཡང༌། བསྡུས་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང༌། །རྒྱུད་སྡེ་རྣམ་པ་བཞིར་བཤད་དོ། །ཞེས་སོ། །རིགས་ལ་དགོངས་པ་ནི་སྤྱོད་པའི་སྒོ་ནས་དབྱེ་སྟེ། འདི་ལྟར་བྲམ་ཟེ་རྣམས་གཙང་སྦྲ་དང་དཀའ་ཐུབ་ལ་སྤྱོད་པ་དང༌། རྗེའུ་རིགས་རྣམས་ནི་སྒོ་གསུམ་ཆ་མཉམ་ལ་སྤྱོད་པ་གཟོ་བ་དང༌། རྒྱལ་པོའི་རིགས་རྣམས་རྒྱ་ཆེན་པོ་ལ་མོས་ཤིང་སེམས་ཀྱི་ལས་གཙོ་བོར་སྤྱོད་པ་དང་ནི། དམངས་རིགས་སམ་གདོལ་པ་རྣམས་ནི་གཙང་སྦྲ་ཆུང་ཞིང་ཉོན་མོངས་པའི་བརྟུལ་ཞུགས་ཤས་ཆེ་བ་དེ་རྣམས་དང་མཐུན་པར་བསྟན་པ་སྟེ་བཞིའོ། །དེ་ཡང་བདེ་མཆོག་རོལ་པའི་རྒྱུད་ལས། བྱ་བ་བྲམ་ཟེ་གཙང་སྦྲ་བསྟུན། །སྤྱོད་པ་རྗེ་རིགས་རང་དོན་དུ་སེམས་ཀྱི་ཡང་དཔྱོད། ལུས་ཀྱི་ཡང་དམངས་རྣམས་སྐྱོང་ཕྱིར་ཐབས་བྱེད། ངག་གི་ཡང་སྨྲ་བ་སྟེ་སྒོ་གསུམ་ཆ་མཉམ་པར་གཟོ་བ་དེ་བས་ལྷག །རྣལ་འབྱོར་རྒྱལ་པོ་འཁོར་ཚོགས་མང༌། །གཞི་རྨོངས་དམངས་ཕལ་པ་གདོལ་རིགས་རྣམས་ལ་གདོད་ནས་གྲོལ་བ་སྟེ། །གཞན་དུ་སུ་ལའང་མ་བསྟན་པར། །མཛེས་མ་ཁྱོད་ལ་བསྟན་པ་ཡིན། །ཞེས་སོ། །དབང་པོ་བཞིར་དགོངས་པ་ནི། དབང་པོ་རྟུལ་པོ་རྣམས་ཀྱིས་སེམས་ཀྱི་ཀུན་ཏུ་བརྩམ་པ་ཆེན་པོ་ཉམས་འོག་ཏུ་མི་ཆུད་པས་ལུས་ངག་གི་བྱ་བ་ཆེ་ཐང་དུ་མཐོང་བ་དང༌། འབྲིང་གིས་སེམས་ཀྱི་བརྩམ་པ་ཆེན་པོ་ཡང་རྟོགས་སུ་རུང་ལ་ལུས་ངག་གི་བྱ་བ་དང་སེམས་ཀྱི་བརྩམ་པ་ཆ་མཉམ་པར་བལྟ་བ་དང༌། རྣོན་པོས་སེམས་ཀྱི་བརྩམ་པ་གཙོ་བོར་བལྟ་ཞིང་ལུས་ངག་གི་སྤྱོད་པ་གྲོགས་ཙམ་དུ་བརྟེན་པ་དང༌། དབང་པོ་མཆོག་གིས་སྒོ་གསུམ་གྱི་བྱ་བ་ཐམས་ཅད་མཚན་མ་དང་བླང་དོར་དུ་མི་བལྟ་བར་ཟུང་དུ་ཚུད་པར་ཤེས་པས་དེ་དག་གི་ཕྱིར་གསུངས་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་སོ། །དེ་དག་འདུལ་བྱེད་གསང་སྔགས་ཀྱི་ཆོས་ནི་རིམ་པ་བཞིན་དུ་གདུལ་བྱ་དེ་རྣམས་དང་མཐུན་པར་སྟོན་པ་སྟེ། བྱ་བའི་རྒྱུད་དུ་འདོད་ཆགས་ལམ་དུ་བྱེད་པའི་ཐབས་ལྷ་བྲི་ཞིང་བསྒོམ་པའི་ཚུལ་ཡང་སེམས་ཉིད་སྟོང་གསལ་གྱི་རང་བཞིན་གང་དུའང་འཆར་རུང་བས་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། དབུས་སུ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་བྲི། དེ་ཡི་གཡོན་དུ་ན་བཟའ་དཀར་མོ་བཅོམ་ལྡན་འདས་ལ་བལྟ་བ་བྲིའོ། །ཞེས་དང༌། རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །ཕོ་ཡང་མོ་ལ་བལྟ་བ་དང༌། །མོ་ཡང་ཕོ་ལ་བལྟ་བ་བྲི། །ཞེས་སོ། །སྤྱོད་པ་ཡང་ཁྲུས་དང་གཙང་སྦྲ་དང༌། དཀར་གསུམ་ཟ་བ་དང༌། གོས་གསུམ་བརྗེ་བ་སོགས་བྱ་བ་གཙོར་ལྷུར་ལེན་པ་དང༌། སེམས་ཀྱི་བསྒོམ་པ་ཡང་མེད་པ་མིན་ཀྱང་ལུས་ངག་གི་བྱ་བར་ཆེ་ཐང་དུ་བརྩོན་ནོ། །སྤྱོད་པའི་རྒྱུད་དུ་ཆགས་པ་ལམ་དུ་བྱེད་པའི་ལྷ་བྲི་ཞིང་བསྒོམ་པའི་ཚུལ་ནི། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པའི་ཞལ་དུ་བྲི། །ཞེས་དང༌། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །ཞེས་སོགས་གསུངས་པ་ལྟར་རོ། །སྤྱོད་པ་ཡང་སྒོ་གསུམ་གྱི་བྱ་བ་ཆ་མཉམ་པར་བྱེད་ལ། བསྒོམ་པ་ཡང་སེམས་ཀྱི་བརྩམ་པ་ཆེན་པོ་བྱེད་ནུས་པའི་དབང་གིས་ཀུན་སྤྱོད་གཙོ་བོར་མི་འདོན་ནོ། །རྣལ་འབྱོར་རྒྱུད་དུ་འདོད་ཆགས་ལམ་དུ་བྱེད་པའི་ཐབས་སུ་ལྷ་བྲི་ཞིང་བསྒོམ་པ་ནི། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །དཔུང་པ་ཡིད་ཙམ་དམ་པར་བཞག །ཅེས་དང༌། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་བ་ལ་བརྩོན་པ། །སྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་སྒྲེང་དང་བཅས། །ཞེས་སོགས་གསུངས་པས་ལྷ་ཐམས་ཅད་ཕྱག་རྒྱ་སྦྲེལ་བར་འབྱུང་ངོ༌། །སྤྱོད་པ་ཡང་ལུས་ངག་གི་བྱ་བ་མི་དགོས་པ་མིན་ཡང་གཙོ་བོར་མི་སྟོན་པ་གྲོགས་ཙམ་དུ་སྟོན་ལ། བསྒོམ་པ་ནི་མཚན་བཅས་ལྷའི་རྣལ་འབྱོར་དང་མཚན་མ་མེད་པའི་དོན་བསྒོམ་པ་ལྷུར་ལེན་པ་གཙོར་བྱེད་དོ། །བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས་ནི། ཆགས་པ་ལམ་དུ་བྱེད་པའི་ལྷ་རྣམས་ཐབས་ཤེས་ཟུང་འབྲེལ་ཏེ། གསང་འདུས་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡི། །འདི་སྣང་གི་དངོས་པོ་ཐམས་ཅད་ལམ་དུ་བྱེད་པས་བརྟགས་པར་བྱ། །ཞེས་དང༌། གསང་སྙིང་ལས། རང་གི་ལག་ཆ་སྣ་ཚོགས་ཏེ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས་སོགས་སོ། །སྤྱོད་པ་ཡང་གཙང་སྨེ་དང་ཉོན་མོངས་སོགས་ལ་བླང་དོར་མེད་པར་སྤྱོད་ཅིང༌། བསྒོམ་པ་ནི་མཉམ་ཉིད་བླང་དོར་དང་བྲལ་ཞིང་ཐབས་ཤེས་ཟུང་དུ་འཇུག་པའི་དོན་ལ་མཉམ་པར་འཇོག་པར་བྱེད་ནུས་པའོ། །གཞན་ཡང་ལྷ་བཞིའི་རྗེས་སུ་ཞུགས་པའི་ཕྱིན་ཅི་ལོག་བཞི་དང༌། ནང་པའི་གྲུབ་མཐའ་སྨྲ་བ་བཞི་རྗེས་སུ་བཟུང་བའི་ཕྱིར་རྒྱུད་སྡེ་བཞིར་ཕྱེ་བའང༌། མདོ་སྔགས་གཉིས་མཐར་ཐུག་དགོངས་པ་གཅིག་ཏུ་འབབ་པ་དང༌། སངས་རྒྱས་རྣམས་ནི་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ལྡན་པས་གདུལ་བྱར་མ་གྱུར་པའང་མེད་ལ། འདུལ་ཚུལ་ཡང་རང་རང་གི་མོས་པ་དང་མཐུན་པར་སྟོན་པས་མི་འཐད་པ་མེད་དོ། །རྒྱལ་བའི་ཕྲིན་ལས་སུ་ཤར་བའི་ལྷ་བཞི་ནི། བྱ་རྒྱུད་ལ་གཙང་སྦྲ་སོགས་གཏི་མུག་ཅན་ཚངས་པ་གཙང་སྦྲ་ཆོས་སུ་སྨྲ་བ་དང༌། སྤྱོད་རྒྱུད་ཞེ་སྡང་ཅན་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བ་དང༌། ང་རྒྱལ་ཅན་ལྷ་ཡི་ང་རྒྱལ་རྣལ་འབྱོར་བརྒྱ་བྱིན་རིགས་དང་འབྱོར་པས་རྒྱགས་པ་དང༌། ཆགས་པ་ཅན་བླ་མེད་ཆགས་པ་ལམ་བྱེད་དབང་ཕྱུག་འདོད་ཆགས་ཆོས་སུ་སྨྲ་བ་རྣམས་སོ། ༈ ཕྱི་རྒྱུད་སྡེ་གསུམ་སྤྱིར་བཤད་པ་ནི། དེ་ལྟར་གསང་སྔགས་རྒྱུད་སྡེ་བཞི་པོ་དེ་དག་གི་ནང་ནས་དང་པོ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལ་ནི་གསང་སྔགས་ཕྱི་པ་ཞེས་བྱ་སྟེ། ཐུབ་པ་ཆགས་བྲལ་གྱི་རྣམ་པས་དངོས་སུ་གསུངས་པའི་མཚན་ཉིད་ཐེག་པ་དང༌། གཙང་སྦྲ་བྱེད་པ་དང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ཀུན་ཏུ་སྤྱོད་པ་ཕལ་ཆེར་མཚུངས་པའི་ཕྱིར། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་བྱའོ། །དེས་ན་འདི་དག་ཉམས་ལེན་ཐབས་ཤེས་གཉིས་ཀའི་སྒོ་ནས་མཚན་ཉིད་ཐེག་པ་ལས་ཁྱད་པར་དུ་འཕགས་ནའང༌། སྤྱིར་ཐེག་ཆེན་མདོ་སྔགས་ཀྱི་ཉམས་སུ་བླང་བྱ་ཐམས་ཅད་སྙིང་རྗེ་དང་སྟོང་ཉིད་ཟུང་འཇུག་ལམ་དུ་གཅིག་ཅིང༌། ཉོན་མོངས་པ་དང་ཁ་ན་མ་ཐོ་བས་མི་གོས་པར་བྱེད་པར་མཚུངས་པས། ཐུན་མོང་ཐེག་པའི་ཉམས་ལེན་དང་སྡོམ་པས་རྒྱུད་སྦྱང་ཞིང་བྱམས་སྙིང་རྗེས་གཞི་བཟུང་བ་ཞིག་དགོས་ཀྱི། རང་གར་སྔགས་ལམ་དུ་ཞུགས་པ་ཙམ་གྱིས་ལམ་གོང་མའི་ཁྱད་ཆོས་རྒྱུད་ལ་མི་འབྱོང་བ་མ་ཟད་རྒྱུད་ཆུད་ཟོས་སུ་འགྱུར་རོ། །སྔགས་ཕྱི་པ་འདི་དག་གིས་ནི་སྔར་བཤད་པ་ལྟར་རྩོད་པའི་དུས་ཀྱི་དབང་པོ་གཉིས་སྦྱོར་དང་འགལ་བའི་བལྟས་བགད་ལག་བཅངས་ཀྱིས་ཚིམ་པའི་འདོད་ཆགས་ཀྱི་ཀུན་སྤྱོད་ལམ་དུ་བྱེད་པས་ན། ལྷ་ཡང་དེ་དང་མཐུན་པར་བྲི་བ་དང་བསྒོམ་པའི་ཚུལ་སྟོན་གྱི། ཡབ་ཡུམ་ཟུང་འབྲེལ་གྱི་ཚུལ་སྟོན་པ་མིན་ལ། དཀར་གསུམ་གྱི་ཟས་དང༌། རས་གོས་སོགས་གཙང་ཞིང་གསར་པར་གྱུར་པའི་གོས་དང་ལོངས་སྤྱོད་རྣམས་བསྟེན་པར་བྱ་བ་ལས་ཤ་ལྔ་དང་བདུད་རྩི་ལྔ་དང༌། ཞིང་ལྤགས་རུས་རྒྱན་སོགས་ལ་ལོངས་མི་སྤྱོད་དོ། ༈ བྱེ་བྲག་ཏུ་བཤད་པ་ལ་དང་པོ་བྱ་སྤྱོད་ཀྱི་ཁྱད་པར་བཤད་པ་ནི། དེ་ལ་སྤྱིར་སྔགས་ཀྱི་དབྱེ་བ་བྱས་ན་ནི། རིགས་སྔགས་དང༌། གཟུངས་སྔགས། གསང་སྔགས་ཞེས་ཐབས་དང༌། ཤེས་རབ་དང༌། གཉིས་སུ་མེད་པའི་ངོ་བོ་གསུམ་དུ་གནས་པའི་ཚུལ། དགོངས་པ་གྲུབ་པའི་རྒྱུད་ལས། གསང་སྔགས་ཀུན་གྱི་དབྱེ་བ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རིག་སྔགས་ཐབས་ཀྱི་ངོ་བོ་ཡིན། །གཟུངས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་པས་དེའང་བྱ་བ་དང་ནི་སྤྱོད་པའི་རྒྱུད་དུ་ནི། ཐབས་ཀྱི་ལྷར་ཤར་བ་སེམས་དཔའ་དང༌། ཤེས་རབ་ཀྱི་ལྷར་ཤར་བ་སེམས་མ་དང༌། འཇམ་དབྱངས་དང་དབྱངས་ཅན་མ་ལྟ་བུ་གནས་ལུགས་ཤེས་པའི་ཤེས་རབ་དང་ཡེ་ཤེས་འབྲེལ་བའི་ངོ་བོ་ལྷར་ཤར་བ་རིག་སྔགས་ཀྱི་ལྷ་དང༌། ཤེས་རབ་དང་དྲན་པ་འབྲེལ་བའི་ངོ་བོ་ལྷར་ཤར་བ་གཟུངས་སྔགས་ཀྱི་ལྷ་སྟེ་སྒྲུབ་ཚུལ་བྱ་བའི་རྒྱུད་ལས་ལྷ་ཡེ་ཤེས་པ་རྗེ་བོ་དང་བདག་ཁོལ་པོའི་ཚུལ་གྱིས་དང༌། སྤྱོད་པའི་རྒྱུད་ལ། ལྷ་ཡེ་ཤེས་པ་དང་བདག་དམ་ཚིག་པ་གཉིས་མཆོག་དམན་མེད་པར་སྤུན་དང་གྲོགས་པོའི་ཚུལ་དུ་བལྟས་ཏེ་སྒྲུབ་པར་བྱེད་དོ། །དེ་ལ་བྱ་རྒྱུད་ཀྱི་ལམ་ནི་དཔུང་བཟང་གི་འགྲེལ་པར་སྤྱོད་པའི་སྒོ་བཞིར་བསྡུས་ཏེ། འཇུག་པའི་སྤྱོད་པ་དབང་གིས་སྣོད་རུང་དུ་བྱེད་པ། སྦྱོར་བའི་སྤྱོད་པ་རིགས་གསུམ་གྱི་ལྷ་བསྙེན་པ། སྒྲུབ་པའི་སྤྱོད་པ་རྫས་དང་ཆ་རྐྱེན་འཛོམས་པས་བཟླས་བརྗོད་ལ་བརྩོན་པ། གྲུབ་པའི་སྤྱོད་པ་ལྷ་དང་སྐལ་མཉམ་རིག་འཛིན་མཁའ་སྤྱོད་གྲུབ་ནས་མཐར་འབྲས་ལ་སྦྱོར་བར་བཤད་པའི་སྤྱོད་པ་བཞི་ལས། དང་པོ་འཇུག་དབང་ནི་འོག་ཏུ་འཆད་ལ། གཉིས་པ་སྦྱོར་བའི་སྤྱོད་པ་རིགས་གསུམ་གྱི་ལྷ་བསྙེན་པ་ནི། བྱ་བས་རྗེ་བོ་དང་ཁོལ་པོའི་རྣམ་པར་བསྒྲུབ་པ་ཡིན་པར་བཤད་པ་དེ་ལའང༌། བདག་ལྷར་བསྐྱེད་པ་མེད་པས་རང་ཉིད་དམན་པར་བལྟས་ཏེ་ཐ་མལ་པའི་ཚུལ་དུ་བཞག་པ་ལ་ནི་བྱ་རྒྱུད་ཙམ་པོ་པའམ་རང་རྒྱུད་པ་ཞེས་བྱ་ལ། བྱ་རྒྱུད་ལ་ལར་བདག་ལྷར་བསྐྱེད་པ་ཡོད་དེ། དེ་ལ་ནི་བྱ་རྒྱུད་ཁྱད་པར་བ་ཞེས་ཟེར་ཞིང༌། འོན་ཀྱང་གཙོ་བོར་མདུན་བསྐྱེད་བྱས་ནས་དེ་ལ་དངོས་གྲུབ་ཞུ་བའི་ཚུལ་དུ་སྟོན་ཏོ། །དེ་ཡང་བདག་ཉིད་ལྷར་བསྐྱེད་པའི་ཚུལ་ནི་དེ་ཁོ་ན་ཉིད་བཞིའི་སྒོ་ནས་ཏེ། དེ་ལ་དང་པོ་བདག་གི་དེ་ཁོ་ན་ཉིད་ནི་རྒྱུད་འདིའི་ལྟ་བའི་ངང་ལ་འཇོག་པ་སྟེ། ཆོས་ཉིད་དག་པའི་ལྷ་ཞེས་སེམས་ཉིད་དོན་དམ་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བའི་ཆོས་ཉིད་རྟོགས་ནས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལྷར་བསྒོམ་ན། སྟོང་ཉིད་ཡིན་པའི་གནད་ཀྱིས་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན། རྟེན་འབྲེལ་སྣང་ཆ་ཐམས་ཅད་མཐར་ཐུག་པ་སངས་རྒྱས་ཚེ་ལྷར་ཡོངས་སུ་དག་པར་འདོད་དོ། །གཉིས་པ་ལྷ་ཡི་དེ་ཁོ་ན་ཉིད་ནི། སངས་རྒྱས་གསང་བས། སྟོང་པ་དེ་ཁོ་ན་ཉིད་ཡི་གེ་ཟླ་དཀྱིལ་སྒྲ་བཟླ་བྱའི་སྔགས་གཟུགས་སྤྲོ་བསྡུའི་ལྷར་གསལ་བ་དང༌། ཕྱག་རྒྱ་ལྷ་གང་ཡིན་དམ་རྒྱ་ མཚན་མ་ལྷ་དྲུག་གོ སྤྱོད་ལམ་ཀུན་ཏུ་དེའི་མཚན་མ་དང་མི་འབྲལ་བའོ། །ཞེས་པ་ལྟར་རོ། །དེ་ནས་རང་མདུན་གཞལ་ཡས་ཁང་ཞིང་ཁམས་དང་བཅས་གསལ་ལ་ཡེ་ཤེས་པ་སྤྱན་དྲངས། བསྟིམ། བཞུགས་གསོལ་བྱ་བ་རྗེ་དང་རང་ཉིད་ལྷར་བསྐྱེད་པ་བྲན་གྱི་ཚུལ་དུ་བྱས་ནས་མཆོད་བསྟོད་རྒྱུན་བཤགས་བྱའོ། །གསུམ་པ་སྒྲུབ་པའི་སྤྱོད་པ་ནི། དེ་ཁོ་ན་ཉིད་ཕྱི་མ་གཉིས་པོ་ཡིན་ཏེ། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པས་གཞི་ནི་བདག་མདུན་ལྷར་བསམ་པ། སེམས་ནི་དེ་དག་གི་ཐུགས་ཀར་ཟླ་དཀྱིལ་བསམ་པ། སྒྲ་ནི་དེ་སྟེང་སྔགས་ཕྲེང་རང་སྒྲ་སྒྲོགས་པར་བསམ་ལ་བཟླས་པ་ཚུལ་བཞིན་བྱ་བའོ། །བཞི་གྲུབ་པ་པ་བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། དེ་ཉིད་བསམ་གཏན་ཕྱི་མ་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐས་ཐར་པ་སྟེར་བར་བྱེད། །ཅེས་པས་རང་ཉིད་ལྷར་གསལ་སྙིང་གར་མེ་འབར་བའི་ནང་དུ། ཟླ་བར་སྔགས་ཕྲེང་བཀོད་ནས། སྲོག་བསྡམ་པའི་སྦྱོར་བས་བསྒོམ་པ་ལས་བཞི་འགྲུབ་པའི་གཞིའོ། །སྒྲར་གནས་ནི་སྔགས་འབྲུ་རྣམས་རང་སྒྲ་དྲིལ་བུའི་སྒྲ་ལྟར་བསམ་པའོ། །རྣམ་འབྱོར་ནི་ཞི་གནས་སྐྱེ་བའི་རྟེན་ཡིན་ནོ། །སྒྲ་མཐས་ཐར་པ་སྟེར་བ་ནི། སྒྲ་ཡི་རྒྱུན་ཇེ་ཕྲར་སོང་ནས་མི་དམིགས་པར་འཇོག་པ་སྟེ། ལྷག་མཐོང་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱེད་པའོ། །དེ་ལྟར་ནང་གི་སྒོམ་པ་དང་ཕྱི་ཡི་བྱ་བ་ཁྲུས་དང་གཙང་སྦྲ་ལ་གཙོ་བོར་བསྟེན་པས་བདག་མདུན་མཆོག་དམན་གྱི་ཚུལ་དུ་བསྒྲུབ་པའོ། །བཞི་པ་གྲུབ་པའི་སྤྱོད་པ་མཁའ་སྤྱོད་རིག་འཛིན་གྲུབ་སྟེ། རྟེན་དེ་ལ་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་སྤྱད་ནས་མཐར་ཐུག་གི་འབྲས་བུ་མཆོག་གི་དངོས་གྲུབ་ལྷའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བའི་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པར་འདོད་པ་སྟེ། ཧེ་རུ་ཀ་གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་སོ། ༈ སྤྱོད་རྒྱུད་ནི། བྱ་བའི་རྒྱུད་ལས་བཤད་པའི་ཁྲུས་དང་གཙང་སྦྲ་སོགས་ཐབས་དང༌། ནང་གི་ལྟ་བ་དང༌། བསྒོམ་པའི་རྣལ་འབྱོར་ཡོ་གའི་རྒྱུད་ལྟར་བྱས་ནས་དེ་གཉིས་ལ་ཆ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་དུ་གྲགས་པ་ཡིན་ཏེ། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་དང༌། །སྤྱོད་པ་ཀྲི་ཡར་སྤྱོད་པ་སྟེ། །དེ་ཕྱིར་གཉིས་ཀའི་རྒྱུད་དུ་གྲགས། །ཞེས་སོ། །དེ་ལ་དང་པོ་རང་ཉིད་དམ་ཚིག་སེམས་དཔའི་ལྷར་བསྐྱེད་པ་ལ། སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབ། དེ་ནས་གཉིས་པ་རང་གི་མདུན་དུ་བསྐྱེད་ཅིང་བཞུགས་པའི་ཡེ་ཤེས་ཀྱི་ལྷའི་ཐུགས་ཀའི་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་ནས། སྲོག་བསྡམ་ཞིང་རྩེ་གཅིག་པའི་སྦྱོར་བས་ཏིང་ངེ་འཛིན་བརྟན་པར་བྱེད་དེ། དེ་ཡང་བདེན་པ་དབྱེར་མེད་ཀྱི་དོན་ལ་ཇེ་བཟང་དུ་སོང་བས་དམ་ཡེ་གཉིས་ལ་དམན་མཆོག་མེད་པར། སྤུན་དང་གྲོགས་ལྟར་བལྟས་ཏེ་དངོས་གྲུབ་ལེན་པར་བྱེད་པ་ཡིན་ནོ། །དེ་ལྟར་མཚན་བཅས་དང༌། མཚན་མེད་ཏིང་ངེ་འཛིན་གྱི་རིམ་པ་སོགས་ཀྱིས་འབྲས་བུ་དངོས་གྲུབ་ཐུན་མོང་དང༌། ཁྱད་པར་མི་ཚེ་ལྔའམ་རིང་མཐའ་བསྐལ་པ་གསུམ་མམ་གཅིག་གིས་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དང་རིན་ཆེན་རིགས་ཏེ་རིགས་བཞི་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པར་འདོད་དོ། ༈ རྣལ་འབྱོར་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་ལྷའི་རྣལ་འབྱོར་དཀྱིལ་འཁོར་བསྒོམ་པའི་སྐབས་སུ་གཞལ་ཡས་ཁང་གི་གྲུ་ཆད་མན་ཆད་ཀྱི་ཁྱམས་དང༌། ཕྱི་རོལ་གྱི་སྲུང་བའི་བར་ཕལ་ཆེར་ལ། བཀོད་པ་ཆེན་པོ་རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དང་གཞལ་ཡས་ཁང་ལྟར་བསྟན་ན་ཡང༌། ནང་གི་ལྷ་གདན་འཁོར་ལོ་སོགས་དང༌། གཞལ་ཡས་ཁང་གི་དབུས་ཕྱུར་བུའི་རྣམ་པ་དང༌། རྩེ་མོ་དང༌། རྒྱན་གྱི་རྣམ་གྲངས་ལ་མི་འདྲ་བ་མང་དུ་ཡོད་ལ། ལྷ་རྣམས་ཀྱང་སྔར་བཤད་པ་ལྟར་ཡབ་ཡུམ་ཟུང་འབྲེལ་མ་ཡིན་ལ། ལྷ་བསྐྱེད་ནས་དེ་ལ་སེམས་གཏད་པ་དང༌། རྫོགས་རིམ་མི་རྟོག་པ་བསྒོམ་པའི་ཐབས་ཀྱི་རྣལ་འབྱོར་དང༌། ཤེས་རབ་ཀྱི་རྣལ་འབྱོར་གཉིས་རིམ་ཅན་དུ་བསྒོམ་པས་སོ་སོ་བ་ཡིན་ཏེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པར་མ་རྟོགས་པས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །ཐབས་ཤེས་རིམ་ཅན་དུ་བསྒོམ་པས། །བསྐྱེད་རྫོགས་སོ་སོ་བ་ཉིད་དོ། །ཅེས་སོ། །བྱང་སེམས་དང་ལྡན་ཅིང་ཐེ་ཚོམ་དང་ཡིད་གཉིས་བྲལ་བའི་གང་ཟག་དེས། ཇི་ལྟར་བསྒྲུབས་པའི་ཚུལ་ཡང༌། ནང་གི་རྣལ་འབྱོར་བསྒོམ་པ་གཙོར་སྤྱོད་ཅིང༌། ཁྲུས་དང་གཙང་སྦྲ་སོགས་ལུས་ངག་གི་བྱ་བ་རྣམས་གྲོགས་སུ་སྟོན་པ་ཡིན་ལ། དེ་ཡང་ཐབས་ཀྱི་མངོན་བྱང་ལྔ་ནི། གལ་པོ་ལས། མི་རྟོག་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུ་བསྒོམས་པས་སྐུ་རུ་གསལ། །ཞེས་པ་ལྟར་རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་མིན་ཀྱང་རྣམ་བྱང་དང་བསྟུན་མངོན་བྱང་ལྔ་དང༌། ཆོ་འཕྲུལ་བཞི་སྟེ། གལ་པོ་ལས། ཏིང་འཛིན་གཙོ་འཁོར་བསྐྱེད་བྱིན་རླབས་དབང་བསྐུར་མཆོད། །ཅེས་པས་ཆོ་འཕྲུལ་བཞི་དང་ལྡན་པའོ། །དེ་ལྟར་བདག་ལྷར་བསྐྱེད་ལ་དབྱིངས་ནས་ཡེ་ཤེས་པ་དགུག་ཅིང་བདག་དང་ལྷ་དོན་ལ་མཉམ་པའི་ངེས་ཤེས་ཀྱིས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བསྟིམས་ནས། སྐུ་ཡི་རྣམ་པ་ཕྱག་རྒྱ་ཆེན་པོ། གསུང་གི་རྣམ་པ་ཆོས་ཀྱི་ཕྱག་རྒྱ། ཐུགས་ཀྱི་རྣམ་པ་དམ་ཚིག་གི་ཕྱག་རྒྱ། འོད་ཟེར་སྤྲོ་བསྡུ་ལ་སོགས་པས་སྒྲུབ་པ་ལས་ཀྱི་ཕྱག་རྒྱ་སྟེ་བཞི་ཡིས་རང་གི་སྒོ་གསུམ་བྱ་བ་དང་བཅས་པ་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་ངོ་བོར་རྒྱས་བཏབ་སྟེ་དབྱེར་མེད་དུ་བཅིང་ཞིང༌། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་གཅིག་པའི་ངང་ནས་བཟླས་པ་ལ་བརྩོན་ཞིང༌། དངོས་གྲུབ་རྣམ་པ་གཉིས་ལེན་པ་ཡིན་ནོ། །དེ་ལྟར་བསྒྲུབ་ཅིང་དངོས་གྲུབ་བླང་བའི་བཟླས་བརྗོད་བྱས་པའི་མཐའ་ལ་གཤེགས་གསོལ་བྱ་བ་སྟེ་བསྐྱེད་རྫོགས་ཀྱི་རིམ་པ་བྱ་བའོ། །དེ་ལྟར་བསྒྲུབས་པས་འབྲས་བུ་ཐུན་མོང་གི་དངོས་གྲུབ་མཁའ་སྤྱོད་ཀྱི་རིག་འཛིན་དང༌། མཆོག་གི་དངོས་གྲུབ་མི་ཚེ་གསུམ་ན་རིགས་བཞིའི་སྟེང་ལས་ཀྱི་རིགས་ཏེ་རིགས་ལྔ་སྟུག་པོ་བཀོད་པར་མངོན་བྱང་ལྔའི་ཐབས་ཀྱིས་ཡེ་ཤེས་ལྔའི་ངོ་བོར་འཚང་རྒྱ་བ་ཡིན་ནོ། །དེ་སྐད་དུ་གལ་པོ་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། ༈ ནང་རྒྱུད་ཀྱི་སྡེ་སྤྱིར་བསྟན་པ་ནི། ལྟ་སྒོམ་སྤྱོད་གསུམ་ཕྱི་རྒྱུད་ལས་ཁྱད་པར་འཕགས་ཤིང༌། འདི་དག་གི་གོང་ན་རྒྱུད་སྡེ་གཞན་མེད་པས་བླ་ན་མེད་པ། །ཐབས་ཤེས་སམ་བསྐྱེད་རྫོགས་དབྱེར་མེད་དུ་ཉམས་སུ་ལེན་པའི་ཕྱིར་གསང་སྔགས་ནང་པ་ཞེས་བྱ་ལ། ནང་རྒྱུད་སྡེ་གསུམ་པོ་འདིར་ནི་བསྐྱེད་རྫོགས་གཉིས་མེད་ཀྱི་ལམ་སྟོན་ཡང༌། གཙོ་ཆེ་ཆུང་ཙམ་དུ་བསྐྱེད་པའི་རིམ་པ་རྒྱ་ཆེར་སྟོན་ཞིང་ལྷ་ཡི་རྣམ་པ་ཕོ་ཤས་ཆེ་ལ། དར་དང་རིན་པོ་ཆེའི་རྒྱན་སོགས་མང་བ་དང༌། རྫོགས་པའི་རིམ་པ་མཚན་བཅས་མཚན་མེད་ཐམས་ཅད་ཚང་བར་སྟོན་ཞིང༌། ལྷ་ཡི་རྣམ་པ་མོ་ཤས་ཆེ་ལ། གཅེར་བུ་རུས་རྒྱན་གཡང་གཞི་ཐལ་བྱུག་སོགས་མང་བ་དང༌། ཡང་ཐབས་ཤེས་ཟུང་དུ་འཇུག་པ་འོད་གསལ་བའི་ཡེ་ཤེས་གཙོ་བོར་གསལ་བར་སྟོན་པ་སྟེ། དེ་གསུམ་གྱི་དབང་ལས་ཐ་སྙད་ཀྱི་དབྱེ་བ་ཕ་རྒྱུད་དང༌། མ་རྒྱུད་དང༌། གཉིས་མེད་རྒྱུད་དེ་གསུམ་དུ་བཞག་ལ། ཕ་མ་གཉིས་པོའི་རྒྱུད་འདི་མཐའ་གཅིག་ཏུའང་མ་ངེས་ལ། གཙོ་བོ་གོ་འཕོ་ལ་གཙོ་མོ་གོ་མི་འཕོ་བ་ཐབས་ཕ་ཡི་རྒྱུད། གཙོ་མོ་གོ་འཕོ་ལ་གཙོ་བོ་མི་འཕོ་བ་ཤེས་རབ་མའི་རྒྱུད་དེ། གོ་འཕོ་དགོས་པ་ནི། དབང་དུས་སུ་མེ་ཏོག་གང་ལ་ཕོག་པའི་རིགས་དེ་གཙོར་བྱས་ན་མྱུར་དུ་འགྲུབ་ཅིང༌། དེ་གཙོ་བོར་བྱེད་དགོས་པས་རིགས་ཀྱི་ཡབ་དེའི་གཙོ་བོར་བརྗེ་ཞིང་ཡུམ་རང་གི་གོ་ས་ནས་མི་འཕོ་བ་དང༌། དེ་ལས་ལྡོག་པ་ཁྱད་པར་རོ། །ནང་རྒྱུད་ཀྱི་ལྷ་ཐམས་ཅད་ནི་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པ་ཡབ་ཡུམ་འཁྲིལ་སྦྱོར་གྱི་ཚུལ་དང༌། དམ་ཚིག་གི་རྫས་ཀྱང་འོག་མས་བསྟེན་དུ་མི་ནུས་པའི་ཁྱད་པར་ཅན་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པར་ལོངས་སྤྱོད་ནུས་ཤིང༌། དེ་ཡང་ལྟ་བ་དག་མཉམ་ཆེན་པོར་རྟོགས་པའི་གནད་ཀྱིས་གཙང་བ་བཙོག་པ་སོགས་གཉིས་ཆོས་ཐམས་ཅད་ལ་བཟང་ངན་གཉིས་འཛིན་སོགས་མེད་པར་འགའ་ཞིག་སྤོང་བ་དང༌། འགའ་ཞིག་དང་དུ་ལེན་པ་མེད་པར་རོ་མཉམ་དུ་བལྟ་ཞིང་སྤྱོད་པའི་རང་བཞིན་ཅན་ནོ། །དེ་ཡང་སྤྱིར་མདོ་སྔགས་ཀྱི་ཁྱད་པར་འོག་མ་བྱ་རྒྱུད་ཀྱང་དབུ་མ་ལས་ཁྱད་པར་དུ་འཕགས་ཤིང༌། ཕྱོགས་མཐུན་ཙམ་དུ་གྲུབ་མཐའ་སྨྲ་བ་བཞི་དང༌། རྒྱུད་སྡེ་གོང་འོག་གི་ལྟ་སྤྱོད་འདྲ་རེ་སྣང་ཡང་གོང་འོག་གི་ཁྱད་པར་དབྱེ་ཤེས་པ་དེ་ལྟར་རོ། ༈ བྱེ་བྲག་ཏུ་སྤྲོས་པ་རྒྱ་ཆེན་པོའི་སྒོ་ནས་སྒོམ་པར་བྱེད་པའི་རྣལ་འབྱོར་ཆེན་པོ་ཕ་ཡི་རྒྱུད་དེ། འདིས་ནི་ཐབས་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་རང་རྩལ་ལ་གཟུང་འཛིན་གློ་བུར་བ་རྟོག་པའི་དབང་གིས་ཕུང་སོགས་ཀྱི་ཆོས་སྣོད་བཅུད་ཀྱི་རྣམ་པར་སྣང་ཞིང༌། དེར་སྒྲོ་བཏགས་པའི་ཀུན་བརྟགས་ཀྱི་ཆ་སྦྱང་བའི་ཕྱིར། རང་བཞིན་ཡོངས་ཤེས་ཀྱི་ལྟ་བའི་ངང་ནས་སྣོད་བཅུད་ཐམས་ཅད་ཞིང་དང༌། གཞལ་ཡས་ཁང་དང༌། ལྷ་དང༌། ལྷ་མོར་གསལ་བའི་ལམ་བསྐྱེད་པའི་རིམ་པ་གཙོར་བྱས་ནས་བསྒོམ་ཞིང༌། རྫོགས་རིམ་ནི་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར། འབྱུང་བའི་དྭངས་མ་རླུང་ལྔ་དབུ་མའི་དབྱིངས་སུ་དག་པར་བྱེད་པ་ལ་སོགས་པའི་སྒོ་ནས་དངོས་གྲུབ་རྣམ་པ་གཉིས་སུ་སྒྲུབ་པར་བྱེད་དོ། །བསྐྱེད་རིམ་ལ་གོམས་པ་བརྟན་པའི་རྗེས་སུ་སྒོམ་པར་བྱེད་པས་སམ་རྗེས་ཆགས་ཡེ་ཤེས་བསྐྱེད་པ་གཙོ་བོར་འདོན་པའི་ཕྱིར་རྗེས་སུ་རྣལ་འབྱོར་མ་རྒྱུད་དེ། འདིས་ནི་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་ཡང་དངོས་སུ་གནད་དུ་བསྣུན་ནས་གཞན་དབང་གི་ངོ་བོ་སེམས་དང་སེམས་བྱུང་གི་རྟོག་ཚོགས་ཐམས་ཅད། དབྱིངས་ཀྱི་རང་བཞིན་ཤེས་རབ་སྟོང་པ་ཉིད་ཀྱི་ངང་དུ་དག་པའི་སྟོབས་ཀྱིས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་བསྐྱེད་པའི་ལམ་རང་ལུས་ཐབས་ལྡན་སྔོན་དུ་སོང་ནས། གཞན་ལུས་ཕྱག་རྒྱ་བསྟེན་པའི་རྫོགས་རིམ་གཙོ་བོར་བྱེད་ཅིང༌། ཁམས་ལས་སུ་རུང་ཞིང་ཞུ་བ་ལས་དགའ་བཞི་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པ་སོགས་དངོས་གྲུབ་རྣམ་པ་གཉིས་དམིགས་པ་གོམས་པ་ཁོ་ན་ལ་མི་ལྟོས་པར། རྩ་ཐིག་རླུང་གསུམ་ལས་སུ་རུང་བ་ལས་སྒྲུབ་པར་བྱེད་དོ། །ཤིན་ཏུ་ཉམས་མྱོང་དགའ་བའི་རང་བཞིན་ཡེ་ཤེས་ཇི་བཞིན་རྗེན་པར་བསྒོམ་པས་ཤིན་ཏུ་རྣལ་འབྱོར་ཏེ། འདིས་ནི་བསྐྱེད་རྫོགས་སམ་ཐབས་ཤེས་གཉིས་གཙོ་ཆེ་ཆུང་མེད་པར། ཡོངས་གྲུབ་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱེད་པའི་ལམ་ལ་གོམས་པས་གཅིག་དང་དུ་མའི་རང་བཞིན་མཐའ་དང་བྲལ་བའི་ཆོས་ཉིད་འོད་གསལ་ལྷུན་གྲུབ་ཆེན་པོར་སྦྱོར་ཞིང༌། ཕུང་པོའི་སྙིགས་མ་དྭངས་མའི་འཇའ་འོད་དུ་དྭངས་པར་བྱེད་དོ། ༈ བླ་མེད་ཀྱི་རྒྱུད་སྡེ་ཀུན་གྱི་ནང་ནས་བཤད་པའི་ཐབས་བསྐྱེད་པའི་རིམ་པ་དང༌། ཤེས་རབ་རྫོགས་པའི་རིམ་པས་གནད་དུ་བསྣུན་པའི་གཞི་ནི། གང་ཞེ་ན། གསང་སྔགས་ཉམས་སུ་ལེན་པའི་རྟེན་འབྱུང་བ་ལྔ་རྣམ་ཤེས་དང་བཅས་པའི་ཁམས་དྲུག་པོ་རགས་པ་མངོན་གྱུར་དང་ལྡན་པའི་ལུས་འདོད་ཁམས་པ་དང༌། ཁྱད་པར་མི་ཡི་འགྲོ་བ་ཡིན་པར་བཤད་དོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ཡང༌། ཕུང་པོ་ལྔ་དང༌། ཁམས་བཅོ་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་སྣང་བའི་གཞི་རགས་པའི་རྩ་ཐིག་རླུང་གསུམ་དང་རོ་གཅིག་པའི་གཉུག་མའི་ཁམས་དྲི་མ་དང་བཅས་པ་རྣམས་ནི། ཟུང་འཇུག་ཨེ་ཝཾ་གྱི་རང་བཞིན་སྟོང་པ་བཞི་དང༌། སྣང་བ་བཞིའི་ཡེ་ཤེས་དང་གཉིས་སུ་མེད་པའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་ཡེ་ནས་གནས་པ་ཡིན་ཏེ། དམ་པ་དང་པོའི་རྒྱུད་ལས། ཐིག་ལེ་སྙིང་སྟོབས་ཟླ་བ་ཞེ་སྡང་ཁུ་བ་ལུས་སྐུ། །རྣམ་པར་ཨེ་ཝཾ་གྱིས་བཅད་བྱ་འདོད་ཆགས་རྡུལ་དམར་ཆ་ཉི་ངག་གསུང༌། །ཨ་ཡིག་སྲོག་རླུང་མུན་གཏི་མུག་ཅན་སེམས་ཐུགས་རབ་བརྗོད། །ནམ་མཁའ་ཨེ་ལ་རྣམ་པར་གནས། །ཞེས་སོ། །དེས་ན་རྟེན་ལུས་ལ་གནད་དུ་བསྣུན་པས་བརྟེན་པ་ལས་སུ་རུང་བ་ལས། བསྐྱེད་རིམ་གྱིས་རྩ་དག་པ་མཚན་དཔེས་ལུས་བརྒྱན་པའི་སྐུ། རྫོགས་རིམ་གྱིས་རླུང་དག་པ་ཡན་ལག་དྲུག་ཅུའི་གསུང༌། ཟུང་འཇུག་གིས་ཐིག་ལེ་དག་པ་ཡེ་ཤེས་ལྔའི་རང་བཞིན་ཐུགས་རྡོ་རྗེ་གསུམ་གྱི་ཡོན་ཏན་མ་ལུས་པ་ཀུན་མྱུར་དུ་སྐྱེད་པར་བྱེད་པ་ནི། རྡོ་རྗེ་ཐེག་པའི་ལམ་ཡིན་པའི་ཕྱིར་གཞན་ལས་ཁྱད་པར་དུ་འཕགས་སོ། ༈ འདི་ལྟར་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོས་ཉམས་སུ་བླང་བྱའི་ངོ་བོ་ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་ཉིད་བདེ་གཤེགས་སྙིང་པོ་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་སྐུ་དང་ཡེ་ཤེས་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་རུ་གནས་པ་ཡིན་ཏེ། དེ་ཉིད་ཉམས་སུ་མྱོང་བ་ནི། མོས་གུས་ཀྱི་ཕ་ཕོག་ཐོབ་པའམ། དབང་དུས་སུ་ངོ་འཕྲོད་པའམ། བསྐྱེད་རྫོགས་སོགས་ཀྱི་སྒོ་ནས་གཞིའི་རང་བཞིན་ནམ་གནས་ལུགས་དེ་ཉིད་དང་པོ་ཐོས་བསམ་གྱི་ལྟ་བས་ཐག་བཅད་ལ། ཆོས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་བློས་བྱ་རྩོལ་བྲལ་བའི་ལྟ་བ་དེའི་ངང་ནས་བསྒོམ་པས་ཉམས་སུ་བླང་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་གནས་པའི་གསལ་སྣང་བསྐྱེད་རྫོགས་ལ་འདུ་འབྲལ་མེད་པར་དབྱེར་མེད་དུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་ཉམས་སུ་ལེན་པའི་ཚེ་གྲོགས་སྤྱོད་པས་གཟུང་འཛིན་གྱི་ལ་དོར་བར་བྱེད་པ་ནི། ཕྱི་ནང་གི་སྣང་བ་དང་བློའི་འགྲོ་ལྡོག་བཟང་ངན་ཐམས་ཅད་ཐ་མལ་གྱི་སྣང་བས་མི་དཔྱད་ཅིང༌། འདོད་ཡོན་ལ་རང་གར་ཞེན་པས་དུག་ལྔ་རང་རྒྱུད་དུ་མ་ཤོར་བ་ཐབས་ཀྱིས་ཟིན་པའི་མཉམ་རྫོགས་ཆེན་པོའི་རོལ་པ་སྟེ། ལྟ་བའི་རྫོང་ཟིན་ཅིང༌། སྒོམ་པའི་འཕྲང་ལས་གྲོལ་བ། སྤྱོད་པའི་སྲོག་མཁར་ཚུགས་པ་ཞིག་ལ་སྔགས་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །དེ་ཡང་ཇི་སྐད་དུ། ལྟ་བ་ནི་སྟོང་ཉིད་བཅོ་བརྒྱད་ཡིན། །ཐེ་ཚོམ་དང་བྲལ་བའི་རྫོང་ཞིག་དགོས། །སྒོམ་པ་ནི་ཕྱོགས་ཆོས་སོ་བདུན་ཡིན། །བྱིང་རྒོད་ཀྱི་འཕྲང་ལས་འདའ་བ་དགོས། །སྤྱོད་པ་ནི་ཕ་རོལ་ཕྱིན་དྲུག་ཡིན། རང་འདོད་དང་བྲལ་བའི་སྲོག་ཚུགས་དགོས། །ཞེས་གོང་མ་དག་གིས་གསུངས་པ་ལྟར་དང༌། གཞན་ཡང༌། བདག་ཉིད་ལྷ་ཡི་རྣལ་འབྱོར་དུ་གསལ་ཐེབས་པ་བསྐྱེད་རིམ་གྱི་རྫོང༌། སྣང་སྟོང་ཟུང་དུ་འཇུག་པའི་གནས་ལུགས་འདུས་མ་བྱས་པའི་ཆོས་ཉིད་ཀྱི་ངང་ལ་འཇོག་པ་ནི་རྫོགས་རིམ་གྱི་སྲོག །བྱིང་རྒོད་དང་དམན་པའི་སེམས་སོགས་གཉིས་ཀའི་འཕྲང་རྣམས་ལས་གྲོལ་བ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བཞེད་དོ། །ཞེས་པ་འདི་དག་གི་དོན་ངེས་པར་བྱས་ནས། ལྟ་སྒོམ་སྤྱོད་གསུམ་ཟུང་དུ་ཆུད་པར་བྱའོ། །དེ་ལྟར་ལྟ་བས་གཏན་ལ་ཕབ་པའི་དོན་རྫོགས་རིམ་གྱི་འབྲས་བུ་རང་དོན་ཆོས་སྐུ་དང༌། བསྐྱེད་རིམ་གྱི་འབྲས་བུ་གཞན་དོན་གཟུགས་སྐུའི་བཀོད་པ་རྩོལ་མེད་དུ་སྣང་ཞིང༌། སྤྱོད་པ་མཐའ་ཕྱིན་པས་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་ཁྱབ་ལྷུན་གྲུབ་ཆེན་པོའི་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པ་སྟེ། དེ་ལྟར་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཚེགས་མེད་དུ་འགྲུབ་པ་ཡིན་ནོ། །དེ་ཡང་གཞི་རང་བཞིན་ལྷུན་གྲུབ་ཆེན་པོའི་དཀྱིལ་འཁོར་ལྟ་བས་གཏན་ལ་ཕབ། ལམ་བསྐྱེད་རྫོགས་ཟུང་འཇུག་གི་དོན་སྒོམ་པས་ཉམས་སུ་བླང་ཞིང༌། སྤྱོད་པས་གྲོགས་བྱས་པས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་སྣང་བར་འགྱུར་བས་དེ་གསུམ་ཀ་རྒྱུད་ལ་ཡང་དག་པར་བརྟེན་པ་ཡིན་ནོ། ༈ འདི་ལྟར་འཇུག་པའི་སྒོ་ནི། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་ངོ་བོར་མ་སྨིན་པ་སྨིན་པར་བྱེད་པའི་དབང་ཡིན་ཏེ། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་སོ། །རང་ལ་གནས་པའི་ཡེ་ཤེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བར་བྱེད་པའི་ཐབས་ནི། བསྐྱེད་རིམ་དང་རྫོགས་རིམ་རྣམ་པ་གཉིས་ཡིན་པས་ཡང་ཡང་བསྒོམ་དགོས་སོ། །ལམ་དེ་དང་ཚུལ་མཐུན་པའི་གྲོགས་སུ་སྔགས་ཀྱི་གཞུང་ནས་ཇི་སྐད་བཤད་པའི་དམ་ཚིག་གི་རིམ་པ་ཡང་དག་པར་བསྲུང་བའི་སྤྱོད་པ་དང་གསུམ་པོ་ཚང་ན། གསང་སྔགས་ཀྱི་ལམ་ཕར་ཕྱིན་གྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་མཆོག་མ་ནོར་བ་ཡིན་པས་རྣལ་མར་ངེས་པ་ཡིན་གྱི། དེ་ལས་གཞན་མ་སྨིན་བཞིན་བསྐྱེད་རྫོགས་ཕྲིན་ལས་སོགས་གང་ལའང་ལྟར་སྣང་ཙམ་ལས་དོན་མེད་དོ། །གསང་སྔགས་ལམ་གྱི་འཇུག་སྒོ་དང་པོ་དབང་བསྐུར་ཐོབ་དགོས་པ་ཅིའི་ཕྱིར་ཞེ་ན། དབང་མ་ཐོབ་བཞིན་སྔགས་ལམ་ལ་ཅི་ལྟར་བརྩོན་ཀྱང་དངོས་གྲུབ་ཐོབ་པ་མེད་དེ། དཔེར་ན་བྱེ་མ་བཙིར་བའི་བྱ་བར་ཇི་ལྟར་འབད་ཀྱང༌། དེ་ལས་ཞུན་མར་འབྱུང་བ་མེད་པས་འདོད་པའི་དོན་མི་ཐོབ་པ་བཞིན་ཏེ། རྣམ་སྣང་མངོན་བྱང་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མི་འབྱུང༌། །མཁའ་ལ་ཁུ་ཚུར་བརྡེག་པ་དང༌། །སྨིག་སྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་སོ། །དངོས་གྲུབ་མེད་པ་མ་ཟད་གསང་སྔགས་ཀྱི་ཆོས་ལ་དབང་ཟོས་པ་དང༌། གསང་སྔགས་ཀྱི་རྒྱུད་དང་གདམས་ངག་གཞན་ལ་འཆད་པ་དང༌། རང་གིས་ཉན་པ་དང༌། བསྐྱེད་རྫོགས་ཀྱི་ལམ་བསྒོམ་པ་དང༌། བླང་དོར་མེད་པའི་སྤྱོད་པ་ལ་བརྩོན་ཀྱང་གསང་སྒྲོགས་ཀྱི་ཉེས་པས། ཕྱི་མ་དམྱལ་བའི་གནས་སུ་ངེས་པར་འགྲོ་སྟེ། དུས་འཁོར་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང༌། །ཟབ་མོའི་དེ་ཉིད་སྒོམ་བྱེད་པས། །དེ་དོན་ལེགས་པར་ཤེས་ནའང༌། །དམྱལ་བར་འགྱུར་གྱི་གྲོལ་བ་མེད། །ཅེས་སོགས་གསང་སྙིང་ལས་ཀྱང་རྒྱ་ཆེར་གསུངས་སོ། །དབང་ཐོབ་པའི་ཕན་ཡོན་ནི། དབང་གི་སྔོན་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་དང་ལྡན་པའི་སྐྱེས་བུ་དེ་དཔེར་ན་རྒྱལ་བུ་རྒྱལ་སྲིད་ལ་མངའ་གསོལ་བ་བཞིན། ཐེག་ཆེན་རྒྱལ་སྲས་དེ་ལ་རྒྱལ་བ་རྣམས་ཀྱིས་ཉེ་བའི་སྲས་སུ་དགོངས་པར་འགྱུར་ཏེ། གསང་སྙིང་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་སོ། །དེར་མ་ཟད་དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་མཚམས་མེད་ལྔ་སོགས་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། གདན་བཞིའི་རྒྱུད་ལས། མཚམས་མེད་ལྔ་ཡི་ལས་ཅན་ཡང༌། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །ཞེས་སོ། །དབང་བསྐུར་ཐོབ་ནས་དམ་ཚིག་རྣམ་དག་བསྲུང་ན། གང་དུ་སྐྱེས་ཀྱང་སྡིག་པ་དང༌། ཕྱིན་ཅི་ལོག་གིས་མ་བསླད་པར་གཙང་མའི་རིགས་སུ་སྐྱེས་ནས་གསང་སྔགས་ཀྱི་ཆོས་དང་འཕྲད་པ་དང༌། ཡོན་ཏན་གྱིས་སྐྱེ་བ་བདུན་ཕན་མི་འགྱང་བར་སྐྱེ་བ་དེ་དག་གི་ཚེ་ན་ལམ་གྱི་མཐུས་མ་བསྒྲུབས་བཞིན་བསྐྱེད་རྫོགས་ཀྱི་ཡོན་ཏན་ངེས་པར་འགྲུབ་ཅིང་འཕགས་པའི་ས་བཅུ་པོ་བགྲོད་ནས་སངས་རྒྱས་ཀྱི་ས་འཐོབ་པར་བཤད་དེ། གསང་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒྲུབས་པར་ཡང་འགྲུབ་པར་འགྱུར། །ཞེས་དང༌། གསང་འདུས་ལས། དབང་བསྐུར་བས་ནི་ས་བཅུ་ནོན། །ཞེས་སོ། །དེ་ཡང་གསང་སྔགས་ཀྱི་དངོས་གྲུབ་རྩ་བ་ནི་བླ་མ་ལ་རག་ལས་པས། དེ་ཡིས་དབང་བསྐུར་ཏེ་སྐུ་བཞིའི་ས་བོན་རྒྱུད་ལ་འཇོག་ནུས་དགོས་ན། སློབ་དཔོན་ངན་པ་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་དོན་མ་ཆུད་ཅིང༌། ཉམས་ལེན་གྱི་གདེང་དང་བྲལ་བས་རིགས་རུས་ཆོ་འབྲང་སོགས་ཀྱིས་བརྒྱགས་ནས། རང་གི་འདུག་སའི་གནས་ཏེ་བསྟི་གནས་དགོན་སྡེ་བླ་བྲང་སོགས་ཀྱི་མགོ་འཛིན་གྱིས་གཡེངས་ཤིང༌། གཙུག་ལག་ཁང་དང་དགེ་འདུན་གྱི་དཀོར་རྫས་ལ་བྱུང་རྒྱལ་དུ་སྤྱོད་པ། སྡོམ་པ་གསུམ་གྱིས་སྒོ་གསུམ་མ་བསྡམས་ཤིང༌། ཚུལ་འཆལ་ལས་འབྲས་ཁྱད་དུ་གསོད་པའི་ཞེན་སྲེད་ཅན། སྦྱིན་བདག་སོགས་ཀྱི་ཁྱིམ་ལ་ཆགས་ཤིང་གསོན་གཤིན་གྱི་ལོངས་སྤྱོད་སྡུད་པ་དང༌། གདུག་རྩུབ་ཆེ་ཞིང་སྙིང་རྗེ་ཆུང་བ་དང༌། རྒྱུད་དང་སྡེ་སྣོད་རྣམས་ལ་ཤེས་རབ་ཀྱི་མིག་ཟུམ་པས་ལྟར་སྣང་རྟོག་གེ་ཟོལ་མས་ཟིལ་གྱིས་ནོན་ནས། གང་ལའང་ཕོད་པ་ཆེ་བ་དེས་ནི་དབང་བསྐུར་བར་བྱས་ཀྱང༌། དཔེར་ན་བེའུ་སྦྲེལ་གཡང་སར་ལྷུང་བ་ལྟར་གཉིས་ཀ་ངན་སོང་དུ་ལྟུང་བར་འགྱུར་ཏེ། ཡེ་ཤེས་འཁོར་ལོའི་རྒྱུད་ལས། དད་ལྡན་གཅིག་བསླུས་སེམས་ཅན་བརྒྱ་བསད་བས། །སྡིག་པ་ཤིན་ཏུ་ཆེ་བ་རྒྱལ་བས་གསུངས། །དེ་ཕྱིར་རང་འདོད་བསླུ་བའི་ཆོས་མི་བཤད། །ཅེས་སོ། །བསྟེན་བྱའི་སློབ་དཔོན་ནི། ཕྱི་ཡི་དེ་ཉིད་བཅུ་ནི། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །དཀྱིལ་འཁོར་ཕྱི་རྒྱུད་སྡེ་ཀུན་གྱི་ཏིང་འཛིན་བསྐྱེད་རྫོགས་ཕྱག་རྒྱ་ལག་གིདང༌། །རྐང་པའི་སྟང་སྟབས་ལས་བཞིའི་འདུག་སྟངས་སྙིང་པོ་བཟླས་བརྗོད་དང༌། །ལས་བཞི་སྦྱིན་སྲེག་མཆོད་པ་ཕྱི་ནང་གསང་ལས་སྦྱོར་མཆོག་ཐུན་གྱི་དང༌། །སླར་སྡུད་པ་ཡི་རྣམ་པ་བསྐྱེད་རྫོགས་མཉམ་བཞག་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོ། །ནང་གི་དེ་ཉིད་བཅུ་ནི། དཀྱིལ་འཁོར་འབྲི་བ་སོགས་ནང་རྒྱུད་ལ་བསྟུན་པའོ། །གསང་བའི་དེ་ཉིད་རྣམ་པ་བཅུ་ནི། རྒྱུད་དེ་ཉིད་ལས། ཏིང་ངེ་འཛིན་དང་ ཕྱིར་ཟློག་རྫས་ཀྱི་སྲུང་འཁོར་གཉིས་ཀྱི་ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དབང་བསྐུར་གཉིས་དང༌། །ཁ་སྦྱོར་འབྱེད་པའི་ཆོ་ག་སྒྲོལ་བ་དང༌། །གཏོར་མ་སྦྱངས་རྟོགས་སྦར་གསུམ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་མ་གྲུབ་པ་བཙན་ཐབས་སྤོགས་པའི་རྩུབ་མོའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་ཆོག་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོ། །དེ་ལྟར་ཚུལ་དེ་རྣམས་ཇི་ལྟ་བ་བཞིན་རིག་ཅིང༌། གཟུགས་བརྙན་ཙམ་ཤེས་པས་མི་ཆོག་སྟེ། གསང་སྔགས་ལྟ་སྒོམ་གྱིས་རང་ཉིད་ཀྱི་རྒྱུད་གྲོལ་བའི་བླ་མ་ཞིག་བསྟེན་པ་གཅེས་ཏེ། སཾཱབྷུ་ཊི་ལས། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་སོ། །དེ་ལྟ་བུའི་བླ་མ་དེ་ཡིས། སློབ་མ་སྔར་བསྟན་བཞིན་དད་གུས་དང་ལྡན་ཅིང་ཁྲེལ་དང་ངོ་ཚ་ཤེས་པའི་སྣོད་ཀྱི་ཡོན་ཏན་སློབ་མའི་རྒྱུད་ལ་ལྡན་ནམ་མི་ལྡན་བརྟགས་ཤིང་ལོ་བཅུ་གཉིས་སོགས་ལ་བརྟགས་པར་གསུངས་དཔྱད་ལ། སྣོད་དང་ལྡན་ན་བུམ་དབང་ནས་བཟུང་དབང་བཞི་པོ་བསྐུར་ཏེ་རིམ་པ་བཞིན་མ་ནོར་བས་སྦྱིན་པར་བྱའོ། །དེ་སྐད་དུ་གསང་སྙིང་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང༌། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་ཟུངས། །ཞེས་སོ། །ཐོག་མར་སློབ་དཔོན་རང་གི་རྒྱུད་དག་པར་བྱེད་པ་བསྙེན་པ་བྱ་བ་དང་ནི། བདག་པོའི་གཞི་ལ་དབང་མི་ཟ་ཞིང་ས་དང་སར་འཛིན་གྱི་རྟོགས་པ་དབྱིངས་སུ་མཉམ་པར་བྱ་བའི་ས་ཡི་ཆོ་ག་དང༌། དཀྱིལ་འཁོར་དང་སློབ་མའི་ལས་ལ་ཐོད་རྒལ་དུ་མི་འཇུག་པ་སྟ་གོན་གྱི་རིམ་པ་དང་ནི། སློབ་མའི་རྒྱུད་རིམ་གྱིས་དག་ཅིང་སྨིན་པར་བྱ་བའི་ཕྱིར་དུ་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་བྱེད་ཅིང༌། ཞུགས་པ་དེ་ལ་སྨིན་པར་བྱེད་པའི་དབང་དངོས་བསྐུར་དགོས་ཏེ། ཆོ་གའི་མངོན་རྟོགས་བཞི་པོ་དེ་རེ་རེ་ཉིད་ལའང༌། ཡན་ལག་བཞི་བཞིར་ཡོངས་སུ་ཚང་ཞིང་རྫོགས་དགོས་པའི་ཕྱིར། གསང་སྙིང་ལས། བསྙེན་པ་དང་ནི་ཉེ་བསྙེན་དང༌། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་བསྙེན་པའི་ཡན་ལག་བཞི་དང༌། ས་གཞི་མཉམ་པ་དང༌། ས་བསླང་བ་དང༌། དབང་དུ་བྱ་བ། སྦྱང་བ་སྟེ་ས་ཆོག་ཡན་ལག་བཞི་དང༌། ས་ལྷ། དཀྱིལ་འཁོར་པའི་ལྷ། བུམ་པ། སློབ་མ་སྟ་གོན་ཡན་ལག་བཞི་དང༌། རང་ཉིད་འཇུག་པ་དང༌། སློབ་མ་འཇུག་པར་གནང་བ་ནོད་པ། དཀྱིལ་འཁོར་དུ་གཞུག་པ། ཞུགས་པ་ལ་དབང་བསྐུར་བ་སྟེ་འཇུག་ཅིང་སྨིན་པའི་ཡན་ལག་བཞི་སྟེ། ཆོ་གའི་ཡན་ལག་བཅུ་དྲུག་པོ་ལས་གང་རུང་མ་ཚང་ན། སོ་སོ་སྐྱེ་བོའི་སློབ་དཔོན་ལ་ནི། ཆོ་གའི་ཡན་ལག་ཕྲ་མོ་ཉམས་པས། བྱིན་རླབས་དངོས་གྲུབ་ལ་སྒྲིབ་པར་འགྱུར་བས་སློབ་མའི་རྒྱུད་སྨིན་པར་བྱེད་ནུས་པ་མ་ཡིན་ནོ། །རྒྱུད་སྡེ་བཞི་པོ་སོ་སོར་འཇུག་སྒོ་དབང་གི་རིགས་དབྱེ་མང་དུ་མཆིས་ལ། བསྡུ་ན་བྱ་བའི་རྒྱུད་ལ་འཇིག་རྟེན་འདས་པའི་རིགས་གསུམ་གང་རུང་གི་དཀྱིལ་འཁོར་དུ་གཟུངས་བཅས་བུམ་པའི་ཆུ་ཡི་དབང་དང༌། རིགས་གང་ཡིན་གྱི་དམ་ཚིག་གི་ཕྱག་རྒྱ་ཅོད་པན་གྱི་དབང་སྟེ་གཉིས་ཀྱི་དངོས་གཞི་དང༌། མཐའ་རྟེན་བཟླས་ལུང༌། བྱབ་བཀྲུ་བསྲུང་གསུམ་རྫས་ཀྱང་སྦྱིན་པ་རྣམས་སོ། །སྤྱོད་པའི་རྒྱུད་ལ་སྔ་མ་གཉིས་པོ་དེ་ཡི་སྟེང་རྡོ་རྗེ་མིང་སྟེ། མི་བསྐྱོད་པའམ་རྣམ་སྣང་གི་དབང་བསྣན་པར་གསུངས་ལ། ཡང་རྡོ་རྗེ། དྲིལ་བུ། མིང་དབང་རྣམས་དང༌། མེ་ལོང༌། ཐུར་མ། ཆོས་འཆད་ཀྱི་རྗེས་གནང་སོགས་བསྐུར་བ་མང་ཉུང་སློབ་དཔོན་སོ་སོའི་གཞུང་ལྟར་རོ། །རྣལ་འབྱོར་རྒྱུད་དུ་སློབ་མའི་དབང་ལ། བུམ་པ། ཆུ། ཅོད་པན། རྡོ་རྗེ། དེ་རྣམས་ཀྱིས་མཚན་པའི་དྲིལ་བུ་མིང་སྟེ་རིག་པའི་དབང་ལྔ་དང༌། དེ་ནས་སློབ་དཔོན་གྱི་དབང༌། ཕྱིར་མི་ལྡོག་པའི་དམ་ཚིག་གསུམ་བཟུང་བ། གསང་དཀྱིལ་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་ལྷ་དང༌། དཀྱིལ་འཁོར་གྱི་དེ་ཉིད་སྟོན་པ་བཀའ་ཡི་དབང་ཞེས་ཡོ་ག་རང་གི་ཐུན་མིན་གྱི་ཆོས་འཆད་རྗེས་གནང་དང༌། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དེ་སློབ་དཔོན་གྱི་དབང་དྲུག་དང་བཅས་བཅུ་གཅིག་པོ་མཐའ་རྟེན་དང་བཅས་རྫོགས་པར་བསྐུར་རོ། །རྣལ་འབྱོར་བླ་མེད་ལ། རིག་པའི་དབང་ལྔ་དང༌། དྲུག་པ་རྡོ་རྗེ་འཆང་གི་དབང་སྟེ་དྲུག་གི་སྟེང་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པས་བུམ་དབང་དང༌། གསང་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། ཚིག་དབང་རིན་པོ་ཆེ་སྟེ་བཞི་པོ་ནང་གསེས་ཀྱི་དབྱེ་བས་བཅུ་བཞི་ནི། བཤད་རྒྱུད་རྡོར་ཕྲེང་ལས། དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རོལ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང༌། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་སོ། །ཡེ་ཤེས་ཐིག་ལེ་ལས་ཀྱང༌། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་ཡང་ནི་དེ་བཞིན་ནོ། །ཞེས་སོ། །སྤྱིར་རྒྱུད་སྡེ་དང་སྒྲུབ་སྡེ་སོ་སོའི་དབང་གི་གྲངས་ནི་མ་ངེས་པ་སྣ་ཚོགས་ཏེ། དུས་འཁོར་ལས། བྱིས་པ་འཇུག་པའི་དབང་བདུན་དང༌། གོང་མ་ལ་འཇིག་རྟེན་པ་གསུམ་དང༌། འཇིག་རྟེན་ལས་འདས་པའི་བཞི་པ་སྟེ་བཅུ་གཅིག་ཏུ་གསུངས་པ་སོགས་རྩ་རྒྱུད་ལས། ཆུ་དང་ཅོད་པན་དག་དང་ནི། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་དང༌། །མིང་རྒྱལ་དབང་གི་རྣམ་པ་བདུན། །བྱིས་པ་རྣམས་ནི་གཟུང་ཕྱིར་དང༌། །གསུམ་པ་འཇིག་རྟེན་ཀུན་རྫོབ་དང༌། །བཞི་པ་དོན་གྱི་དམ་པའོ། །བུམ་པ་གསང་བའི་དབང་དང་ནི། །ཤེས་རབ་ཡེ་ཤེས་ཞེས་བྱ་དང༌། །དེ་ནས་ཤེས་རབ་ཆེན་པོ་ཡི་དོན་གྱི་དབང༌། །ཡེ་ཤེས་ཞེས་བྱ་རྫོགས་པ་དང༌། །བྱིས་པ་འཇིག་རྟེན་པ་འགྱུར་དང་འཇིག་རྟེན་འདས་པ་མི་འགྱུར་བར་ཆད་ཅན། །བར་ཆད་མེད་པ་དེ་ལས་གཞན། །ཞེས་བཅུ་བདུན་དང༌། སྔ་འགྱུར་ཐུན་མིན་ལུགས་ལ་རྒྱུད་ལུང་མན་ངག་སྒྲུབ་སྡེ་བཞི་ལས། སྒྱུ་འཕྲུལ་དྲྭ་བ་ལྟར་ན། ཕྱི་ཕན་པའི་དབང་བཅུ་ནི། སྙིང་པོ་ལྔ་དང་དབུ་རྒྱན་དང༌། བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་པ་རྣམས་སོ། ནང་དོན་གཉིས་ནུས་པ་ལ་དབང་བས་ནུས་པའི་དབང་ལྔ། རང་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་དབང་དང་སྒོམ་དབང་གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་དབང་དང་ཕྲིན་ལས་དབང་གཉིས། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོར་མངའ་གསོལ་བ་བཀའ་རབ་འབྱམས་ཀྱི་དབང་སྟེ་ལྔའོ། །གསང་བ་ཟབ་མོའི་དབང་གསུམ་རྫོགས་རིམ་མཐར་ཐུག་ཡིན་པས་གསང་ཤེར་བདེ་བ་ཆེན་པོའི་དབང་སྟེ་གསུམ་མོ་སྟེ་དབང་མཆོག་བཅོ་བརྒྱད་དང༌། ལུང་ཨ་ནུ་ཡོ་ག་ལ། ཀུན་འདུས་རིག་པའི་མདོར། ཕྱི་དངོས་བསྟན་གྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། བཀའ་རྟགས་རིགས་ལྔའི་སྐུ། རྟགས་ཀྱི་མཚན་མ་རྡོ་རྗེ་སོགས། རིག་ཙཀ་གམ་དྲིལ་བུ། བུམ་པ། རྫས་བརྒྱད། སྣ་བདུན། རིན་ཆེན་པདྨ་སེང་ཁྲི་སོགས། ཅོད་པན་སོགས་རྒྱན་བརྒྱད། མིང་དབང༌། འཁོར་ལོའོ། ནང་དབང་མ་དག་པའི་འབྱུང་ལྔའི་སྙིགས་མ་ལུས་ལྷར་སྨིན་པ་འབྱུང་བའི་ཆུ་བོ་བཅུ་གཅིག །ཉན་པ་དང་སློབ་མའི་དབང་རྫས་གླེགས་བམ། ཕྲིན་དབང་སྣ་ཚོགས་རྡོ་རྗེ། འཆད་པའི་དབང་འཁོར་ལོ། །རྡོ་རྗེ་རྒྱལ་པོའི་དབང་རྡོ་རྗེ་རྩེ་དགུ། གདན་ཁྲི། ཐུན་མིན་གྱི་རིན་ཆེན་སྣ་བདུན། ཕྱག་རྒྱའི་དབང་ལྷ་ཙཀ་ཡོངས་རྫོགས། ཐོད་རྒྱན། སྐུ་གསུང་ཐུགས་ཀྱི་ལྷ་ཙཀ །བདུད་འདུལ་རྫས་རྟགས་བརྒྱད། །མིང་དབང་ངོ༌། སྒྲུབ་དབང་དུ་ཨ་ནུ་རང་ལུགས་ལ་གྲགས་པ་གྲགས་པའི་ཆུ་བོ་བཅུ་གསུམ་ཤེས་རབ་རིག་པའི་དབང་སྒྲོན་མེ། སྙིང་རྗེ་རྟགས་ཀྱི་དབང་ཉི་ཟླ། ཧཱུྃ་ལས་བྱུང་བའི་ཐོང་གཤོལ། དུག་གསུམ་དཀྲུགས་པའི་མདུང་དམར། སྲིད་གསུམ་སྒྲོལ་བའི་མཚོན་ཆ། སྐྱོན་གྱིས་མ་གོས་པདྨ། ལས་བཞི་རྫོགས་པའི་བམ་དབྱུག །གཉིས་མེད་འཁྲིལ་བའི་སྦྲུལ་ཆུན། །གསང་བ་སྦྱོར་བའི་རིག་མ། འདོད་ཡོན་ལ་ལོངས་སྤྱོད་པའི་འདོད་ཡོན། སྒྲུབ་དབང་ཞི་ཁྲོའི་གཙོ་ཙཀ །སྒྲུབ་རྫས་ཕྱི་ནང་གསང་གསུམ། རྟགས་ཀྱི་མིང་དབང་ངོ༌། །མཆན། གསང་དབང་རྫོགས་པའི་ཆུ་བོ་གཉིས་ནི། བདུད་རྩིའམ་གསང་བའི་དཀྱིལ་འཁོར་མཚོན་བྱེད་ཆོས་འབྱུང༌། རིག་པའི་རྩ་ལ་དབང་ངོ༌། །མཆན། སུམ་ཅུ་རྩ་དྲུག་གི་དབྱེ་བ་སོགས་དང༌། དྲང་ངེས་དང་ས་ཟིན་འཇོག་མཚམས་ནི་ཡོན་གཞུང་ལྟར་རོ། །ཐེག་པའི་རྩེ་མོ་མན་ངག་ཨ་ཏི་ཡོ་གའི་དབང་གི་རིམ་པ་མན་ངག་སྡེ་ལྟར་ན། དབང་བཞི་བྱེ་བྲག་ཏུ་དབྱེ་བ་བྱས་པ། སྤྲོས་བཅས་བུམ་དབང་དང༌། སྤྲོས་མེད་གསང་བའི་དབང་དང༌། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། རབ་ཏུ་སྤྲོས་མེད་ཚིག་དབང་ངོ༌། །ཟབ་ཁྱད་སྒྲུབ་དབང་སོགས་སྤྱིར་ན་རྒྱུད་སྡེ་སོ་སོའི་དབང་གི་དབྱེ་བསྡུ་མཐའ་ཡས་པ་ཞིག་ཡོད་ཀྱང༌། དེ་དག་གི་ཚུལ་ཇོ་བོའི་དམ་ཚིག་བསྡུས་པ་ལས། བླ་མའི་ཞལ་ལས་བྱུང་བའི་དབང་དང༌། ཡི་དམ་གྱི་ལྷས་བྱིན་གྱིས་བརླབས་པའི་དབང་དང༌། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པའི་དབང་དང༌། རང་གི་སེམས་ཉིད་ཀྱི་རྩལ་ལས་ཐོབ་པའི་དབང་དང་བཞིའོ། །ཞེས་པ་ལྟར། དང་པོ་ནི། དབང་གི་ཆོ་གའི་སྒྲ་ལ་ཇི་ལྟ་བ་བཞིན་དེ་ལ་ལྟོས་པ་དག་དང༌། གཉིས་པ་ནི་རྒྱལ་པོ་ཛའི་ཁང་སྟེང་གླེགས་བམ་བབས་པ་སོགས་ལྷར་དང༌། གསུམ་པ་ནི་སློབ་དཔོན་ཀླུ་སྒྲུབ་དང༌། འགྲོ་བཟང་གིས་ཨོ་རྒྱན་དྷ་རྨཱ་གཉྫོ་ཆོས་ཀྱི་གཙུག་ལག་ཁང་ནས་བརྟག་གཉིས་དང༌། མ་ཧཱ་མ་ཡཱ་གཉིས་མ་བྱིན་པར་བླང་བས་བདག་གིར་བྱས་པ་ན། མཁའ་འགྲོ་མས་བསྙགས་ཏེ་རྗེས་ཟིན་པའི་ཚེ། ཆོས་དེའི་བདག་པོ་གྱིས་ལ་ཤོད་ཅེས་རྗེས་སུ་གདམས་པ་ལྟ་བུ་དང༌། བཞི་པ་ནི་ཆོས་ཉིད་ལྟ་བས་ཐོབ་པ་རིག་པའི་རྩལ་དབང་སྟེ། དེ་ལ་བརྟེན་ནས་བསྐུར་བྱའི་སློབ་མས་དངོས་གྲུབ་ཐོབ་པ་ནི་དབང་གི་འབྲས་བུ་ཡིན་པས། ཐ་སྙད་ཕྱོགས་གཅིག་པ་ལ་ཞེན་ནས། དབང་གི་གྲངས་དང༌། བསྐུར་ཚུལ་དང༌། ཐོབ་ཚུལ་ཐ་དད་པ་དག་ལ་མི་འཐད་པར་མི་སེམས་པར་ཀུན་ལ་དག་སྣང་བྱེད་པ་གལ་ཆེའོ། །དེས་ན་བླ་མེད་ཀྱི་དབང་གིས་རྣམ་གྲངས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་གང་ལས་དབྱེ་བ་དང༌། གང་དུ་བསྡུ་བའི་གཞིར་གྱུར་པའི་གྲངས་ངེས་པའི་ས་ཟིན་འཇོག་མཚམས་བུམ་གསང་ཤེར་དང་ཚིག་དབང་སྟེ་རྣམ་པ་བཞི་པོ་ཡིན་ནོ། །དེ་ལ་གསང་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་དབང་དུ་ནི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་འཆར་གཞི་བདེ་གཤེགས་སྙིང་པོའི་རང་བཞིན་གཉུག་མའི་སྒོ་གསུམ་ཡེ་ཤེས་དང༌། བུམ་དབང་སོགས་དབང་གི་ངོ་བོར་ཡེ་ནས་གནས་པས་གཞིའི་དབང་དང༌། དེ་ཉིད་དབང་བཞི་བསྐུར་བའི་ཐབས་ལ་བརྟེན་ནས་སྨིན་རུང་དུ་བྱེད་པ་དང༌། ལམ་དབང་གིས་བོགས་འདོན་པར་བྱེད་པར་ནི་ལམ་གྱི་དབང་དང༌། འབྲས་བུ་སྐུ་བཞིའི་ངོ་བོར་མཐར་ཕྱིན་པ་འབྲས་བུའི་དབང་བཞི་སྟེ། དེ་དག་ཀྱང་གནས་སྐབས་གསུམ་དུ་བཞག་པ་ཙམ་ལས་རང་བཞིན་ཆོས་ཉིད་གཅིག་གི་ངོ་བོར་དབྱེར་མེད་པ་རུ་སེམས་ཅན་ཐམས་ཅད་ལ་གདོད་ནས་གྲུབ་པ་ཡིན་ཏེ། དབང་མཆོག་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང༌། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་སོ། །སེམས་ཅན་ཐམས་ཅད་སངས་རྒྱས་སམ་ཞེ་ན། དེ་ལྟར་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རང་བཞིན་ཡིན་པས་མཐར་ཐུག་འཚང་མི་རྒྱ་བ་མེད་ཅིང༌། གསང་སྔགས་ཀྱི་སྣོད་རུང་ཡིན་པར་ལུང་དང་རིག་པས་གྲུབ་མོད། །གནས་སྐབས་དབང་གི་རྟེན་དུ་རུང་བ་ནི། བུམ་དབང་གི་རྟེན་རྩ་དང༌། གསང་དབང་རྟེན་རླུང་དང༌། ཤེར་དབང་ཁམས་དཀར་དམར་ཐིག་ལེའི་ཆ་དང༌། ཚིག་དབང་ངོ་བོ་སེམས་རྟོག་རགས་པ་སྟེ། རྟེན་དེ་རྣམས་མངོན་གྱུར་དུ་ཡོད་པའི་རྟེན་ཁམས་དྲུག་དང༌། བརྟེན་པ་བདེ་གཤེགས་སྙིང་པོ་གཉིས་ཀ་རང་ཆས་སུ་ཡོད་པ་དེ་ཉིད་དེ་དེ་ལྟར་སློབ་མའི་རྒྱུད་ལ་མཚུངས་པར་ལྡན་པའི་རྒྱུད་དང་ལྡན་པ་དང༌། དེ་སྨིན་པར་འགྱུར་བའི་ལྷན་ཅིག་བྱེད་པའི་རྒྱུ་ནི། རྡོ་རྗེ་སློབ་དཔོན་གྱིས་ལྷ་སྔགས་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་དབང་དང༌། རིག་མ་རྣམས་ཏེ་རྒྱུ་རྣམ་པ་གཉིས་ཡིན་ལ། དེ་སྟེང་དད་པ་སོགས་སྣོད་དུ་རུང་བའི་སློབ་བུ་རྒྱུ་ཡི་རྐྱེན་ཡིན་ལ། ལྟ་བ་རྟོགས་ཤིང་བདག་གི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། གསང་སྔགས་ཀྱི་དེ་ཉིད་དང༌། བཟླས་བརྗོད་ཀྱི་དེ་ཉིད་དང༌། འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔའི་དགོངས་པ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ནི་བདག་པོའི་རྐྱེན་ཡིན་ཏེ། ལྟ་དགོངས་བྲལ་ན་རྡོ་ཡི་ས་བོན་བཞིན་ནོ། །མན་ངག་ཇི་བཞིན་སློབ་མའི་རྒྱུད་སྨིན་ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན་ཡིན་ཏེ། དེ་མི་ལྡན་ན་བྱིས་པའི་རྩེད་མོས་དབང་མི་ཐོབ་པ་བཞིན་ནོ། །དཀྱིལ་འཁོར་དུ་ཞུགས་ནས་བུམ་དབང་བསྐུར་ཏེ་དེ་ལ་གསང་དབང་སོགས་སྔ་མ་སྔ་མའི་རྟེན་ཅིང་འབྲེལ་འབྱུང་གིས་གོ་ཕྱེས་ནས། ཕྱི་མ་ཕྱི་མ་རྣམས་རྒྱུད་ལ་ཐོབ་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། སྔ་མ་མ་ཐོབ་ན་ཕྱི་མ་མི་འབྱུང་སྟེ་གྱང་མེད་ན་རི་མོ་མེད་པ་བཞིན་ནོ། །མཚུངས་ལྡན་དང་ལྷན་ཅིག་བྱེད་པའི་རྒྱུ་གཉིས་དང༌། རྒྱུ་དང་བདག་པོ་དམིགས་པ་དེ་མ་ཐག་སྟེ་རྐྱེན་བཞི་ཚོགས་ལས་དབང་བསྐུར་འགྲུབ་སྟེ། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡང་དག་རྙེད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་སོ། །དེ་ལ་གཉེན་པོ་ཐབས་ཚུལ་དཔག་མེད་ཡོད་ཀྱང་གྲངས་ངེས་སྒོ་ནས་བསྡུས་ཏེ་བཞག་པ་ནི། སྤྱིར་རིགས་དྲུག་དང་ཁྱད་པར་མཐོ་རིས་ཀྱི་རྟེན་ཁམས་དྲུག་ལྡན་རྣམས་དང༌། བྱེ་བྲག་མིའི་འགྲོ་བ་མངལ་ནས་སྐྱེས་པ་རྣམས་ཐོག་མར་ལྟེ་བའི་རྩ་མདུད་ནས་རིམ་པར་ལུས་ཆགས་ཤིང༌། དེའི་དབང་གིས་ཕྱིའི་ལུས་སྣོད། བར་གྱི་ལུས་འགྲོ་བ་གཞན་ལུས་རྣམས་ཀྱང་སྣང་བས། ལུས་ཀྱི་དག་བྱའི་གཙོ་བོར་གྱུར་པ་རྩ་ཡིན་ཏེ། དེ་དག་བྱེད་བུམ་དབང་ཕྱི་ནང་གསང་གསུམ་བསྟན་ལ། རྩའི་རྣམ་པ་རིག་དྲུག་གི་དག་བྱ་དང༌། དག་བྱེད་སྐུ་གསུང་ཐུགས་དང་ཐབས་ཤེས་སོགས་ཡི་གེའི་གཟུགས་སུ་ཨ་སོགས་གནས་པ་དེ་ལ་གཡོ་བྱེད་ཀྱི་རླུང་བརྟེན་ནས། ད་ལྟ་འཁྲུལ་པའི་གནས་སྐབས་སུ་བྱེད་ལས་སྣ་ཚོགས་སུ་ཤར་ཞིང༌། འཁོར་བའི་སྒྲ་ཚིག་རང་རྒྱུད་པར་སྣང་བའི་ཕྱིར། ངག་གི་དག་བྱ་གཙོ་བོ་རླུང་ཡིན་པས། དེ་དག་བྱེད་གསང་དབང་བསྐུར་ནས་རང་ལུས་ཐབས་ལྡན་གྱི་རྫོགས་རིམ་བསྟན་ལ། རླུང་དེ་ཡིས་རྩ་ཁམས་ཐམས་ཅད་ལ་བཀོད་པ་བྱང་ཆུབ་ཀྱི་སེམས་ཁམས་དཀར་དམར་དྭངས་མ་ཆེན་པོ་རྣམས་འགྲོ་འོང་ཅན་དུ་ཁྲིད་ཅིང་གནས་པའི་སྒོ་ནས་བརྟེན་པ་དེའི་སེམས་ཀྱི་རྟེན་བྱེད་པས། སེམས་དག་པ་ལ་རྩ་ཁམས་གནད་དུ་བསྣུན་དགོས། དེ་དག་བྱེད་ཤེར་དབང་བསྐུར་ནས་རྟེན་ལས་སུ་རུང་བར་བྱེད་པ་གཞན་ལུས་ཐབས་ལྡན་གྱི་རྫོགས་རིམ་བསྟན་པ་དང༌། ཁམས་དེ་ལ་སེམས་ཀྱི་རང་བཞིན་ཆོས་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་སམ་དྲི་བཅས་ཡེ་ཤེས་ཀྱི་ཁམས་བརྟེན་པའི་ཚུལ་དུ་ཡོད་པས། དེ་མངོན་དུ་འགྱུར་བ་ལ། སེམས་ཀྱི་བག་ཆགས་སྒྲིབ་བྱེད་ཀྱི་རྣམ་པར་ཡོད་པ་ཉིད་དག་དགོས་པས། དེ་དག་བྱེད་ཚིག་དབང་རིན་པོ་ཆེ་བསྐུར་ནས་ཟུང་འཇུག་གི་རྫོགས་རིམ་འོད་གསལ་བའི་ཡེ་ཤེས་བསྒོམ་པར་བསྟན་པས་དབང་བཞི་ལམ་དང་བཅས་པའི་ཉམས་ལེན་དེར་འདུ་བ་ཡིན་ནོ། །གསང་སྔགས་ནི་ཉོན་མོངས་དང་འདོད་ཡོན་ལམ་བྱེད་ཐབས་མཁས་ཡིན་པས་འདོད་པའི་ཁམས་ཀྱི་གང་ཟག་འཕགས་པའི་སྤྲུལ་སྐུ་ལྟ་བུ་མ་ཡིན་པའི་རང་རྒྱུད་པ་ཀུན་ལ་བལྟས་དགོད་ལག་བཅངས་གཉིས་སྦྱོར་ཏེ། འདོད་ཆགས་རྣམ་བཞིར་གནས་པ་སོགས་དག་བྱ། དག་བྱེད་བུམ་པ་སོགས་དབང་བཞི་ལམ་དང་བཅས་པ་ལ་བརྟེན་ནས་གྲངས་ངེས་པ་ཅན་དུ་ཡང་འཇོག་པ་ཡིན་ནོ། །དང་པོ་འདི་ལ་ངག་གི་གཉེན་པོར་ཆེ་བ་ཕོ་མོ་ཕན་ཚུན་བལྟས་པས་ཚིམ་པའི་འདོད་ཆགས་ནི། གཞན་འཕྲུལ་དབང་བྱེད་པ་ལ་གནས་པ་སྟེ། དཀྱིལ་འཁོར་གང་ལ་བརྟེན་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བ་བུམ་པའི་དབང་སྟེ། ལྷ་དང་གཞལ་ཡས་ཁང་དང་སློབ་དཔོན་གྱི་དེ་ཁོ་ན་ཉིད་བསྟན་པ་སོགས་བུམ་པའི་དབང་དངོས་གཞི་ཡན་ལག་དང་བཅས་པ་བསྐུར་བས། སྒྲིབ་པ་གང་འདག་ན་གཙོ་བོར་ལུས་ཀྱི་སྒྲིབ་པ་དང༌། ལས་ཀྱི་སྒྲིབ་པ་དང༌། གནས་སྐབས་བཞི་ལས་སད་པའི་སྣང་བ་རགས་པ་དང་བཅས་པ་དང༌། ལུས་ཀྱི་ཐིག་ལེའི་སྒྲིབ་པ་འདག །ཕུང་པོའི་བདུད་འཇོམས་པའོ། །ལམ་གང་བསྒོམ་པ་ལ་དབང་ན་སྣོད་བཅུད་བརྟན་པ་དང་གཡོ་བའི་རང་བཞིན་དུ་སྣང་བས་བསྡུས་པའི་ཕུང་པོ་ལྔ་དང༌། ཁམས་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་ཀུན་ཕུང་ཁམས་གཤེགས་པ་གཤེགས་མའི་གདན། ཕྱི་ནང་སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། ཡན་ལག་གམ་ལུས་ཀྱི་དབང་ཡུལ་རེག་བྱ་ཁྲོ་བོ་ཁྲོ་མོའི་གདན་ཏེ། གདན་གསུམ་ཚང་བའི་དཀྱིལ་འཁོར་གཅིག་ཏུ་གཟུགས་སྣང་སྟོང༌། སྒྲ་གྲགས་སྟོང༌། སེམས་རིག་སྟོང་ཟུང་འཇུག་གི་རྣམ་རོལ་དུ་ཤར་ཏེ་བསྐྱེད་རིམ་བསྒོམ་པ་ལ་དབང་བ་ཡིན་ནོ། །ལྟ་བ་གང་རྟོགས་ན་སྣང་བ་ལྷའི་དཀྱིལ་འཁོར་དུ་གསལ་བ་བསྐྱེད་རིམ་དང༌། རང་བཞིན་ཞེན་སྣང་དང་བྲལ་བ་སྟོང་པའི་ངོ་བོ་རྫོགས་རིམ་དང༌། དེ་གཉིས་ལ་ཆེད་དུ་རྩོལ་མི་དགོས་པར་ལྷུན་གྲུབ་བསྐྱེད་རྫོགས་ཟུང་འཇུག་སྟེ་ངོ་བོ་ཉིད་གསུམ་གྱི་རང་བཞིན་དུ་རྟོགས་པའོ། །གྲུབ་མཐའ་གང་གི་རྗེས་སྙོགས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་རྟོགས་པ་ཡིན་ལ། སྐབས་འདིར་གྲུབ་མཐའ་མ་སྙོགས་ཚེ་འདའ་ཀ་མའི་མན་ངག་གང་ཡིན་ན་རྣམ་ཤེས་འོད་ཀྱི་ཐིག་ལེར་དམིགས་ནས་འཕོ་བ་སྟེ་གོང་བུ་ཕཊ་དང་ཧིཀ་སོགས་སྒྲ་ཡིས་འཕོ་ལ། འབྲས་བུ་གང་ཐོབ་ན་རྩ་ཡི་མ་དག་པའི་འགྲོས་བར་མ་ཆད་པར་ཡོད་པ་དེ་ཉིད་དག་པ་ཡེ་ཤེས་ཀྱི་ངང་དུ་ཐིམ་སྟེ་དག་ནས་བསྐྱེད་རིམ་གྱི་འབྲས་བུ་སྔར་ཇི་ལྟར་གོམས་པ་དེའི་སྤྲུལ་པའི་སྐུ་ཡི་རྣམ་རོལ་ནམ་མཁའ་ཁྱབ་པར་སྣང་ཡང༌། སྐུ་ཡི་ངོ་བོ་རྡོ་རྗེ་ལྟར་འཕོ་འགྱུར་བྲལ་བའི་འདུས་མ་བྱས་མངོན་དུ་གྱུར་པའོ། །བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་དབང་གང་བསྐུར་ན་གསང་དབང་བསྐུར། གང་གི་གཉེན་པོར་ཆེ་ན་དགོད་པས་ཚིམ་ལ་འཕྲུལ་དགའི་འདོད་ཆགས་ཀྱི་གཉེན་པོ་དང༌། སྒྲིབ་པ་གང་དག་ན་རྫུན་སོགས་ངག་གི་སྒྲིབ་པ་སྦྱངས། ཉོན་མོངས་པའི་སྒྲིབ་པ་དང༌། གནས་སྐབས་བཞི་ལས་རྨི་ལམ་དང༌། དེའི་སྣང་བ་ཕྲ་བ་དང་བཅས་པ་དང༌། བརྗོད་འདོད་ཀྱི་རྩ་བ་ངག་གི་ཐིག་ལེའི་སྒྲིབ་པ་འདག །ཉོན་མོངས་པའི་བདུད་འཇོམས་པའོ། །ལམ་གང་བསྒོམ་པ་ལ་དབང་ན། བདག་ཉིད་རྩོལ་བས་རྩ་ཐིག་རླུང་གསུམ་ལས་སུ་རུང་ཞིང་ཡེ་ཤེས་ཁྱད་པར་ཅན་གྱི་ངོ་བོར་བྱིན་རློབས་པའི་ལམ་གཏུམ་མོའི་མན་ངག་གིས་རྩ་རླུང་གི་བྱེད་པ་བཅིང་བ་དང་འབར་འཛག་གི་དམིགས་པ་སོགས་ལ་བརྟེན་ནས་གཟུང་འཛིན་གྱི་རླུང་རོ་རྐྱང་གི་ལམ་བརྒྱུད་ནས་དབུ་མར་འཛུད་པའི་ཐབས་རྒྱུད་དང་མན་ངག་སོ་སོ་ལྟར་རོ། །ལྟ་བ་གང་རྟོགས་ན་རང་བྱུང་ཡེ་ཤེས་རྟོགས་པ། ཉོན་མོངས་སྔར་བས་རགས་པ་ཉོན་མོངས་རྩ་འཁོར་དུ་ཆུད་པ་ཉོན་མོངས་རང་བྱུང་ཡེ་ཤེས། རླུང་སེམས་དབུ་མར་ཚུད་པའི་རྣམ་རྟོག་རགས་པ་ནི་རྣམ་རྟོག་རང་བྱུང་ཡེ་ཤེས། རྩ་འཁོར་དུ་རླུང་ཚུད་པ་སྔར་བས་རྨོངས་པ་སྣྲེལ་ཞི་རང་བྱུང་ཡེ་ཤེས། རིག་པ་གསལ་དྭངས་སྔར་བས་ཆེ་བ་ཡངས་པ་རང་བྱུང་ཡེ་ཤེས་སོ། །གྲུབ་མཐའ་གང་སྙོགས་ན། ངག་དག་པ་ཨཱ་ལི་ཀཱ་ལི་ལ་རང་དབང་ཐོབ་ནས་འགྲོ་དྲུག་གི་སྒྲ་སྐད་ཆེ་ཆུང་བཟང་ངན་ཐམས་ཅད་མ་འདྲེས་པར་སངས་རྒྱས་ཀྱི་གསུང་རྣམ་པར་དག་པའི་རང་བཞིན་དུ་ཡོངས་སུ་རྫོགས་ཤིང་རྟོགས་པའོ། །འདའ་ཀ་མའི་མན་ངག་ནི། ཚེ་འདིར་གྲུབ་མཐའ་མ་སྙོགས་ན་འཆི་ཁའི་སྡུད་རིམ་གྱི་རྐྱེན་གྱིས་རླུང་ཐམས་ཅད་དབུ་མར་ཐིམ་པ་ལ་ཕྱོགས་པ་ན། སྔར་གྱི་ལྟ་བ་དེའི་ངང་མ་ཤོར་བར་མི་རྟོག་པའི་ཏིང་འཛིན་དཔེ་ཡི་འོད་གསལ་ཆེན་པོའི་ངང་དུ་འཕོ་བའོ། །འབྲས་བུ་གང་ཐོབ་ན། རྩ་ཁམས་ཀྱི་ཡི་གེ་རླུང་གིས་བསྐྱོད་ནས་རྣམ་རྟོག་ཡི་གེའི་རྣམ་པར་སྐྱེ་ཞིང་བརྗོད་པའི་སྒྲ་དང་སྣང་བ་དང༌། མ་དག་པའི་འགྲོས་འདུས་བྱས་པ་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་ནས། འདུས་མ་བྱས་པའི་རང་གདངས་འགག་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་གསུང་དབྱངས་ཡན་ལག་དྲུག་ཅུ་ལ་སོགས་པ་གསུང་གི་ཡོན་ཏན་ཐམས་ཅད་རིག་པའི་ངོ་བོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའི་གསུང་རྡོ་རྗེ་མངོན་དུ་གྱུར་པ་ཡིན་ནོ། །ཕུང་ཁམས་སོགས་གདན་གསུམ་ལྷ་ཡི་མངོན་རྟོགས་ཇི་བཞིན་ངོམ་ཞིང༌། རྒྱུད་ནས་གསུངས་པའི་མཚན་ཉིད་དང་ལྡན་པའི་མཛེས་མ་ཡི། གསང་བའི་དཀྱིལ་འཁོར་ལ་བརྟེན་ནས་དབང་གང་བསྐུར་ན། ཤེར་དབང་གིས་བསྐུར། གཉེན་པོ་གང་ལ་ཞེ་ན། ལག་བཅངས་ཚིམ་པ་དགའ་ལྡན་འདོད་ཆགས་སོགས་དག །སྒྲིབ་པ་གང་འདག་ན་ཡིད་ཀྱི་སྒྲིབ་པ་སྦྱངས་ཞིང༌། ཤེས་སྒྲིབ་རགས་པ་དང༌། གནས་སྐབས་བཞི་ལས་ཚོགས་དྲུག་སྣང་བ་དང་བཅས་པ་འགགས་པའི་གཉིད་འཐུག་གི་གནས་སྐབས་དང༌། ཡིད་འཛིན་པའི་ཐིག་ལེ་འདག །འཆི་བདག་གི་བདུད་བཅོམ། ལམ་གང་བསྒོམ་པ་ལ་དབང་ན། གཞན་ལུས་ཕོ་ཉ་ལ་བརྟེན་ནས་བྱང་སེམས་ཡས་འབབ་མས་བརྟན་གྱི་མཐར། ཐབས་སྣང་བའི་ཡེ་ཤེས་དང༌། ཤེས་རབ་མཆེད་པའི་ཡེ་ཤེས་དང༌། ཟུང་འཇུག་ཉེར་ཐོབ་ཀྱི་ཡེ་ཤེས་གསུམ་གྱིས་དྲངས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་ལ་དབང་བ་དང༌། ལྟ་བ་གང་རྟོགས་ན་བདེ་སྟོང་དགའ་བཞིའི་ཡེ་ཤེས་ཀྱི་ཁམས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཞུ་བདེའི་ཐབས་ལ་བརྟེན་ནས་འགྲུབ་པ་ཡིན་ནོ། །གྲུབ་མཐའ་གང་སྙོགས་ན། བདེ་སྟོང་དབྱེར་མེད་པའི་ལྟ་བ་དེའི་ངང་ལ་ཕྱག་རྒྱ་མ་བརྟེན་པའི་ཚེ་ནའང་རྟག་ཏུ་གནས་ཤིང་ཉམས་སུ་མྱོང་བ་དང༌། འདའ་ཀའི་མན་ངག་ནི། ཚེ་འདིར་གྲུབ་མཐའ་མ་སྙོགས་ནའང་འཆི་ཁའི་སྡུད་རིམ་གྱིས་རྐྱེན་བྱས་ནས་དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་ཁམས་ཀྱི་ཐིག་ལེ་ཀུན་རྫོབ་པ་རྣམས་ལྷན་ཅིག་ཏུ་ཚོགས་ཤིང་དབུ་མར་ཅུང་ཟད་ཞུགས་པའི་གནས་སྐབས་དེར། སྣང་ལ་མ་གྲུབ་པའི་ཡེ་ཤེས་རྡོ་རྗེ་སྟོང་པ་དང༌། སེམས་བདེ་བ་སྟེ་བདེ་སྟོང་གཞི་དུས་ཀྱི་འོད་གསལ་ངོ་འཕྲོད་ནས་གྲོལ་བ་སྟེ། དེ་ཡང་སྙིང་གའི་རྩ་མདུད་གྲོལ་བའི་སྟོབས་ཀྱིས་དཔེའི་ཡེ་ཤེས་ཤར་བ་དེ་ཉིད་གཞིའི་འོད་གསལ་དང་མ་བུ་འདྲེས་ནས་གྲོལ་བ་ཡིན་ནོ། །འབྲས་བུ་གང་ཐོབ་ན། མཐར་ཐུག་གྲོལ་བའི་ཚེ་རྩ་ཁམས་ཀྱི་དྭངས་མའི་ཐིག་ལེ་རླུང་གིས་འཕོ་བའི་འགྲོས་དབྱིངས་སམ་ཟུང་འཇུག་ངང་དུ་ཐིམ་སྟེ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐར་ཁྱབ་ཚད་ལས་འདས་ཤིང༌། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཟུང་འཇུག་ཐུགས་ཀྱི་རྡོ་རྗེ་སེམས་སེམས་བྱུང་གི་རྙོག་པ་ཞི་བའི་དྭངས་མ་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་རོ། །དཔེའི་འོད་གསལ་དེ་ནི་དོན་དམ་དུ་བྱང་ཆུབ་སེམས་ཀྱི་མྱུ་གུ་ལྟ་བུ་དེ་ལ་སློབ་བུ་རྣམས་མཉམ་པར་བཞག་པའི་དཀྱིལ་འཁོར་ལ་བརྟེན་ནས། ཡས་འབབ་མས་བརྟན་གྱི་བདེ་སྟོང་དགའ་བཞིའི་ཡེ་ཤེས་དབང་དོན་གསུམ་པའི་ངོ་བོ་ཉམས་སུ་མྱོང་ཞིང་རྫོགས་པ་ཆེན་པོའི་ངོ་བོར་སློབ་དཔོན་གྱིས་ཚིག་གིས་མཚོན་པའི་ངོ་སྤྲད་བདེ་བ་ཆེན་པོའི་དབང་ངམ་དབང་གི་དམ་ཚིག་གི་བཞི་པ་ཡིན་ལ། གཉེན་པོ་འཐབ་བྲལ་མན་ཆད་འཁྱུད་སྦྱོར་འདོད་ཆགས་དང༌། སྒྲིབ་པ་སྒོ་གསུམ་ཕྲ་བའི་སྒྲིབ་པ་དག་སྟེ་དེ་ཡང་སྒོ་གསུམ་ཐ་དད་དུ་འཛིན་པ་སྤྱོང་ཞིང་ཤེས་སྒྲིབ་ཆེས་ཕྲ་བ་འཕོ་བའི་བག་ཆགས་ཆ་དང་བཅས་པ་དང༌། གནས་སྐབས་བཞི་ལས་སྙོམས་འཇུག་གི་གནས་སྐབས་དང༌། སྒོ་གསུམ་ཕྲ་བའི་བག་ཆགས་འཛིན་པའི་ཐིག་ལེའི་སྒྲིབ་པ་རྣམས་འདག །ལྷའི་བུའི་བདུད་འཇོམས་པའོ། །ལྟ་བ་སྤྲོས་པ་དང་བྲལ་བའི་སྟོང་པའི་ཐིག་ལེ་རང་བཞིན་གསལ་བ་རིག་པའི་གདངས་མ་འགགས་པ་ལས། ཐུགས་རྗེའི་རོལ་པ་སྐུ་དང་ཡེ་ཤེས་སུ་འཆར་བའི་སྙིང་པོ་ཅན་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་རྟོགས་སོ། །ལམ་གང་བསྒོམ་པ་ལ་དབང་ན། འོད་གསལ་ཕྱག་རྒྱ་ཆེན་པོའམ་རིག་སྟོང་རྫོགས་པ་ཆེན་པོ་ལ་དབང༌། དེ་ཡང་ནང་རྒྱུད་ཐུན་མོང་ལྟར་ན་རྫོགས་རིམ་བསྒོམ་པའི་སྐལ་ལྡན་དུ་བྱས། ཐེག་རྩེའི་བྱེ་བྲག་ཐོབ་ན་ཀ་དག་ཁྲེགས་ཆོད་དང༌། ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཐུན་མིན་ལ་དབང་བ་ཡིན་ནོ། །གྲུབ་མཐའ་གང་སྙོགས་ན། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བདེ་སྟོང་ཕྱག་རྒྱ་ཆེན་པོ་རྟོགས་པ་ཡིན་ཏེ་བླང་དོར་མེད་པའི་རྟོགས་པའོ། །འདའ་ཀའི་མན་ངག་ནི། གསང་ཆེན་ཕྱག་རྒྱ་ཆེན་པོ་སྔར་གྱི་ལྟ་བ་དེའི་ངང་འཕོ་བ་ཡིན་ལ། འབྲས་བུ་གང་ཐོབ་ན། སྙིང་པོ་ཡེ་ཤེས་རླུང་གི་འགྲོས་ཐིམ་ཞེས་ཡེ་ཤེས་ཀྱི་རླུང༌། ལས་རླུང་གིས་བསླད་པའི་ཆ་ཤིན་ཏུ་ཕྲ་བ་དང་བཅས་པ་ཐམས་ཅད་དག་ནས་མངོན་དུ་གྱུར་ཏེ་ཡེ་ཤེས་རྡོ་རྗེ་མཁའ་ཁྱབ་དབྱིངས་ཀྱི་རང་བཞིན་ཟུང་དུ་འཇུག་པའི་ངོ་བོ་ཉིད་སྐུ་ཐོབ་པའོ། །དབང་ཞེས་པའི་སྐད་དོད་སྒྲ་དོན་དང་སྦྱར་ན། དྲི་མ་འཁྲུད་པ་དང་ནུས་པ་འཇོག་པ་གཉིས་ལ་འཇུག་སྟེ་ཨ་བྷི་ཥིཉྩ་ཞེས་པའི་སྒྲས་ཡེ་ཤེས་ལ་སྒྲིབ་པའི་གློ་བུར་བའི་དྲི་མ་ཐམས་ཅད། དབང་ཐོབ་པ་ཙམ་གྱིས་སྐལ་བ་དང་ལྡན་པར་བྱེད་དེ་གཏོར་བའི་དོན་སྟོན་པ་དང༌། ཥེ་ཀ་ཏ་ཞེས་པའི་སྒྲས། སྐལ་བ་བླུགས་པ་སྟེ་ཆོས་ཉིད་ལ་སྐུ་བཞིའི་ཡོན་ཏན་རང་ཆས་སུ་ཡོད་པ་དེ། དབང་རང་རང་གི་ལམ་གྱིས་སྒྲིབ་པ་བསལ་ནས་ལམ་བསྒོམ་རུང་དང་ཡོན་ཏན་སྐྱེ་རུང༌། རྒྱུ་སྒྲིབ་པ་སྤང་བར་དབང་བ་དང༌། ཡོན་ཏན་ཐམས་ཅད་ཐོབ་པར་དབང་བ་སྟེ་དེ་ལྟར་རྣམ་པ་གཉིས་སུ་གྲུབ་བོ། །དབང་བཞིའི་ངོ་བོ་མཆོག་གི་ཡོན་ཏན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་རང་ལ་ལྷན་སྐྱེས་སྨན་གྱི་རོ་ནུས་དང་དྲི་དང་ཞུ་རྗེས་ལྟར་གནས་པ་ཡིན་ཏེ། དེ་ཡང་ཁམས་དྲུག་གི་ནང་ནས་སེམས་ནི་མིང་བཞིའི་ཕུང་པོ་ཅན་ཡེ་ཤེས་ཀྱི་རྟེན་དང༌། ཕུང་པོ་ལྔའི་རྟེན་འབྱུང་ལྔ། འབྱུང་བའི་རྟེན་རྩ་དང༌། རྩའི་བརྟེན་པ་སྲོག་གི་རླུང༌། རླུང་གི་བརྟེན་པ་བྱང་སེམས་ཡིན་པས་དབང་བཞིའི་མཚུངས་ལྡན་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་རང་ལ་ལྡན་ཞིང༌། དེ་ཐམས་ཅད་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་དབང་བཞིའི་ཡོན་ཏན་འབྱོར་པ་དེ་ནི། རྒྱུ་ཡི་དབང་ཞེས་བྱ་བ་ཡིན་ཏེ། དེ་ལྟར་རྒྱུ་དབང་རང་ལ་གནས་པ་དེ་ཉིད་མངོན་དུ་བྱེད་པའི་ཐབས་སུ། སློབ་དཔོན་མཚན་ཉིད་དང་ལྡན་པ་ཉིད་ཀྱིས་སྦྱོར་དངོས་རྗེས་གསུམ་གྱི་ཆོ་གས་བསྐུར་བ་དང༌། དེ་ལས་གཞན་བདག་འཇུག་བླ་མའི་རྣལ་འབྱོར་ཟབ་མོའི་དབང་བཞི་དང༌། བྱིན་རླབས་འཕོ་བའི་རྒྱུན་ལ་རང་གི་དམིགས་པས་ཡང་ཡང་འདྲིས་ཤིང་གོམས་པར་བྱེད་པ་ལམ་གྱི་དབང༌། རྒྱུ་མཚན་ཉིད་ཐེག་པའི་སྐབས་སུ་སློབ་ལམ་མཐར་ཕྱིན་ནས་ས་བཅུའི་རྒྱུན་མཐའི་དུས་སུ་འོད་ཟེར་ཆེན་པོའི་དབང་ཐོབ་པར་བཤད་པ་བཞིན་དུ། རང་སེམས་ལ་ཡེ་ནས་ལྡན་པའི་དབང་དེའི་གློ་བུར་དྲི་མ་རྣམས་ལམ་དུས་ཀྱི་དབང་དང་བསྐྱེད་རྫོགས་རྣམས་ཀྱིས་སྦྱངས་ནས་སྐུ་བཞིར་མངོན་དུ་སྨིན་པ་ནི་འབྲས་བུའི་དབང་ཞེས་བྱའོ། །དེ་ལྟར་དབང་བཞི་མཐའ་བརྟེན་བཅས་རྫོགས་ཚེ་རིག་འཛིན་སྡོམ་པ་ཡང་མཉམ་དུ་ཐོབ་པ་ཡིན་ནོ། །ཐོབ་པའི་ཕན་ཡོན་ནི། དབང་ཐོབ་པའི་སྐྱེས་བུའི་རྒྱུད་ནི་དཔེར་ན་ཞིང་ས་ལ་གཤོལ་སོགས་ཀྱིས་ཐ་བའི་སྐྱོན་སྦྱངས་པའི་ཞིང་སར་ས་བོན་བཞག་པ་ཇི་བཞིན་དུ། སྔར་གྱི་ཡོན་ཏན་སྐྱེ་མི་རུང་བ་ལེགས་པར་སྦྱངས་ཏེ་སྐུ་བཞི་སྨིན་རུང་དུ་བྱས་པའི་དབང་སོ་སོའི་བསྐྱེད་རྫོགས་ལ་གཞོལ་བའི་རྐྱེན་དང་འཛོམ་ན་སྐད་ཅིག་རེ་རེ་བཞིན་སྒོ་གསུམ་དང་ཐ་དད་དུ་འཛིན་པ་སྟེ་བཞི་དང༌། ལས་དང་ཉོན་མོངས་ཤེས་བྱ་བག་ཆགས་ཏེ་གནས་སྐབས་ཀྱི་སྒྲིབ་པ་བཞི་རིམ་གྱིས་དག་སྟེ་སློབ་བཞིའི་བྱང་ཕྱོགས་སོ་བདུན། ཕར་ཕྱིན་བཅུ་ཚོགས་གཉིས་སོགས་རིམ་གྱིས་གོང་དུ་འཕེལ་ཏེ་རྡོ་རྗེ་བཞི་དང༌། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་མངོན་དུ་བྱེད་དོ། །གཉིས་པ་རང་བཞིན་ཡེ་ནས་དག་པའི་ལམ་ལ་བསྐྱེད་རྫོགས་རྣམ་པ་གཉིས་ལས། དང་པོ་བསྐྱེད་རིམ་ལམ་དུ་བྱེད་ཐབས་ཡིན་པས་མི་དང་དུད་འགྲོ་ལ་སྐྱེ་གནས་བཞི་ཀ་སྲིད་ཅིང༌། བྱང་སེམས་དང་ལྷ་དང་དམྱལ་བ་བར་དོ་རྣམས་རྫུས་སྐྱེས། ཡི་དྭགས་ལ་མངལ་རྫུས་གཉིས་ཏེ་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱང་ཕྱིར། མངལ་སྐྱེས། རྫུས་སྐྱེས། སྒོང་སྐྱེས། དྲོད་སྐྱེས་ཏེ་སྐྱེ་གནས་བཞི་པོ་དེ་དང་མཐུན་པར་བསྐྱེད་རིམ་རྣམ་པ་བཞི་སྟོན་པ་ཡིན་ནོ། །ཇི་ལྟར་བསྐྱེད་ཚུལ་འཆི་སྲིད་དང་མཚུངས་པའི་སྟོང་ཉིད། བར་སྲིད་དང་མཚུངས་པའི་སྙིང་རྗེ། དྲི་ཟ་ཉེ་བར་ལེན་པའི་ཤེས་པ་དང་མཚུངས་པའི་ས་བོན་དབང་པོ་ཡོངས་སུ་རྫོགས་ནས་སྐྱེ་བ་སོགས་དང་མཚུངས་པའི་ལྷ་ཡོངས་རྫོགས་བསྒོམ་པ་དང༌། དེ་ཡང་སྐྱེ་གནས་བཞི་པོ་རང་རང་སྦྱོང་བྱེད་ཀྱི་གཉེན་པོ་བསྒོམ་པ་སོགས་འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང༌། སྐྱེ་གནས་བཞི་སོགས་རྣམ་པ་དང་མཐུན་པར་བསྒོམ་པས། བསྐྱེད་ཚུལ་བཞི་པོ་རེ་རེ་ལའང་སྒོ་གསུམ་གྱི་འཇུག་པའི་སྒོ་ཡི་སྣང་ཞེན་དང༌། རིགས་དྲུག་གི་སྐྱེ་གནས་ཀྱི་བག་ཆགས་ཀུན་སྦྱོང་བྱེད་དུ་འགྱུར་བས། ལུས་སྣང་བ་འདོད་སྲིད། ངག་ཕྱེད་སྣང་གཟུགས་ཀྱི་སྲིད་པ། ཡིད་མི་སྣང་བ་གཟུགས་མེད་པའི་སྲིད་པ་སྟེ་སྲིད་པ་གསུམ་གྱི་སྒོ་གསུམ་པོའི་བག་ཆགས་ཕྱི་རོལ་དུ་སྣང་བའི་ཁམས་གསུམ་པོའི་སྣང་ཞེན་མ་ལུས་པ་སྦྱང་ཞིང་དག་པར་འགྱུར་བ་དང༌། ཡང་མྱ་ངན་ལས་འདས་པ་དང་བཞུགས་ཚུལ་མཐུན་པ་ཡི། ཏིང་ངེ་འཛིན་རྣམ་གསུམ་པོ་སྐུ་གསུམ་དང་འདྲ་བ་ལམ་དུ་བྱེད་པ་དང༌། ཞིང་དང་གཞལ་ཡས་ཁང་མཚན་དཔེ་འོད་ཟེར་སོགས་ལྷ་ཡི་རྣམ་པ་ལམ་དུ་བྱས་ཤིང་བསྒོམ་པས་འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་གཞི་ལ་ཡེ་ནས་གནས་པ་ཡོངས་སུ་རྫོགས་ཤིང༌། མངོན་དུ་སད་རུང་གི་ནུས་པ་ཁྱད་པར་ཅན་གསོས་ཐེབས་པ་དང༌། དེ་ལྟར་དག་རྫོགས་གཉིས་ཀ་ཚང་བ་དེའང་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་བརྒྱུད་ནས་གནད་དུ་བསྣུན་པའི་ཐབས་ཡིན་པ་དང༌། སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོའི་གནས་ལུགས་དང་མཐུན་པར་བསྒོམ་པ་ཡིན་པས། དེ་ལྟ་བུའི་བསྐྱེད་རིམ་བརྟན་ནས་རྫོགས་པའི་རིམ་པ་རྣམས་བསྒོམ་ན། དེའི་ཡེ་ཤེས་དཔེ་དང་དོན་གྱི་འོད་གསལ་སྐྱེ་མ་རག་པར་འགྱུར་བས་རིམ་པ་གཉིས་པའི་སྨིན་བྱེད་དུ་འགྲོ་བའི་ཕྱིར་ན། དག་རྫོགས་སྨིན་གསུམ་འདི་ནང་རྒྱུད་བསྐྱེད་རིམ་སྤྱི་ལ་གཅེས་པའི་གལ་པོ་ཆེ་ཡིན་ནོ། །འཁོར་བའི་རྣམ་པ་གྲུབ་ཚུལ་ཇི་ལྟར་ན་སྤྲོས་པ་ཅན་སྒོང་སྐྱེས་བྱ་མ་དང་སྒོ་ང་སྟེ་ལན་གཉིས་སྐྱེ་བ་ལྟར། བདག་སྲས་དང་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད་ཚུལ་འདི་གཉིས་ལས་དང་པོ་པར་བསྔགས་སོ། །བདག་གི་སེམས་ཉིད་བདེ་གཤེགས་སྙིང་པོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཕྲོ་གཞིར་གནས་པ་དེ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། དེའི་སྲས་སུ་གཞན་དེ་བཞིན་གཤེགས་པ་རྣམས་བསྐྲུན་ཏེ་འཁོར་དུ་བཀོད་པར་བྱ་བའི་དོན་གྱིས་ཡིན་ཏེ། འདི་ལ་ལྔ་སྟེ། རྣམ་སྨིན་གྱི་རང་ལུས་སོགས་ཆོས་ཐམས་ཅད་སྟོང་ཉིད་དུ་སྦྱང་བ་སོགས་ཏིང་ངེ་འཛིན་གསུམ་གྱི་མན་ངག་ལ་བརྟེན་ནས་རང་གི་རིག་པའི་ངོ་བོ་ས་བོན་ཡིག་འབྲུའི་རྣམ་པར་བསྒོམས་པ་ལས་བྱུང་བའི་ས་བོན་རྣམས་སྤྲོས་ཏེ་འབྱུང་བ་རིམ་བརྩེགས་བསྒོམ། བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་འཕྲོས་པ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་ནས། དབུས་ཀྱི་གདན་སྟེང་དུ་ས་བོན་གྱི་ཡི་གེ་བབས་པ་ཡོངས་སུ་གྱུར་པ་ལས་ནི། རྒྱུ་ཡི་ཧེ་རུ་ཀ་ཞལ་གཅིག་སྐུ་མདོག་སོགས་གཙོ་བོ་བསྐྱེད་པ་དང༌། ཡབ་ཡུམ་མཉམ་པར་སྦྱོར་བའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀུག་ནས་ཡབ་ཀྱི་སྤྱི་བོ་ནས་ཞུགས། ཡུམ་གྱི་མཁར་བསྟིམ་པ་དང༌། ཡང་འོད་ཟེར་གྱིས་སེམས་ཅན་བཀུག་ནས་སྒྲིབ་པ་སྦྱོང་ཞིང་མཁར་བསྟིམ་པར་བྱ་བ་དང༌། དེ་ནས་འཁོར་འདས་ཀུན་གྱི་སྤྱི་དཔལ་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ལ་ཆེ་བའི་ང་རྒྱལ་བསྐྱེད་པ་དང༌། ལྷ་ཚོགས་ཐམས་ཅད་མཁའ་གསང་ནས་བཏོན་ནས་སོ་སོའི་གདན་ལ་འགོད་པར་བྱེད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ཞེས་པ་འདིའི་དོན་བདག་སྲས་ཀྱི་སྐབས་སུ་གཞན་དེ་བཞིན་གཤེགས་པ་ཐམས་ཅད་རང་ལ་བསྟིམ་ནས། མངལ་འབྱིན་གྱི་སྒོ་ནས་སྲས་ཀྱི་རྣམ་པར་འཁོར་དུ་བཀོད་པ་དེ་རྣམས་གཙོ་བོའི་ཐུགས་སུ་གྱུར་ནས་བདག་གི་རྟོག་ཚོགས་ཡི་གེའི་རྣམ་པར་ཡོད་པ་མཁའ་རུ་ཕབ་སྟེ། སྲས་སུ་བསྐྲུན་ནས་འཁོར་དུ་བཀོད་པའི་དོན་འདི་ལ་རྣམ་པ་བརྒྱད་ཡོད་དེ་དཔེར་ན་སྒོང་སྐྱེས་དང་པོ་སྒོ་ང་སྨིན་པ་དེ་དང༌། དེ་ནས་སྒོང་ཁྱིམ་བརྡོལ་ནས་དབང་པོ་ཡན་ལག་ཡོངས་སུ་རྫོགས་པ་དེར་འགྱུར་བ་བཞིན་དུ། གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེའི་གོང་བུ་ས་བོན་ཕྱག་མཚན་གྱིས་མཚན་པར་གྱུར་པ་དང༌། དེ་ཉིད་ཡོངས་སུ་གྱུར་པ་ལས། འབྲས་བུ་ཧེ་རུ་ཀ་ཡབ་ཡུམ་དབུ་དགུ་ཕྱག་བཅོ་བརྒྱད་སོགས་གང་རུང་སྐྱེ་མཆེད་རྫོགས་པ་བསྐྱེད་པ་དང༌། དེའི་ཚེ་ཡབ་ཀྱི་རྟོག་པ་ཐམས་ཅད་ཡི་གེའི་ངོ་བོར་གྱུར་ནས་སྲས་འདོན་གྱི་ནུས་པ་མེད་པར་བསམ་པ་དང༌། ཡུམ་ལས་འོད་ཟེར་འཕྲོས་པས་བསྐུལ་ཏེ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྲས་བསྐྱེད་པའི་དོན་དུ་གསོལ་བ་གདབ་པ་དང༌། དེ་ནས་འཁོར་གྱི་རྟོགས་པ་མངོན་གྱུར་གྱི་བདེ་གཤེགས་ལྷ་ཚོགས་ཀུན་ཀྱང་རང་ཉིད་གཙོ་བོར་ཡོད་པ་དེའི་ཐུགས་ཀར་བསྟིམ་སྟེ་ཐུགས་སུ་གྱུར་ནས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཡེ་ཤེས་ཆེན་པོའི་བདག་ཉིད་ངའོ་ཞེས་ང་རྒྱལ་བཟུང་བ་དང༌། དེ་ནས་གསང་བ་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ནས་མཁའ་རུ་བྱང་ཆུབ་སེམས་ཀྱི་འོད་ཟེར་ལན་གསུམ་ཕབ་པའི་དང་པོས་ཐིག་གདབ། གཉིས་པས་རྟེན་གྱི་དཀྱིལ་འཁོར་གཞས་ཡས་ཁང་བཅས་པ་བསྐྱེད་པ་དང༌། གསུམ་པས་རྟོག་པ་ཞེ་གཉིས་ཡི་གེའི་ངོ་བོར་ཡོད་པ་རྣམས་ཡོངས་སུ་གྱུར་པས་གཙོ་འཁོར་ལྷ་ཚོགས་ཡོངས་སུ་རྫོགས་པར་གསལ་ཏེ་མཁའ་གསང་ནས་ཕྱིར་གདོན་པ་དང༌། བདག་གི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ཏེ་ལྕགས་ཀྱུ་མས་དབྱིངས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྟེན་ལ་རེག་ཙམ་གྱིས་བསྐུལ་ཏེ། ཞགས་པ་མས་གནས་ནས་བསྐྱོད་ལ་སྤྱན་དྲངས་ནས། ལྕགས་སྒྲོག་མས་དཀྱིལ་འཁོར་དུ་བསྟིམ་ལ། དྲིལ་བུས་དགྱེས་པ་བསྐྱེད་པ་ཡི་སྒོ་ནས་དམ་ཡེ་དབྱེར་མེད་དུ་བརྟན་པར་བཅིངས་པ་དང༌། གནས་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་གདབ་པར་བྱས་ཏེ་འཁོར་རྣམས་སོ་སོའི་གདན་དུ་འཁོད། གཙོ་བོ་འབྲས་བུའི་ཧེ་རུ་ཀ་ལ་བསྟིམ། གཞལ་ཡས་ཁང་གཞལ་ཡས་ཁང་ལ། གདན་རྣམས་སོ་སོ་ལ་བསྟིམ་པའོ། །སྒོང་སྐྱེས་ལན་གཉིས་སྐྱེ་བ་ལྟར་བསྡུ་ན་ཐོག་མར་རང་ཉིད་གཉུག་མའི་ལྷར་གསལ་བས། མདུན་གྱི་ནམ་མཁར་གང་བསྒོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་བརྟེན་པ་ཐམས་ཅད་གསལ་གདབ་པ་དང༌། རང་གི་ཐུགས་ཀ་ནས་དཀྱིལ་འཁོར་སྤྲོ་བ་དང༌། དབྱིངས་ནས་སྤྱན་དྲངས་ཤིང་མདུན་མཁར་བཞུགས་པར་དམིགས་པ་སྟེ་གསུམ་གང་རུང་གི་མདུན་དུ་རྒྱུན་བཤགས་ཡན་ལག་བདུན་པའམ་བརྒྱད་པ་བཅུ་པ་གང་རུང་བྱ། མཐར་བདག་དང་ཚོགས་ཞིང་གཉིས་ཀ་མི་དམིགས་པའི་ངང་ནས་སླར་ཡང་ལྷ་སོ་སོའི་དཀྱིལ་འཁོར་མངོན་རྟོགས་སྐྱེ་གནས་གང་སྦྱོང་བའི་ཆོ་ག་ཡིན་ཀྱང་དེ་ཇི་ལྟ་བ་བཞིན་སྒོམ་པར་བྱེད་པའོ། །སྤྱིར་བསྐྱེད་ཚུལ་གཅིག་གིས་སྐྱེ་གནས་བཞི་ཀ་སྦྱོང་མོད་ཀྱང༌། གཙོ་ཆེར་རང་རང་གི་བག་ཆགས་སྦྱོང་བས་ན་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་ཕྱིར་དེ་དང་མཐུན་པར་མངོན་བྱང་བཞི་ཡི་སྒོ་ནས་བསྐྱེད་པའམ། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དམ། མངོན་བྱང་ལྔ་བསྐྱེད་དེ་གསུམ་ལས། དང་པོ་བཞི་བསྐྱེད་ནི་ཁྲག་འཐུང་གལ་པོའི་དགོངས་པ་ལྟར་བཤད་པ་སྟེ། གལ་པོ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེར་འགོད། །ཅེས་པས། དང་པོ་སྦྱང་བྱའམ་དག་བྱ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཐམས་ཅད་འཁྲུལ་སྟོབས་ཀྱིས་ནུབ་པའི་འཆི་སྲིད་དང༌། སླར་ཡང་ལས་རླུང་མཆེད་པའི་སྟོབས་ཀྱིས་བར་དོར་སྣང་བ་ཡད་ཡུད་དུ་འབྱུང་བ་དང་བཅས་པ་དག་པའི་ཕྱིར། སྤྲོས་བྲལ་སྟོང་ཉིད་ཀྱི་ངང་སྙིང་རྗེ་སྒྱུ་མ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པས་ཆོས་སྐུ་དང་ལོངས་སྐུ་གཉིས་གཞི་ལ་རྫོགས། འོད་གསལ་དང་སྒྱུ་ལུས་གཉིས་ཀྱིས་སྨིན་བྱེད་དུ་འགྱུར་རོ། །དྲི་ཟ་ཉེ་བར་ལེན་པ་བར་དོའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ཏེ་འདྲེས་པའི་ཆ་ནི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཡེ་ཤེས་ལྷ་ཡི་ས་བོན་ཧཱུྃ་ལ་སོགས་པ་ལམ་གྱིས་གསལ་བས་སྦྱང་ཞིང་དག །སྤྲུལ་སྐུ་གཞི་ལ་རྫོགས། དཔེའི་འོད་གསལ་ལས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །གསུང་རྡོ་རྗེའི་ས་བོན་གྱིས་སྦྱོང་ཚུལ་ནི། རྣམ་ཤེས་དེ་ཉིད་ཀྱང་ཁུ་བ་དང༌། རྡུལ་ཏེ་ཁྲག་དང༌། རླུང་དང་གསུམ་འདྲེས་པའི་ཆ་དེ་རླུང་གི་བྱེད་ལས་ཀྱིས་མེར་མེར་དང༌། ནུར་ནུར་གྱི་གནས་སྐབས་སུ་གྱུར་པ་དེ་ས་བོན་གྱི་ཡི་གེ་ཉིད་ལས་ཐུགས་རྡོ་རྗེ་ཕྱག་མཚན་སོགས་སུ་གྱུར་པས་སྦྱོང་ལ། དེ་ལས་ལྟར་ལྟར་དང་མཁྲང་གྱུར་དུ་སོང་བའི་གནས་སྐབས་ནི། ཡེ་ཤེས་རྡོ་རྗེ་ཕྱག་མཚན་དེ་འོད་གོང་དུ་གྱུར་པས་སྦྱོང་ཞིང༌། དེ་ནས་རིམ་གྱིས་བརྟས་ཏེ་ཁྱབ་འཇུག་ཉ་དང་རུས་སྦལ་གྱི་རྣམ་པ་དང༌། མིག་ལ་སོགས་པ་དབང་པོ་དང་ཡན་ལག་ཡོངས་སུ་རྫོགས་པའི་གནས་སྐབས་ནི། སྐུ་རྡོ་རྗེ་ལྷ་ཡི་རྣམ་པར་གྱུར་ནས་སྦྱོང་བའོ། །དེ་ལྟར་བསྒོམ་པས་ཟུང་འཇུག་ངོ་བོ་ཉིད་སྐུ་གཞི་ལ་རྫོགས། དོན་གྱི་འོད་གསལ་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །མངོན་བྱང་བཞི་པ་ནི། སྦྱང་བྱ་བཙས་ནས་དབང་པོ་ཡུལ་ལ་སད་དེ་སྣ་ཚོགས་སུ་འཛིན་པའི་དངོས་པོ་ལ་ལོངས་སྤྱོད་པའི་ཞེན་པ་དག །སྦྱོང་བྱེད་ལྷ་མངལ་འབྱིན་གྱི་ས་བོན་སྤྲོ་བའམ་གནས་གསུམ་ལ་སོགས་པར་ཡི་གེ་བཀོད་དེ་རྒྱས་གདབ་པ་ལའང་སྦྱར་དུ་རུང་བར་གསུངས་ལ། འདིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གཞི་ལ་རྫོགས། རྫོགས་རིམ་ཟུང་འཇུག་གི་ལྷ་སྐུར་ལྡང་ནས་འདོད་ཡོན་སྣང་བ་ཞེན་མེད་དུ་རོལ་པས་རིག་པའི་རྒྱན་དུ་འཆར་བའི་སྨིན་བྱེད་དུ་འགྱུར་རོ། །དེ་ནས་འཁོར་གྱི་ལྷ་ཚོགས་སྤྲོ་བ་སོགས་དངོས་གཞིའི་རིམ་པ་ལྷག་མ་དང་རྗེས་རྣམས་རང་རང་གི་གཞུང་ལྟར་རོ། །དེ་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཡིན་ལ། ས་བོན་ཡིག་འབྲུ་བསྒོམ་པ་གསུང་རྡོ་རྗེ་དང༌། ཐུགས་རྡོ་རྗེའི་ངོ་བོ་ཉིད་ནི། ཕྱག་མཚན་ཡིག་འབྲུས་མཚན་པ་ཉིད་དུ་སྦྱོར་བ་ལ་བཤད་དོ། །འདིའི་བསྒོམ་ཚུལ་ནི་ཏིང་འཛིན་གསུམ་ཡན་སྔོན་དུ་སོང་ནས། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རྡོ་རྗེ་སོགས་བསྒོམས་པས། མངལ་དུ་ཁམས་དཀར་དམར་ཚོགས་པ་ལ་དྲི་ཟའི་རྣམ་ཤེས་ཞུགས་པ་སྦྱོང༌། ཕྱག་མཚན་ཡི་གེར་གནས་འགྱུར་བའི་གསུང་ཨཱཿསོགས་ཡིག་འབྲུ་བསྒོམས་པས་ཁུ་ཁྲག་སེམས་གསུམ་འདྲེས་པའི་གནས་སྐབས་ལྔ་སྦྱོང༌། དེ་སྤྲོ་བསྡུས་སྐུ་ཡོངས་རྫོགས་བསྒོམ། དབང་པོ་དང་ཡན་ལག་ཐམས་ཅད་རྫོགས་པའི་གནས་སྐབས་སྦྱོང་བ་སྟེ། འདི་ལ་རྡོ་རྗེའི་ཆོ་ག་གསུམ་ཞེས་ཕ་རྒྱུད་སྤྱིའི་ལུགས་སོ། །དེ་ལ་མངལ་ཞུགས་ཀྱི་རིམ་པ་དང་ལམ་དང་འབྲས་བུའི་ཆོས་མཐུན་ཚུལ་བར་དོར་ལོངས་སྐུར་མི་ལྡང་བའམ་གཞན་དོན་སྤྲུལ་སྐུ་ལམ་འཁྱེར་བར་མ་དོ་ནས་སེམས་བསྐྱེད་དང་ལྡན་པས་ལུས་རྟེན་འཚོལ་བ་ཚོགས་ཀྱི་ལམ་དང༌། ཆོས་ལྡན་ལུས་རྟེན་ཐོབ་པའི་མངལ་སྒོ་བདམས་ནས་མའི་མངལ་དུ་རྣམ་ཤེས་ཧཱུྃ་ཡིག་ལ་སོགས་པར་འཇུག་པ་སྦྱོར་ལམ་སྟེ། ལྷུམས་སུ་ཞུགས་དུས་ཀྱི་ཁུ་བ་རྡུལ་རླུང་སེམས་འདྲེས་པའི་ཆ་སྟེ་བྱང་ཆུབ་ལྔ་པོ་མེར་ནུར་སོགས་གནས་སྐབས་ལྔའི་རིམ་པས་བྱེད་ལས་རང་རྒྱུད་པ་རྣམས་སྦྱོང་བ་མཐོང་སྒོམ་གྱི་ལམ་དང༌། དེའི་ཚེ་ཟླ་བ་བཅུའི་ཡུན་ནི་ས་བཅུ་དང་རབ་སྦྱར་ནས། བཙའ་བ་ན་ལྷག་པའི་ལྷ་གང་ཡིན་པ་ལྟར་བཞེངས་པ་མི་སློབ་པའི་ལམ་གྱུར་ནས། ཟུང་འཇུག་སྐྱེ་བ་སྤྲུལ་པའི་སྐུ་འགྲུབ་ཚུལ་ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེ་བ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་སོ། །དེ་ཡང་བར་དོར་ལུས་རྟེན་ཚོལ་བ་དང༌། ཚོགས་ལམ་དུ་ཐོས་བསམ་གྱིས་ལམ་ཡང་དག་ཚོལ་བ་གཉིས་མཚུངས་ཤིང༌། རྣམ་ཤེས་མངལ་ནས་ཕྱིར་མི་ལྡོག་པ་སྦྱོར་ལམ་རིགས་ངེས་པ་ཐོབ་པ་དང་མཚུངས། རྣམ་ཤེས་ཁུ་ཁྲག་སོགས་འདྲེས་པའི་མིང་གཟུགས་ཕུང་ལྔ་ཚོགས་པ་ཚང་བ་ནི། བདག་མེད་རྟོགས་པ་ཚང་བར་རྙེད་པ་དང་མཚུངས་པའོ། །མེར་ནུར་སོགས་གནས་སྐབས་ལྔའི་རིམ་པས་ཟླ་བཅུ་གོང་དུ་འཕེལ་བ་ནི། སྒོམ་ལམ་དུ་རྟོགས་པ་གོང་འཕེལ་གྱིས་རིམ་པས་ས་བཅུ་བགྲོད་པ་དང་མཚུངས། ལུས་ཡོངས་སུ་རྫོགས་ཏེ་བཙས་ནས་དབང་ཡུལ་ཚོགས་དྲུག་ལ་དབང་བསྒྱུར་བ་མི་སློབ་ལམ་དུ་རྟོགས་པ་ཡོངས་སུ་རྫོགས་ཏེ། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སད་དེ་གདུལ་བྱ་འགྲོ་དྲུག་གི་དོན་ལ་མངའ་དབང་བསྒྱུར་བ་དང་ཆོས་མཚུངས་པ་ཡིན་ནོ། །མངོན་བྱང་དང་པོ་རྣམ་སྣང་གི་ས་བོན་ཨཱ་ལི་སོགས་ཟླ་བའི་དཀྱིལ་འཁོར་དུ་མེ་ལོང་གི་གཟུགས་བརྙན་ལྟར་བསྒོམ་པ་ནི་རྣམ་པ་ལམ་བྱེད། མེ་ལོང་ཡེ་ཤེས་སུ་མོས་པ་ནི་མོས་པ། འབྲས་བུ་ཆོས་སྐུ། ཚོགས་གཉིས་བྱིན་རླབས་ལམ་བྱེད། སྦྱང་བྱ་གཟུགས་ཕུང༌། ས་ཁམས། ལུས། ཀུན་གཞིའི་རྣམ་ཤེས། གཏི་མུག །མངལ་སྐྱེས་ཀྱི་ཁུ་བ་སྦྱོང༌། དྲོད་གཤེར་སྐྱེས་ཀྱི་གཤེར་ཏེ་རླན་གྱི་ཆ་སྦྱོང༌། སྒོང་སྐྱེས་ཀྱི་ཕ་དང༌། རྫུས་སྐྱེས་ཀྱི་སྟོང་པའི་ཆ་རྣམས་སྦྱོང་བའོ། །དེ་བཞིན་དུ་མངོན་བྱང་གཉིས་པ་རིན་འབྱུང་གི་ངོ་བོ་ཀཱ་ལི་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དུ་བསྒོམ་པ་ཡང་རྣམ་པ་ལམ་བྱེད། མངོན་བྱང་དང་པོ་འདི་གཉིས་སྐབས་སུ་མཚན་བཟང་ས་བོན་ཨཱ་ལི་དང༌། དཔེ་བྱད་ཀྱི་ས་བོན་ཀཱ་ལིའི་ཕྲེང་བ་ཉིས་རིམ་རེ་ཟླ་ཉི་སོ་སོའི་ཁོང་སེང་དུ་བསྒོམ་པར་གསུངས། ཆོས་རྣམས་མཉམ་ཉིད་དུ་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་རྒྱུ་མོས་པ་ལམ་བྱེད། སེམས་ཅན་དང་སངས་རྒྱས་རོ་གཅིག་ཏུ་ཐུགས་སུ་ཆུད་པའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ནི་འབྲས་བུ་ལམ་བྱེད་དོ། །སྦྱང་བྱ་ཚོར་ཕུང་མེ་ཁམས་ངག་ཉོན་ཡིད་ང་རྒྱལ་མངལ་སྐྱེས་ཀྱི་རྡུལ་དང༌། དྲོད་གཤེར་སྐྱེས་ཀྱི་དྲོད། སྒོང་སྐྱེས་ཀྱི་མ་དང༌། རྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སྦྱོང་ངོ༌། །མངོན་བྱང་གསུམ་པ་འོད་དཔག་མེད་ཀྱི་ས་བོན་ཕྱག་མཚན་དང་བཅས་བསྒོམ་པ་རྣམ་པ་ལ་མ་བྱེད། ཆོས་ཀུན་མ་འདྲེས་པར་རྟོགས་པ་མོས་པ་ལམ་བྱེད། ཆོས་ཀུན་མ་བསྒྲིབས་པར་གསལ་མཁྱེན་སོ་སོར་རྟོགས་པ་འབྲས་བུ་ལམ་བྱེད་དོ། །སྦྱང་བྱ་འདུ་ཤེས་ཕུང་པོ། ཆུ་ཁམས། ཡིད། ཡིད་ཤེས། འདོད་ཆགས། མངལ་སྐྱེས་ཀྱི་ཁུ་རྡུལ་གཉིས་བར་རྣམ་ཤེས་ཞུགས་པ་དང༌། སྐྱེ་གནས་བཞི་པོའི་བར་དོའི་རྣམ་ཤེས་སྐྱེ་གནས་སུ་ཞུགས་པ་སྦྱོང་བའོ། །མངོན་བྱང་བཞི་པ་དོན་གྲུབ་ཀྱི་ངོ་བོ་ཟླ་ཉི་ཕྱག་མཚན་ཏེ་རྣམ་པ་གསུམ་པོ་གཅིག་ཏུ་འདྲེས་པར་བསྒོམ་པ་ནི་རྣམ་པ། དེའི་ངོ་བོ་ཡེ་ཤེས་སུ་མོས་པ། འབྲས་བུ་བྱ་གྲུབ་ཡེ་ཤེས། སྦྱང་བྱ་འདུ་བྱེད་ཕུང་པོ། །རླུང་ཁམས། སྒོ་གསུམ་གྱི་བྱ་བ་སྒོ་ལྔའི་རྣམ་ཤེས། ཕྲག་དོག་མངལ་སྐྱེས་དང་སྒོང་སྐྱེས་མཚོན་ཁུ་རྡུལ་སེམས་གསུམ་རོ་གཅིག་འདྲེས་པ་དང༌། དྲོད་གཤེར་སྐྱེས་ཀྱི་དྲོད་གཤེར་གཉིས་དང་རྣམ་ཤེས་དང༌། རྫུས་སྐྱེས་ཀྱི་གསལ་ལ་སྟོང་པའི་ཆ་ཙམ་དང༌། བར་སྲིད་རྣམ་ཤེས་འདྲེས་པའི་ཆ་རྣམས་སྦྱོང་བ་ཡིན་ནོ། །མངོན་བྱང་ལྔ་པ་མི་བསྐྱོད་པའི་ངོ་བོ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་རུ་བསྐྱེད་ཅིང་གྲུབ་པ་ནི་རྣམ་པ་ལམ་བྱེད་དང༌། ཡོན་ཏན་ཐམས་ཅད་ཆོས་དབྱིངས་སུ་མོས་པ། འབྲས་བུ་ཆོས་དབྱིངས་ཡེ་ཤེས། སྦྱང་བྱ་རྣམ་ཤེས་ཕུང་པོ་དང༌། མཁའ་ཁམས་དང༌། སྒོ་གསུམ་ཆ་མཉམ་བག་ཆགས་དང༌། ཚོགས་བརྒྱད་དུ་འཛིན་པའི་ཆ་དང༌། ཞེ་སྡང་དང༌། སྐྱེ་གནས་བཞི་པོའི་རང་རང་གི་ཡན་ལག་དང༌། ཉིང་ལག་དང༌། སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་ནས། རེག་པའི་ཡུལ་གཟུགས་སོགས་ལ་དབང་པོ་མངོན་སུམ་དུ་སད་པ་ཡི་འཁོར་བའི་འཁྲུལ་སྣང་གི་རྣམ་པ་ཆ་དང་བཅས་པ་སྦྱོང་བ་ཡིན་ནོ། །དེ་ལྟར་ཁམས་ལྔ་དང༌། ཕུང་པོ་ལྔ་དང༌། རྣམ་པར་ཤེས་པའི་ཚོགས་བརྒྱད་ཉོན་མོངས་དང་བཅས་པའི་ཚོགས་སྦྱང་ཞིང༌། གནས་སུ་དག་པ་གདན་གསུམ་ཚང་བའི་ལྷ་རུ་རྫོགས་པ་ནི། མཚན་དཔེའི་རང་བཞིན་ཕན་པ་རྒྱ་ཆེར་འགྲུབ་པའི་མྱ་ངན་ལས་འདས་པ་དང༌། ཡོན་ཏན་དང་ཡེ་ཤེས་མཐར་ཕྱིན་པའི་བཞུགས་ཚུལ་མཐུན་པ་ལམ་དུ་བྱེད་པའི་ཚུལ་ནི། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེར་གྱུར་པ་ལས། འཁོར་གྱི་ལྷ་མོས་ཞུ་བ་གླུས་བསྐུལ་ཏེ་སྒྲ་ཡི་རྐྱེན་གྱིས་འབྲས་བུའི་ཧེ་རུ་ཀར་བཞེངས་པ་དང༌། དོན་གཉིས་སྒྲུབ་པའི་ཕྲིན་ལས་སོགས་འཇུག་པ་ཉིད་དོ། །སྦྱང་བྱ་སྲིད་པའི་རང་བཞིན་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ་རྣམ་པར་དག་པ་རྒྱལ་བའི་བཞུགས་ཚུལ་དང་མཐུན་པའི་མོས་པ་ལམ་བྱེད་བསྒོམས་པས། འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་དང༌། ཡེ་ཤེས་ལྔའི་ཡོན་ཏན་ཐམས་ཅད་གཞི་ལ་རྫོགས། དག་རྫོགས་དེ་གཉིས་ཀ་སྣང་བ་དང༌། མཆེད་པ་དང༌། ཉེར་ཐོབ་དང༌། འོད་གསལ་དང༌། ཟུང་འཇུག་ལ་སོགས་པས་རྫོགས་རིམ་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །ལམ་བྱེད་ཀྱི་མཚན་དཔེ་སོགས། དྲོད་གཤེར་སྐྱེས་ནི་དེ་གཉིས་པོ་ལྷན་དུ་འདུས་པ་ལ་བར་དོའི་རྣམ་ཤེས་ཞུགས་པའི་མོད་ལ། མངལ་སྐྱེས་ལྟར་ཡུན་རིང་མ་དགོས་པར་གཟུགས་འགྲུབ་པ་བཞིན། ལྷ་ཡི་སྙིང་པོ་བརྗོད་པས་མཚན་དང་མངོན་རྟོགས་ཀྱི་རྣམ་པ་དྲན་ཙམ་ལས། ཤེས་རབ་ཀྱི་དབྱིངས་སྟོང་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ཀུན་རྫོབ་བདེན་པའི་ཆ་རྟེན་དང་བརྟེན་པའི་ལྷའི་ཕྱག་རྒྱ་ཡོངས་སུ་རྫོགས་པའི་བསྐྱེད་རིམ་ཚང་བར་བསྒོམ་པ་ནི་སྣང་བ་བདེན་མེད་སྒྱུ་མའི་བསྐྱེད་རིམ་ཞེས་བྱའོ། །འདི་ལྟར་སེམས་ཅན་བརྫུས་ཏེ་སྐྱེ་བ་རྣམས་ནི་གསལ་སྟོང་གི་ཆ་ལ་རྣམ་ཤེས་ཞུགས་པ་ཙམ་གྱིས་ལུས་ཡོངས་རྫོགས་གྲུབ་པ་ནི་དྲོད་གཤེར་སྐྱེས་ལས་ཀྱང་མྱུར་བ་ལྟར། སྐད་ཅིག་གིས་ལྟ་བ་གོམས་པའི་ངང་ལས་སྙིང་པོ་ཙམ་དྲན་པའི་མོད་ལ་དཀྱིལ་འཁོར་ཡོངས་སུ་རྫོགས་ཏེ། མིང་ངམ་སྙིང་པོ་བརྗོད་པ་དང་ལྷའི་གཟུགས་ཀྱི་རྣམ་པ་ལ། རིམ་གྱིས་སེམས་གཏད་པ་སོགས་ཀྱི་སྤྲོས་པ་ལ་མ་བརྟེན་པར་ཆུ་ལས་ཉ་འཕར་བ་བཞིན་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཝལ་གྱིས་གསལ། དཔེར་ན་གང་ཟག་གཅིག་ལའང་བྱིས་པ། དར་མ། རྒན་པོའི་གནས་སྐབས་གསུམ་བཞིན་བསྐྱེད་རིམ་གྱི་བསྒོམ་ཚུལ་སྐྱེ་གནས་བཞི་སྦྱོང་བྱེད་དུ་བསྟན་པ་བཞི་པོའང་དང་པོའི་ལས་ཅན་གསར་དུ་བསྐྱེད་རིམ་ལ་གོམས་སུ་འཇུག་པ་རྣམས་ཀྱིས། སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གཙོ་བོར་བསྒོམ་པ་དང༌། རིམ་བཞིན་གོམས་པ་བརྟན་པ་ཡུད་ཙམ་ལ་རགས་པའི་དཀྱིལ་འཁོར་དུ་བྱེད་ནུས་པའི་བར། མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་དང༌། བརྟན་པ་ཆེ་བའི་དུས་སྤྱན་དཀར་ནག་ཚུན་ཆོད་གསལ་སྣང་ཐོབ་པ་ལ་དྲོད་སྐྱེས་སྦྱོང་བྱེད། ཤིན་ཏུ་བརྟན་ཏེ་དཀྱིལ་འཁོར་ཡོངས་རྫོགས་ཡུད་ཙམ་ལ་རྫོགས་ཚེ་རྫུས་སྐྱེས་སྦྱོང་བྱེད་བསྒོམ་པའི་གོམས་ཆ་ཆེ་ཆུང་གི་ཏིང་འཛིན་གྱི་མཐུ་དང་མཐུན་པར་སློབ་བོ། །གསང་སྔགས་ནང་པའི་བསྐྱེད་རིམ་ཀུན་ཀྱང་ཏིང་འཛིན་རྣམ་གསུམ་དགོས་པས་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཟབ་མོ་སྟོང་ཉིད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་རང་བཞིན་ཤེས་པའི་ཤེས་རབ་ཀྱི་དོན་ལ་མཉམ་པར་འཇོག་པ་ཡིན་པས། ཐོག་མར་གཞི་རང་བཞིན་ལྷུན་གྲུབ་ཀྱི་གནས་ལུགས་དེ་བླ་མའི་མན་ངག་དབང་དུས་སུ་ངོ་འཕྲོད་དེ་བྱིན་རླབས་འཕོ་བ་སོགས་སྟོབས་ཀྱིས་ཤེས་ན་སྨོས་ཅི་དགོས། གཞན་ཐོས་བསམ་ལ་བརྟེན་པའི་ངེས་ཤེས་རྙེད་པས་ཆོས་རྣམས་བསམ་བྲལ་དེ་ཁོ་ན་ཉིད་གཟུགས་བརྙན་ཙམ་སྣང་བ་དེ་བཞིན་ཉིད་དེའི་གདངས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཀུན་སྣང་སྙིང་རྗེ་ཆེན་པོར་ཤར་བའི་འཕེན་པས་རྒྱུའི་ཏིང་ངེ་འཛིན་གདན་གསུམ་ལྷའི་དཀྱིལ་འཁོར་དུ་བསྒོམ་པའི་བསྐྱེད་རིམ་སྐྱོན་མེད་དུ་ཤར་བ་ཐབས་ཀྱི་ལམ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་སྔགས་ཀྱི་ཐབས་མ་ནོར་བ་ཡིན་ཞིང༌། དཀྱིལ་འཁོར་གང་རུང་སྒྱུ་མ་ལྟར་གསལ་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱན་ཆ་ཐམས་ཅད་ཡོངས་རྫོགས་མ་འདྲེས་པར་གསལ་ཡང་སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ་ཟུང་འཇུག་ཆེན་པོར་ལམ་གྱིས་གསལ་བཏབ་པ་ཏིང་ངེ་འཛིན་གྱི་གཟེར་ནི། སྐྱེ་གནས་བཞི་གང་རུང་གི་བག་ཆགས་སྦྱོང་བ་དང་འབྲེལ་བའི་ཕྱི་སྣོད་གཞལ་ཡས་ཁང་དང༌། ནང་བཅུད་ལྷ་དང་ལྷ་མོ་སྒྱུ་མ་ལྟ་བུར་གསལ་ཏེ། སྣང་ཆ་ནས་དབུས་ཀྱི་གཙོ་བོ་ནས་མེ་རིའི་བར་ཐམས་ཅད་མ་འདྲེས་པར་དེ་དག་གི་རི་མོ་ཡན་ཆད་ཡོངས་རྫོགས་གསལ་ཡང༌། སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ་ཟུང་འཇུག་ཆེན་པོར་ལམ་གྱིས་གསལ་བཏབ་ལ། ཡེ་ཤེས་ལྔའི་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་རྒྱས་གདབ་པ་སོགས་ཡན་ལག་ཚང་བར་བྱེད་པ་ཡིན་ཏེ། དེ་ཡང་ཞི་བ་ཡིན་ན་ཚུལ་དགུ་དང༌། ཁྲོ་བོ་ཡིན་ན་གར་གྱི་ཉམས་དགུ་དང་ལྡན་པ་སྟེ། ཞི་ཚུལ་དགུ་ནི། སྐུ་དང་ཞལ་ཕྱག་སོགས་གྱོང་ཁེངས་ཀྱི་རྣམ་པ་ཤིང་ལ་སོགས་པ་ལྟ་བུ་མ་ཡིན་པས་མཉེན་པ། ཕྲ་སྦོམ་སོགས་རིམ་པར་སྐབས་ཕྱེད་པས་ལྕུག་པ། སྐུ་ཤ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་པ། ཚིགས་མཚམས་སོགས་འཕྲུལ་ལྡེམ་དང་ལྡན་པས་ལྡེམ་པ། སྐུ་ཤ་རྒྱས་ཤིང་པགས་པ་སྲབ་པས་གཞོན་ཚུལ་ཅན། རྒྱན་དང་སྐུ་མདོག་མཚན་སོགས་ཁ་དོག་མ་འདྲེས་པས་གསལ་བ། དེ་དག་ཀྱང་མུ་མེད་པའི་འོད་ཟེར་འཕྲོ་བ་དང་ལྡན་པས་འཚེར་བ། སྐུ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པས་བརྗིད་བག་གི་མཛེས་པས་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པ་གཟི་བྱིན་དང་ལྡན་པ་སྟེ་དགུའོ། ༈ གར་གྱི་ཉམས་དགུ་ནི། འགྲོ་ལ་སྙིང་རྗེས་ཆགས་ཉམས་ཀྱིས་སྒེག་མཛེས་པ་པ། ཁྲོ་ཉམས་ཀྱི་དཔའ་ཟིལ་ཆེ་བ་བ། རྨོངས་ཉམས་ཀྱི་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། ཧ་ཧ་ཧཱུྃ་ཧཱུྃ་སོགས་བཞད་པའི་གད་མོ་འབྱིན་པས་དགོད་པ། བསྡིག་པའི་ང་རོ་སྒྲོག་པས་གཤེ་བ། སྒྲ་གདངས་ཆེ་ཞིང་བཟོད་པར་དཀའ་བས་དྲག་ཤུལ་ཏེ་གསུང་གི་ཉམས་གསུམ་དང༌། རྨོངས་པའི་འགྲོ་ཁམས་རྗེས་སུ་འཛིན་པའི་སྙིང་རྗེ། མ་རུངས་པའི་སེམས་ཅན་ཁྲོ་བས་འདུལ་བའི་རྔམ་བུ་གཡང་སར་ལྷུང་བ་ལ་མས་ནན་གྱིས་ལྡོག་པ་ལྟར་པ། བཟང་ངན་ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པའི་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་དང་བཅས་དགུའོ། །དེ་ལྟ་བུ་ལྷ་ཞི་བ་ལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་དར་མཐིང་ཁྲའི་ཟི་ལྡིར། སྣ་ལྔའི་ཅོད་པན། གར་གྱི་ཕུ་དུང༌། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིགས་གུའི་སྨད་དཀྲིས་ཏེ་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ། སེ་མོ་དོ། ཕྱག་གདུབ། ཞབས་གདུབ་སྟེ་རྒྱན་བརྒྱད་དང་བཅས་པས་བཅུ་གསུམ་དང༌། སྤྲུལ་སྐུ་རྣམས་ལ་ཆོས་གོས་རྣམ་པ་གསུམ་ལ་སོགས་བརྒྱན་པ་དང༌། ༈ ཁྲོ་བོ་རྣམས་ལ། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས་རྣམས་ཏེ་བགོ་བའི་གོས་གསུམ་དང༌། འདོགས་པའི་རྒྱན་གཉིས་ཏེ། ཐོད་སྐམ་ལྔའི་དབུ་རྒྱན། རྙིད་པའི་སེ་རལ་ཁ་ཞེས་པའང་སྣང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ། ཐོད་ཚལ་གྱི་དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ་སོགས་སོ། །ཀླུ་རྒྱལ་རིགས་དཀར་པོའི་སྐྲ་ཆིངས། རྗེ་རིགས་སེར་པོའི་སྙན་ཆ། བྲམ་ཟེའི་རིགས་དམར་པོའི་མགུལ་ཆུ། དམངས་རིགས་ལྗང་ཁུའི་ཕྱག་ཞབས་ཀྱི་གདུ་བུ། གདོལ་པའི་རིགས་ནག་པོའི་དོ་ཤལ་ཏེ་ཐམས་ཅད་དུག་ལྔ་གནས་སུ་དག་པའི་གདུག་པ་སྦྲུལ་གྱི་རྣམ་པ་ཅན་གྱི་ཆུན་པོ་ལྔའོ། །དེ་ལྟར་ཐོད་སྦྲུལ་གདགས་པའི་རྒྱན་གཉིས་དང༌། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་ཏེ་བྱུགས་པའི་རྩི་གསུམ་མོ། །དེ་ལྟར་བགོ་བའི་གོས་གསུམ། འདོགས་པའི་རྒྱན་གཉིས། བྱུགས་པའི་རྩི་གསུམ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་དུ་གྲགས་སོ། །གཞན་ཡང་གཞལ་ཡས་ཁང་གི་སྟེང་རྒྱན་ལོགས་རྒྱན་སོགས་བཀོད་པའི་རྣམ་པ་ཐམས་ཅད་དང་བཅས་པ་གསལ་བརྟན་ཚད་བརྒྱད་དང་ལྡན་པར་བསྒོམ་སྟེ། གསལ་བའི་ཚད་བཞི་ནི། སྤྱན་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་སལ་ལེ། རིག་པའི་གསལ་ངར་བྲལ་བའི་བྱིང་ཉམས་ཅན་མ་ཡིན་པར་གསལ་སྟོང་སེང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སེང་ངེ༌། སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར་བ་སྤུའི་ཁུང་བུ་དང་སྐྲའི་ཉག་མ་ཚུན་ཆད་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས་དབང་ཤེས་དྭངས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེར་བཞུགས་པས་ལྷག་གེ །དེ་ལྟ་བུའི་སྐུ་དེ་ཡང་དེ་ལྟར་ཡིན་ནོ་དང༌། ཡོད་དོ་ཙམ་གྱི་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་མངོན་སུམ་ལྟ་བུར་འཆར་བས་ལྷང་ངེ་བ་སྟེ་བཞིའོ། །བརྟན་པའི་ཚད་བཞི་ནི། ལེ་ལོ་དང་བརྗེད་ངས་སོགས་ཀྱིས་མི་གཡོ། རབ་རིབ་དང་མོག་མོག་པོར་གྱུར་པ་སོགས་ཀྱིས་མི་འགྱུར། ཡུན་རིང་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲས་མོས་ཀྱང་མི་བརྫི་བས་མངོན་པར་མི་འགྱུར། སྐུ་མདོག་དང་ཞལ་ཕྱག་དང༌། བྱོན་བཞུགས་དང་འོད་ཟེར་གྱི་སྤྲོ་བསྡུ་སོགས་ཇི་ལྟར་བསྒོམ་པ་དེ་ལྟར་འབྱུང་བ་སྟེ་བཞིའོ། །དེ་ཡང་རྣམ་པར་གསལ་བ་ཞེས་ཀྱང་བཤད་དོ། །དེ་ལྟར་ཡང་ཡང་གོམས་པས་ཉམས་ལྔ་མཐར་ཕྱིན་ཏེ་ཡུལ་གསུམ་གྱད་དུ་གྱུར་པ་ན་གྲུབ་པ་ཡིན་ནོ། །དེ་ལ་ཡུལ་གསུམ་གང་ཞེ་ན། དཔལ་ཆེན་ཞལ་ལུང་ལས། ཡེ་ཤེས་ལྔ་ཡི་ཕྱག་རྒྱ་ཀུན། །དང་པོ་ཡིད་ཀྱི་ཡུལ་དུ་གསལ། །སེམས་ཉིད་ཤིན་ཏུ་སྦྱངས་པའི་མཐར། །རང་བཞིན་དབང་པོའི་ཡུལ་དུ་གསལ། །མཐར་ནི་བདེན་གཉིས་དབྱེར་མེད་ཀྱི། །ལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷ། །ལུས་ཀྱི་ཡུལ་དུ་མངོན་པར་གསལ། །ཞེས་པ་ལྟར་རོ། །དག་དྲན་སྦྱར་བ་སོགས་ཀྱང་ཤེས་པར་བྱའོ། །སྔགས་ཀྱི་གཟེར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཟབ་མོའི་སྙིང་པོ་བཟླས་པས་སྣང་ཡང་བརྗོད་བྲལ་སྟོང་པའི་རང་སྔགས་སྒྲ་གདངས་བཅས་པ་དང༌། རྡོར་བཟླས་ལམ་དུ་འབྱོང་བར་བྱེད་པ་དང༌། དགོངས་པའི་གཟེར་ནི་ཐབས་སྣང་ཆ་ལྷ་སྔགས་ཀྱི་རང་བཞིན་ཤེས་རབ་ཁྱད་པར་ཅན་དང༌། འཕྲོ་འདུའི་གཟེར་ལྷ་སྔགས་ཆོས་ཉིད་གསུམ་དང་འབྲེལ་བའི་ལམ་དག་པའོ། །དེ་ལས་འགལ་བའི་དམིགས་བཅས་བསྐྱེད་རིམ་ནི། མུ་སྟེགས་བྱེད་དང་གདོན་གྱི་རིགས་མཁའ་རྒྱུ་སོགས་ལའང་ཡོད་པར་བཤད་དེ། རྒྱུད་ལས། དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་འགྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་ཏྲར་གོལ། །ཞེས་སོ། །སྔགས་སུ་ཞུགས་པའི་གང་ཟག་དེས་བྱང་ཆུབ་སེམས་དཔའི་ལམ་མཚན་ཉིད་ཐེག་པ་ལས་བཤད་པའི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ན་ཤིན་ཏུ་གྲགས་པ་དེ་ཉིད་མྱུར་དུ་མངོན་དུ་བྱེད་པའི་ཐབས་མ་ནོར་བ་ཡིན་ཏེ། གསང་སྔགས་ཀྱི་ལམ་ནི་ཐབས་མང་དཀའ་བ་མེད་པའི་ལམ། མཚན་ཉིད་ཐེག་པའི་ལམ་དཀའ་བ་སོགས་ལས་ཁྱད་པར་དུ་འཕགས་ལ། དེ་ཡང་བསྐྱེད་རིམ་གང་བསྒོམ་ཡང༌། ཕོ་བྲང་རྣམ་སྣང༌། རྗེས་ཆགས་རྡོ་རྗེ་འཆང༌། དབང་བསྐུར་མི་བསྐྱོད་པ། མཆོད་པ་དོན་གྲུབ། བསྟོད་པ་རིན་འབྱུང༌། བདུད་རྩི་མྱོང་བ་འོད་དཔག་མེད་དེ་ཡན་ལག་དྲུག་རྫོགས་སོགས་སྣང་ཆ་ཐམས་ཅད་ལྷ་སྐུར་གསལ་བའི་སྒོ་ནས་གཟུགས་སྐུ་ཕྲིན་ལས་དང་བཅས་ལམ་དུ་བྱས་པས་བསོད་ནམས་ཀྱི་ཚོགས་དང༌། དེ་ལ་རང་བཞིན་མ་གྲུབ་པར་ཤེས་པའི་སྒོ་ནས་ཆོས་སྐུ་ལམ་དུ་བྱས་པས་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཉེ་རྒྱུར་བསྟེན་པའི་སྒོ་ནས་སམ་དབང་རྣོན་དག་དང༌། རྒྱུའི་ཐེག་པ་ལམ་ལྔ་དང་འབྲེལ་བའི་བསྐྱེད་པའི་རིམ་པ་ལ་གསལ་དག་བརྟན་པ་ཐོབ་སྟེ་འབྱུང་བའི་སྙིགས་མ་སྦྱང་བས་བོགས་ཐོན་ནས་ཚོགས་སྦྱོར་གྱི་ལམ་དུ་དྲོད་རྩེ་བཟོད་གསུམ་གྱི་ལམ་སྟེགས་མངོན་དུ་བྱས་ཏེ་ཆོས་མཆོག་ཆེན་པོར་རྣམ་སྨིན་རིག་འཛིན་མངོན་དུ་བྱས་པ་ནི་བསྙེན་པ། རྟེན་དེས་མཐོང་ལམ་དུ་ཐོག་མར་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱས་པ་ཚེ་དབང་རིག་འཛིན་བརྙེས་པ་ཉེ་བསྙེན། སྒོམ་ལམ་དུ་ཡི་དམ་ལྷ་དང་འདྲ་བའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་དུ་བྱས་ཏེ་དོན་གཉིས་མཉམ་དུ་སྒྲུབ་པ་ནི་སྒྲུབ་པ། མཐར་རང་དོན་རྩོལ་བ་ཆད་དེ་རྗེས་ཐོབ་དུ་དེ་བཞིན་གཤེགས་པ་དང་ཕྲིན་ལས་མཉམ་སྟེ། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་ཏེ་སྤངས་རྟོགས་མཐར་ཕྱིན་པ་སྒྲུབ་པ་ཆེན་པོ་ལྷུན་གྲུབ་རིག་འཛིན་ཏེ། རིག་འཛིན་རྣམ་པ་བཞིའི་དག་མཉམ་རྫོགས་པའི་ཡོན་ཏན་གོང་ནས་གོང་དུ་ཐེམ་སྐས་བགྲོད་བཞིན་འཕེལ་བ་ཉིད་ལས་ངེས་པ་ལྔ་ལྡན་སོགས་སྐུ་ལྔའི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཏེ་འོག་མིན་ཞིང་དུ་རིང་པོར་མི་ཐོགས་པར་ཐབས་ཤེས་ཁྱད་པར་ཅན་གྱི་སྟོབས་ཀྱིས་མིག་འཕྲུལ་ལྟ་བུར་འགྲོ་བ་ཡིན་ནོ། །གཉིས་པ་ཤེས་རབ་གཙོ་ཆེ་བ་རྫོགས་པའི་རིམ་པ་ཉིད་བཤད་པ་ལའང༌། ཕ་རྒྱུད་གཤིན་རྗེ་གསང་འདུས་རྣམ་འབྱོར་ཆེན་པོའི་རྒྱུད་རྣམས་ལས་འབྱུང་བ་ལྔ་ཡི་རླུང་དབུ་མར་ཞུགས་ཏེ་རྣམ་པར་དག་པས། ཟབ་གསལ་ལམ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་བྱེད་དོ། །མ་རྒྱུད་ཡང་དག་ཕུར་པ། ཀུན་འདུས་རིག་པ། འཁོར་ལོ་སྡོམ་པ། དགྱེས་རྡོར་སོགས་རྣལ་འབྱོར་གྱི་རྒྱུད་རྣམས་ལས་ཁམས་བྱང་སེམས་ཐིག་ལེ་ལ་གཙོ་བོར་གནད་དུ་བསྣུན་ཏེ་ཞུ་བདེ་ཡི་ཡེ་ཤེས་བསྐྱེད་པའི་ཕྱིར། གཏུམ་མོ་འབར་འཛག་གི་སྦྱོར་བ་སོགས་རང་ལུས་ཐབས་ལྡན་དང༌། གཞན་ལུས་ཕྱག་རྒྱ་ལ་བསྟེན་ནས་དགའ་བཞིའི་ཡེ་ཤེས་བསྐྱེད་པ་གཞན་ལུས་ཐབས་ལྡན་གཉིས་ཀ་སྟོན། གཉིས་མེད་རྒྱུད་རྡོར་སེམས་སྒྱུ་འཕྲུལ་དྲྭ་བ། དུས་འཁོར། སངས་རྒྱས་མཉམ་སྦྱོར་སོགས་ལས་གསལ་དང་མི་རྟོག་པ་དང༌། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཅིག་དང་དུ་བྲལ་གྱི་ཐིག་ལེ་ཆེན་པོའི་འོད་གསལ་གཙོར་སྒོམ་པར་བྱེད་པ་ལས་ཟག་མེད་ཀྱི་ཏིང་འཛིན་སྐྱེའོ། །དེ་གསུམ་ལས་སྔ་མ་གཉིས་ནི་རླུང་དང་ཐིག་ལེའི་རྫོགས་རིམ་གཙོར་སྟོན་པ་སྣང་བཅས་དམིགས་པའི་ལམ། ཕྱི་མ་གཅིག་ནི་ཟུང་འཇུག་གི་ཡེ་ཤེས་གཙོ་བོར་སྟོན་པའི་རྫོགས་རིམ་སྣང་མེད་འོད་གསལ་ཏེ། དང་པོ་སྣང་བཅས་ཕྱོགས་ལ་ལྷ་ཡི་བདག་ཉིད་དུ་གཡོ་བ་མེད་པར་གནས་པས་ན་གནས་པ་རྩ་དང་ནི། ཁམས་གསུམ་ཐམས་ཅད་འདུ་བྱེད་པས་ན་གཡོ་བ་རླུང་ཞེས་བྱ་ལ། དེ་གཉིས་ཀའི་བརྟེན་པ་ལྟ་བུར་གྱུར་ཅིང་རླུང་གིས་གང་དུ་བཀོད་པའི་གནས་སུ་འགྲོ་འོང་བྱེད་པས་ན། བཀོད་པ་རང་བཞིན་དྲི་མ་དང་བྲལ་ཞིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། རྩ་རླུང་ཐིག་ལེ་རགས་པའི་རྣམ་པ་གསུམ་དུ་གནས་པ་ནི་རྟེན་ཁྱད་པར་ཅན་ཏེ། རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་དོན་ཏེ་སྐུ་གསུང་ཐུགས་གསུམ་མམ་སྐུ་གསུམ་གྱི་རང་བཞིན་དབྱེར་མི་ཕྱེད་པའོ། །ཕུང་པོ་ནི་དུ་མ་སྤུངས་པའི་དོན་ཏེ་རང་བཞིན་རྣམ་པར་དག་པའི་རྩལ་སྣང་གཟུགས་ལ་སོགས་པ་དུ་མ་འདུས་པའི་དོན་ནོ། །དེ་དག་རང་བྱུང་རིག་པའི་ཡེ་ཤེས་ཀྱི་བཞུགས་གནས་ཡིན་པས་གྲོང་ཞེས་བྱའོ། །དེས་ན་རྟེན་དེ་དག་ལ་གནད་དུ་བསྣུན་ན་བརྟེན་པ་སྐུ་གསུམ་གྱི་དགོངས་པ་ཚེ་འདི་ལ་མངོན་དུ་འགྱུར་བའི་ཐབས་རྨད་དུ་བྱུང་བའོ། །གླིང་གསུམ་དུ་སྐྱེས་པའི་མིའི་ལུས་རྟེན་ཐོབ་པ་རྣམས་བར་དོའི་རྣམ་ཤེས་དེ་མའི་མངལ་གནས་སུ་ཁུ་ཁྲག་གི་དབུས་སུ་ཞུགས་ཏེ། དེ་ཉིད་རྟེན་དུ་འཛིན་པའི་ཐོག་མ་རུ། རྩ་ཁམས་གྲུབ་པའི་ཚུལ་མིག་གཉིས་དང་ནི། ལྟེ་བའི་རྩ་མདུད་དེ་གསུམ་པོ་སྒྲོག་མདོ་ལྟར་ཆགས་ཤིང༌། དེ་ལས་སྣོད་ཀྱི་འཇིག་རྟེན་ཆགས་པའི་དུས་དྭངས་མ་རྣམས་དབུས་རི་རྒྱལ་ལྷུན་པོར་སོང་ནས་རིམ་གྱིས་གསེར་གྱི་རི་དང༌། སྙིགས་མ་རྣམས་གླིང་དང་ཁོར་ཡུག་སོགས་སུ་གྱུར་པ་དང་ཚུལ་མཐུན་པར། རིམ་པ་བཞིན་དུ་ལུས་བསྐྱེད་པའི་ཚུལ་ནི། དྭངས་མར་གྱུར་པ་ཡི་རྩ་དབུ་རྐྱང་རོ་གསུམ་ལུས་ཀྱི་དབུས་ན་ཀ་བ་ལྟ་བུར་གནས་པའི་ནང་ན་ཕྱི་རུ་ལུས་ངག་ཡིད་གསུམ། ནང་དུ་ཉོན་མོངས་དུག་གསུམ། གསང་བར་སྐུ་གསུང་ཐུགས་གསུམ་གནས་པ་དང༌། སྣང་བ་སོགས་ཀྱི་རྟེན་བྱེད་པའི་ཡི་གེ་གསུམ་གཙོ་འཁོར་ལྟ་བུར་གནས་ཏེ། དེ་ཡང་སོ་སོར་གནས་པའི་ཚུལ་རྒྱུད་དང་མན་ངག་རྣམས་ལ་མི་འདྲ་བ་སྣང་ན་ཡང༌། རྩ་གསུམ་པོའི་བྱེད་ལས་ཀྱིས་མཚོན་ན། རོ་མར་ཨོཾ། རྐྱང་མར་ཨཱཿ དབུ་མར་ཧཱུྃ་ཡིག་རྣམས་གནས་པར་བཤད་ཀྱང་ཆོག་པར་སྣང་ངོ༌། །དེ་ལ་དབུ་མ་ཞེས་པའི་དོན་གནས་ཚུལ་གྱི་དབང་དུ་བྱས་ན་དེ་ཉིད་དབུས་ན་ཡོད་པའི་ཕྱིར་དང༌། ཆོས་ཉིད་ཀྱི་དབང་དུ་བྱས་ན་ཡོད་མེད་གཉིས་ཀའི་མཐའ་དང་བྲལ་བས་དེ་སྐད་དོ། །རྩ་དེའི་ཡར་སྣ་ན། ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཐབས་ཀྱི་རང་བཞིན་ཧཾ་ཡིག་གི་རྣམ་པར་གནས་པ་དང༌། མར་སྣ་ན། མ་ལས་ཐོབ་པའི་ཐིག་ལེ་དམར་ཆ་ཤེས་རབ་ཀྱི་རང་བཞིན་ཨ་ཐུང་གི་རྣམ་པར་གནས་པ་གཉིས་པོ་རིམ་པ་བཞིན་སྤྱི་བོ་ཚངས་པའི་སྒོ་དང༌། གསང་བའི་གནས་གཉིས་ལ་ཟུག་པའི་བར་ན་གཉིས་མེད་ཀྱི་རང་བཞིན་ཀུན་གཞིའི་རྟེན་སྲོག་རླུང་གི་རྣམ་པར་གནས་ཏེ་ནམ་མཁའ་བཞིན་ནོ། །དེའི་གཡས་དང་གཡོན་ན་རིམ་བཞིན་རོ་མ་ཞེས་པ་རང་བཞིན་དུ་བཞག་ན་དོན་བྱེད་མི་ནུས་པས་རོ་དང་འདྲ་ཞིང་གནད་དུ་བསྣུན་ན་བདེ་བའི་རོ་མྱོང་བར་བྱེད་པའི་རྩ་དང༌། རྐྱང་མ་ཞེས་པ་རང་བཞིན་བཞག་ན་གཞན་དང་མི་འབྲེལ་བར་རེང་བུ་ལྟར་གནས་པ་དང༌། གཅུད་པའི་མན་ངག་ལས་ཆོས་ཉིད་རྟོག་བྲལ་གྱི་ཉམས་སྐྱེ་བས་རྟོག་པའི་ཡན་ལག་དང་མི་ལྡན་པར་བྱེད་པའི་རྩ་གཉིས་གནས་པའི་ཁ་དོག་ནི། རིམ་པར་དཀར་བ་དང་དམར་བ་ཉིད་དོ། །བུད་མེད་ཉིད་ལ་ཐབས་ཤེས་རྟེན་འབྲེལ་ལས་རོ་རྐྱང་དེ་གཉིས་གོ་ལྡོག་དུ་གནས་པས་རྐྱང་མ་གཡས་སུ་ཡོད་དོ། །དེ་གསུམ་ནི་རྩ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་མ་སྒྲ་ཞུགས་པའོ། །དབུ་མ་དེའི་མདོག་ནི་སྔོ་སྐྱར་ཡོད་དོ། །དེར་རོ་རྐྱང་དེ་གཉིས་པོས་ལྟེ་བ་ནས་གྱེས་མཁལ་མར་གཅེར་བ་སོགས་སྤྱི་བོའི་བར་ལུག་རྒྱུད་དུ་ཕན་ཚུན་བསྣོལ་ཞིང་གཅུ་བའི་ཚུལ་གྱིས་མདུད་པ་ཉི་ཤུ་རྩ་གཅིག་གི་ཚུལ་དུ་བྱས་པ་ལ། རིམ་བཞིན་སྦྱང་བྱ་དུག་གསུམ་དང༌། སྒོ་གསུམ་གྱི་སྒྲིབ་པ་དང་སྦྱངས་འབྲས་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་མངོན་དུ་བྱེད་པའི་ཕྱིར་སྦྱོང་བྱེད་ལྟེ་བ་མགྲིན་པ་སྙིང་གའི་འཁོར་ལོ་གསུམ་བསྒོམ་པར་གསུངས་པའི་གྲངས་སམ། དེ་བཞིན་དུ་སྦྱང་བྱ་སྒོ་གསུམ་བྱ་བ་དང་བཅས། སྦྱངས་འབྲས་སྐུ་བཞིའམ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་ལྔ་ཐོབ་ཕྱིར། སྦྱོང་བྱེད་དེའི་སྟེང་སྤྱི་བོའི་འཁོར་ལོ་དང་བཞིའོ། །ཡང་སྦྱང་བྱ་དུག་ལྔ་དང་ཕུང་ལྔ། སྦྱངས་འབྲས་སྐུ་ལྔ་དང་ཡེ་ཤེས་ལྔ་ཐོབ་ཕྱིར་དེ་སྟེང་གསང་གནས་ཀྱི་འཁོར་ལོ་བསྣན་པ་དང༌། ཡང་སྦྱང་བྱ་དུག་ལྔ་དང་སེར་སྣ་བཅས་དྲུག་དང༌། ཕུང་ལྔ་བག་ཆགས་བཅས་སྦྱངས་ནས། སྦྱངས་འབྲས་ཡེ་ཤེས་ལྔ་དང་རང་བྱུང་གི་ཡེ་ཤེས་ཏེ་དྲུག་གམ། ཕྱིན་དྲུག་གམ། སྐུ་ལྔ་དང་བདེ་བ་ཆེན་པོའི་སྐུ་སྟེ་དྲུག་ཐོབ་ཕྱིར་གཙུག་ཏོར་ནམ་མཁའི་འཁོར་ལོ་སྟེ་གྲངས་ཀྱི་འཁོར་ལོའི་རྩ་འདབ་རྣམས་ཕྲི་སྟེ་གསུམ་དུ་བྱས་པ་ནས་དྲུག་གི་བར་དུ་བསྣན་པར་གྱུར་པ་དང༌། ཡི་གེར་འགོད་པ་སོགས་སྦྱང་གཞི་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པ་དང༌། རྩ་དབང་པོ་སོགས་དང༌། སྦྱོང་བྱེད་ཀྱི་མན་ངག་བསྒོམ་ཚུལ་ཐ་དད་ཀྱང་འབྲས་བུ་ཐ་དད་མེད་དོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་རྩ་འདབ་བརྒྱད་ཚན་གཉིས་སྟེ་བཅུ་དྲུག་དང༌། སྙིང་གར་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། སྤྱི་བོར་ཧྃ་གནས་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས། གསང་གནས་བདེ་སྐྱོང་འཁོར་ལོ་ན་རྩ་འདབ་བདུན་ཅུ་རྩ་གཉིས། དེ་བཞིན་དུ་གཙུག་ཏོར་ནམ་མཁའི་འཁོར་ལོ་ལ་ནམ་མཁའ་ལྟར་དྭངས་པའམ་རགས་པའི་རྩ་མ་ཡིན་པས་རྩ་འདབ་གྲངས་མེད་པས་ནམ་མཁའ་ལྟ་བུའི་ཁམས་ཀྱི་འཁོར་ལོ་ཞེས་སུ་གྲགས་སོ། །གཞན་ཡང་རྩ་འཁོར་ལོ་དྲུག་པོ་རེ་རེའི་ལྟེ་བ་དང་སོ་སོའི་བར་མཚམས་རྣམས་སུ། རླུང་གི་འཕོ་བ་བཅུ་གཉིས་ཀྱིས་རྩ་གནས་རྣམས་སུ་དཀར་དམར་གྱི་དྭངས་མ་ཁྲིད་ཅིང་བཀོད་པའི་རྟེན་འབྲེལ་ལས་ཕྱི་རོལ་དུ་གོ་ལའི་རླུང་གི་སྟེང་དུ་ཉི་ཟླ་གཉིས་རང་འགྲོས་ཀྱིས་བགྲོད་པའི་གནས་དུས་སྦྱོར་ཏེ་ཁྱིམ་བཅུ་གཉིས་དང༌། དེ་བཞིན་དུ་ནང་གི་སེམས་ཅན་རྣམས་ལས་ཉོན་གྱིས་འཁོར་བར་བགྲོད་ཅིང་འཁོར་བ་ནའང་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཁ་བརྒྱུད་དེ་འཁོར་བར་སྣང་བའི་གཞིའམ་རྩ་བར་གྱུར་པས་ན་གནས་ཞེས་བྱའོ། །དེས་ན་རྣལ་འབྱོར་པས་རྩ་རླུང་གི་བྱེད་པ་བཅིངས་ནས་ཁམས་ལ་གནད་དུ་བསྣུན་ཏེ་མ་དག་པའི་རྩ་གནས་སུ་འཕོ་བ་དེ་སྤངས་པའི་ཐབས་ཀྱིས་རོ་རྐྱང་ལམ་ནས་བརྒྱུད་དེ་དབུ་མའི་མར་སྣ་ནས་ཡར་ལུགས་ལྡོག་གི་འགྲོས་ཀྱིས། གསང་གནས་ཡེ་ཤེས་ཀྱི་འཁོར་ལོར་ཕྱིན་པ་དང་མཉམ་དུ་རླུང་གི་འཕོ་བ་གཅིག་དང་རྟེན་འབྲེལ་གཅིག་འགགས་ནས་དང་པོའི་ས་ཡི་རྟོགས་པ་དང་ཡོན་ཏན་རྣམས་འཆར་ཞིང༌། དེ་ལྟར་རིམ་པ་བཞིན་གཙུག་ཏོར་ནམ་མཁའི་ཁམས་ཀྱི་འཁོར་ལོའི་བར་དུ་འཁོར་ལོ་རེ་དང་བར་མཚམས་རེར་རླུང་གི་འཕོ་བ་དང་རྟེན་འབྲེལ་རེ་རེའི་ཆ་ལྡོག་པས། ས་ནི་གཉིས་པ་སོགས་བཅུ་གཉིས་རབ་ཏུ་རྫོགས་པའི་མཐར། རླུང་སེམས་ཐིག་ལེ་དང་བཅས་པ་ནམ་མཁའི་ཁམས་དང་འདྲེས་པའི་ཚེ། འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ཕྱི་ནང་ཐམས་ཅད་རྒྱུན་ཆད་ནས་མི་འགྱུར་བདེ་བ་ཆེན་པོར་མངོན་པར་འཚང་རྒྱ་བར་འགྱུར་བ་ནི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ལུགས་ཡིན་ནོ། །རྒྱུད་སྡེ་ཐ་དད་པའི་རྫོགས་རིམ་ཤེས་ཕྱིར་སྒྱུ་འཕྲུལ་དྲྭ་བ་ལྟར་ན་གོང་དུ་བཤད་པ་དེ་དང་རྣམ་གྲངས་དྲུག་ཏུ་མཐུན་པའི་རྩ་འདབ་ལ། ལམ་གྱི་སྦྱང་གཞིར་གནས་ཤིང་སོ་སོར་བག་ཆགས་འཛིན་པའི་རིགས་དྲུག་ས་བོན་མ་རིག་པ་གཉིས་ལས་བྱུང་བའི་མ་དག་པའི་རླུང་ཐིག་ལེ་དང་ཡིག་འབྲུའི་རྣམ་པར་གནས་པ་རྣམས། སྦྱོང་བྱེད་རིག་པའི་རང་བཞིན་དག་པ་ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ལ་གནད་དུ་བསྣུན་པས་རིགས་དྲུག་གི་བག་ཆགས་ཐམས་ཅད་ཐུལ་བས་ཐུབ་པའམ་སྐྱེས་བུ་རྣམ་དྲུག་དང༌། དེར་གནད་དུ་བསྣུན་པས་སེར་སྣ་སོགས་དག་ཅིང་ཕྱིན་དྲུག་གི་ཡོན་ཏན་རང་བཞིན་གྱིས་རྫོགས་པར་འགྱུར་བས་འཁོར་ལོ་དྲུག་གི་དག་པའི་རླུང་ཐིག་དང༌། དེ་བསྒོམ་པའི་མན་ངག་རྣམས་ལ་ཕ་རོལ་ཕྱིན་པ་དྲུག་ཅེས་བྱ་སྟེ་དེ་དག་གིས་སྦྱངས་པར་བྱས་པ་ལས། སྦྱངས་འབྲས་མེ་ལོང་ལྟ་བུ་སོགས་ཐ་དད་པ་ཡི་ཡེ་ཤེས་རྣམ་པ་ལྔ་དང༌། དེ་ཐམས་ཅད་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པ་རང་བྱུང་གི་ཡེ་ཤེས་གཅིག་དང་དྲུག་ཅེས་སངས་རྒྱས་ཀྱི་ས་ཡི་ཡོན་ཏན་ཐམས་ཅད་རྫོགས་པར་འཐོབ་བོ། །དེ་བཞིན་སྒྱུ་འཕྲུལ་རྩ་རྒྱུད་ཀྱི་རང་ལུགས་འདི་བཞིན་ཏེ། སྙིང་ག་རང་བྱུང་གི་ཡེ་ཤེས་ལྔའི་རང་རྩལ་འགག་པ་མེད་པ་ལས་རྟོག་ཚོགས་ཐམས་ཅད་ལྷར་དག་པའི་རྟེན་གྱི་རྩ་དང་ཐིག་ལེ་གནས་པས་ཞི་བའི་འཁོར་ལོ་དང༌། སྤྱི་གཙུག་ཞི་བའི་གཏིང་མདངས་འཆར་བའི་གཞིའི་རྩ་ཐིག་གནས་པས་ཁྲོ་བོའི་འཁོར་ལོ་སྟེ་རྣམ་པ་གཉིས་པོ་དེ་ལ། ཞི་ཁྲོའི་ལྷ་དང་རྣམ་གྲངས་མཉམ་པའི་སྙིང་ཁར་རྩ་འདབ་ཞེ་གཉིས་དང༌། དུང་ཁང་ན་ལྔ་བཅུ་རྩ་བརྒྱད་དེ་དམ་པ་རིགས་བརྒྱའི་གྲངས་དང་མཉམ་པར་གནས་སོ། །ཕྲ་བ་ནི་བསམ་གྱིས་མི་ཁྱབ་ཀྱང་ཁམས་དང་རླུང་འབབ་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་སོ། །རྒྱུད་དང་གདམས་ངག་ལྟར་བཤད་པའི་དབང་དུ་བྱས་ནས་ཐབས་ལམ་དང་གྲོལ་ལམ་གཉིས་བསྒོམ་པའི་མན་ངག་བཀྲལ་བ་ནི། གྲོལ་ལམ་བསྐྱེད་རིམ་གཙོ་བོར་སྟོན་པ་ཞི་ཁྲོ་སོ་སོའི་སྒྲུབ་ཐབས་ལྟར་ཡིན་ལ། ཐབས་ལམ་ལ་སྟེང་སྒོ་རྣམ་གྲོལ་གྱི་ལམ་དང༌། འོག་སྒོ་ཁམས་གསུམ་རོལ་པའི་ལམ་གྱི་སྒོ་གཉིས་ཀྱི་ཐབས་ལ་བརྟེན་ནས་འོད་གསལ་གྱི་དགོངས་པ་དུས་གཅིག་མངོན་དུ་གྱུར་པར་འདོད་པ་རྒྱུད་ཐམས་ཅད་ཀྱི་འཕྲོ་གཞི་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་རྡོར་སེམས་སྒྱུ་འཕྲུལ་དྲྭ་བའི་ལུགས་སོ། །གཡོ་བ་རླུང་ལ་འབྱུང་བ་ས་ཆུ་མེ་རླུང་གི་རླུང་ཆེ་བ་དང༌། ཆུང་བ་གཉིས། ཆེ་བ་ནི་སྐྱེས་བུ་དར་མ་ནད་ཀྱི་སྐྱོན་དང་བྲལ་བ་ཞིག་ལ་ཉིན་ཞག་ཕྲུགས་གཅིག་དག་ལ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུ་སྟེ། ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་པོ་དག་ཏུ་འདོད། །ཅེས་སོ། །དེ་ལ་རྒས་པ་རྣམས་ལ་ནི་འབྱུང་བའི་གྲྭ་ཉམས་པས་ལྔ་བཅུ་རྩ་བརྒྱད་ཀྱིས་མ་ཚང་ལ། འབྱུང་བ་མ་རྒྱས་པའི་གཞོན་ནུ་རྣམས་ལ་ནི་སུམ་ཅུ་རྩ་གཉིས་ཀྱིས་མ་ཚང་ངོ༌། །འབྱུང་བ་ཆུང་བའི་རླུང་ནི་ཀུན་ཏུ་རྟོག་པ་ཅན་གཙོ་ཆེར་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གྲངས་དང་མཉམ་པའི་རྟོག་པ་དེ་དག་གི་བཞོན་པ་ལྟ་བུར་རྒྱུན་མི་འཆད་པར་གནས་ཏེ། སྒྱུ་འཕྲུལ་ལས། གཞན་ནི་བཞི་སྟོང་བརྒྱད་ཁྲིའོ། །ཞེས་སོ། །དེ་ཡང་ཁ་སྣ་ནས་འགྱུ་བ་མ་གཏོགས་པ་རྩའི་ནང་ན་རྟོག་པ་དང་ཡེ་ཤེས་ཀྱི་རྟེན་དུ་འགྱུ་བའི་རླུང་ལོངས་སྤྱོད་འཁོར་ལོ་ལས་གྱེས་པའི་འཕར་རྩ་ནས་འགྱུ་བ་རྣམས་བསྡོམས་པས་ཆིག་འབུམ་ཉི་ཁྲི་དྲུག་སྟོང་དྲུག་བརྒྱ་ནང་དུ་འགྱུ་བར་གསུངས། འབྱུང་བ་ཆེ་ཆུང་ཐམས་ཅད་ཀྱི་རྩ་བར་གྱུར་པའི་རླུང་ནི་སྲོག་འཛིན་གྱི་རླུང་དང༌། མེ་མཉམ་གྱི་རླུང་དང༌། ཁྱབ་བྱེད་ཀྱི་རླུང་དང༌། གྱེན་རྒྱུའི་རླུང་དང༌། ཐུར་སེལ་གྱི་རླུང་སྟེ་ལྔར་གནས་པའི། བྱེད་ལས་རིམ་བཞིན་སྲོག་འཛིན་སྙིང་ན་གནས་ཏེ་སྲོག་བརྟེན་པར་བྱེད་དོ། །མེ་མཉམ་ནི་ལྟོ་བར་གནས་ཏེ་མེ་དྲོད་བསྐྱེད་པར་བྱེད་དོ། །ཁྱབ་བྱེད་ནི་ལུས་བྱིངས་ན་གནས་ཏེ་ལུས་ཉམས་བརྟས་པར་བྱེད་པ་དང༌། གྱེན་རྒྱུས་དབུགས་ཀྱི་འགྲོ་འོང་གི་བྱ་བ་བྱེད་པ་དང༌། ཐུར་སེལ་གྱིས་འགྲོ་འདུག་དང་བཤང་གཅི་འཕེན་པའི་བྱ་བ་བྱེད་ལ། དེའང་ཕོ་རླུང་གྱེན་རྒྱུ་ནི་སྟོད་ན་གནས། མོ་རླུང་ཐུར་སེལ་ནི་སྨད་ན་གནས་པ་དང༌། མ་ནིང་གི་རླུང་གཞན་གསུམ་ནི་སྟོད་སྨད་མཉམ་པར་གནས་པ་ཡིན་ལ། སྣ་ནས་རྒྱུ་བའི་གནས་སྐབས་ན། གཡས་ནས་ཕོ་རླུང་ཐབས་ཀྱི་ཆ། གཡོན་ནས་མོ་རླུང་ཤེས་རབ་ཀྱི་ཆ། མ་ནིང་མཉམ་པར་རྒྱུ་ཞིང་ཕྱི་རླུང་རགས་པའོ། །སྔ་མ་དེ་དག་ལས་ཀྱང་ཕྲ་ཞིང་ནང་གི་བྱེད་པ་གཙོ་ཆེ་བའི་རླུང་ནི་ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་ཁུ། ནམ་མཁའི་རླུང་མཐིང་ཁ་སྟེ་འབྱུང་ལྔའི་ཁ་དོག་ཅན། དབྱིབས་ཀྱང་རིམ་པར་ས་རླུང་གྲུ་བཞི། ཆུ་རླུང་ཟླ་གམ། མེ་རླུང་གྲུ་གསུམ། རླུང་གི་རླུང་གཞུ་བདུངས་པ་ལྟ་བུ། ནམ་མཁའི་རླུང་ཟླུམ་པོ་རྣམས་སོ། །བྱེད་ལས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རླུང་དེ་དག་ལས་རླུང་གི་རང་བཞིན་དུ་གནས་ཤིང་མ་ཐིམ་པ་དེ་སྲིད་དུ་སྣང་ཞིང་གནས་པའི་རྟེན་བྱེད་དེ། འཁོར་བ་ཇི་སྲིད་བར་འཁྲུལ་སྣང་གི་རྟེན་བྱེད་དོ། །སེམས་དང་ཡེ་ཤེས་ཀྱི་རྟེན་བྱེད་ཚུལ་བྱེ་བྲག་ཏུ་བཤད་ན། འདི་ལྟར་མ་དག་པ་སེམས་ཀྱི་གནས་སྐབས་ན་རླུང་ལྔ་པོ་དེའི་ཉོན་མོངས་པ་དུག་ལྔ་རང་རང་གི་རྐྱེན་ཉེ་བར་གནས་པའི་ཚེ་རྩོལ་བ་མེད་པར་མཆེད་པར་འགྱུར་བའི་རྟེན་དང་ནི། དག་པ་ཡེ་ཤེས་ཀྱི་དུས་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་ལ་མངོན་སུམ་པའི་ཡེ་ཤེས་རྣམ་པ་ལྔ་པོ་སྣང་བའི་གཞི་ཡིན་པས་ན། རླུང་ལྔ་རྒྱུ་ལྟ་བུ་ལས་སེམས་དང་ཡེ་ཤེས་འབྲས་བུ་ལྟ་བུར་མཆེད་པའི་རྟེན་བྱེད་དོ། །ཁྱད་པར་དུ་འབྱུང་བ་དྭངས་མའི་རླུང་ལྔ་པོ་རླུང་སེམས་གཅིག་ཏུ་བཅིངས་པའི་ཐབས་ཀྱིས་དྷུ་ཏིར་ཏེ་དབུ་མར་ཆུད་པ་ན། རླུང་ལྔ་ལས་སུ་རུང་སྟེ་གཡས་རླུང་དབུ་མར་ཆུད་པས་དུ་བ་ལྟ་བུ་དང༌། གཡོན་རླུང་ཆུད་པས་སྨིག་སྒྱུ་ལྟ་བུ། མེ་རླུང་ལས་འོད་འབར་བ། ཆུ་རླུང་ལས་སྤྲིན་དང་མཐོངས་ཁུང་གི་ཟླ་འོད་ལྟ་བུ། ས་རླུང་ལས་གསེར་མདོག་དང་གློག་འོད་ལྟ་བུ། མཁའ་རླུང་ལས་མཐིང་ཁ་དང་འོད་ལྔའི་ཐིག་ལེ་དང་ཐམས་ཅད་ཆུད་པས་འོད་ལྔ་གཞའ་ཚོན་ཐིག་ལེ་ལྷ་སྐུ་སོགས་སྣང་བ་དུ་མར་འཆར་རོ། །ཁྱད་པར་ཟད་པར་ས་ཆུ་མེ་རླུང་ནམ་མཁའ་ཡི་ཏིང་ངེ་འཛིན་གྲུབ་ནས་དངོས་པོ་ཐམས་ཅད་ས་ལ་སོགས་པར་སྤྲུལ་བསྒྱུར་སྣ་ཚོགས་པའི་རྫུ་འཕྲུལ་གྱི་བཀོད་པ་སྟོན་ནུས་པ་དང༌། ཉོན་མོངས་ལྔ་དག་པ་དང༌། ཉམས་སྣང་འོད་ལྔ་གསལ་བ་དང༌། ཞིང་ཁམས་ལྔར་བགྲོད་པ་དང༌། ཡེ་ཤེས་ལྔ་མངོན་དུ་འགྱུར་བ་ལ་སོགས་པའི་ཡོན་ཏན་དང༌། རྫུ་འཕྲུལ་སྣ་ཚོགས་པར་འགྲུབ་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། རླུང་ལྔའི་དྭངས་མ་སྟོབས་གྱུར་ན། །འོད་ལྡན་ནང་གི་ཡེ་ཤེས་ལྔ། །སྐུ་ལྔ་བགྲོད་པའི་ཞིང་ཁམས་ལྔ། །ཟད་པར་ལྔ་སོགས་འཐོབ་པར་འགྱུར། །ཞེས་སོ། །ཤིན་ཏུ་རྟོགས་དཀའ་བའི་གསང་བའི་རླུང་ནི་ཆོས་ཉིད་དོན་གྱི་ཡེ་ཤེས་རྣམ་པ་ལྔ་ཡི་རང་བཞིན་ཡིན་པས་ཕྱིར་དབྱིབས་དང་ཁ་དོག་ལ་སོགས་པའི་རགས་པའི་ཆོས་དང་རྣམ་པར་འགལ་བ་ཡིན་པའི་ཡོན་ཏན་གོང་དུ་བཤད་པ་རྣམས་དང༌། ལྷག་མཐོང་མི་རྟོག་པའི་རང་བཞིན་འོད་གསལ་གྱི་དགོངས་པ་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་རྣམ་ཤེས་ཀྱི་རྟེན་ཁམས་དྭངས་མ་ཁུ་རྡུལ་གཉིས་རླུང་གིས་རྩ་གནས་སུ་བཀོད་པ་བྱང་ཆུབ་སེམས་ཀྱི་ཁམས་ཇི་ལྟར་འབབ་པའི་ཚུལ་ནི། རོ་མའི་ཡར་སྣ་ལས་ནི་སྤྱི་བོའི་ཧྃ་ཡིག་གི་རྒྱུན་ཟླ་བའི་བདུད་རྩི་སྟེ་དཀར་ཆ་འབབ་སྟེ་ལུས་ཐམས་ཅད་ཁྱབ་པ་དང༌། རྐྱང་མའི་མར་སྣ་ལས་ནི་གསང་གནས་ཀྱི་ཨ་ཤད་ལས་ཉི་མའི་རྡུལ་ཏེ་དམར་ཆ་མཆེད་དེ་རྩ་གནས་ཐམས་ཅད་དུ་འབབ་ཅིང་ཁྱབ་པར་འགྱུར་ལ། ཐབས་ཤེས་ཀྱི་རྟེན་འབྲེལ་གྱིས་ཕོ་ཡི་ཤེས་རབ་ཀྱི་རྩ་རྐྱང་མ་དང་མོ་ཡི་ཐབས་ཀྱི་ཆ་རོ་མའི་སྣ་མདུད་པར་གྱུར་པས་ཕོ་རྣམས་ལ་ཁམས་དམར་པོ་དང་མོ་ལ་དཀར་པོ་སྟེ་གཉིས་འཛག་པ་བསྲུང་སྟེ་མི་འཕོའོ། །རོ་རྐྱང་རྒྱུ་བ་དེ་ལས་གཞན་དུ་དེ་གཉིས་པོ་ལས་མཆེད་པའི། འཁོར་ལོ་སོ་སོའི་རྩ་འདབ་སོགས་རྩ་མདུད་ཡི་གེའི་རྣམ་པར་ཡོད་པའི་ཡུལ་ཉེར་བཞིའི་རང་བཞིན་དུ་བརྗོད་པ་ལ་སོགས་ཀུན་ན་ཁམས་ཀྱི་དྭངས་མ་དཀར་ཆ་ཐབས་དང༌། དམར་ཆ་ཤེས་རབ་ཀྱི་ངོ་བོར་གནས་པ་གཉིས། དཔའ་བོ་ཡབ་དང་ནི་དེའི་ཡུམ་རྣལ་འབྱོར་མའི་ཚུལ་དུ་སྣང་སྟོང་གཉིས་སུ་མེད་པའི་སེམས་ཀྱི་རྩལ་མདངས་ཐབས་ཤེས་དབྱེར་མེད་ཀྱི་ངོ་བོར་བཞུགས་ནས་ཡབ་ཡུམ་ཕན་ཚུན་འཁྲིལ་ཞིང་སྦྱོར་བས་ཞུ་བདེའི་རྣལ་འབྱོར་བསྒོམ་པའི་རྣལ་འབྱོར་པ་རྣམས་ལས་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་ལེན་པས་ཚོགས་གཉིས་མྱུར་དུ་རྫོགས་པར་འགྱུར་རོ། །མདོར་ན་ལུས་ཀྱི་རྟེན་གནས་པ་རྩ་ནི་ཆུ་འདྲེན་པའི་ལམ་ཡུར་བ་དང་འདྲ། ངག་གི་རྟེན་གཡོ་བ་རླུང་ནི་འཁོར་འདས་གཉིས་ཁར་འགྲོ་བ་དང༌། འོང་བའི་ཁ་ལོ་བ་ལྟ་བུ། ཡིད་ཀྱི་རྟེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་རླུང་གི་གནད་ལ་བརྟེན་ནས་ཆུ་དང་འདྲ་བར་ཁྲིད་སར་འདུའོ། །དེ་ཡང་འཁོར་ལོ་དྲུག་པོ་སྟེང་འོག་ཏུ་བརྩེགས་པའི་སྲོག་ཤིང་ལྟ་བུ་དབུ་མ་སྟེ། དེ་ལ་ཆོས་ཉིད་དབུ་མ་ནི་ཡོད་ལ་རྫས་སུ་མ་གྲུབ་པས་སྒྲ་གཅན་ཏེ། ཕྱིར་སྣང་བའི་སྒྲ་གཅན་གྱི་གདོང་མཇུག་གཉིས་ཀྱིས་ཉི་ཟླ་ཟ་བ་ལྟར། ནང་དུ་དཀར་དམར་གྱི་རང་བཞིན་ཨ་ཧྃ་གཉིས་དབུ་མའི་ཡར་མར་གྱི་རྩེ་སྣར་གནས་པའི་འབར་འཛག་གི་ཏིང་ངེ་འཛིན་གོམས་པ་ལས། དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་བྱ་བ་བྱེད་ཅིང༌། ཉི་མ་དང་ཟླ་བའི་རང་བཞིན་ཁམས་དཀར་དམར་གཉིས་རྒྱུན་མི་འཆད་དུ་དབུ་མའི་དབྱིངས་སུ་འབབ་པར་བསྒོམ་པའི་བྱེད་བཅིང་ལ་ནུས་པ་ཐོབ་ན། ཕྱི་རོལ་ཉི་ཟླ་གཟས་འཛིན་པར་མི་ནུས་ཤིང་རྟོད་ལ་གནོན་པ་སོགས་ནུས་པའོ། །དེ་ཡང་རྟ་གདོང་གི་མེས་རྒྱ་མཚོ་ཟ་བ་ལྟར། ཨ་ཤད་ལས་བྱུང་བའི་མེས་ཕུང་ཁམས་མ་ལུས་པ་ཟ་བར་བྱེད་པའི་ཕྱིར་ན་གཏུམ་མོ་ཞེས་བྱ་སྟེ། དེའི་མན་ངག་ནི་དབུ་མ་སྒྲ་གཅན་དབྱིངས་སུ་སྲོག་ཅེས་པ་རླུང་དང༌། རྩོལ་བ་ནི་སེམས་ཏེ་དེ་གཉིས་དབྱེར་མེད་དུ་བཅིང་བའི་ཤིང་རྟས་འཁོར་ལོ་སོ་སོའི་གནས་སུ་རྒྱུ་བའི་རླུང་རིམ་གྱིས་དྲངས་པ་ལས། རླུང་སེམས་འབྱོངས་ནས་རིམ་གྱིས་དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་དང༌། རླུང་དང་ཁམས་ཀྱི་དྭངས་མ་རྣམ་པ་གཉིས་རེ་སྒྲ་གཅན་ལྟོར་ཞུགས་པ་དང་མཉམ་དུ་དང་པོའི་སའི་རྟོག་པ་དང༌། ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པ་ནས་བཟུང་ས་བཅུའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ་ཐམས་ཅད་ཀྱི་ཐ་མ་རྩ་མདུད་ཉེར་གཅིག་པ་གྲོལ་བའི་ཚེ། རླུང་སེམས་ཀྱི་དྭངས་མ་ཐིག་ལེ་དང་བཅས་པ་གཙུག་ཏོར་དུ་འགྲོ་ཞིང་རྡོ་རྗེ་འཆང་འགྲུབ་བོ། །ཁྱད་པར་སྔ་འགྱུར་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སློབ་དཔོན་ཆེན་པོ་བི་མ་ལའི་གསང་ཐིག་གིས་བཀྲལ་བའི་ལུགས། ཕྱི་ནང་སྣོད་བཅུད་ཀྱི་རང་བཞིན་རང་གི་ལུས་སེམས་ལ་རྫོགས་པ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་དབུས་ནི་རང་བཞིན་རྣམ་པར་དག་པ་ཆོས་སྐུའི་བཞུགས་གནས་ཏེ་ཇི་ལྟར་ཞེ་ན། འདས་པ་དང་མ་འོངས་པ་དང་ད་ལྟ་བ་སྟེ་དུས་གསུམ་ཆར་དུ་ལུང་དུ་མ་བསྟན་པའི་སེམས་ཀྱི་ཆོས་ཉིད་ནི་བདེ་གཤེགས་སྙིང་པོ་སྟེ། མཚན་བརྗོད་ལས། དུས་གསུམ་དུས་མེད་རྟོག་པ་པོ། །ཞེས་སོ། །གནས་ལུགས་མངོན་དུ་གྱུར་པ་ཁོ་ནས་དུས་གསུམ་གྱི་སངས་རྒྱས་མཐའ་དག་མངོན་སངས་རྒྱས་ཤིང་འཚང་རྒྱ་བར་འགྱུར་བ་ཡིན་ལ། དེ་ཉིད་མངོན་དུ་བྱེད་པའི་ཐབས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལུགས་འདིར་འཁོར་འདས་སྐྱེད་སྡུད་ཀྱི་ས་བོན་སྙིང་ཁ་ན་གནས་པ་ལ་གནད་དུ་བསྣུན་པའི་རྫོགས་རིམ་འཆད་དོ། །དེ་ཡང་མི་ཕྱེད་པའམ་མི་འགྱུར་བའི་དོན་གྱིས་རྡོ་རྗེའི་གདན་དང༌། དབྱིངས་ཟབ་པས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་དཔལ་གྱི་བེའུ་ཞེས་སྨོས་ནས་དེའི་ཁོང་སེང་ན། འཁྲུལ་སྣང་དང་ཡེ་ཤེས་སྐྱེད་བྱེད་རྩ་ཡི་དྭངས་མ་བརྒྱད་དུ་གནས་པ་ཡི་དབུས་ན་སྦྱང་གཞི་སྦྱོང་བྱེད་ལྟར་གནས་པའི་ས་བོན་དུ་གནད་དུ་བསྣུན་པའི་ཚུལ་བི་མའི་གསང་ཐིག་ལས། གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །ཞེས་དང༌། དེའི་འགྲེལ་པར། གང་ལ་ཡོད་ན་སྙིང་ཁོང་སྟོང་གི་དཀྱིལ་ན་རྩ་ཡི་དྭངས་མ་རྩ་ཕྲན་རྒྱུས་པ་བལྡད་པ་འདྲ་བ་བརྒྱད་ཡོད་པ་ལས། གསུམ་ཆོས་ཉིད་ཀྱི་རྩ། གཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩ་སྟེ་བརྒྱད་དུ་ཤེས་པར་བྱའོ། །ཞེས་སོ། །དེ་དག་རྣམས་ལས་དབུས་མ་གསུམ་ནི་སྐུ་གསུམ་དང་ཆོས་ཉིད་མི་འགྱུར་བའི་རྟེན་ཡིན་ལ། དེའི་མདུན་མ་ན་གཅིག་ཡོད་པ་ནི་ཡེ་ཤེས་བཞི་འཆར་བར་འགྱུར་བའི་རྟེན་གྱི་རྩ་ཡིན་ཞིང༌། རྒྱབ་ན་ནི་ཡོན་ཏན་གྱི་རྩ་གནས་པ་ལས་ཞིང་ཁམས་དང་གཞལ་ཡས་ཁང་ལ་སོགས་པ་དག་པའི་སྣང་བ་མུ་མེད་པར་འཆར་རོ། །གཡོན་ན་རང་རྒྱུད་པའི་རྩ་གསུམ་ནི་ཁམས་གསུམ་དང་དུག་གསུམ་རང་མཚན་པའི་འཁྲུལ་སྣང་མཐའ་དག་འཆར་བའི་རྟེན། རྩ་བཞི་པོ་སོ་སོའི་དབུས་ན་འཁོར་བ་དང་མྱང་འདས་ཀྱི་ཡིག་འབྲུ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ནི། སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་དུ་གནས་པ་ཡིན་ཏེ། འདི་ལྟར་ཆོས་ཉིད་ཀྱི་རྩ་འོད་སྣང་སེར་ལ་ཟླུམ་པའི་རྣམ་པ་ཅན་གྱི་དཀྱིལ་ན་ལྷ་མིན་དང་བྱོལ་སོང་གི་ས་བོན་སུ་དང་ཏྲིའི་སྟེང་དུ་སྐུ་རྡོ་རྗེའི་སྙིང་པོ་ཨོཾ་རང་འོད་ཟ་འོག་གུར་ལྟར་གསལ་བ་དང་ཀུན་གཞིའི་རྣམ་ཤེས་གནས་སོ། །ཡེ་ཤེས་ཀྱི་རྩ་མཐིང་ག་གྲུ་བཞིའི་སྦུབས་ན་ལྷ་དང་མིའི་ས་བོན་ཨ་ནྲྀ་དཀར་དམར་གྱི་སྟེང་ན་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་མཐིང་ཁ་དང་ཡིད་ཀྱི་རྣམ་ཤེས་གནས་སོ། །རང་རྒྱུད་པའི་རྩ་དམར་པོ་ཟླ་གམ་གྱི་དཀྱིལ་ན་དམྱལ་བ་དང་ཡི་དྭགས་ཀྱི་ས་བོན་པྲེ་དང་དུའི་སྟེང་དུ་གསུང་རྡོ་རྗེའི་རང་བཞིན་ཨཱཿཡིག་པདྨ་རཱ་ག་ལྟར་འཚེར་བ་དང་ཉོན་ཡིད་གནས་སོ། །ཡོན་ཏན་གྱི་རྩ་དམར་ནག་གྲུ་གསུམ་གྱི་དབུས་ན་སྒོ་ལྔའི་རྣམ་ཤེས་གནས་སོ། །དེས་ན་འཁོར་བའི་གནས་རིགས་དྲུག་པོར་འཕེན་པའི་བག་ཆགས་ནི་སྦྱང་བྱ་ཡིག་འབྲུ་དྲུག་པོའི་སྟེང་དུ་བསགས་ནས་དེའི་འཁྲུལ་སྣང་བསྐྱེད་ལ། ཐར་པའི་འབྲས་བུ་འཐོབ་བྱེད་སྒོ་གསུམ་གྱི་དགེ་བ་སྤྱི་དང༌། བྱེ་བྲག་རྡོ་རྗེ་གསུམ་གྱི་ལམ་བྱེད་རྣམས་ཡི་གེའི་སྟེང་དུ་བཞག་ནས་ལམ་འབྲས་ཀྱི་ཡོན་ཏན་སྣང་བར་འགྱུར་ཞིང༌། ཁྱད་པར་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཡིག་འབྲུ་རྣམས་དངོས་སུ་གསལ་བཏབ་ནས་དེ་ལ་གནད་དུ་བསྣུན་པའི་རྫོགས་རིམ་དང་འབྲུ་གསུམ་གྱི་བཟླས་པ་སོགས་བྱས་པས་སྐུ་གསུང་ཐུགས་ཀྱི་ཡི་གེ་རྣམས་སྟོབས་འཕེལ་བས་འཁོར་བའི་ས་བོན་གྱི་ཡི་གེ་དང༌། དེས་བཟུང་བའི་བག་ཆགས་ཐམས་ཅད་དག་སྟེ་རྡོ་རྗེ་གསུམ་གྱི་དངོས་གྲུབ་འཐོབ་པར་བྱེད་པའོ། །སྙིང་ཁའི་རྩ་འདབ་ཀུན་གྱི་དབུས་ན་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ཡོད་དེ། རྩ་འདབ་བརྒྱད་པོའི་དབུས་མ་ནི་རྒྱུད་སྡེ་གཞན་ལྟར་ན། ཡང་དག་པའི་དབུ་མ་ཡིན་ལ་དབུ་མའི་རླུང་དྭངས་མ་ཡང་ཡེ་ཤེས་ཀྱི་རྩ་ལ་འཇུག་དགོས་པས་དྭངས་མའི་འོད་རྩ་དཀར་པོ་ཤེལ་གྱི་སྐུད་པ་ལྟ་བུ་ཕྲ་བའི་ཆ་ནས་རྟ་རྔའི་བཅུ་ཆ་ཙམ་དུ་ཕྲ་བའི་ནང་ན། རྡུལ་ཏེ་ཁྲག་དང་དབུགས་ཀྱི་དྭངས་མ་འདྲེས་པ་ལ་བརྟེན་པའི་རླུང་སེམས་ཤིན་ཏུ་ཕྲ་བའི་སྣང་ཆ་མ་འགག་པའི་གདངས་འོད་ཀྱི་ཐིག་ལེ་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་པ་ཤིན་ཏུ་ཕྲ་བ་ཉིད་ཡོད་ལ། དེ་ཡང༌། འབྱུང་བ་ལྔ་ཀའི་དྭངས་མ་ཡིན་ཏེ་ས་ཡི་དྭངས་མ་ནི་དར་དཀར་གྱི་སྐུད་པ་ལྟ་བུའོ། །ཆུ་ཡི་དྭངས་མ་ནི་ཁྲག་གི་རང་བཞིན་རྒྱ་མཚལ་གྱི་ཁུ་བ་ལྟ་བུའོ། །མེའི་དྭངས་མ་ནི་མེ་ལོང་ཉི་མ་ལ་བཞག་པའི་ངད་ལྟ་བུའི་དྲོད་དོ། །རླུང་གི་དྭངས་མ་ནི་གསེར་ས་འོག་ན་ཡོད་པའི་རླངས་ལྟ་བུའོ། །ནམ་མཁའི་དྭངས་མ་ནི་གོ་འབྱེད་པའི་ཆ་ཙམ་མོ། །དེ་རྣམས་ནི་རྣམ་པར་ཤེས་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་ཞིང་འདུས་མ་བྱས་པའི་བྱང་ཆུབ་སེམས་ཀྱི་རྟེན་ཡིན་ལ། རྒྱུ་མཚན་དེས་ན་སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི། རིག་པའི་ཡེ་ཤེས་སྣང་སྟོང་གཉིས་སུ་མེད་པ་ཀུན་བཟང་ཡབ་ཡུམ་དང༌། དེའི་གདངས་ཡེ་ཤེས་ལྔའི་ངོ་བོར་མ་འགག་པ་ནི་རིགས་ལྔ་སྟེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དེ་ལ་རང་གི་ངོ་བོའི་རྟེན་དང་བརྟེན་པ་མེད་ནའང་ཐ་སྙད་དུ་དེ་ལ་བརྟེན་པ་ལྟར་ཡོད་པས་བཞུགས་པའི་གཞལ་མེད་ཁང་ཞེས་བྱ་ལ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་གང་དུ་རླུང་སེམས་ཀྱི་དྭངས་མ་རྣམས་འདུས་པའི་ཚེ་ན། མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་རང་གདངས་ཞིང་དང༌། གཞལ་ཡས་ཁང་སྐུ་དང་འོད་ཟེར་དང༌། ཡེ་ཤེས་ཀྱི་སྣང་བ་མཐའ་དག་ལམ་དུས་སུའང་འཆར་ལ། མཐར་ཐུག་སྣང་ཆའི་འོད་ལྔ་པོའི་རྩལ། ལས་རླུང་གིས་བསླད་དེ་ཕུང་ཁམས་སྐྱེ་མཆེད་མ་དག་པའི་ཆོས་སུ་སྣང་བའི་ཆ་ཐམས་ཅད་དང་བྲལ་བ་ན། རང་བཞིན་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་ཀྱི་ཆའི་ཆོས་སྐུ་མངོན་དུ་གྱུར་ཏེ། དེ་གཉིས་དོན་ལ་དབྱེར་མེད་པས་གཅིག་ཏུ་འདྲེ་བ་མེད་ཀྱང་འཁྲུལ་པའི་སྣང་བ་བག་ཆགས་དང་བཅས་པ་ཐམས་ཅད་དབྱིངས་སུ་ལྡོག་ནས་སྣང་སྟོང་རོ་གཅིག་ཏུ་འདྲེས་པས་ལམ་གྱི་ཚོགས་གཉིས་འབད་མེད་དུ་རྫོགས་པར་འཚང་རྒྱའོ། །འཚང་རྒྱ་བའི་གནས་འོག་མིན་རྣམ་དག་ཚད་དང་བཀོད་པ་མཐའ་ཡས་པས་བརྒྱན་པའི་ཞིང་ཁམས་སྟུག་པོ་བཀོད་པ་ཞེས་ཁམས་གསུམ་གྱི་གནས་འདི་ལས་སམ་རང་གི་སེམས་ཉིད་ལས་གཞན་དུ་རང་མཚན་པ་ཞིག་མི་གནས་ཏེ། དབྱིངས་ལ་སྒྲིབ་པར་བྱེད་པའི་དྲི་མ་རླུང་སེམས་མ་དག་པའི་ཆ་མཐའ་དག་པ་སྟེ་ཐམས་ཅད་ནམ་ཞིག་སྤངས་པར་གྱུར་པའི་དུས་དེར་ཡེ་ཤེས་ཀྱི་རང་སྣང་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེ་ཡི་ཕྱིར་ལུས་ནི་རིག་པའི་ཡེ་ཤེས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཁྱབ་གདལ་ཆེན་པོའི་རྟེན་ཡིན་ནོ། །དེ་ལྟར་འཁོར་བ་འཁྲུལ་པའི་དུས་ཉིད་ནའང་སེམས་ཉིད་རང་གི་ངོ་བོའི་བཞུགས་ཚུལ་རང་བཞིན་གྱིས་རྣམ་པར་དག་ཅིང་སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་མ་ཚང་བ་མེད་པར་ལྷུན་གྱིས་གྲུབ་པ་ལ་ཉམས་པ་སྟེ་གྲངས་ཉུང་ཞིང་འབྲས་བུའི་ཆོས་མ་ཚང་བ་དང༌། དམན་པའམ་ཞན་པར་གྱུར་པ་གཉིས་ཀ་མེད་དེ། དཔེར་ན་དངུལ་ཆུ་ཐལ་གསེབ་ཏུ་ལྷུང་ཡང་མི་འདྲེ་བ་བཞིན་ནོ། །དེ་ལྟ་བུའི་འགྱུར་བ་མེད་པའི་ཆོས་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་གཤེགས་སྙིང་པོ་ནི་འཇག་མའི་སྲིན་བུ་ཡན་སེམས་རྒྱུད་ཀྱིས་བསྡུས་སོ་འཚལ་ཐམས་ཅད་ལ་མ་ཁྱབ་པ་མེད་དེ། དཔེར་ན་ཏིལ་ཡིན་ནོ་ཅོག་ཐམས་ཅད་ལ་མར་གྱིས་ཁྱབ་པ་ལྟར་གནས་ཞེས་རྒྱུད་ལུང་མན་ངག་ཐམས་ཅད་ལས་གསལ་བ་ཇི་བཞིན་ནོ། །འདི་ལྟར་རྟེན་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་སོགས་པའི་གནས་ལུགས་དང༌། བརྟེན་པ་སེམས་ཀྱི་རང་བཞིན་གདོད་མ་ནས་གནས་པའི་ཆོས་ཉིད་གཞི་ཡི་བཞུགས་ཚུལ་དག་ཤེས་པར་བྱས་ནས། རྫོགས་རིམ་མན་ངག་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ལས་གསུངས་པའི་ཆོས་དྲུག་པོ་འདིར་མ་འདུས་པ་མེད་དོ། །རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱི་རྩ་བ་གཏུམ་མོ་ཡིན་ཏེ། ཐབས་ཀྱི་ཆ་ཐམས་ཅད་ཤེས་རབ་སྐྱེ་བ་མེད་པའི་ངང་དུ་དག་དགོས་པ་དང༌། ལམ་གྱི་གཞི་མ་ནི་སྒྱུ་ལུས་ཡིན་ཏེ། དག་མ་དག་གི་ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་གོམས་དགོས་ཀྱི། དངོས་ཞེན་གྱི་ལམ་ནས་གྲོལ་མི་ནུས་པའི་ཕྱིར་རོ། །ལམ་གྱི་དྲོད་ཚད་ནི་ཉིང་འཁྲུལ་རྨི་ལམ་གྱི་ལམ་ནས་སྦྱང་བ་ཡིན་ཏེ། ཚེ་འདིའམ་འཆི་སྲིད་དམ་བར་དོ་སོགས་འོད་གསལ་དུ་བསྡུ་བ་ལ་བསླབ་དགོས་པའི་ཕྱིར་རོ། །ལམ་གྱི་སྙིང་པོ་ནི་འོད་གསལ་ཡིན་ཏེ། བསྒོམ་བྱ་དོན་དུ་གཉེར་བའི་དོན་པོ་ཡིན་པའི་ཕྱིར་རོ། ལམ་གྱི་མུན་ནང་ནི་བར་དོ་ཡིན་ཏེ་ཉམས་ལེན་འབྲས་བུར་སྦྱོར་བའི་མཚམས་སྦྱོར་གྱི་རྐྱེན་ཡིན་པའི་ཕྱིར་རོ། །ལམ་གྱི་བློ་ཆོད་ནི་འཕོ་བ་ཡིན་ཏེ་ཚེ་འདིར་མཐར་མ་ཕྱིན་ན་མན་ངག་གིས་རྣམ་ཤེས་དག་ཞིང་དུ་བཙན་ཐབས་སུ་འཕོ་དགོས་པ་ཡིན་ནོ། །དེ་ལྟར་ཆོས་དང་ནི་ལམ་གྱི་གཞི་མ་སྔར་སྒྱུ་ལུས་ཀྱི་སྐབས་སུ་སྒྱུ་མ་ལྟ་བུའི་ལྷ་སྐུ་དེ་ཡང་བསྡུ་རིམ་གྱིས་འོད་གསལ་དུ་བསྡུ་བ་དང༌། གཏུམ་མོ་གཞན་ལུས་ཕྱག་རྒྱའི་ལམ་གང་རུང་ལ་བརྟེན་ནས་དགའ་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་ལ་གོམས་པ་ལས། སྟོང་པ་བཞིའམ་དགའ་བ་བཞིས་དྲངས་པའི་འོད་གསལ་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེ་ཡང་སྟོང་པ་བཞི་ནི། དང་པོ་རྣམ་ཤེས་སྣང་བ་ལ་ཐིམ་པའི་སྐབས་སུ་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། ཕྱི་རྟགས་སུ་སྟོན་གནམ་ཉི་ཟླ་འོད་ཀྱིས་བསླད་པ་ལྟར་དཀར་ལམ་པའི་སྣང་བ་དང༌། ནང་རྟགས་སུ་གསལ་བའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་སྟོང་པ་ཞེས་བྱའོ། །དེ་ནས་སྣང་བ་མཆེད་པ་ལ་ཐིམ་པས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། ཕྱི་རྟགས་སུ་སྟོན་གནམ་ཉི་འོད་ཀྱིས་བསླད་པ་ལྟ་བུ་དམར་ལམ་པ་དང༌། ནང་རྟགས་སུ་བདེ་བ་མུ་མཐའ་མེད་པར་འཆར་ཏེ་སྟོང་པ་ཆེན་པོ་ཞེས་བྱའོ། །དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་གཏི་མུག་གི་རྟོག་པ་བདུན་འགགས། ཕྱི་རྟགས་སུ་སྟོན་གནམ་སྨག་གིས་བསླད་པ་ལྟ་བུའི་ནག་ལམ་པ་དང༌། ནང་རྟགས་སུ་རྣམ་པར་མི་རྟོག་པའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་ཤིན་ཏུ་སྟོང་པ་ཞེས་བྱའོ། །དེ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་ཟེར་བ་ཡང༌། དོན་དུ་སྔར་ཉེར་ཐོབ་ཀྱི་སྐབས་ཀྱི་མི་རྟོག་པ་དེ་ཉིད་ཅུང་ཟད་སད་ནས་རང་བཞིན་གཞིར་གནས་ཀྱི་འོད་གསལ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཅོས་མིན་དུ་ཤར་བ་ནི། སྟོན་གྱི་དུས་སུ་ཐོ་རངས་ཀྱི་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུ་སྟེ་ཐམས་ཅད་སྟོང་པའི་འོད་གསལ་ཞེས་བྱའོ། ༈ ཞེ་སྡང་གི་རྟོག་པ་སོ་གསུམ་ནི། ཡུལ་མི་འདོད་པའི་རྣམ་པ་ཅན་ལ་ཤས་ཆུང་ངུ༌། འདོད་ཆགས་དང་བྲལ་བ་དང༌། འབྲིང་འདོད་ཆགས་དང་བྲལ་བ་བར་མ་དང༌། ཆེན་པོ་ཤིན་ཏུ་འདོད་ཆགས་དང་བྲལ་བ་དང༌། གང་ཡིད་ཀྱི་འོང་བ་དག་དང་ཡུལ་མི་སྙིང་དམར་བ་མངའ་ཐང་ལོངས་སྤྱོད་སོགས་ལ་སྤྲོ་སེམས་ཡོད་པའི་ཡིད་ནང་གི་ཡུལ་ལ་ཚུར་འཇུག་པ། ཡིད་ཀྱིས་འགྲོ་བ་དང་སྤྱིར་ཕྱི་ཡི་ཡུལ་ལ་ཕར་འགྲོ་བ། སོང་བ་དང་ཡུལ་གྱི་རྗེས་སུ་བྱེ་བྲག མྱ་ངན་དང་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་སེམས་ཀྱི་གདུང་བ་ཆུང་ངུ༌། མྱ་ངན་བར་མ་དང་འབྲིང༌། ཤིན་ཏུ་མྱ་ངན་དང་ཆེན་པོ། སེམས་ཉེ་བར་གནས་པའམ་ཡང་ན་སེམས་རྣལ་དུ་འདུག་པའི་དལ་བ་ཞི་བ་དང༌། རྒོད་པར་གནས་པའམ་ཡང་ན་སེམས་རྩིང་པར་རྟོག་པ་རྣམ་པར་མི་རྟོག་པ་དང༌། ཡུལ་ཡིད་དུ་མི་འོང་བ་དང་ཕྲད་ནས་སེམས་སྐྲག་པ་ཆུང་ངུ་འཇིགས་པ་དང༌། འབྲིང་འཇིགས་པ་བར་མ་དང༌། ཆེན་པོ་ཤིན་ཏུ་འཇིགས་པ་དང༌། ཡུལ་ལ་ཞེན་པ་ཐ་མ་སྲེད་པ་དང༌། འབྲིང་སྲེད་པ་བར་མ་དང༌། རབ་ཤིན་ཏུ་སྲེད་པ་དང༌། དམག་གྱོད་སོགས་ཀྱིས་རྫས་སུ་འདོད་ཡོན་གྱི་ཡུལ་རྣམས་ཀུན་ཏུ་འཛིན་པ། ཉེ་བར་ལེན་པ་དང༌། དགེ་བའི་ལས་ལ་ཡིད་གཉིས་ཟ་བའམ་ཡང་ན་རང་གི་སེམས་མི་གསོད་པ་མི་དགེ་བ་དང༌། ཟས་འདོད་པ་བཀྲེས་པ་དང༌། བཏུང་བ་འདོད་པ་སྐོམ་པ་དང༌། སྡུག་ན་བདེ། བདེ་ན་སྡུག །ཅི་ཡང་མ་ཐུབ་པའི་བཏང་སྙོམས་གསུམ་ལ་ཡུལ་གྱི་སྒོ་ནས་ཆུང་ངུ་ཚོར་བ་དང༌། འབྲིང་ཚོར་བ་བར་མ་དང༌། ཆེན་པོ་ཤིན་ཏུ་ཚོར་བ་དང༌། རིག་པ་དང༌། རིག་པ་པོ་རང་དང༌། རིག་པར་བྱེད་པ་ཡིད་དང༌། རིག་བྱའི་ཡུལ་ལས་ཏེ་གསུམ་ལ་རྟོག་པ་གསུམ་དུ་གསུངས་པ་ལྟར་ན། གོང་གི་སོང་བ་ཞེས་པ་མི་བགྲང༌། ཡང་ན། རིག་པ་དང་རིག་བྱ་གཉིས་ལ་རྟོག་པ་གཉིས་སུ་བྱས་ནས་སོང་བ་བགྲང་བའང་ཡོད་ལ། རིག་པ་འཛིན་པའི་གཞི་དང༌། སོ་སོར་རྟོག་པ་རིག་པ་དང་མི་རིག་པར་དཔྱོད་པ་དང༌། རང་ངམ། ཆོས་རྒྱུ་མཚན་དུ་བྱས་ནས་སམ་བདག་གིས་ཕ་རོལ་པོ་འདི་མ་ཐུབ་ན་གཞན་གྱིས་ཁྲེལ་དོག་སྟེ་ཁ་ན་མ་ཐོ་བ་ལ་འཛེམ་པ་ངོ་ཚ་ཤེས་པ་དང༌། སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ་བ་དང༌། དམིགས་བྱ་ཡོངས་སུ་བསྲུང་བ་དང་སྡུག་པ་དང་ཕྲད་འདོད་པ་སྟེ་གསུམ་ལ་བརྩེ་བ་དང༌། བརྩེ་བ་བར་མ་དང༌། ཤིན་ཏུ་བརྩེ་བ་དང༌། ཕ་རོལ་པོའི་ཅི་བྱེད་ཡང་ཡང་སྙམ་པའི་ཡིད་འཕྲིག་ཟོས་ཟེར་བའི་འཕྲིག་པ་དེ་ཡིན་པའི་སེམས་ངེས་པར་མི་གནས་པ་དོགས་པ་དང་བཅས་པ་དང༌། གཞན་གྱི་ཡོ་བྱད་གཞན་གནོད་པའི་ཆེད་དུ་རང་གིས་སྡུད་པའི་སེམས་ཀྱིས་སྡུད་པ་དང་འདི་ལ་བསགས་ཞེས་པའང་སྣང་སྟེ་འདྲའོ། །ཡོ་བྱད་ཀུན་ཏུ་འཛིན་པའི་སེམས་སེར་སྣ་རྣམས་སོ། འདི་ལ་ཕྲག་དོག་ཅེས་འབྱུང་བ་ལྟར་ན་གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུགས་པའོ། ༈ འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ནི། འདི་ལ་ཞེན་པ་ཞེས་དམིགས་ཡུལ་རང་གི་ཐོབ་པའི་ཡུལ་ལ་ཡིད་ཆགས་པར་གསུངས་པ་འདོད་ཆགས་དང༌། མ་ཐོབ་པའི་ཡུལ་ལ་ཡིད་ཆགས་པ་དང༌། ཡིད་དུ་འོང་བ་མཐོང་ནས་སེམས་དགའ་བ་ཆུང་བ་དང༌། འབྲིང་དགའ་བ་བར་མ་དང༌། ཆེན་པོ་ཤིན་ཏུ་དགའ་བ་དང༌། འདོད་དོན་གྲུབ་པའི་བདེ་བའི་སེམས་པ་རངས་པ་དང༌། དེའི་རྣམ་པ་སེམས་ཀྱི་ཡང་དང་ཡང་དུ་མྱོང་བ་རབ་ཏུ་མགུ་བ་དང༌། གཏམ་སྣ་ཚོགས་པས་འདི་ཅི་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟ་བའམ་ཡང་ན་སྔར་མ་བྱུང་བའི་དོན་ལ་སེམས་པ་མཐོང་བ་ངོ་མཚར་བ་དང༌། ཡིད་དུ་འོང་བ་མཐོང་ནས་སེམས་གཡེང་བ་རྒོད་པ་དང༌། བདེ་བའི་རྣམ་པ་མྱོང་བའམ་ཡང་ན་ཡུལ་དེས་ངོམས་པའི་རྟོག་པ་ཚིམ་པ་དང༌། འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབ་པ་སྟེ་དེ་རྣམས་བྱ་བར་འདོད་པའི་སེམས་གསུམ་དང༌། རྒྱུད་དབེན་པའི་ཡུལ་དེ་ལས་མི་འགྱུར་བའི་སེམས་བརྟན་པ་དང༌། དགེ་བ་ལ་གཞོལ་བ་བརྩོན་པ་དང༌། མཐོ་བར་སེམས་པ་ཁེངས་པ་དང༌། བྱ་བ་རྫོགས་པར་བྱེད་པ་དང༌། ནོར་འཕྲོག་པར་འདོད་པ་འཕྲོག་པ་དང༌། གཞན་དཔུང་འཇོམས་པར་འདོད་པ་སྟོབས་དང༌། དགེ་བའི་ལམ་ལ་སེམས་གོམ་པར་བྱེད་པའི་སེམས་སྤྲོ་བ་དང༌། དྲེགས་པའི་དབང་གིས་མི་དགེ་བར་སྤྱོད་པའམ་ཡང་ན་ཡུལ་ལ་འབད་པས་སྦྱོར་བ་ཆུང་ངུ་ཚམ་ཚོམ་མེད་པ་དང༌། འབྲིང་ཚམ་ཚོམ་མེད་པ་བར་མ་དང༌། ཆེན་པོ་ཤིན་ཏུ་ཚམ་ཚོམ་མེད་པ་དང༌། རྒྱུ་མཚན་མེད་པར་ཡང་དམ་པ་རྣམས་དང་རྩོད་འདོད་པ་དྲེགས་པ་དང༌། ཡིད་འོང་མཐོང་བས་འགྱིང་བའམ་རྩེ་བར་འདོད་པ་རྣམ་པར་སྒེག་པ་དང༌། འཁོན་དུ་འཛིན་པའི་སེམས་ཞེ་འགྲས་པ་དང༌། དགེ་བའི་ལས་ལ་རྩོལ་བར་འདོད་པ་དགེ་བ་དང༌། གཞན་གྱི་གོ་བར་སྨྲ་འདོད་པ་ཚིག་གསལ་བ་དང༌། འདུ་ཤེས་མ་བསྒྱུར་བར་སྨྲ་འདོད་པ་བདེན་པ་དང༌། འདུ་ཤེས་བསྒྱུར་བར་སྨྲ་འདོད་པ་མི་བདེན་པ་དང༌། ཡི་དམ་ཤིན་ཏུ་བརྟན་པ་ངེས་པ་དང༌། ཡུལ་ཡོངས་སུ་མི་འཛིན་པར་འདོད་པ་ཉེ་བར་མི་ལེན་པ། བདོག་པ་ཐམས་ཅད་གཏོང་བར་འདོད་པ་སྦྱིན་པ་པོ་ཉིད་དང༌། གཞན་ལེ་ལོ་ཅན་བསྐུལ་བར་འདོད་པ་བཏུལ་བ་དང༌། ཉོན་མོངས་སོགས་ཀྱི་དགྲ་ལས་རྒྱལ་བར་འདོད་པ་དཔའ་བ་དང༌། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་མི་འཛེམ་པར་མི་དགེ་བ་བཅུ་ལ་འཇུག་པ་ངོ་ཚ་མེད་པ་དང༌། བཅོས་མས་གཞན་བསླུས་གཡོ་ཅན་དང་འདི་ལ་སྒྱུ་ཞེས་པའང་ཟེར། ལྟ་བ་ངན་པ་ལ་བྱང་བ་གདུག་པ་ཅན་དང༌། གཞན་ལ་མཐོ་མཚམས་པ་མི་བསྲུན་པ་དང༌། རྒྱུད་མི་དྲང་བ་གྱ་གྱུ་ཆེ་བ་རྣམས་སོ། ༈ གཏི་མུག་གི་རྟོག་པ་བདུན་ནི། དོན་དུ་གཉེར་བྱའི་ངོ་བོ་ཇི་བཞིན་དུ་མི་ཤེས་འདོད་ཆགས་བར་མ་དང༌། དྲན་པ་ཉམས་པ་བརྗེད་ངས་དང༌། སྨིག་སྒྱུ་ལ་ཆུར་འཛིན་པ་སོགས་འཁྲུལ་པ་དང༌། སྨྲ་སྙིང་མི་འདོད་པ་མི་སྨྲ་བ་དང༌། ཡིད་སྲུན་པ་སྐྱེ་བ་སྐྱོ་བ་དང༌། དགེ་བ་ལ་མི་སྤྲོ་བ་ལེ་ལོ་དང༌། བདེན་པ་རྣམས་ལ་ཡིད་གཉིས་ཟ་བའམ་ཡང་ན་ལས་འབྲས་དང་ཆོས་ཉིད་ལ་ཡིད་གཉིས་ཟ་བ་ཐེ་ཚོམ་རྣམས་སོ། །དེ་ལྟར་སྣང་གསུམ་མམ་ཡང་ན་དགའ་བཞིས་དྲངས་པའི་འོད་གསལ་གང་ཡིན་ཀྱང་འདྲ་སྟེ་དེ་ལ་འོད་གསལ་ཙམ་དུ་འདྲ་ཡང༌། དཔེ་དོན་གྱི་འོད་གསལ་དུ་མ་དང༌། དཔེའི་འོད་གསལ་ལ་ཡང་མཆོག་དམན་གྱི་རིམ་པ་དུ་མ་ཡོད་ཀྱང༌། དེས་ན་མཐོང་ལམ་སྐྱེས་ཚུན་དཔེའི་འོད་གསལ་ཡིན་ནོ། །མཐོང་ལམ་གྱི་བདེན་པ་མཐོང་བ་ནི་དོན་གྱི་འོད་གསལ་ཡིན་ཏེ། དེ་ཕྱིན་ཆད་དོན་གྱི་འོད་གསལ་ལ་འགྱུར་བ་མེད་དོ། །འཆི་དུས་ཀྱི་ཐིམ་རིམ་རྫོགས་པའི་མཐའ་དང༌། གཉིད་དུས་སོགས་འོད་གསལ་ཤར་བ་ནི་གཞིའི་འོད་གསལ་ཡིན་ལ། རྣལ་འབྱོར་པའི་ལམ་གོམས་པའི་སྟོབས་ཀྱིས་དེ་ཉིད་ངོ་ཤེས་པར་བྱས་ནས་དཔེ་དོན་གྱི་འོད་གསལ་གང་རུང་སྦྱོར་རོ། །ལམ་གྱི་བསུན་མ་ནི་བར་དོ་ཡིན་ཏེ། ཉམས་ལེན་འབྲས་བུར་སྦྱོར་བའི་མཚམས་སྦྱོར་གྱི་རྐྱེན་ཡིན་པའི་ཕྱིར་རོ། །ལམ་གྱི་བློ་ཆོད་ནི་འཕོ་བ་ཡིན་ཏེ། ཚེ་འདིར་མཐར་མ་ཕྱིན་ན་མན་ངག་གིས་རྣམ་ཤེས་དག་ཞིང་དུ་བཙན་ཐབས་སུ་འཕོ་དགོས་པ་ཡིན་ནོ། །དེ་ལྟར་ཆོས་རྣམ་པ་དྲུག་སྐྱེས་བུ་གང་གིས་ལམ་བསྒོམ་པའི་རྩོལ་བ་དང་བཅས་པས་རང་ལུས་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས་འགྲུབ་ཀྱིས་གཞན་ཕྱག་རྒྱའི་རྐྱེན་ལ་རག་མ་ལུས་ཕྱིར། རང་ལུས་ཐབས་ལྡན་ནམ་སྟེང་སྒོ་རྣམ་གྲོལ་གྱི་ལམ་ཞེས་བྱའོ། །རང་ལུས་ཐབས་ལྡན་ལ་བརྟེན་ནས་རྩ་དྲང་ཐིག་ལེ་གནས་སུ་འཆུན། རླུང་བྱང་སྟེ་གསུམ་ཀ་ལ་གནད་དུ་སོང་ནས་ལས་སུ་རུང་བར་གྱུར་པ་ན། སླར་ཡང་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཆར་དུ་ངོ་འཕྲོད་ནས་འཕགས་པའི་ལམ་དུ་སྦྱོར་བར་བྱེད་པ་གཞན་ལུས་ཐབས་ལྡན་འོག་སྒོ་ཁམས་གསུམ་རོལ་པའི་ལམ་ཕྱག་རྒྱ་ལ་བརྟེན་པ་ཡིན་ཏེ། འཁོར་བའི་ཆོས་སུ་སྣང་བ་ཀུན་གྱི་གཞི་རྩ་རླུང་ཐིག་ལེ་ཐམས་ཅད་ཀྱང་འོད་གསལ་ཆེན་པོར་གྲོལ་བའི་ལམ་དུ་འགྲོ་བའི་ཐབས་རྨད་དུ་བྱུང་བ་ནི་ཐབས་ཀྱི་ལམ་གཅིག་ཆར་བའམ་གཞན་ལུས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཡང་ན་བསྐྱེད་རྫོགས་ཀུན་ཀྱང་ཡང་དག་པའི་ལམ་དུ་འགྲོ་བས་ན་ཐབས་ཀྱི་ལམ་ཁྱད་པར་བ་ཡིན་ནོ། །གཉིས་པ་སྤྲོས་བྲལ་སྣང་བ་མེད་པའི་རྫོགས་རིམ་དུ་དག་དགོས་པས་དེའི་ཚུལ་ནི། མཚན་མ་ཞལ་ཕྱག་ལ་སོགས་པའི་རྣམ་པར་གྱུར་པའི་བསྐྱེད་རིམ་དང༌། རྫོགས་རིམ་གྱི་ལྷ་གང་ཡིན་ཡང༌། མཐར་མི་དམིགས་པར་འཇོག་པ་སྟེ་དེ་ཡང་མ་དག་པའི་དངོས་ཞེན་སྦྱངས་ཏེ་དག་པར་བསྒོམས་པའི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཞིང་དང་གཞལ་ཡས་ཁང་ལྷ་དང་ལྷ་མོ་སོགས་རང་བཞིན་གྱི་བརྟན་གཡོར་སྣང་བ་ཀུན། འོད་དུ་ཞུ་ཞིང་གཞལ་ཡས་ཁང་ནས་རིམ་བཞིན་འཁོར། གཙོ་བོ། ཡེ་ཤེས་སེམས་དཔའ། དེ་སྙིང་གའི་ས་བོན་གྱི་བར་རྣམས་ལ་ཐིམ་ཞིང༌། ས་བོན་ཧཱུྃ་ཡིག་ལྟ་བུ་ཡིན་ན་ཞབས་ཀྱུ་ནས་ཐིག་ལེར་ཐིམ་པ་དེའང་མས་རིམ་ནས། ནཱ་དའི་བར་དུ་ཐིམ་ནས་སྤྲོས་བྲལ་ངང་དུ་བཞག་པས་ནམ་མཁའ་དྭངས་པ་བཞིན་སྟོང་པར་གྱུར་པ་ནམ་མཁའི་ངོ་བོ་ཉིད། ཀུན་རྟོག་གི་སྤྲོས་པ་བྲལ་ཞིང་སོ་སོ་རང་རིག་པའི་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད་ལ་བཞག་པར་བྱའོ། །བྱེད་ལས་བསྐྱེད་རིམ་གྱིས་ནི་གནས་དོན་ལུས་ཀྱི་བག་ཆགས་སམ་སྒོ་གསུམ་དུ་སྣང་བའི་བདེན་ཞེན་འགོག་ཅིང༌། རྫོགས་རིམ་གྱིས་ནི་གྱ་ནོམ་ལྷར་ཞེན་ཏེ། སྣང་སྤྱོད་ཐམས་ཅད་སྒྱུ་མ་ལྟ་བུའི་ལྷར་གསལ་བས་ཞེན་རྟོག་སྤོང༌། ཐིག་ལེ་ལ་བརྟེན་ནས་བདེ་བ་དང༌། རླུང་ལ་བརྟེན་ནས་གསལ་བ་དང༌། རྩ་ལ་བརྟེན་ནས་མི་རྟོག་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདུས་མ་བྱས་པ་རྣམས་འཆར་རོ། །དེ་ལྟར་ཤིན་ཏུ་ཟབ་པའི་རྫོགས་རིམ་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་བླ་ན་མེད་པ་རྣམས་ནི། བླ་མེད་རྒྱུད་སྡེ་རྣམས་ལས་འོག་མར་གྱུར་པ་ཕྱི་རྒྱུད་སྡེ་གསུམ་ལས་བསྡུ་བ་ཙམ་དང༌། མི་རྟོག་པ་བསྒོམ་པ་ཙམ་ལས་གསུངས་པ་མེད་དོ། །དེས་ན་དབང་རྣོན་བརྩོན་འགྲུས་དང་ལྡན་པ་ཚེ་གཅིག་ལ་རྡོ་རྗེ་འཆང་གི་སར་འགྲོ་བའི་ཉེ་ལམ། སྣོད་མིན་ལ་སྦས་ཤིང་སྐལ་མེད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་ཤིན་ཏུ་ཟབ་མོ་ཡིན་ནོ། །གསུམ་པ་དེའི་མཐུན་པའི་རྐྱེན་བསྐྱེད་རྫོགས་རྣམ་པ་གཉིས་ལམ་དུ་འགྲོ་ཞིང་དངོས་གྲུབ་གཉིས་འགྲུབ་པའི་གྲོགས་སུ་གྱུར་པ་དམ་ཚིག་ཡིན་ལ། དེ་བསྲུང་ཚུལ་ནི། དང་པོ་གསང་སྔགས་ལ་ཞུགས་ཤིང་དབང་ཐོབ་པའི་དུས་སུ་ཇི་ལྟར་ཁས་བླངས་པའི་སྔགས་ཀྱི་བརྟུལ་ཞུགས་སྤང་བླང་གི་གནད་ཐམས་ཅད་མི་ཉམས་པར་བསྲུང་དགོས་ལ། དེ་ཡང་གསང་སྔགས་ནི་ཉོན་མོངས་དང་འདོད་ཡོན་ཐམས་ཅད་ལམ་དུ་བྱེད་པའི་ཐབས་ཁྱད་པར་བ་ཡིན་པས། ཐེག་པ་འོག་མ་ལྟར་སྤང་བླང་ལ་དོན་དམ་པར་རྫས་སུ་མི་ལྟ་བར་མ་ཟད། ཐ་སྙད་ཙམ་དུའང་མཚན་མར་མ་ཞེན་པའི་སྒོ་ནས་སྔགས་ལམ་གྱི་ཁྱད་ཆོས་དང་ལྡན་པས་གང་ཟག་རང་རང་གི་རྒྱུད་ཚོད་དང་བསྟུན་པའི་ལྟ་སྒོམ་གྱིས་ཟིན་ནས་ལམ་དུ་བྱེད་པས་ཉོན་མོངས་རང་མཚན་པ་ཀུན་གྱི་གཉེན་པོར་འགྲོ་བའི་རྟེན་འབྲེལ་མི་འཆོལ་བར་བྱ་སྟེ། དཔེར་ན་རྨ་བྱའི་མགྲིན་པར་གཞན་དག་འཆི་བར་འགྱུར་བའི་བཙན་དུག་ཞུགས་ན་བཅུད་ལེན་དུ་གྱུར་ནས་འདབ་མ་ལྟ་ན་སྡུག་པ་ལྟར། རང་གི་གྲོགས་སུ་གྱུར་ཅིང་ལྟ་སྒོམ་གྱི་བོགས་འདོན་དུ་སྤྱད་དགོས་སོ། །དེ་ལ་དམ་ཚིག་དང་ནི་སྡོམ་པ་ཞེས་ཐ་སྙད་འདོགས་པའི་ཚུལ་གྱི་ཁྱད་པར་ནི། ས་མ་ཡ་ཞེས་པའི་སྒྲ་ལས་དྲངས་ན་དམ་ཚིག་སྟེ། དེ་ཡང་མི་ཉམས་པར་བསྲུང་ན་ཕན་ཡོན་ཐོབ་པས་དམ་ཚིག་ཏུ་བཤད་དེ། རྡོ་རྗེ་གུར་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་རླབས་ཐོབ་པ་ཡིན། །དམ་པའི་ཚུལ་བཞིན་དེ་སྤྱད་ན། །མི་མཐུན་ཕྱོགས་རྣམས་འཚིག་པར་འགྱུར། །ཞེས་སོ། །དམ་ཚིག་དེ་ལས་འདའ་བར་བྱ་བ་མ་ཡིན་ལ། སྡོམ་པ་ནི་གནང་བཀག་གི་མཚམས་ལ་དཔྱད་དེ་བླང་བྱ་སྒོ་གསུམ་དཀྱིལ་འཁོར་གྱི་ངོ་བོར་སྡོམ་པར་བྱ་བ་དང༌། བླང་བར་མི་བྱ་བའི་དངོས་པོ་མཚན་རྟོག་དང་བཅས་པ་ལས་ཀྱང་སྡོམ་པའི་མཚམས་ངེས་པར་བྱེད་པ་སྟེ། དེས་དེ་གཉིས་སྔགས་སྡོམ་ངོ་བོ་གཅིག་པུ་ལའང་ལྡོག་ཆས་དབྱེ་བའོ། །འདིར་ཚིག་རྐང་གཉིས་ཀུན་མཁྱེན་རྩོམ་གཞིར་བྲི་བསུབ་བྱས་འདུག་པས་མི་དགོས་གསུངས་སོ། སྔགས་ཀྱི་བསླབ་པ་ཀུན་གྱི་སྤྱི་དོན་ཏེ་རྟེན་གཞི་ནི་སྔགས་སྡོམ་ཡིན་ལ། དེ་མ་ཐོབ་པ་དང༌། ཀུན་དཀྲིས་ཚང་སྟེ་ལྟུང་ཉམས་དང༌། བསླབ་པ་ཕུལ་བ་ལ་སོགས་པས་བཏང་བ་དང༌། ལྟུང་བའི་ས་མཚམས་མི་ཤེས་པའི་སྨྱོ་བ་ལ་སོགས་འདུ་ཤེས་རང་བཞིན་དུ་མི་གནས་པ་ལ། ལྟུང་བ་དང་དངོས་གྲུབ་མེད་དེ་རྟེན་མིན་པའི་ཕྱིར་རོ། །དེ་ལྟ་བས་ན་སྔགས་སྡོམ་ལྡན་ཞིང་མ་ཉམས་པ་དང༌། བསླབ་པ་མ་བཏང་ལ། ཤེས་པ་རང་བཞིན་རྣལ་དུ་གནས་ཏེ་ལྟུང་ལྟུང་མིན་གྱི་ས་མཚམས་ཤེས་ཤིང་དྲན་ནུས་པ་དེ། ལྟུང་བ་དང་ནི་དངོས་གྲུབ་གཉིས་ཀ་འབྱུང་བའི་སྣོད་ལྟ་བུ་ཡིན་ནོ། །རྩ་ལྟུང་ལྔ་པ་བྱང་ཆུབ་ཀྱི་སེམས་བཏང་བ་ནི་ཕམ་པ་དངོས་ཡིན་ལ། དེ་ལས་གཞན་པའི་རྩ་ལྟུང་བཅུ་གསུམ་མམ་བཅུ་གཉིས་པོ་ལ། རྩ་ལྟུང་གི་དངོས་གཞིར་གྲུབ་བྱེད་ཀྱི་ཀུན་དཀྲིས་ཞེས་བྱ་བའི་ཡན་ལག་བརྩི་ཚུལ་ནི། སློབ་དཔོན་ལ་སྨོད་པ་ལྟ་བུའི་ཉེས་པ་ཞིག་བྱེད་བཞིན་པ་ན། ད་དུང་བྱ་བ་དེ་བྱེད་འདོད་མ་ལོག་པ་དང༌། བྱ་བ་དེ་ལ་ཉེས་དམིགས་སུ་བལྟས་ནས་འགྱོད་པ་མེད་པ་དང༌། རང་ངོར་ལྟོས་པའི་གསང་སྔགས་ཀྱི་སྡོམ་འགལ་གྱི་ཉེས་པ་བྱུང་བ་ཤིན་ཏུ་གནོང་སྙམ་པས་ངོ་ཚ་མི་ཤེས་པ་དང༌། གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ། ཆོས་གསུམ་མམ་དེ་སྟེང་ཉེས་པ་དེ་དག་ལ་དགའ་ཞིང་མགུ་བ་བསྣན་པ་སྟེ་བཞིར་བྱེད་པའང་ཡོད་ལ། དེ་དག་ཀུན་གང་ལྟར་ཚང་བའི་ཀུན་སློང་ངན་པ་དེ་སྐྱེས་པའི་སྐད་ཅིག་གཉིས་པ་ནས་བྱ་བ་དེ་ཡོངས་སུ་རྫོགས་པའི་མཐར་གཏུགས་པ་དེ་སྲིད་དུ་རྒྱུན་ཆགས་བར་མ་ཆད་པར་ཡོད་པར་གྱུར་ན། ཀུན་དཀྲིས་ཚང་བའི་ལྟུང་བ་ཆེན་པོ་བསྐྱེད་པས་མཐུན་ཕྱོགས་སྡོམ་པ་གཅོད་ཅིང༌། གཉེན་པོའི་ཕྱོགས་ཕམ་པར་འགྱུར་བ་ཡིན་ནོ། །གལ་ཏེ་རྩ་ལྟུང་བསྐྱེད་པའི་ཀུན་སློང་སྐྱེས་པ་ནས་དངོས་གཞི་མ་རྫོགས་པའི་བར་དེར་དུས་ཀྱི་བར་ཆད་ནས་རྒྱུན་ཆགས་སུ་མེད་པའམ། འདི་ལ་ཉེས་པ་འདི་ལྟ་བུ་ཡོད་དོ་སྙམ་ནས་སྤྱོད་འདོད་ལོག་པ་དང༌། ངོ་ཚ་ཁྲེལ་ཡོད་ཀྱི་བློ་སྐྱེས་པ་དང༌། དགའ་མགུ་ལོག་པའི་ཡིད་ཅུང་ཟད་སྐྱེས་པ་སྟེ་ཆོས་གསུམ་གང་ལས་གཅིག་ཤོས་མ་ཚང་ན། དངོས་གཞི་བསྐྱེད་པར་བྱ་བའི་ཡན་ལག་ཐམས་ཅད་མ་ཚོགས་པས་ཕམ་པའམ་རྩ་ལྟུང་དངོས་མིན་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །ཀུན་དཀྲིས་བརྩི་ཚུལ་དེ་ཡིས་ལྟུང་བའི་མཚམས་ལེགས་པར་ངེས་ཤིང་ཤེས་པར་བྱས་ནས། རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཀུན། རྩ་ལྟུང་བཅུ་བཞི་ཡན་ལག་གི་སྦོམ་པོ་བརྒྱད་ལྟ་བུའི་ནང་དུ་གནད་བསྡུས་ཏེ་ཡིད་ཀྱིས་བསྲུང་སེམས་མི་སྤོང་ལུས་ངག་གཉིས་ཀྱིས་དོར་བར་མི་བྱ་སྟེ། དགྲ་ལ་སོ་འཛུགས་པ་ལྟར་བསྲུང་བྱ་ཐམས་ཅད་མི་བརྗེད་པའི་དྲན་པས་ཉིན་ཐུན་གསུམ་དང༌། མཚན་མོ་ཐུན་གསུམ་སྟེ་ཆ་དྲུག་བགོས་པ་ལ། ཆ་རེའི་ནང་དུ་རྩ་ལྟུང་བཅུ་བཞི་པོའི་ཉེས་པ་བྱུང་ངམ་མ་བྱུང་བརྟག་དཔྱད་ཞིབ་ཏུ་བཏང་ནས་བསྔོ་བགྲང་བྱ། དེ་ལྟར་བྱས་ཚེ་གང་རུང་གི་ཉེས་སྐྱོན་གྱིས་གོས་པར་གྱུར་ན། བཏང་སྙོམས་མི་བྱ་བར་འགྱོད་པ་བསྐྱེད་ཅིང་ཕྱི་བཤོལ་མེད་པར་དེ་མ་ཐག་ཕྱིར་འཆོས་པའི་ཐབས་ལ་སེམས་ཤིང་བཤགས་པར་བྱའོ། །ཉེས་པ་གང་གིས་ཀྱང་གོས་པ་མིན་ན་དགའ་བ་བསྒོམ་ཞིང་དགེ་རྩ་གཞན་དོན་དུ་བསྔོ། །དེང་སྔོན་ཆད་ལྟུང་བས་གོས་སམ་མ་གོས་གང་ཡིན་ཀྱང༌། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་རྩ་ལྟུང་གི་ཉེས་བྱས་ཀྱི་ལས་ཕྱོགས་མཐུན་སྦོམ་པོ་ཙམ་གྱིས་ཀྱང་གོས་པར་མི་བྱ་བའི་སྡོམ་སེམས་ཤིན་ཏུ་བརྟན་པར་བྱའོ། །གང་ཚེ་ཉིན་མཚན་ཆ་དྲུག་གང་ཡང་རུང་བའི་ནང་དུ་བསྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་ཏེ་བརྗེད་པར་གྱུར་ན། དྲན་ཤེས་ཀྱི་སྒོ་ནས་བསྔོ་བགྲང་བྱེད་པ་ལས་འདས་ཏེ་ཁ་ན་མ་ཐོ་བའི་སྦོམ་པོ་ཞེས་པ་འབྱུང་ཞིང༌། སྔོ་བགྲང་དྲན་ཤེས་མ་བྱུང་བར་ཐུན་ཚོད་ཀྱི་ཆ་དྲུག་ཀའང་འདས་ན་སྦོམ་པོ་དྲུག་ཏུ་འཕེལ་བར་འགྱུར་ལ། དེ་ལྟར་འཕེལ་བའི་ཉིན་ཞག་དེའི་ཁོངས་སུ་དྲན་ཤེས་མ་སླེབས་ཏེ་ཕྱིར་བཅོས་པའི་ཐབས་མ་གྲུབ་ན། ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང༌། ཉེས་པ་སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད་པས་ཉིན་ཞག་རེ་བཞིན་འཕེལ་འགྱུར་ལ་གཞིག་སྟེ་གཟབ་པར་བྱའོ། །ཡན་ལག་གི་དམ་ཚིག་ལའང་དེ་ཡིས་འགྲེ་ཤེས་པར་བྱའོ། །ཐོག་མར་དུས་འཁོར། གཤེད་དམར། དགྲ་ནག་སོགས་བླ་མེད་རྒྱུད་སྡེ་སྤྱིའི་ཉམས་ལེན་ལ་གཅེས་པའི་ཆིངས་ཆེན་པོ་ཡིན་པས། རྩ་ལྟུང་བཅུ་བཞིའི་རབ་དབྱེ་ལ་འདི་ལྟར་བརྟགས་པར་བྱའོ། །ཡུལ་ཁྱད་པར་གྱི་དབང་དུ་བྱས་ན་རང་གི་དང་པོ་དབང་ཐོབ་སློབ་དཔོན་སྨོས་ཅི་དགོས། སྔགས་རྒྱུད་ཚིག་བཅད་གཅིག་པ་ཡན་ཆད་ཀྱི་དོན་ཕན་སེམས་ཀྱིས་མ་ནོར་བར་བཀྲལ་ནས་བསླབ་པ་དང༌། སྒོམ་བྱུང་གི་གནད་རྡོ་རྗེ་ཐེག་པའི་ལམ་གྱི་མན་ངག་ཟབ་མོའི་ཁྲིད་ཚུལ་བཞིན་དུ་སྟོན་པ་སྟེ་གསུམ་ལ། བྱང་ཆུབ་སྙིང་པོའི་བར་དུ་ཆོས་ཀྱི་ལམ་སྟོན་དུ་འབྲེལ་བའི་ཕྱིར་ཞབས་ཏོག་རྣམ་པ་གསུམ་གྱི་སྒོ་ནས་གཡོ་ཟོལ་མེད་པར་བསྙེན་བཀུར་དགོས་པ་དེའི་ཁུར་བོར་བ་དང༌། ཞེ་སྡང་ཕྲག་དོག་ཀུན་སློང་ངན་པ་སོགས་ཀྱིས་བརྙས་ཤིང་སྨོད་པར་བྱེད་པ་ནི། མཚམས་མེད་ལྔ་བས་ཀྱང་ཐུ་བ་ཡིན་ལ། བཤགས་སྡོམ་གྱིས་སོར་ཆུད་པར་མི་བྱེད་པ་དེ་ལ། སྔགས་ཀྱི་དངོས་གྲུབ་ལྟ་ཅི་ཐར་པ་ཡོད་པ་མ་ཡིན་ཏེ་མར་གྱི་ཟང་ཐལ་དུ་འགྲོ་བ་ཡིན་ནོ། །གཉིས་པ་སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་པོ་སྤྱི་དང༌། བྱེ་བྲག་ཏུ་བསླབ་པའི་གནས་རྣམས་བདེ་བར་གཤེགས་པའི་གནང་བཀག་མཚམས་ལས་འདས་པ་དང༌། དེ་བཞིན་མཚན་ཉིད་ལྡན་པའི་བླ་མ་ཡི་གདུལ་བར་བྱ་བའི་ཡུལ། འདུལ་བའི་དུས་ཚོད་དང༌། དབང་པོ་དང༌། སྐལ་པའི་རིམ་པ་སོགས་ལ་དགོངས་ཏེ་སྔ་ཕྱི་འགལ་བ་ལྟ་བུ་དང༌། གནས་སྐབས་མི་འཚམས་པ་ལྟ་བུ་དང༌། ཆོས་དང་ཆོས་མི་མཐུན་པ་འདྲ་བ་ཅི་བྱུང་ཡང་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་ཡོད་དོ་སྙམ་དུ་གསུང་སྣ་ཁྲིད་ན་ཕྱིས་དེའི་དགོས་པ་ཤེས་ཤིང་དོན་དང་ལྡན་པར་འགྱུར་ལ། དེ་ལྟར་མིན་ན་མི་རུང་སྙམ་པའི་སྒོ་ནས་བཀའ་ལ་ཁྱད་དུ་བསད་མི་རུང་ལ། དེ་ཁྱད་དུ་བསད་ན་གཉིས་པ་ཉམས་པ་ཡིན་ནོ། །གསུམ་པ་ཡུལ་ནི་དབང་གྲལ་གཅིག་ཏུ་ཕ་མ་གཅིག་པའི་སྤུན་བཞིན་འདྲེས་པའི་མཆེད་ལ་ཀུ་རེ་ཡན་ཆད་ཞེ་སྡང་ཕྲག་དོག་འཁོན་འཛིན་གྱི་བསམ་པས་སྐུར་པ་འདེབས་པ་དང༌། མི་བཀུར་ཞིང་བརྙས་པ་བྱས་པ་ལ་སོགས་པ་ཀུན་དཀྲིས་ཚང་ན་དེ་ལྟུང་བ་འགྱུར་ཚུལ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རིམ་པ་རྣམ་པར་བཞག་པ་ལས། དཀྱིལ་འཁོར་སློབ་དཔོན་རིག་མ་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ །ཞེས་དང༌། ཤཱནྟི་པས་ཀྱང༌། སྤུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལ་དཀྱིལ་འཁོར་དུ་དབང་ཐོབ་པ་སྟེ། དེ་ལ་ཕྲག་དོག་གི་དབང་སོགས་ཀྱི་རྒྱུས་སྐྱོན་རྣམས་བརྗོད་པར་མི་བྱའོ། །ཞེས་སོགས་སྔ་ཕྱིར་བྱོན་བཞུགས་རྣམས་ཀྱི་དབྱེ་སྲོལ་མཁས་པ་རྣམས་ཀྱིས་དམིགས་ཀྱིས་བསལ་བར་མཛད་ན་ཡང༌། དེ་ཤིན་ཏུ་གཉན་པ་ཙམ་ལས་གཞན་བསྲུང་དགོས་ཏེ། དེ་ཡང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རིགས་གཅིག་གིས་བསྡུས་པའི་སྤུན་ཡིན་པའི་ཕྱིར་སྤྱིའི་མཆེད་དང༌། བསྟན་སྒོར་ཞུགས་སོ་འཚལ་ཆོས་བརྒྱུད་གཅིག་པ་རིང་བའི་མཆེད་དང༌། གསང་སྔགས་སྡོམ་པར་དམ་ཚིག་གཅིག་པ་ཉེ་བའི་མཆེད་ཡིན་པས། དེ་རྣམས་ཀུན་ལའང་བསྲུང་དགོས་པ་མཚུངས་ཏེ། གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་དག་བདག་ལས་གཞན་མེད་ཅིང༌། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ན། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང༌། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་སོ། །བཞི་པ་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པས་ཀུན་ལ་གནོད་འཚེ་བྱེད་པའི་སེམས་ཅན་ཞིག་མཐོང་བའི་ཆོས་ཚེ་འདི་རང་གི་སྔོན་ལས་ཀྱིས་ལུས་སེམས་སྡུག་བསྔལ་གྱིས་མནར་བར་གྱུར་པ་དེ་ལ་དགའ་བ་བསྒོམས་ནས་སེམས་ཅན་གཅིག་ལའང་བྱམས་པའི་སེམས་གཏོང་བ་དེ་ནི། བྱང་ཆུབ་སེམས་དཔར་ཉེས་པ་རབ་ཏུ་ལྕི་བ་ཡིན་ན། སེམས་ཅན་གཞན་བདེ་བ་དང་བྲལ་བར་འདོད་པ་དེ་ལ་གསང་སྔགས་ཀྱི་རྩ་ལྟུང་འབྱུང་བ་སྨོས་ཅི་དགོས། ལྔ་པ་གཞན་དོན་དུ་བྱང་ཆུབ་དོན་དུ་གཉེར་བའི་དམ་བཅའི་བསམ་པ་དང་འགལ་བའི་བྱང་ཆུབ་སེམས་ཟུར་གཉིས་གང་རུང་ཉམས་ཏེ་སྤངས་པའི་བློ་སྐྱེས་པའི་མོད་ལ་སྨོན་སེམས་རྩ་བ་ནས་གཏོང་བའི་ཕྱིར། ཐེག་ཆེན་མདོ་སྔགས་ཀྱི་ལམ་གྱི་རྩ་བ་བྱང་སེམས་ཡིན་པས་དེ་བཏང་བ་ཙམ་གྱིས་ཀུན་དཀྲིས་ཚང་བའི་ཕམ་པར་འགྱུར་བ་ཡིན་ལ། ཡན་ལག་གཞན་ཚང་མི་དགོས་སོ། །གནང་བའི་སྐབས་བདུན་ནི། གསང་བའི་དབང་དང་གསུམ་པ་དང༌། །རོ་མཉམ་པ་དང་ལྷ་མཆོད་དང༌། །རིགས་རྒྱུད་སྤེལ་དང་རིལ་བུ་དང༌། །འཆི་ལྟས་བརྟགས་པའི་དུས་ཡིན་ནོ། །ཞེས་བདུན་པོའི་སྐབས་མ་གཏོགས་པར་ཆགས་སེམས་ཀྱི་ཀུན་སློང་གིས་ཁུ་བ་གཏན་ནས་ཉམས་རུང་བ་མིན་པ་ལ། དེར་ཁུ་བ་ཕྱུང་ན་ཕམ་ལྟུང་ངོ༌། །དྲུག་པ་ནི་སྤྱིར་ཐེག་པ་ཕྱི་ནང་གི་ཕྱོགས་ལ་ལྟ་ཅི། མུ་སྟེགས་པའང་མི་སྨོད་པར་གསུངས་ན་ཉན་རང་བྱང་སེམས་ཏེ་ཐེག་པ་གསུམ་གང་རུང་ལ་ལྟོས་པའི་རྒྱལ་བའི་བཀའ་མདོ་སྔགས་ཀྱི་ཚུལ་མཐའ་དག་དང༌། སྟོན་པ་པོའི་སློབ་དཔོན་སོགས་ལ་འཕྱ་སྨོད་ཀྱིས་དཔྱས་ཏེ་བརྙས་ཤིང༌། འདི་འདྲ་བ་ནི་སྟོན་པས་མ་གསུངས། བཀའ་མིན། ལམ་རྣམ་དག་མིན་ནོ་ཞེས་སྨྲ་བ་དང༌། གཞན་ཡང་ལས་ཕྲན་ཚེགས་དང༌། ལས་བཞི་དང༌། དངོས་གྲུབ་གཉིས་ཀྱི་རྒྱུར་རུང་བའི་དག་སྣང་དང༌། བཀའ་གཏེར་གྱི་ཕྱོགས་སུ་གཏོགས་པའི་སྔགས་ཆོག་དང༌། མན་ངག་དང༌། ཁྲིད་སོགས་དང༌། མདོ་སྔགས་ཀྱི་དགོངས་འགྲེལ་བསྟན་བཅོས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་གསུངས་པ་གཞན་ཐམས་ཅད་རྒྱལ་བའི་བཀའ་དང་དགོངས་པ་མཐུན་ཞིང་རྗེས་སུ་གནང་བའི་བཀའ་དང༌། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་ཀྱི་བྱིན་གྱིས་བརླབས་པའི་བཀའ་དང་དབྱེར་མེད་ཀྱང་བཀའ་རུ་མ་བལྟས་ཏེ་བརྙས་ནའོ། །བདུན་པ་གསང་སྒྲོག་ནི། དབང་གི་ཆོ་ག་མ་བྱས་པ། རྗེས་གནང་ཙམ་ཡང་མ་ཐོབ་པ་ལ་བསྐྱེད་རྫོགས་སྟོན་པ་དང༌། ཆོ་ག་མ་རྫོགས་ཏེ་དབང་གོང་མ་མ་ཐོབ་པ་ལ་རྫོགས་རིམ་སྟོན་པ་དང༌། ཉམས་ཏེ་རྩ་ལྟུང་ཕྱིར་མི་འཆོས་ཤིང་ཁེ་ཉེན་ལ་ཡིད་མི་ཆེས་པ་དང༌། སྣོད་ངན་ཏེ་དབང་ཐོབ་ཀྱང་གསང་སྔགས་ཟབ་མོའི་ལྟ་སྤྱོད་ལ་སྐྲག་པའི་རིགས་དང༌། སྔགས་ཀྱིས་འདུལ་བའི་དུས་ཀྱིས་བསྐལ་ཏེ་ཟབ་མོ་སྟོན་པའི་སྐབས་སུ་མ་བབ་པ་དང༌། གནས་ཀྱིས་བསྐལ་ཏེ་དགག་བྱ་དམིགས་བསལ་ཡོད་པ་ལ། གསང་སྔགས་རྡོ་རྗེ་ཐེག་པའི་ཐུན་མིན་ཟབ་མོའི་དོན་དང༌། ཉམས་ལེན་གྱི་དགོངས་པ་དང༌། སྤྱོད་པ་རྨད་དུ་བྱུང་བ་འདི་ཞེས་ཁྲིད་ཀྱི་སྒོ་ནས་གསང་བ་བསྒྲགས་པ་ནི་དམིགས་བསལ་ཏེ་རྩ་ལྟུང་དངོས་གཞི་ཡིན་གྱི། གཞན་དུ་རིག་གཏད་དང་རྗེས་གནང་བཟླས་ལུང་ཙམ་གྱིས་ཀྱང༌། གསང་སྒྲོགས་དུ་འགྱུར་བར་ངོས་འཛིན་ཡོད་ནའང་འདིར་ནི་སྣོད་ལ་བརྟག་པར་གཅེས་ཏེ་རྩ་ལྟུང་དུ་འགྱུར་བའི་ཕྱིར་རོ། །བརྒྱད་པ་གཟུགས་སོགས་ཕུང་པོ་ལྔ་ནི་རྣམ་སྣང་ལ་སོགས་རྒྱལ་བ་རིགས་ལྔ་དང༌། འབྱུང་ལྔ་ཡུམ་ལྔ་དང༌། དེ་བཞིན་དུ་སྐྱེ་མཆེད་རྣམས་སེམས་དཔའ་སེམས་མ་སོགས་ལྷ་སྐུར་ཡེ་ནས་གནས་པ་མི་ཤེས་པར། ཀུན་འབྱུང་གིས་བསྐྱེད་པའི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་དུ་མངོན་པར་སྒྲུབ་པར་བྱེད་པའི་ཐེག་པ་འོག་མའི་རྟོག་གེའི་བློས་གཞལ་ཏེ། བརྙས་སེམས་ཀྱིས་ཡན་ལག་གཏུབ་པ་དང༌། དུག་དང་གཡང་སར་མཆོང་བ་སོགས་དང༌། སྨྱུང་གནས་སོགས་དཀའ་ཐུབ་མཐུ་ཡིས་ལྷག་པར་གདུང་བར་བྱེད་ཅིང་འདུ་ཤེས་ལོག་སྟེ་བརྙས་སེམས་མཐར་ཐུག་སྐྱེས་ཏེ་ཀུན་དཀྲིས་ཚང་ནའོ། །དགུ་པ་ཆོས་རྣམས་རང་བཞིན་གདོད་ནས་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོང་ཉིད་ཟུང་འཇུག་གི་དོན་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཉིད་ཡིན་གྱི། དེ་ལས་གཞན་སེམས་ཅན་གྱི་ཁམས་བདེ་གཤེགས་སྙིང་པོ་དང་འབྲེལ་བར་བཞུགས་པས་གློ་བུར་གྱི་དྲི་མ་དག་མ་དག་ཙམ་ལས་སངས་རྒྱས་སེམས་ཅན་དབྱེར་མེད་པའི་དོན་གསུངས་པ་ལ། བྱིས་པ་རྣམས་སྐྲག་པ་སྤངས་ཏེ་ལམ་ལ་སྤྲོ་བ་བསྐྱེད་ཕྱིར་རང་བཞིན་མེད་པ་ཙམ་ལ་དགོངས་ནས་གསུངས་པའི་ཕྱིར་ལྡེམ་དགོངས་སུ་བཟུང་སྟེ་ཐེ་ཚོམ་ཟོས་ནས། ཡང་དག་པའི་ལམ་དེ་ལ་དཀྲི་བར་སྤངས་བའི་བློ་སྐྱེས་ན་ཀུན་དཀྲིས་ཚང་བའོ། །བཅུ་པ་གདུག་པ་ཅན་མི་བསྒྲལ་བའི་ལྟུང་བ་དེ་ལ་སྤྱིར་དཀོན་མཆོག་གསུམ་དང༌། བྱེ་བྲག་རང་གི་བླ་མར་སྨོད་པ་དང༌། ཐབས་སྣ་ཚོགས་ཀྱིས་ལུང་རྟོགས་ཀྱི་བསྟན་པ་འཇིག་པར་བྱེད་པ་སོགས་ཁོངས་ནས་དམ་ཚིག་ཉམས་ཀྱང་མི་གསོ་ཞིང་ཉམས་པའི་སྤྱོད་པ་མི་གཏོང་བ་དང༌། སྔགས་ཀྱི་ཐེག་པར་ཞུགས་པ་ལས་སླར་ལོག་སྟེ་ཁྱད་གསོད་བྱེད་པ་དང༌། གསང་སྔགས་ཀྱི་ཆོས་ལ་འཁུ་བ་དང༌། སྔགས་སྤྱོད་ལ་འདུ་བར་མི་དབང་ཡང་རྐུ་ཐབས་སམ་ཤེད་སྤྱོད་ཀྱིས་འོང་བ་དང༌། སེམས་ཅན་ཡོངས་ལ་འཚེ་བ་དང༌། དམ་ཚིག་ཅན་ལ་དགྲ་བྱེད་པ་དང༌། མི་དགེ་བ་ཁོ་ནར་སྤྱོད་ཅིང་འཇུག་པ་ངན་པའི་ངང་ཚུལ་ཅན་ཏེ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དང༌། འབྲས་བུ་ངན་སོང་གསུམ་གཅིག་ཏུ་བརྩི་བ་སྟེ། གསལ་བཀྲ་ལས། དཀོན་མཆོག སངས་རྒྱས་སྐུ་གཟུགས་ཡན་ཆད། ཆོས་ལུང་རྟོགས། དགེ་འདུན་སེར་གོས་བྱོན་པ་ཡན་ཆད་དམ། སློབ་དཔོན་སྐུ་དགྲ་སློབ་དཔོན་ལ་འཚེ་བ་ནི། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སློབ་དཔོན་ཡིན་ཕྱིར་གཉིས། །དམ་ཉམས་ལོག་དང་འཁུ་བ་དང༌། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང༌། །ཞེས་ནུས་པ་ཐོབ་པའི་རྣལ་འབྱོར་པས་དྲག་ཤུལ་གྱི་ཆོ་ག་ཡི་སྒོ་ནས་སྒྲོལ་བའི་ལས་མངོན་དུ་སྤྱོད་པའི་ཡུལ་ཏེ། དེ་རྣམས་ནི་མི་བསྒྲལ་ལ་བསྲན་ཅིང་བཟོད་ནས་དེ་ལ་ཡི་རང་བའི་སེམས་ཀྱིས་སྤྱོད་ལམ་འདྲིས་ཤིང༌། ཕན་འདོགས་པའི་བཤེས་སུ་སྦྲེལ་ནས་ལུས་ངག་གིས་བྱམས་པར་བྱས་པའོ། །བཅུ་གཅིག་པ་ནི། མིང་ཆོས་ཀྱི་དབྱིངས་ཞེས་འདྲ་དཔེ་མཚོན་བརྡ་སོགས་དང་བྲལ་ཞིང༌། ཐ་སྙད་ལས་འདས་ཀྱང་ཆོས་ཉིད་དེ་ཁོ་ན་ཉིད་ལ་ཐ་སྙད་པའི་བློ་ཚད་མས་སྟོང་དང་བདག་མེད་སོགས་གཞལ་ཀྱང༌། ཆོས་ཀྱི་བདག་མེད་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་ཐ་སྙད་པའི་བློའམ་ཤེས་པ་དང་རྫས་འགལ་བ་ཡིན་བཞིན། རྟོག་དཔྱོད་ཀྱི་རིག་པ་རྣོན་པོས་ཕུང་སོགས་ཆོས་རྣམས་སྟོང་པ་ཉི་ཚེ་བར་གནས་ལུགས་སུ་རློམ་ཞིང་ལྟ་བ་མཆོག་ཏུ་འཛིན་པའི་བློས། སྐྱེ་བ་མེད་པའི་གྲུབ་མཐའ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་རྟོག་པ་རང་མཚན་པས་རློམ་སྟེ་འཇལ་བའོ། །བཅུ་གཉིས་པ་ནི་སྔགས་ཀྱི་སྣོད་རུང་མན་ངག་འཛིན་པ་ལ་དབང་བའི་གདུལ་བྱའམ། མིན་ཀྱང་རང་བཞིན་དུ་ཆོས་ལ་དད་པ་དང༌། འདུན་པ་དང༌། ཡིད་ཆེས་ཏེ་དད་པ་གསུམ་དང་ལྡན་པ་ལ། དེས་དོན་དུ་གཉེར་བའི་ཆོས་དེ་སྟོན་ནུས་བཞིན་དུ་ལེ་ལོ་སོགས་ཀྱི་དབང་གིས་མི་སྟོན་པ་ཙམ་མ་ཡིན་པར། གཡོ་སྒྱུ་སོགས་ཀྱི་ཀུན་སློང་ངན་པས་གཞན་དེའི་དོན་དུ་གཉེར་བྱ་དེ་ལ་འགལ་ཚིག་སྨྲས་ཏེ་སེམས་སུན་ཕྱུང་ནས། དད་པ་དང༌། འདུན་པ་ཕྱིན་ཅི་ལོག་ཏུ་སྐྱོགས་པས་ཆོས་དེ་ལ་དད་འདུན་ལོག་ཅིང་ཀུན་དཀྲིས་ཚང་བར་གྱུར་པའོ། །བཅུ་གསུམ་པ་དུས་ཚོད་འབྲེལ་བའི་སྤྱད་བྱའི་དམ་རྫས་གསང་སྔགས་དང་འབྲེལ་བའི་རིགས་ཤ་ལྔ་དང༌། བདུད་རྩི་ལྔ་སོགས་ལ་རང་རྒྱུད་དུ་བལྟས་ནས། དྲི་ང་ཞིང༌། རོ་མི་ཞིམ་པ་སོགས་ལ་ལ་སྤོང་ཞིང༌། དེ་ལས་ལྡོག་པ་ལ་ལ་དག་ནི་སྲེད་ཞེན་གྱིས་བསྟེན་པ་དང༌། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་པས་ཡེ་ཤེས་ཀྱི་རྒྱན་དུ་བླང་དོར་མེད་པར་རོལ་པའི་སྔགས་ཀྱི་བརྟུལ་ཞུགས་ཇི་ལྟ་བ་བཞིན། ལྟ་སྒོམ་གྱི་སྟོབས་ཀྱིས་ཉམས་འོག་ཏུ་མ་ཆུད་པར་ཉན་ཐོས་ཀྱི་སྤྱོད་པ་ཕྱོགས་གཅིག་པར་ཞེན་པའི་མཆོག་འཛིན་གྱིས་མི་བསྟེན་པའམ། ལྟ་དགོངས་ཀྱི་གདེང་མེད་བཞིན་བབ་ཅོལ་དུ་སྤྱོད་པ་སྟེ་མཐའ་གཉིས་མལ་དུ་འཁྱམས་པ་དང་ཀུན་དཀྲིས་ཚང་བའོ། །བཅུ་བཞི་པ་ནི་རྣལ་འབྱོར་མ་སོགས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དག་ལ་སྨད་ན། ཡོ་ག་དང་བླ་མེད་གཉིས་ཀའི་རྩ་ལྟུང་དུ་གསུངས་ལ། མ་མོ་མཁའ་འགྲོ་ལ་སོགས་འཇིག་རྟེན་གྱི་ཚུལ་བཟུང་ནས་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པའི་སྔགས་ཀྱི་རྣལ་འབྱོར་མ་རྣམས་ནི་འཁོར་འདས་ཀྱི་སོ་མཚམས་འཛིན་པ་གནས་དང་ཞིང་ལས་སྐྱེས་པའི་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ལ་སྨོད་པ་དང༌། འབྱུང་བ་ལྔ་ཡི་ཁམས་ལ་ཡུམ་ལྔ་ཡི་རང་བཞིན་དུ་མ་ཤེས་ནས་རང་རྒྱུད་པར་བལྟས་ཏེ་སྙིང་ནས་སྨོད་པར་བྱེད་པ་དང༌། སྤྱིར་བུད་མེད་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་དང༌། ཁྱད་པར་དུ་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེད་པའི་ཟབ་མོའི་དབང་གི་རྟེན་གྱུར་བུད་མེད་སྨོད་ཅིང་ཀུན་དཀྲིས་ཚང་བའོ། །རྩ་ལྟུང་བཅུ་བཞིའི་ཡན་ལག་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་མིན་ཡང༌། དངོས་གྲུབ་ཐོབ་པ་ལ་གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ། དབང་གིས་རྒྱུད་མ་སྨིན་པ་དང༌། དམ་ཚིག་སྡོམ་པས་རྒྱུད་མ་སྦྱངས་པའི་ཐ་མལ་དུ་གནས་པའི་བུད་མེད་རིག་མར་བརྟེན་པ་དང༌། རྒྱུད་ལས་གསུངས་པའི་མཚན་ཉིད་མ་ཚང་ཞིང་བསྟེན་བྱར་འགལ་བའི་དྲན་པའི་ཁྲོན་པ་སྟེ་མཁའ་གསང་ནས། བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་ཆོ་ག་ཇི་ལྟ་བ་མ་ཡིན་བཞིན་པས་རིལ་བུའམ་བདེ་བ་སྐྱེད་པའི་རྒྱུར་བདུད་རྩི་སྟེ་དམར་ཆ་རླུང་སྟོབས་ཀྱིས་ལེན་པའོ། །དབང་མ་ཐོབ་པ་དང༌། ལྷག་པར་གསང་སྔགས་ཀྱི་ཆོས་ལ་དད་པ་མེད་པའི་རིགས་ལ། ཡི་དམ་ལྷ་ཡི་སྐུ་གཟུགས་དང༌། རྒྱུད་ལུང་མན་ངག་གི་སྒྲུབ་ཐབས་གླེགས་བམ། རྡོར་དྲིལ་སོགས་ཕྱག་མཚན། བཅའ་བའི་ཕྱག་རྒྱ་པད་ཀོར་སོགས་དགོས་མེད་དུ་སྟོན་པ་དང༌། ཚོགས་ཀྱི་འཁོར་ལོ་སོགས་གསང་སྔགས་ཀྱི་ཆོ་གའི་ཚོགས་གྲལ་དུ་འདུས་པའི་དུས་ན། བླ་མའམ་རྡོ་རྗེ་སྤུན་ལ་འཐབ་རྩོད་དང༌། བབ་ཅོལ་དུ་དྲན་ཤེས་མ་བསྟེན་པར་མཚར་གཏམ་སོགས་ཀྱལ་ཀས་བསམ་གཏན་གྱི་བརྟུལ་ཞུགས་ཐ་མལ་དུ་སྦྱར་ནས་གཡེང་བར་བྱེད་པའོ། །སྣོད་རུང་དད་པ་དང་ལྡན་པས་དམ་ཆོས་འདྲིལ་བ་ལ། དེའི་དོན་ཤེས་བཞིན་དུ་དེ་ལས་འགལ་བའི་སྙོན་དོར་ཏེ། དེ་ལས་གཞན་དོན་མེད་པ་ཞིག་ལན་དུ་ལྡོན་པའམ་སྨྲ་བའོ། །སྔགས་ཀྱི་ལྟ་སྤྱོད་ལ་སྐུར་ཞིང་ཉམས་སད་པ་སྟེ་ཚོད་ལྟ་བའི་ཉན་ཐོས་དངོས་སམ་རྟོག་གེ་པའི་ནང་དུ་ཞག་བདུན་ལོངས་པར་བསྡད་པ་དང༌། སྔགས་ཀྱི་རྒྱུད་སྡེའི་དོན་དང༌། ཕྱི་ནང་གསང་བའི་དེ་ཁོ་ན་ཉིད་ཀྱི་ཆོ་ག་མི་ཤེས་བཞིན་དུ། བདག་རྡོ་རྗེ་འཛིན་པར་རློམ་ནས་ང་རྒྱལ་གྱིས་གཞན་མགོ་སྐོར་བའི་རྫུན་དང་འགྲོགས་པའོ། །དབང་བསྐུར་ཙམ་ཐོབ་ཀྱང་སྔགས་ཀྱི་ལྟ་དགོངས་ཟབ་མོ་ལ་ཧ་ཅང་མི་དད་པའི་ཐེ་ཚོམ་ཅན་ཚོགས་བཤད་ཙམ་བསྟན་བྱའི་ཡུལ་དེ་ལ་སླར་ཡང་གསང་བའི་དོན་མན་ངག་སློབ་བཤད་དུ་འཆད་པ་སྟེ་གྲངས་བརྒྱད་པོ་འདི་ནི། ཀླུ་སྒྲུབ་ཀྱིས་བསྡུས་པ་དེ་བཞིན་དུ་ཆ་མཐུན་སློབ་དཔོན་དཔའ་བོ་དང༌། རྣལ་འབྱོར་མ་ལཀྵྨཱི་ཀ་ར་ཏེ་ཕུན་ཚོགས་འབྱུང་གནས་ཀྱིས་སྦོམ་པོ་བརྒྱད་འདྲ་བ་ལས་བདུད་རྩི་ལེན་པ་དང་སྔགས་པར་རློམ་པ་གཉིས་པོ་དེ་ལས་དོན་གཞན་པ། གྲངས་དུས་མཚན་མའི་བསྙེན་པ་གང་རུང་གིས་ལྷའི་རྣལ་འབྱོར་དག་པར་མ་བྱས་བཞིན་དུ་དབང་བསྐུར་བ་དང༌། རབ་གནས་སྦྱིན་སྲེག་སོགས་དཀྱིལ་འཁོར་གྱི་བྱ་བ་ལ་ཞུགས་ནས་སློབ་མ་འཁོར་དུ་བསྡུ་བར་རིངས་པ་སྟེ་སྔས་པ་དང༌། ཚོགས་འཁོར་གྱི་དུས་ལས་གཞན་དུ་ཡང་ཕྱི་དྲོའི་ཁ་ཟས་སོགས་སོ་བྱང་སྐབས་ཀྱི་བཅས་པ་ལ་དགོས་པ་ཆེན་པོ་ཡོད་པ་མི་ཤེས་པར་ཁྱད་གསོད་མེད་ཀྱང༌། ཇི་མི་སྙམ་དུ་འདའ་བ་ཡི་སྦོམ་པོ་རྣམས་ཀྱིས་ཀྱང་བདག་ཉིད་ཀྱི་བསླབ་པ་སུན་འབྱིན་ཏེ་སྐྱོན་ཅན་དུ་འགྱུར་ན། དངོས་གྲུབ་འཕྲོག་སྟེ་གེགས་བྱེད་པའི་རྒྱུར་འགྱུར་བར་གསུངས་པའི་སྦོམ་པོ་དེ་རྣམས་ལའང་བརྟག་པར་བྱ་བར་རིགས་སོ། །འདི་ལྟར་རྣལ་འབྱོར་བླ་མེད་རྒྱུད་སྡེ་ཐུན་མོང་གི །རྩ་ལྟུང་བཅུ་བཞིར་བྷ་ཝི་ལྷ་སྟེ་སློབ་དཔོན་དཔའ་བོས་བསྡུས་པ། བླ་མེད་ཀྱི་རྒྱུད་སྡེ་ཀུན་ལ་ཁྱབ་ཅིང་གསར་རྙིང་ཐམས་ཅད་ལ་ཡོངས་སུ་གྲགས་པ་སྟེ། གཞན་དུ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ་བཞི་པོ་སོ་སོའི་རང་ལུགས་ཀྱི་རྩ་ལྟུང་བཅུ་བཞིའི་གྲངས་ངེས་པ་ཡོད་དེ། འདི་ལྟར་དུས་ཀྱི་འཁོར་ལོ་དང༌། གསང་བ་སྤྱི་རྒྱུད། རྣམ་སྣང་མངོན་བྱང༌། དེ་ཉིད་སྣང་ཆེན་སོགས་ལས་གསལ་པོར་གསུངས་པ་རྣམས་ཀྱང་ངེས་པར་བྱའོ། །རྣལ་འབྱོར་ལ་བརྩོན་པ་དང་ལྡན་པ་རྣམས་ནི་འཆི་བའི་རྐྱེན་ལ་བབ་པའམ་སྲོག་གཏོང་དགོས་ཀྱང་སླ་སྟེ། དུས་རྟག་ཏུ་དམ་ཚིག་མངོན་ལྐོག་ཐུབ་པ་ཞིག་བསྲུང་བར་མ་བྱས་ན། སྔགས་ལམ་ལ་ཞུགས་ཤིང་སྤྱོད་པའི་སྐྱེས་བུ་དམ་ཚིག་ཉམས་ཤིང་ཕྱིར་མ་བཅོས་ན་སྦྲུལ་སྨྱུག་དོང་དུ་བཅུག་པ་བཞིན་དུ་ངན་སོང་དམྱལ་གནས་སུ་འགྲོ་བ་དང༌། དམ་ཚིག་རྣམ་པར་དག་ན་རིང་མཐའ་སྐྱེ་བ་བཅུ་དྲུག་གམ་ཉེ་བ་ཚེ་གཅིག་ནས་སངས་རྒྱས་འགྲུབ་པ་དང༌། གཉིས་པོ་དེ་ལས་འགྲོ་ས་གསུམ་པ་མེད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ལྟུང་བ་བྱུང་ན་བདག་ཉིད་འགྱོད་པ་དྲག་པོས་སུན་ཕྱུང་སྟེ་བསམ་སྦྱོར་གཉིས་ཀའི་ཉེས་ལྟུང་ལ་སྨད་ནས། ཕྱིར་བཅོས་ཐབས་ལ་བཤོལ་མེད་པར་དེ་མ་ཐག་ཏུ་འབད་པར་བྱའོ། །ཁྱད་པར་རྩ་ལྟུང་དང་པོ་སློབ་དཔོན་ལ་སྨོད་པ་ནི་ཉེས་པ་ཤིན་ཏུ་ལྕི་སྟེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བླ་མ་ལ་ནི་སྨོད་པ་དང༌། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡིས་གཏོར་གྱུར་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང༌། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་སོ། །གལ་ཏེ་ལྟུང་བ་བྱུང་བར་གྱུར་ན། སྙིང་ནས་འགྱོད་པ་དྲག་པོའི་སྒོ་ནས་བླ་མ་ལ་དད་མོས་ཀྱིས་བསྙེན་བཀུར་བ་དང༌། འཁོར་གསུམ་ཡོངས་དག་སྟེ་ཡོད་དགུ་ཐམས་ཅད་འབུལ་ནས་ཐུགས་ཟིན་པར་བྱ་ཞིང༌། དེའི་རྗེས་སུ་དབང་བསྐུར་བསྐྱར་ནས་ཞུས་ཏེ་སྡོམ་པ་གསོར་གཞུག་ཅིང༌། བླ་མ་མི་བཞུགས་པའམ་ཕྱོགས་སུ་ཉེ་བར་རང་མི་གནས་པ་དང༌། ལམ་འཕྲང་གི་འཚེ་བས་བཀག་པ་ལྟ་བུས་མི་ནུས་ན། བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་ཏུ་ཤེས་པས་གསལ་གདབ་ལ་བདག་འཇུག་ལན་གྲངས་མང་དུ་བླངས་ནས་སོར་ཆུད་པར་བྱའོ། །དེ་བཞིན་དུ་གཞན་སྦོམ་པོ་གཙོར་གྱུར་པའི་ཉེས་ལྟུང་རྣམས་ལ་ཁྲེལ་ཡོད་དང་ངོ་ཚའི་རྟེན་དུ་གལ་ཏེ་བླ་མ་མེད་པར་གྱུར་ན་སྔགས་ཀྱི་སྡོམ་པ་ཡང་དག་དང་ལྡན་པའི་མདུན་བཤགས་པར་བྱ་སྟེ། སྙིང་པོ་རྒྱན་ལས། ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོ་བདག་སེམས་སུན་ཕྱུང་སྟེ། །ཡུལ་མདུན་སྙན་གསན་དབབ་ནས་ཀྱང༌། །གསུམ་བླང་གསུམ་འགལ་བཤགས་པ་དང༌། །ཞེས་སོ། །དེ་ཡང་དཔའ་བོའི་སྟོན་མོ་སོགས་ཀྱི་རྗེས་ཕྱག་དང་སྤྱོད་ལམ་དུལ་བས། རྒྱལ་སྲས་རིག་པ་འཛིན་པ་ཆེན་པོར་མཁྱེན་པར་གསོལ་ནས། རང་གི་གསང་བའི་མིང་སྨོས་ནས། བདག་མ་རིག་པ་དང༌། ཉོན་མོངས་པའི་དབང་དུ་གྱུར་པས་རིག་པ་འཛིན་པའི་སྡེ་སྣོད་ཆེན་པོའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས་རྡོ་རྗེ་ཐེག་པའི་འདུལ་བ་དང༌། འགལ་བའི་ནོངས་པ་བླ་མ་ལ་སྨོད་པ་ལ་སོགས་པ་རྩ་བའི་ལྟུང་བ་བཅུ་བཞི་དང༌། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་འདི་དང་འདི་བྱུང་བས། རྒྱལ་བ་སྲས་དང་བཅས་པ་རྣམས་དང༌། རིག་པ་འཛིན་པ་ཆེན་པོའི་སྤྱན་སྔར་འཆབ་སྟེ་སྦེད་ཅིང་གསང་ན་ནི། བདག་ཉིད་ཉེས་ལྟུང་དང་བྲལ་བའི་བདེ་བ་ལ་རེག་པའི་གནས་སྐབས་འབྱུང་བར་མི་འགྱུར་བས། འཆབ་པ་མེད་པར་སྙིང་ནས་བཤགས་ཤིང་ཕྱིན་ཆད་ལེགས་པར་སྡོམ་པར་བགྱིའོ། །ཞེས་གསོལ་ནས། བཤགས་ཡུལ་གྱིས། དེ་ལ་ཁྱོད་ཀྱི་ཉེས་ལྟུང་འདི་རྣམས་ལ་ཉེས་པར་མཐོང་ངམ་ཞེས་དྲིས་པ་ན། རང་གིས་མཐོང་ལགས་བརྗོད། བཤགས་ཡུལ་གྱིས་ཕྱིན་ཆད་ལེགས་པར་སྡོམ་པར་བྱེད་དམ་དྲི་བ་ན། རང་གིས་ཀྱང་སེམས་བརྟན་པའི་དམ་བཅའ་དང་བཅས་ཆོས་བཞིན་འདུལ་བ་བཞིན་དུ་སྤྱི་བོས་ནོད། ཅེས་མཐོང་སྡོམ་དྲི་བ་དང་བཅས་པ་ལན་གསུམ་བརྗོད་ལ། རྗེས་སུ་བཤགས་ཡུལ་གྱིས་ཐབས་ཡིན་ནོ། །ཞེས་ཉེས་ལྟུང་དག་པའི་ཐབས་ཡིན་པར་བསྟན་པས། རང་གིས་ལེགས་སོ་ཞེས་ངེས་ཤེས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟ་བུའི་ཕྱིར་བཅོས་འགྱངས་ན། ཞག་རེ་རེ་བཞིན་དུ་ཉེས་ལྟུང་གོང་འཕེལ་དུ་འགྲོ་བར་འགྱུར་ཏེ། སྙིང་པོ་རྒྱན་གྱི་རྒྱུད་ལས། རྟག་ཏུ་བག་མེད་པར་གནས་དང༌། །ཉེས་པ་ཆུང་ངུ་ཕྲ་མོ་ཡང༌། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །ཅེས་སོ། །དེ་ལྟར་འཕེལ་བར་འགྱུར་བ་དེ་ཡི་གཉེན་པོ་རུ་དམིགས་ནས་ཉིན་མཚན་དྲུག་གམ་གསུམ་སོགས་སུ་གསང་ཆེན་རིགས་གཅིག་གི་རྡོར་སེམས་སྤྱི་བོར་བསྒོམ་སྟེ་སྟོབས་བཞི་ཚང་བའི་ངང་ནས། ཡིག་བརྒྱ་ཉེར་གཅིག་བརྒྱ་སྟོང་སོགས་མ་ཡེངས་པར་བཟླས་པས་རྟག་ཏུ་བཤགས་ཤིང་རྩ་ལྟུང་བཅུ་བཞིའི་བསྔོ་བགྲང་བརྗོད་པའི་བཤགས་ཚིག་བྷ་ཝི་ལྷས་མཛད་པ་སོགས་ཀྱང་གདོན་པར་བྱའོ། །དེ་ཡང་ཡི་གེ་བརྒྱ་པ་འདོན་ཚུལ་ནི། སྦོམ་པོའི་འགྲེལ་བ་ལས། དེའི་མེའི་སར་མིང་སྤེལ་བར་བྱའོ་ཞེས་པས། སརྦ་སིདྡྷི་མེ་ཆེ་གེ་མོ་པྲ་ཡཙྪ་ཞེས་གདོན་པས་ལྟུང་བ་འཕེལ་བར་མི་འགྱུར་བ་སྙིང་པོ་རྒྱན་ལས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྦྱང་བར་བྱ། །འབུམ་ཕྲག་དུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་སོ། །གསར་རྒྱུད་རྣམས་དང་ཐུན་མོང་དུ་མ་གྱུར་པའི་ཁྱད་པར་མདོ་དགོངས་པ་འདུས་པ་དང༌། རྒྱུད་སྒྱུ་འཕྲུལ་དྲྭ་བ་དང༌། སེམས་སྡེ་རྫོགས་པ་ཆེན་པོ་སྟེ་སྔ་འགྱུར་རྒྱུད་སྡེ་གསུམ་པོའི་རིང་ལུགས་ཀྱི་བསྲུང་བྱ་དམ་ཚིག་གི་རིམ་པ་ནི། ཞེས་པའོ། །དང་པོ་སྤྱི་མདོ་དགོངས་འདུས་ཀྱི་ལུགས་ནི། སྤྱི་མདོ་དགོངས་པ་འདུས་པར། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང༌། །མི་འདོར་ཤེས་བྱ་བསྒྲུབ་པ་དང༌། །ཞེས་པས་རྩ་བའི་དམ་ཚིག་གསུམ་ནི། བསྲུང་བའི་ཡུལ་ལྷ་དང་བླ་མ་གཉིས་སུ་མེད་པ་གཙོ་བོ་ཡིན་ལ། སྲུང་ཚུལ་ཕན་འདོགས་པ་དང༌། གནོད་པ་སྤང་བའི་གཞིའི་གཙོ་བོ་ལུས་ཡིན་པས། སྐུ་ཡི་དམ་ཚིག་དུ་བླ་མ་དང་ལྷ་ལ་གུས་པར་བལྟ་ཞིང༌། མཆེད་དང་ལྕམ་དྲལ་གྱིས་མཚོན་པའི་འགྲོ་བ་ཐམས་ཅད་བླ་མའི་སྐུ་ཡི་གདུལ་བྱ་ཡིན་པས་གནོད་པ་སྤང་བ་དང༌། རྣམ་པར་སྨིན་པའི་ལུས་ཀྱི་སྣང་ཞེན་བསྐྱེད་རིམ་གྱིས་སྦྱོང་བར་བྱེད་པའོ། །དགེ་མི་དགེའི་རྣམ་འགྱུར་ཐམས་ཅད་ངག་ལ་བརྟེན་ནས་བསྐྱེད་པས། གསུང་གི་དམ་ཚིག་ཏུ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་དང༌། ངག་གི་ཉེས་པ་སྤང་ཕྱིར་བླ་མས་ཅི་གསུང་བསྒྲུབ་པ་དང༌། མཆེད་ལྕམ་གྱི་ངག་མི་གཅོག་པ་དང་བཅས་པའོ། །འཁོར་བར་བསྐྱེད་པའི་རྒྱུའི་གཙོ་བོ་ཡིད་ཡིན་པས། ཐུགས་རྡོ་རྗེ་ཡི་དམ་ཚིག་ཏུ་ཡིད་ཀྱི་ཉེས་པ་སྤང་ཞིང་གསང་བ་གཞན་ལ་མི་སྤེལ་བ་དང༌། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ཅིང་བླ་མ་དང་ཐུགས་ཡིད་བསྲེ་བ་དང༌། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་སྤྱོད་པ་སྟེ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང༌། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཐོས་པ་ཐམས་ཅད་ཀྱང༌། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །དེ་ལྟར་རྩ་བའི་བསྲུང་བྱ་གསུམ་དང༌། ཡན་ལག་གི་དམ་ཚིག་ཐབས་ལྡན་དུ་སྤྱད་པར་བྱ་བ་ཏ་ན་སྒྲོལ། ག་ན་སྦྱོར་མ་བྱིན་པ་རྫུན་ངག་འཁྱལ་ཏེ་ལྔ་དང༌། ཡིད་འོང་སྟེ་སྤང་བྱར་མི་བལྟ་བ་ལམ་དུ་བྱེད་པ་ཉོན་མོངས་ལྔ་དང༌། སྨེ་བར་བལྟས་ནས་མི་འདོར་བ་དྲི་ཆེན་ དྲི་ཆུ་ མཾ་ས་ རཀྟ་ ཟིལ་པ་སྟེ་བདུད་རྩི་ལྔ་དང༌། ལྟ་བས་ལྷར་ཤེས་པར་བྱ་བ་ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུམ་ལྔ། ཡུལ་ལྔ་སེམས་མ་ལྔ། དབང་ལྔ་སེམས་དཔའ་ལྔ། ཁ་དོག་ལྔ་ཡེ་ཤེས་ལྔ་ཕུང་པོ་འབྱུང་ཡུལ་སོགས་ལྔ་དང༌། བསྒོམས་པས་དབྱེར་མེད་དུ་སྒྲུབ་པར་བྱེད་པ་དེ་བཞིན་གཤེགས་པའི་རིགས། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་རིགས་ཏེ་ལྔའི་དབྱེ་བས་ཉི་ཤུ་རྩ་ལྔ་དང༌། རྩ་བའི་གསུམ་སྟེ་ཉེར་བརྒྱད་དོ། །རྒྱུད་སྡེ་སྒྱུ་འཕྲུལ་གྱི་ལུགས་རྩ་བའི་དམ་ཚིག་རྣམ་པ་ལྔ་གསུངས་ཏེ། གསང་སྙིང་ལས། བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །གྲུབ་དང་བསྒྲུབ་པའི་དམ་ཚིག་མཆོག །ཅེས་དང༌། ཡན་ལག་གི་དམ་ཚིག་རྣམ་པ་བཅུར་བཤད་དེ། གཏི་མུག་ཆགས་དང་ཞེ་སྡང་དང༌། །ང་རྒྱལ་ཕྲག་དོག་མི་སྤོང་ངོ༌། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས་སོ། །དང་པོ་རྩ་བའི་དམ་ཚིག་གི་ཕྱོགས་བཤད་པ་ལ་ནི། གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་པས། དང་པོ་བླ་མེད་མི་སྤང་ངོ༌། །ཞེས་བྱང་ཆུབ་ཀྱི་སེམས་གཉིས་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའི་ངང་དུ་འཇོག་པའོ། །ཀུན་རྫོབ་བྱང་སེམས་དེ་ལྟར་མ་རྟོགས་པའི་སེམས་ཅན་སྒྲོལ་འདོད་ཀྱི་ལྷག་པའི་བསམ་པ་སྟེ། ཡི་དམ་གྱི་ལྷ་བསྒོམ་པ་ཉིད་ལ་འདུ་བའི་དབང་དུ་མཛད་དེ་ལོགས་སུ་མ་གསུངས་སོ། །དེ་ཡང་ཐེག་ཆེན་སྤྱིའི་ལུགས་ཀྱི་བྱང་སེམས་མི་གཏོང་བ་དང༌། དཀོན་མཆོག་ལ་བསྙེན་བཀུར་མི་འདོར་བ་དང༌། སྔགས་ཕྱི་པས་དེའི་སྟེང་དུ་རང་གི་ལྷག་པའི་ལྷ་མཆོད་ཅིང་བསྒོམ་པར་བསྟན་པ་དེ་དག་ཀྱང་འདིར་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ངང་ལས་རྟགས་ཀྱི་ལྷ་སྐུ་ཕྱག་རྒྱ་བསྒོམ་པ་ལ་འདུ་སྟེ། སངས་རྒྱས་དང་དགེ་འདུན་ནི་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་བྱེ་བྲག་ཡིན་ལ། ཆོས་ནི་དེའི་ཆོས་ཉིད་ཡིན་པས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ཆོས་ཉིད་ནི་ཀུན་རྫོབ་ཙམ་དུ་ཆོས་ཅན་བདག་ཉིད་གཅིག་པ་དང༌། དོན་དམ་སྤྲོས་པ་ཉེར་ཞིའི་རང་བཞིན་ཡིན་པས། ཟུང་འཇུག་ཡེ་ཤེས་དེ་ཡི་རྟགས་ཀྱི་ཕྱག་རྒྱ་ལྷ་སྐུ་ཡིན་ཏེ། དཀོན་མཆོག་འགྲེལ་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་བའི་བླ་མ་དེ་རྟགས་ཀྱི་ཕྱག་རྒྱ་རྒྱ་ལྷག་པའི་ལྷ། །ཞེས་གསུངས། དེ་ལྟར་འདུ་བའི་ཚུལ་ཤེས་པར་བྱས་ནས་བཤད་བྱ་བཞི་སྟེ། དེ་ཡང༌། བླ་མ་ལ་བཀུར་བའི་ཡུལ་སློབ་དཔོན་དྲུག་སྟེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང༌། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་པས། ཀུན་གྱི་བཀུར་གནས་སུ་གྱུར་ཅིང༌། རང་གིས་ཀྱང་ཆོས་འབྲེལ་ཅུང་ཟད་ཐོབ་པ་སྤྱིའི་སློབ་དཔོན་དང༌། རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་སློབ་དཔོན། དབང་བསྐུར་བ་པོ་དམ་ཚིག་དབང་གི་སློབ་དཔོན། ལྟུང་བ་བཤགས་པའི་ཡུལ་ཉམས་ཆག་སྐོང་བའི་སློབ་དཔོན། རྒྱུད་སོགས་འཆད་པ་པོ་ཤེས་རྒྱུད་འགྲོལ་བའི་སློབ་དཔོན། ཁྲིད་འཆད་པ་པ་ོ་མན་ངག་ལུང་གི་སློབ་དཔོན་ཏེ་དྲུག་ཡིན་ཞིང༌། དེ་དག་ལས་གསང་སྔགས་ཀྱི་ཆོས་བཀའ་དྲིན་ཐོབ་པ་ནི་རྡོ་རྗེ་སློབ་དཔོན་དུ་གྱུར་པས་གཉན་ལ། ཁྱད་པར་དབང་བསྐུར་རྒྱུད་བཤད་མན་ངག་སྟོན་པ་གསུམ་ཤིན་ཏུ་གཉན་པས་དེ་རྣམས་མི་སྤོང་ཞིང་བཀུར་སྟིས་ཇི་ལྟར་བསྙེན་པའི་ཚུལ་ནི། བཀའ་དྲིན་ཐོབ་ཚུལ་གྱི་དཔེ་དང་སྦྱར་ནས་རིམ་པར། གསལ་བཀྲ་ལས། ཡུལ་ལ་དབང་བའི་རྒྱལ་པོ་བཀུར་འོས་དང༌། །ལམ་འཛུད་ཁུ་བོ་དབང་ནོད་ཕ་དང་བཤགས་ཡུལ་མ་དང་རྒྱུད་འཆད་མིག །མན་ངག་སྟོན་པ་བས་སྙིང་ལྷག་པའི་ཚུལ་བལྟས་ཏེ། །ཞེས་སོ། སྔགས་རྒྱ་རྒྱུན་མི་བཅད་པའི་ཡུལ་ནི། གསལ་བཀྲ་ལས། རྩ་བ་ཧཱུྃ་སོགས། རྒྱུ་མ་ནོར་བ་དང་སྐྱེད་པ་རྐྱེན་དང་བཟླས་པ་ལས་སྔགས་དང༌། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པས་སྔགས་གསུམ་དང་ཕྱག་རྒྱ་བཞི་པོ་རབ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་ཐུན་ལ་གནས་པ། འབྲིང་ཟླ་རེར་དུས་དྲུག་གམ་བཞི་སོགས་དང༌། ཐ་མས་ཀྱང་ལོ་ཟླ་དུས་མཆོད་ཀྱི་རྒྱུན་མི་གཅད་པ་དང༌། མཆེད་ལ་བྱམས་ཡུལ་ནི་སྔར་སྤྱི་ཡི་མཆེད་སོགས།བཞི་པོ་ཡིན་ལ། དེ་རྣམས་ལས་ཀྱང༌། ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་ཕྱི་མ་གསུམ་དང་དེའི་ནང་ནས་ཀྱང་འདྲེས་པའི་མཆེད་ལྷག་པར་གཉན་པར་ཤེས་པས། རིམ་པས་དེ་རྣམས་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་ལྷག་བསམ་གྱིས་བརྩེ་ཞིང་གདུང་བས་བྱམས་པར་བྱེད་པ་སྟེ། རྔམ་གློག་ལས། རྡོ་རྗེའི་སྤུན་ལ་གདུང་སེམས་ཀྱང༌། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་སྐྱོན་དང་བཅས་པའི་སེམས་ཙམ་ཡང༌། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མིང་སྲིང་དགོས་པ་སྒྲུབ། ཅི་ཕྱིར་རྡོ་རྗེའི་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མེ་མར་འོད་དང་སྡོང་བུ་འདྲ། །ཞེས་སོ། །གསང་བ་མི་སྨྲ་བའི་ཡུལ་ནི། ཕྲ་རྒྱས་ལས། དམ་ཉམས་དེ་ལས་ལོག་པ་དང༌། །དམ་མེད་དཀྱིལ་འཁོར་མ་མཐོང་དང༌། འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་ལྟ་བ་ཟབ་མོ་ནི་ཐེག་དམན་སོགས་བློ་འཕང་དམའ་བ་ཐམས་ཅད་ལ་གསང་ཞིང་སྤྱོད་པ་ནི་མ་འདྲེས་པ་ཐམས་ཅད་ལ་གསང་ངོ༌། ལྷ་ཡི་མིང་གཟུགས་སོགས་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང༌། འདྲེས་པ་ལ་ཡང་སྒྲུབ་པ་མཐར་མ་ཕྱིན་བར་བསྟན་ནའང་དངོས་གྲུབ་ཉམས་པར་གསུངས་པས་གསང་ངོ༌། །གང་ཞིག་གསང་བར་བྱ་བའི་དོན་ནི། །ཕྲ་རྒྱས་ལས། སྤྱི་དང་བར་གསང་བཞི་བཞི་དང༌། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་གསང་བ་བཅུ་པོ་དེ་རྣམས་རང་རང་གི་ཡུལ་དང་དུས་ཀྱི་དམིགས་ངེས་པས་གཞན་ལ་མི་བསྒྲགས་པའོ། །དེ་ལ་སྤྱི་གསང་བཞི་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང༌། །ལྷ་ཡི་མིང་གཟུགས་གྲུབ་རྟགས་རྣམས། །སྤྱི་གསང་རྣམ་པ་བཞི་ཡིན་ནོ། །ཞེས་སོ། །བར་གསང་བཞི་ནི། དེ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་སོ། །གསང་བར་འོས་པ་ནི། ཐུན་མོང་མ་ཡིན་པའི་སྔགས་ཀྱི་སྤྱོད་པ་དང༌། དམ་ཚིག་གི་རྫས། མཆེད་ཀྱི་ངན་སྤྱོད་སོགས་མཐོང་ཐོས་སུ་མི་རུང་བ་རྣམས་དང༌། གསང་བར་གཉེར་གཏད་ནི། བླ་མ་དང་མཆེད་ལྕམ་གྱིས་གསང་བར་བཀའ་རྒྱས་བཏབ་པ་རྣམས་སོ། །རྩ་བའི་དམ་ཚིག་འདི་རྣམས་ལ་སྲུང་ཚུལ་དང་སྒྲུབ་ཚུལ་མི་འདྲ་བ་ཅུང་ཟད་རེ་སྣང་ཡང༌། བྱང་སེམས་དང་སྔགས་རྒྱ་གཉིས་བསྒྲུབ་པའི་དམ་ཚིག་གཞན་རྣམས་བསྲུང་བའི་དམ་ཚིག་ཡིན་ལ། དེ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་དབང་དུ་བྱས་ན། བླ་མ་དང་མཆེད་བསྲུང་བ་སྐུའི་དམ་ཚིག །སྔགས་རྒྱ་གསང་གི་དམ་ཚིག །གསང་བཅུ་ཐུགས་ཀྱི་དམ་ཚིག་ཡིན་ཞིང༌། བྱང་སེམས་ཀྱང་དེར་བསྡུ་སྟེ། བདེ་འདུས་ཞི་རྒྱུད་ལས། བྱང་ཆུབ་སེམས་གསུམ་བསྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ །ཞེས་གསུངས་སོ། །རྩ་བའི་དམ་ཚིག་དེ་དག་ལ་དབྱེ་ན། བརྒྱ་དང་དྲུག་ཅུར་དབྱེ་བའང་ཡོད་དོ། །རྩ་བ་སྲུང་བྱེད་ཀྱི་ཐབས་སུ་གྱུར་པའི་ཡན་ལག་གི་དམ་ཚིག་ནི། མི་སྤང་བ་དང༌། མི་དོར་བའི་སྡེ་ཚན་གཉིས་སུ་བསྡུ་བར་བྱ་ཞིང༌། དང་པོའི་ཕྱོགས་ལ་ནི། གཏི་མུག །འདོད་ཆགས། ཞེ་སྡང་ང་རྒྱལ་ཕྲག་དོག་སྟེ་ཉོན་མོངས་པ་ལྔ་མི་སྤོང་བ་ཡིན་ནོ། །དེ་ཡང་ལོག་པའི་དུག་ལྔ་དང༌། སྦས་དོན་ཡང་དག་པའི་དུག་ལྔ་སྟེ་གཉིས་སུ་ཡོད། དེ་ལས་ལོག་པའི་དུག་ལྔ་ནི་ཉོན་མོངས་དངོས་ཡིན་ཞིང༌། དེ་མི་སྤོང་བའི་ཚུལ་ནི། ཆགས་སོགས་ཀྱི་རང་བཞིན་ཤེས་པས་ཉོན་མོངས་པའི་དེ་བཞིན་ཉིད་དམ་རང་གི་ངོ་བོ་ནི་ངོ་བོ་མེད་པ་ཡིན་ལ། དཔེར་ན་སྨིག་སྒྱུའི་ཆུ་ལ་ཆུ་རགས་མི་དགོས་པ་བཞིན། སྤོང་བྱེད་ཀྱི་གཉེན་པོ་མི་དགོས་ལ། ཐབས་ཀྱིས་ཟིན་ན་རྣ་བར་ཆུ་ཞུགས་པ་ཆུས་འགུགས་པའམ། རྨ་བྱས་དུག་ཟོས་པ་དང་འདྲ་བར་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བས་རང་གི་གཉེན་པོར་རང་ཆེ་བས་མི་སྤང་བ་སྟེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་སྟེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་བའི་ཆོས་ཀྱི་ཞིང་ལ་ཕན། །ཞེས་དང༌། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ནི། ཡེ་ནས་རིགས་ལྔར་གནས་པའི་ཚུལ་ཤེས་ནས་ལམ་དུ་བྱེད་པས། རྨོངས་པའི་སྒྲིབ་པ་དག་ནས་ཡེ་ཤེས་ལྔར་འགྱུར་ཏེ། །དཔེར་ན་སྣུམ་འདོད་པས་ཏིལ་མར་སྒྲུབ་པ་ལྟ་བུའོ། །དེ་སྐད་དུ་དམ་ཚིག་ཉེར་བརྒྱད་པ་ལས། ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །ཞེས་སོ། །དེ་ཡང༌། གཏི་མུག་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ་ཆོས་དབྱིངས་ཡེ་ཤེས་འདོད་ཆགས་སྣང་བ་མཐའ་ཡས་ཀྱི་དམ་ཚིག་སྟེ་སོར་རྟོག་ཡེ་ཤེས། ཞེ་སྡང་མི་བསྐྱོད་པའི་དམ་ཚིག་མེ་ལོང་ཡེ་ཤེས། ང་རྒྱལ་རིན་འབྱུང་གི་དམ་ཚིག་མཉམ་ཉིད་ཡེ་ཤེས། ཕྲག་དོག་དོན་གྲུབ་ཀྱི་དམ་ཚིག་བྱ་གྲུབ་ཡེ་ཤེས་སོ། །སྦས་དོན་ཡང་དག་པའི་དུག་ལྔ་ནི། །འཁོར་འདས་མཉམ་པ་ཉིད་དུ་རྟོགས་ནས་ལྟ་བ་ལ་ཕྱོགས་རིས་སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པ་གཏི་མུག །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེས་ཆགས་པ་འདོད་ཆགས། ལོག་རྟོག་རྣམས་སྒྲོལ་བ་ཞེ་སྡང༌། མཉམ་ཉིད་རྟོགས་པས་ལྟ་བ་གཤོངས་སུ་མི་འབེབས་པ་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་ཆོས་ཉིད་ཀྱི་ཀློང་དུ་མི་ཤོང་བ་ཕྲག་དོག་སྟེ་འདི་རྣམས་ལྟ་བའི་ངང་སྐྱོང་བ་ལ་ཚང་བས་རྟག་ཏུ་ཉམས་ལེན་བྱའོ། །གཉིས་པ་མི་འདོར་བའི་ཕྱོགས་ནི། རྡོ་རྗེ་ཟིལ་པ། རཀྟ། དྲི་ཆེན། མཾ་ས། དྲི་ཆུ་སྟེ་བདུད་རྩི་ཆེན་པོ་ལྔ་ཡིན་ལ། དེ་དག་ཀྱང་དང་དུ་བླང་བྱར་ངེས་པ་སྟེ། གྲུབ་པ་བཞི་དང༌། ཡིན་པ་གསུམ། གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོས་གྲུབ་པ་བདུད་རྩི་ལྔ་པོ་ཆོས་ཉིད་ཀྱི་ངོས་ན་གཙང་རྨེ་གང་དུའང་མ་གྲུབ་པའི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངོ་བོར་གྱུར་པས། དེ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རོལ་པར་དང་དུ་བླང་བར་བྱ་བ་དང༌། ཆོས་ཅན་རང་བཞིན་གྱིས་གྲུབ་པ་དེ་དག་ཆོས་ཅན་ལྟར་སྣང་བའང་རང་བཞིན་རྣམ་པར་དག་པ་རིགས་ལྔའི་རང་བཞིན་ཉིད་དུ་གྲུབ་པས་དེ་ལྟར་ཤེས་པའི་སྒོ་ནས་བླང་བྱ་དང༌། ནུས་པའི་མཐུས་གྲུབ་པ་དེ་དག་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྒྲུབ་ན་འགྲུབ་པའི་ནུས་པ་དང་ལྡན་པའི་དམ་རྫས་ཡིན་པས་བླང་བྱ་དང༌། བྱིན་གྱིས་རླབས་ཀྱིས་གྲུབ་པ་དམ་ཚིག་གི་རྫས་དེ་རྣམས་སྔོན་དཔལ་ཆེན་པོ་སོགས་ཀྱིས་དམ་ཚིག་གི་རྫས་སུ་བྱིན་གྱིས་བརླབས་པའི་དབང་གིས་ཚུལ་བཞིན་དུ་བསྟེན་པའི་སྒྲུབ་པོ་དེ་ལ་མ་མོ་མཁའ་འགྲོ་ཐམས་ཅད་འདུ་ཞིང་སྒྲུབ་པའི་གྲོགས་བྱེད་ཅིང༌། དངོས་གྲུབ་ཐོབ་པ་ལ་ཉེ་བས་དང་དུ་བླང་བར་བྱའོ། །ཡིན་པ་གསུམ་ནི། ནད་སེལ་བའི་སྨན་ཡིན་ཏེ། དྲི་ཆེན་གྱིས་དུག་ནད། དྲི་ཆུས་གག་པ། མཱྃ་སས་མཛེ་ནད། རཀྟས་གྲང་བ། བྱང་སེམས་དཀར་པོས་ཚ་བ་རྣམས་སེལ་ལོ། །ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་རྟེན་ཡིན་ཏེ། དྲི་ཆེན་གྱིས་མཐུ་ཆེ། དྲི་ཆུས་སྐད་སྙན། མཱཾ་སས་ཚེ་རིང༌། རཀྟས་བཀྲག་མདངས་གསལ། བྱང་སེམས་དཀར་པོས་མི་བརྗེད་པའི་གཟུངས་ཐོབ་པའོ། །རིགས་ལྔ་ཡེ་ཤེས་ལྔའི་རྟེན་ཏེ། དྲི་ཆེན་བུདྡྷའི་རིགས་ཆོས་དབྱིངས་ཡེ་ཤེས། དྲི་ཆུ་ལས་ཀྱི་རིགས་བྱ་གྲུབ་ཡེ་ཤེས། མཱཾ་ས་རིན་ཆེན་རིགས་མཉམ་ཉིད་ཡེ་ཤེས། རཀྟ་པདྨའི་རིགས་སོར་རྟོག་ཡེ་ཤེས། བྱང་སེམས་དཀར་པོ་རྡོ་རྗེའི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་དག་གིས་མཚོན་ནས་ཆོས་ཐམས་ཅད་དག་མཉམ་གྱི་ངོ་བོར་རྟོགས་ནས་བླང་དོར་མེད་པའི་སྤྱོད་པ་ནི། སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཏེ་ཚུལ་ཡིན་པས་དེ་བཞིན་དང་དུ་བླང་ནས་སྤྱོད་པར་བྱའོ། །དེ་ལ་དབྱེ་ན། ཡན་ལག་བཅུ་པོ་མི་སྤང་བ་ལྔ་དང༌། མི་དོར་བ་ལྔ། དེ་རེ་རེ་ལ་ཐབས་ཀྱིས་ཟིན་པའི་ཆ་དང༌། ཤེས་རབ་དང་མ་བྲལ་བའི་ཆ་གཉིས་རེར་ཕྱེ་བས་བཅུ། དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེ་བས་ལྔ་བཅུ་རེ་སྟེ་བརྒྱ། དེ་རེ་རེ་ལའང་ཤེས་རབ་ཐབས་སུ་ལྡན་པ་དང༌། ཐབས་ཉིད་ཤེས་རབ་དང་ལྡན་པའི་ཆ་ཤས་ཀྱིས་དབྱེ་བ་བྱས་ན་ཉིས་བརྒྱའི་གྲངས་སུ་ངེས་པ་ནི། རྩ་བའི་དབྱེ་གཞི་བཅུ་པོ་ཐབས་ཤེས་ཀྱིས་ཕྱེ་བས་ཉི་ཤུར་བསྡུ་བ་ནི། ཀུན་གཟིགས་རོང་པའི་ལུགས་ཏེ་རོང་ཟོམ་ཆོས་ཀྱི་བཟང་པོའི་དཀོན་མཆོག་འགྲེལ་དུ་གསུངས་སོ། །དེ་ལྟར་དབྱེ་བའི་ཁུངས་ནི། རྩ་རྒྱུད་ལས། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་སོ། །གསུམ་པ་ལ་གཉིས། དང་པོ་བསྲུང་དུ་ཡོད་པའི་དམ་ཚིག་ནི། སེམས་ཀྱི་རང་བཞིན་ཇི་བཞིན་ངོ་འཕྲོད་ཅིང་ངང་སྐྱོང་ནུས་པའི་ཕྱོགས་ལ་ནི། ཕྱི་སྣང་བ་རྟེན་མེད་དུ་གོ །ནང་རིག་པ་ཡུལ་མེད་དུ་གོ་བའི་དུས་ན་རིག་པའི་གཤིས་ལ་སྤང་བྱ་གཞི་ལ་མ་གྲུབ་པས། བླང་དོར་གྱི་དགག་སྒྲུབ་གང་ཡང་མེད་པར་འཇོག་པ་ནི། མེད་པའི་དམ་ཚིག་སྟེ། ཐིག་ལེ་ཀུན་གསལ་ལས། རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་དང་སྲུང་བྱེད་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་ཚིག་གི་གྲངས། །ངས་མི་བསྲུང་བས་མེད་ཅེས་བྱ། །ཞེས་པ་ལྟར་དང༌། སྡོམ་པ་དང་སྡོམ་མིན། དངོས་དངོས་མེད། སྐྱེ་འགག་སོགས་གཉིས་ཆོས་དང༌། རྟོག་རློམ་ཐམས་ཅད་ཆོས་ཉིད་གཅིག་ཏུ་གྱུར། བལྟས་པས་མ་མཐོང་བས་རང་བཞིན་གཅིག །ཚིག་གིས་མི་མཚོན་པས་ཡེ་ཤེས་གཅིག་གི་ངང་བསལ་བཞག་མེད་པར་གནས་པའི་ཆ་ནས་ཐ་སྙད་བཏགས་ན་གཅིག་པུའི་དམ་ཚིག་ཞེས་བྱ་སྟེ། དེ་ཉིད་ལས། བསྲུང་དུ་མེད་པའི་དམ་ཚིག་ལས། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་ལ། །གཅིག་པུ་ཞེས་སུ་བཏགས་པ་ཡིན། །ཞེས་པ་དང་ནི། ཡང་དེ་ལྟར་ཕྱི་ནང་ཡུལ་མེད་དུ་རྟོགས་པ་དེ་གཅིག་པུའི་ངང་ལ་འཇོག་པའི་ཚེ་སྒོ་ལྔ་རང་ཡན་གྱི་རིག་པ་ལ་སྙེམ་བྱེད་ཀྱི་བློ་ཞེན་མི་འཇུག་པར་ཆོས་ཐམས་ཅད་ཆོས་ཉིད་ཡངས་པར་ལ་བཟླ་བ་ནི་ཕྱལ་བ་ཞེས་བྱ་སྟེ། ཀུན་བྱེད་ལས། དངོས་པོ་མི་སྤྱོད་ཡེ་ཤེས་མ་འགགས་པ། །དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན། །ཞེས་དང་ནི། གཞན་ཡང་དེ་ལྟ་བུའི་ཆོས་ཉིད་ཀྱི་རིག་པ་ཀ་དག་གི་གདངས་ལ་མཁྱེན་ཆ་ཡོན་ཏན་གྱི་ཆོས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ཆོས་ཅན་སྣང་བཞིའི་ཉམས་ལེན་དང་མི་འབྲལ་བ་ལ་ལྷུན་གྲུབ་ཀྱི་དམ་ཚིག་ཡིན་ནོ་ཞེས་བྱ་བར་གྲགས་པ་སྟེ་དོན་ལ་ཐོད་རྒལ་སྣང་བཞིའི་ཉམས་ལེན་མིན་ཀྱང་ཀ་དག་གི་རིག་པ་སྐྱེ་འགག་དང་བྲལ་བའི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་ཕྱིར་གཞན་ལས་བཙལ་དུ་མེད་ཕྱིར་དེ་སྐད་ཅེས་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཡིད་ཆོས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་གྲུབ་པ་ཞེས་སུ་ང་ཡིས་བཤད། །ཅེས་སོ། །དེ་ལྟར་རྣམ་གྲངས་བཞིར་གསུངས་པ་ཡང་རིག་པ་ཀ་དག་གི་ངང་ཡེངས་བསྒོམ་དང་བྲལ་བར་བཞག་པ་ལ་ལྡོག་པས་དབྱེ་བ་ཙམ་ལས་ངོ་བོ་ཐ་དད་པ་མ་ཡིན་ནོ། །དེས་ན་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ལྟ་བུའི་ངང་ནས་སྤང་བླང་གཉིས་ཀ་བྲལ་བས་བསྲུང་མཚམས་དང་བྲལ་བའི་ཆོས་ཉིད་དེ་ལ་རྟག་ཏུ་གནས་པ་རྣམས་ལ་འདའ་བར་བྱ་བའི་ཆོས་རྡུལ་ཙམ་མི་དམིགས་པས། རིག་པའི་ངོ་བོའི་བཞུགས་ཚུལ་ལ་རྟོགས་བྱ་དམ་ཚིག་ཆེན་པོ་བཞིའི་ཆིངས་ཀྱིས་བཅིངས་ནས། གནས་ལུགས་ཀྱི་གཤིས་དེ་ལས་གཞན་དུ་མི་གཡོ་བའི་དོན་དུ་བསྟན་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། དེ་དུས་བསྲུང་བའི་མཚམས་འདས་པའི། །དམ་ཚིག་ལྷུན་གྲུབ་ཆེན་པོའི་ངང༌། །མེད་དང་གཅིག་པུ་ཕྱལ་བ་ཡིས། །རྫོགས་ཆེན་ཉམས་ལེན་དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་སོ། །ཚུལ་དེ་ནི་ཡེ་ནས་ཉམས་པ་མེད་པ་གཟུང་འཛིན་གྱིས་མི་ཕྱེད་པའི་གནས་ལུགས་དོན་གྱི་རྡོ་རྗེའི་ངང་ལ་གནས་པས་སྣང་སེམས་ཐམས་ཅད་ལ་ཆོས་སྐུའི་ཡེ་ཤེས་ཀྱིས་དབང་བསྒྱུར་བའི་ཕྱིར་རྒྱལ་པོའི་ལུགས་ཞེས་བྱ་ལ། འོག་མ་ཁྱད་དུ་གསོད་པའི་ཚིག་ཏུ་འཁྲུལ་པར་མི་བྱ་སྟེ། སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པས། རྒྱལ་པོ་ཆེན་པོ་ང་ཡི་གསང་སྔགས་འདི། །ལྟ་བ་ཆོས་སྐུ་དང་བསྟུན། སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ནས། ལྟ་བའི་ཕྱོགས་ལ་སྤྱོད་པ་མ་ཤོར་བར་མཛོད། ཤོར་ན་དགེ་མེད་སྡིག་མེད་དུ་སོང་ནས་ཕྱིས་གསོར་མི་རུང༌། སྤྱོད་པའི་གྲོགས་སུ་ལྟ་བ་འབྲང་ན་དངོས་པོ་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར་རོ། །ང་ཡི་སྔགས་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ། མ་འོངས་པ་ན་ཚིག་གི་གདེང་ནི་ཤེས་ཏེ་ལྟ་བའི་གདེང་མ་རྙེད་པ་མང་པོ་ཞིག་ངན་འགྲོར་འགྲོའོ། །ཞེས་གསུངས་སོ། །དེའི་ཕྱིར་ཉམས་ལེན་ལ་བརྟན་པ་མ་ཐོབ་ནས། རྫོགས་ཆེན་གྱི་ཆོས་སྐད་མཐོན་པོ་འབའ་ཞིག་གིས་དགེ་སྡིག་རྒྱུ་འབྲས་མེད། འདུ་འཛི་དང་ཡུལ་རྐྱེན་གྱིས་མི་གནོད། བསྒོམ་བྱ་དང་སྒོམ་བྱེད་མེད་ཟེར་ནས་ཐ་མལ་དུ་ལུས་པ་ནི་བསྟན་པའི་བླ་བཙོང་ཞིང་རང་གི་ཆོས་སྐལ་ཆད་པ་ཡིན་པས། སྒོ་གསུམ་ཆོས་དང་བསྟུན་པའི་སྒོ་ནས་ཉམས་ལེན་ལ་རྒྱུན་དུ་འབད་པ་ནི་ཤིན་ཏུ་གནད་ཆེའོ། །གཉིས་པ་བསྲུང་དུ་ཡོད་པ་ནི། གོང་དུ་བཤད་པ་ལྟ་བུའི་སྒོ་གསུམ་གྱི་སྤྱོད་པ་ལ་བླང་དོར་བྱེད་པའི་བྱ་བ་ལ་ཆེད་དུ་མ་བརྩོན་ཡང༌། ཡེ་བསྲུང་ཆེན་པོའི་དམ་ཚིག་ལ་གནས་པའི་སྟོབས་ཀྱིས་ཁ་ན་མ་ཐོའི་ཉེས་པ་ཐམས་ཅད་ཟིལ་གྱིས་མནན་ནས། ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་ཉེས་པ་གང་གིས་ཀྱང་མི་གོས་པའི་རིགས་རྣམས་ལ་དེ་ལྟར་ཆོག་མོད། འོན་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་གསར་དུ་ཞུགས་པའི་ལས་དང་པོ་པ་རྣམས་ཀྱིས་རང་རྒྱུད་ཉེས་པས་མི་གོས་ཤིང༌། ཉམས་ལེན་རྣམ་པར་དག་པར་བྱ་བའི་ཕྱིར། བླ་མའི་བཀའ་བཞིན་བསྒྲུབ་ཅིང་སྤང་གཉེན་གང་ལའང་མ་ཞེན་པའི་སྒོ་ནས་ཉེས་པ་གང་གིས་ཀྱང་མི་གོས་པའི་ཐབས་ལ་དྲན་ཤེས་བག་ཡོད་དང་བཅས་པས་བརྩོན་ཞིང༌། གལ་ཏེ་ཉམས་པར་གྱུར་ན་ཡང་ཕྱིར་བཅོས་པའི་ཐབས་ཡོད་དེ། དཔེར་ན་རིན་ཆེན་གྱི་བུམ་པ་བཟང་པོ་ཞོམ་ཡང་བཅོས་སླ་བ་བཞིན། བླ་མའི་བཀའ་བཞིན་ཕྱིར་བཅོས་ན་སོར་ཆུད་ས་ཕྱིར་འབད་པས་བསྲུང་བ་གལ་ཆེ་སྟེ། འཇམ་དཔལ་བཤད་རྒྱུད་ལས། དབང་རྣམས་འཛིན་པའི་རྟེན་དག་ནི། །དམ་ཚིག་ཡིན་ཏེ་ཉམས་ན་ཡལ། །དཔེར་ན་གྱང་དང་རི་མོ་བཞིན། །ཞེས་པ་ལྟར་གཞི་དམ་ཚིག་མ་དག་ན་རྟོགས་པ་བཟང་པོ་རྒྱུད་ལ་སྐྱེ་བ་ནི་གནས་མེད་དོ། །དབྱེ་བའི་དབང་དུ་བྱས་ན། རང་ཤར་ལས། འབུམ་སྡེར་གསུངས་པའི་དམ་ཚིག་རྣམས། །མདོར་བསྟན་ལེགས་པར་ཡིད་ལ་ཟུངས། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །རྟོགས་བྱ་ལྟ་བའི་དམ་ཚིག་དང༌། །སྤྱོད་པ་རྒྱུན་གྱི་དམ་ཚིག་དང༌། །བསྒྲུབ་པ་སྤྱི་ཡི་དམ་ཚིག་དང༌། །ཐུན་མོང་སྤྱི་ཡི་དམ་ཚིག་དང༌། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༌། །ཡན་ལག་གྲངས་ཀྱི་དམ་ཚིག་དང༌། །གལ་མདོ་ངེས་པའི་དམ་ཚིག་གོ །ཅེས་བདུན་དུ་གསུངས་པ་དེ་རྣམས་ཀྱང་བསྡུ་ན་གསུམ་དུ་འདུས་ཏེ། ཞི་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ཁྱད་པར་གྱི་དམ་ཚིག་ལ་སེམས་ཕྱོགས་འདིར་སྤྱི་མདོ་དང་ཕྱོགས་མཐུན་སྐུ་གསུང་ཐུགས་གསུམ་དབྱེ་བའི་སྒོ་ནས། དམ་ཚིག་རྣམ་པར་བཀོད་པ་ལས། སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལའང་དགུ་དགུ་སྟེ། །འཇུག་དང་ལས་ཀྱི་རྣམ་པས་བཤད། །ཅེས་པའི་གྲུབ་མཐའ་སྟེ་ཚུལ་ཉི་ཤུ་རྩ་བདུན་དུ་དབྱེ་བར་བྱ་སྟེ། དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པར་སྐྱེ་བ་ནི་བླ་མ་ལ་རག་ལས་ཏེ་དང་པོ་རྟོགས་པ་ངོ་སྤྲད། བར་དུ་གེགས་སེལ་བོགས་འདོན། ཐ་མ་ཆོས་ཉིད་ཟད་སར་སྐྱེལ་བར་བྱེད་ཕྱིར། བླ་མ་ནི་དུས་གསུམ་རྒྱལ་བ་ཀུན་འདུས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་གསུམ་གྱི་ངོ་བོར་བཞུགས་ཕྱིར། བསྲུང་བྱའི་རྩ་བ་ནི་བླ་མའི་སྐུ་གསུང་ཐུགས་གསུམ་ཡིན་ལ། གསུམ་པོ་རེ་རེ་ལའང་ཕྱི་ནང་གསང་གསུམ་རེ་སྟེ་ཕྱེ་བས་གསང་གསུམ་གྱི་དམ་ཚིག་གསུམ་ཚན་གསུམ་གྱི་དབྱེ་བས་ཉེར་བདུན་ནོ། །དང་པོ་སྐུའི་ཕྱི་ཡི་གསང་བའི་དམ་ཚིག་ལ། སེམས་ཅན་ཡིན་ནོ་ཅོག་སྲོག་གཅོད་སྤང་བ་དང༌། ཕྱི་ཡི་ནང་ལ་མི་ཚངས་པ་སྤྱོད་པ་སྤང་བ་དང༌། ཕྱི་ཡི་ཕྱི་ལ་བརྐུ་བ་སྤང་བ་རྣམས་སོ། །དེ་བཞིན་སྐུ་ཡི་ནང་གི་ཕྱི་ལ་ཕ་མ་སྤུན་སྲིང་རང་ལུས་རྣམས་ལ་སྨོད་པ་དང༌། ནང་གི་ནང་ལ་ཐེག་པ་ཆེ་ཆུང་གི་ཆོས་རྣམས་ལ་འཇུག་པར་འདོད་པ་དང༌། ཞུགས་པ་དང༌། ཞུགས་ཏེ་གཟུགས་བརྙན་འཛིན་པའི་གང་ཟག་རྣམས་ལ་སྨོད་པ་དང༌། ནང་གི་གསང་བར། རང་ལུས་ལྷ་ཡི་དཀྱིལ་འཁོར་དུག་མཚོན་སོགས་ཀྱིས་གནོད་པ་བྱེད་པ་རྣམས་སྤང་བའོ། །འདི་ཡང་རྩ་བའི་དམ་ཚིག་རང་ལུས་ཞེས་པས་བསྡུ་དགོས་པར་སྣང་ངོ༌། །སྐུ་ཡི་གསང་བའི་གསང་བར་བླ་མའི་གྲིབ་མ་འགོམ་པ་དང༌། སྤྱན་སྔར་མཚོན་ཆ་འཛིན་པ་དང༌། རྐང་ལག་རྐྱོང་བ་དང༌། སྒེག་ཆོས་བྱེད་པ་སོགས་མ་གུས་པའི་བྱ་བ་བྱེད་པ་དང༌། གསང་བའི་ནང་ལ་བླ་མའི་ཡུམ་ལ་གཙེས་བ་དང༌། གསང་བའི་ཕྱི་ལ་རྡོ་རྗེའི་སྤུན་དང་སྲིང་མོ་རྣམས་ཀྱི་ལུས་དང་རྒྱན་སོགས་ལ་སྨད་པ་དང༌། དེ་དག་ལ་བརྡེག་གམ་བརྡེག་པར་བརྩམ་པའམ། བརྡེག་ཏུ་བཅུག་ཀྱང་རུང་སྟེ་དེ་རྣམས་སྤང་བའོ། །གསུང་གི་ཕྱི་ནང་གསང་གསུམ་ལ། དང་པོ་གསུང་གི་ཕྱི་ལ་རང་འདོད་ཀྱིས་འགྲོ་བ་ཕལ་ལའང་རྫུན་སྨྲ་བ་དང༌། ཕྱི་ཡི་ནང་ལ་ཕ་རོལ་དབྱེ་བའི་ཚིག་ཕྲ་མ་སྨྲ་བ་དང༌། ཕྱི་ཡི་གསང་བར་གཞན་གྱི་ཞེ་གཅོད་པའི་ཚིག་རྩུབ་མོ་རྣམས་སྤང་བའོ། །གསུང་གི་ནང་གི་ཕྱི་ལ་ཆོས་སྨྲ་བ་རྣམས་དང༌། ནང་གི་ནང་ལ་དོན་སེམས་ཤིང་སྒྲུབ་པ་རྣམས་དང༌། ནང་གི་གསང་བ་ལ་གནས་ལུགས་ཟབ་མོའི་དོན་བསྒོམ་པ་རྣམས་ལ་གཤེ་ཞིང་སྐུར་པ་འདེབས་པ་རྣམས་དང༌། མི་བཀུར་ཞིང་བརྙས་པ་རྣམས་སྤང་བའོ། །གསུང་གི་གསང་བའི་གསང་བ་ལ། བླ་མ་དང༌། གསང་བའི་ནང་ལ་བླ་མའི་ཡུམ་དང༌། གསང་བའི་ཕྱི་ལ་རྡོ་རྗེའི་སྤུན་སྲིང་སྟེ་དེ་རྣམས་ལ་སྨོད་པ་དང་འདི་གྱིས་ཤིག་ཅེས་པ་ལ་སོགས་པའི་ཚིག་རྣམས་དང་དུ་མི་ལེན་ཅིང་ཁྱད་དུ་གསོད་པ་རྣམས་སྤང་སྟེ་མི་བརྙས་པའོ། །ཐུགས་ཀྱི་ཕྱི་ནང་གསང་བའི་དམ་ཚིག་གསུམ་ལ། དང་པོ་ཕྱིའི་ཕྱི་ལ་བརྣབ་སེམས། ཕྱི་ཡི་ནང་ལ་འགྲོ་བ་ཕལ་པ་ཡན་ཆད་ལ་གནོད་སེམས། ཕྱི་ཡི་གསང་བར་གྲུབ་པའི་མཐའ་རྣམས་ལ་ལོག་ལྟ་སྟེ་ཡིད་ཀྱི་རྣམ་པ་གསུམ་སྤང་བ་དང༌། ནང་གི་ཕྱི་ལ་སྤྱོད་པ་ལོག་པ་བག་མེད་པ་དང་ཐོ་ཅོ་དང༌། ནང་གི་ནང་ལ་སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ་དང༌། ནང་གི་གསང་བ་ལ། ལྟ་བ་ལོག་པ་རྟག་ཆད་དང་མཐར་འཛིན་རྣམས་སྤང་བའོ། །གསང་བའི་གསང་བ་ལ་བླ་མ་ལ་མོས་གུས་དང༌། གསང་བའི་ནང་ལ་ཡི་དམ་གྱི་ལྷ་དང་རྡོ་རྗེའི་མཆེད་སྤུན་སོགས་དང༌། གསང་བའི་ཕྱི་ལ། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པ་གསུམ་སྟེ། དེ་རྣམས་ཉིན་མཚན་ཐུན་དྲུག་ལ་སོགས་པ་དུས་ཀུན་ཏུ་མི་སེམས་པ་རྣམས་སྤངས་ནས་སེམས་ཤིང་དྲན་པར་བྱ་བའོ། །འདི་དག་གི་དོན་ནི་རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་ད་རེས་རང་རེ་རྣམས་འཁོར་བ་ལས་སྒྲོལ་བའི་ལམ་མཁན་བླ་མ་ཡིན་པས་དེའི་སྐུ་གསུང་ཐུགས་དང་འགལ་བར་མི་སྤྱོད་པའི་དོན་དུ་འདུས་པ་ཡིན་ཏེ། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པར་འབྱུང༌། །ཞེས་སོ། །སྔགས་བླ་མེད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཆོས་རྣམས་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་རྟོགས་ནས་སྣང་སྤྱོད་ཐམས་ཅད་ལ་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པ་ལས་མི་འདའ་བར་སྤྱད་ན་ཕལ་པ་རྣམས་འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་གང་གིས་ཀྱང་དེ་ལ་མི་གོས་པར་མ་ཟད། རང་གི་ཚོགས་རྫོགས་ཤིང་ཕན་པ་རླབས་པོ་ཆེ་སྒྲུབ་པར་བྱེད་པས། དེ་ལྟ་བུའི་ཐབས་ཀྱི་ཁྱད་པར་རྨད་དུ་བྱུང་བའི་དབང་དུ་གྱུར་པ་ཡན་ལག་གི་དམ་ཚིག་ཉི་ཤུ་ལྔ། ཏ་ན་སྒྲོལ་བ། ག་ན་སྦྱོར་བ། མ་བྱིན་ལེན་པ་དང༌། རྫུན་དང༌། ཀྱལ་པའི་ཚིག་ངག་འཁྱལ། དེ་དག་ནི་ལུས་ངག་གིས་སྤྱད་བྱ་ལྔ་པོ་སྟེ་དེ་ནི་རྟོགས་གོམས་ཀྱི་གདིང་དང་ལྡན་པ་དང༌། གཞན་དོན་འགྱུར་ངེས་སུ་གནང་བ་དང་བཀག་པའི་ས་མཚམས་ཇི་ལྟར་བཤད་པ་བཞིན་དུ་ཤེས་པས་སྤྱོད་པར་བྱེད་དོ། །འདོད་ཆགས་ཞེ་སྡང་ལ་སོགས་ཉོན་མོངས་ལྔ་ནི། མི་སྤང་བ་ལྔ་ཡིན་པས་དེ་ནི་འཆིང་བྱེད་རང་རྒྱུད་པ་དང་བྲལ་བར་སྤྱོད་པ་དང༌། དྲི་ཆེན་དྲི་ཆུ་མཾ་ས་རཀྟ་ཟིལ་པ་སྟེ་དཀར་ཆ་རྣམས་དང་ལེན་ལྔ་ལ་གཙང་སྨེའི་གཉིས་རྟོག་འབྲལ་བར་སྤྱོད་པ་དང༌། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། ཡུལ་རྣམས་སེམས་མ་ལྔ། དབང་པོ་ལྔ་སེམས་དཔའ་ལྔ། ཁ་དོག་ཡེ་ཤེས་ལྔའི་ལྷར་ཤེས་པར་བྱ་བ་ལྔ་ནི་དག་མཉམ་རྟོགས་པའི་ཤེས་རབ་སྟོབས་ཀྱིས་སྤྱོད་དོ། །རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན་གཤེགས་པའི་རིགས་ཏེ། བསྒྲུབ་བྱ་ལྔ་ནི་རྟོགས་པའི་དོན་དེ་ཉིད་ཆོ་ག་ལྔ་དང༌། ཏིང་འཛིན་སོགས་དག་མཉམ་དུ་གོམས་པའི་མཐུ་ཡིས་བསྒྲུབ་པར་བྱའོ། །དེ་ལྟར་ལྔ་ཚན་ལྔར་བཤད་པ་འདི་དག་དམ་ཚིག་གསལ་བཀྲའི་དགོངས་པ་སྟེ། དེ་ཉིད་ལས། སྤྱད་པ་ལྔ་དང་མི་སྤོང་ལྔ། །དང་དུ་བླང་དང་སྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཅེས་སོ། །ལྷག་པའི་དམ་ཚིག་ནི། ཕུར་པ་མྱང་འདས་ཆེན་པོའི་རྒྱུད་ལས། གཅན་གཟན་རྒྱལ་བླ་མར་མི་བརྙས་པོ་སེངྒེ་བསད་མི་བྱ། ཟ་མ་ཏོག་བླ་མའི་ཡུམ་ལ་མི་གཙེ་ཏུ་ངན་པའི་དུག་མི་སྤྱོ། རིན་པོ་ཆེ་ཡི་ལྕུག་དད་པ་ཅན་གྱི་ཚོགས་མི་བཅད་མ་རྩར་མི་བཅད། །གངས་ཀྱི་ཞུན་ཆུ་ཁོལ་དཀོར་ལ་མི་འབག་ཅིང་ཕུང་ཁྲོལ་གྱི་སྨྱོ་ཆུ་མི་འཐུང་མ་ཡོངས་མི་བཏུང༌། །པདྨ་རྒྱས་པའི་ཟེའུ་ཁ་མི་མཆེད་ཀྱི་རིག་མར་མི་སྤྱད་དབྱེ། །བུག་རྡོལ་ཅན་མཚན་ངན་མི་བསྟེན་གྱི་སྣོད་དུ་བཅུད་མི་བླུག །མ་བརྟགས་པ་ཡི་འདྲེ་ཅན་དང་རྩོད་ཅན་གྱི་ནོར་མི་བསྟེན་ཞིང་ནོར་དང་ཟས་མི་འབྲེལ་བྱིན་གྱིས་མ་བརླབས་པའི་ཟས་མི་ཟ། །ཤེལ་གོང་དཀར་པོ་རྫབ་ཏུ་བསྣུབ་སེམས་བསྐྱེད་ཉམས་མི་འཇུག་ མི་བྱ། །སྣོད་སྣོད་མིན་ལ་གདམས་པ་མི་སྟོན་ངན་ནང་དུ་སེངྒེའི་ཞོ་མི་བཞོ། །ཡིད་བཞིན་ནོར་བུ་ཐབ་སྣོད་ལྡན་གྱི་སློབ་མ་མི་སྤོང་ཏུ་བསྲེག་མི་བྱ། །བྱ་ཡི་རྒྱལ་པོ་ཁྱུང་གི་གཤོག་ཡུམ་མི་འབྲལ་བའི་དོན་བདེ་སྟོང་ལ་སྦྱོར་མི་བཅག །གནམ་ལྕག་སྡེར་མོ་ས་ལ་མཆེད་ལྕམ་ནང་འཐབ་མི་བྱེད་བརྡབ་མི་བྱ། །སྟག་གཟིག་རོལ་གཞན་གྱིས་འབགས་ལྷག་མི་སྤྱོད་པའི་ཟས་མི་བཟའ། །རྡོ་རྗེས་བླ་མའི་གདན་ས་ལ་མི་བརླམ་གཏམས་པའི་བྲག་རྣམས་ཡོངས་མི་བཤིག །རྡོ་རྗེ་ར་བས་བསྐོར་རང་དང་གཞན་དག་གི་མཚམས་རྒྱ་མི་དབྲལ་བའི་གོ་མི་ཧྲལ། །མུན་པ་སེལ་ཏིང་འཛིན་དང་ལྷག་མཐོང་མི་འབྲལ་བའི་སྒྲོན་མེ་ཡོངས་མི་གསོད། །རྡོ་རྗེའི་ཆུ་བཟླས་བརྗོད་དང་ཆོ་གའི་རྒྱུན་མི་ཚིག་གི་བར་མི་གཅོད་པ་བོ་འོལ་ཀ་བཅད་མི་བྱ། རྒྱལ་པོའི་རྟགས་ཀྱི་ཕྱག་རྒྱ་སྦྱིན་མི་བྱ་དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་རྒྱུད་ནས་གསུངས་པའི་བརྡ་གཞན་ལ་མི་བརྗོད། །རྡོ་རྗེའི་མཁར་རྫོང་གཏམས་པའི་རྨིང་མི་བཟློག །རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུག་ཅིང་སྐྱེ་བོའི་མཐུ་ལྡོག་མི་བྱེད་པ་དང༌། །རྒྱལ་མཚན་རྩེར་བཏགས་ནོར་བུ་རིན་པོ་ཆེ་རིགས་ཀྱི་བདག་པོ་བླ་མ་མི་སྤོང་བའོ། །འདོད་པར་གྱུར་པའི་མཚན་མས་དཔག་མི་བྱ། །ཞེས་ལྡེམ་དགོངས་ཀྱི་སྒྲས། སྤྱི་དང་ཁྱད་པར་དམ་ཚིག་ལ་གནས་ནས་ཚོགས་ཆེན་གྱི་སྒྲུབ་པ་ལ་སོགས་པའི་གནས་སྐབས་སུ་བསྲུང་ན་ལྷག་པར་བསྟན་པའི་དམ་ཚིག་ཉི་ཤུའོ། །གསལ་བཀྲ་ལས་ལྔ་ཚན་ལྔར་བསྟན་པ་དེ་དང་མཚུངས་པའི་རྣམ་གྲངས་སམ། དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལས། བསླབ་པའི་གཞི་སྡིག་པ་ལྔ། ཉེ་བའི་སྡིག་པ་ལྔ། གསོད་པ་ལྔ། འཁུ་བ་ལྔ། ཆགས་པ་ལྔ་སྟེ་བརྟུལ་ཞུགས་ཉི་ཤུ་ལྔ་ལས། དང་པོ་སྡིག་པ་ལྔ་སྤོང་བ་ནི། སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་སྲོག་འཚེ་ལྟ་ཅི། མནར་སེམས་དང་བཅས་པ། བསླུ་སེམས་ཀྱིས་རྫུན། དུད་འགྲོ་ཡན་ཆད་ཀྱིས་བདག་གིར་བྱས་པ་རྐུ་བ། འདོད་པའི་ལོག་གཡེམ། ཕུང་ཁྲོལ་གྱི་འབྱུང་གནས་མྱོས་ཆུ་བཏུང་བ་མྱོས་བྱེད་དང་ལྔ་ནི། འཁོར་བར་འཆིང་བྱེད་ཀྱི་ཞགས་པ་དང་མཚུངས་ལ། མ་བསྲུངས་ན་བརྟུལ་ཞུགས་ལྷག་མ་རྣམས་ཀྱང་མི་སྦྱིན་པས་བསླབ་པའི་གཞི་ལྔ་ཞེས་བྱའོ། །གཉིས་པ་ཉེ་བའི་སྡིག་པ་ལྔ་ནི། ཆོ་ལོ་མིག་མང་སོགས་རྒྱན་འགྱེད་པ་དང༌། བཟའ་བ་དང་རིན་གྱི་དོན་དུ་བསད་པའི་ཤ་སོགས་ཁ་ན་མ་ཐོ་བའི་ཟས་དང༌། དམག་འཁྲུག་ཚོང་གཏམ་སོགས་ངག་འཁྱལ་རིགས་དང༌། ཕ་མྱེས་ཀྱི་མཚུན་གསོལ་ནད་པའི་དོན་དུ་ནོར་ཕྱུགས་སོགས་ཀྱི་མཆོད་སྦྱིན་བྱེད་པ་འབྱུང་པོའི་ཆོས་ལུགས་ལ་དགའ་བ་དང༌། རང་གིས་བསད་པའི་ཤ་སོགས་ལས་གཞན་མི་བཟའ་ཞིང༌། གོས་དཀར་པོ་དང༌། བྱ་གག་གི་བཏུང་བ་འབའ་ཞིག་བསྟེན་པ་སོགས་ལྷ་མིན་གྱི་འཇུག་པ་ཅན་ཀླ་ཀློའི་ཆོས་ལུགས་ལ་སྤྱོད་པ་སྟེ་ལྔ་ནི་ཉེ་བའི་སྡིག་པ་ཡིན་པས་སྤང་ངོ༌། །གསུམ་པ་གསོད་པ་ལྔ་ནི། མཐོ་རིས་འདོད་པས་མཆོད་སྦྱིན་ལ་དམིགས་ནས་བ་ལང་གསོད་པ་དང༌། མ་མོ་མཆོད་པ་ལ་བྱིས་པ་གསོད་པ་དང༌། སྐྱེས་པའི་དོན་དུ་སྐྱེས་པ་གསོད་པ་དང༌། བུད་མེད་ཀྱི་དོན་དུ་བུད་མེད་གསོད་པ་སྟེ་མིའི་མཆོད་སྦྱིན་གཉིས། ལྷ་མིའི་བླ་མ་གསོད་པ་ཞེས་བྱ་བ་རྒྱལ་བ་སྲས་དང་བཅས་པའི་སྐུ་གཟུགས་དང་བཀའི་གླེགས་བམ་དང་མཆོད་རྟེན་རྣམས་བསྣུན་ཏེ་བཤིག་པ་ལ་གསོད་པའི་སྒྲས་བཏགས་ཏེ། འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་ཆོས་ལུགས་སྡིག་ལས་རྔམ་ཆེན་དགེ་བར་འདོད་པའི་སྐབས་ཡོད་པས་ལོགས་སུ་དགར་ནས་དེ་ལས་ལྡོག་པའི་དོན་དུ་བཤད་པ་སྟེ། དེས་ན་དཀོན་མཆོག་ལ་བསྙེན་བཀུར་ལ་བསྙད་ནས། ཁལ་གཡག་ཕྱུགས་ལུག་གསོད་པ་ཡང་ཀླ་ཀློའི་གྲུབ་མཐའ་མ་ཤེས་ཀྱང་སྤྱོད་པ་ལ་མཚུངས་ལྡན་དུ་སློབ་པ་ཡིན་ནོ། །བཞི་པ་འཁུ་བ་ལྔ་ནི། དགེ་བའི་གྲོགས་པོ་དང༌། རྗེ་བོ་རྒན་རབས་དང་སངས་རྒྱས་དང་དགེ་འདུན་དང་བླ་མ་དང་མཁན་སློབ་སྟེ་ཡུལ་ལྔ་པོ་དེ་དག་ལ་ཁོང་ཁྲོ་ཞིང་འཁུ་བ་སྟེ་ལྔ་ཚན་བཞི་པོ་ཡིད་ཀྱིས་སྡོམ་ཞིང་སྤྱོད་ལམ་གྱི་སྒོ་ནས་སྤང་བར་བྱ་བའོ། །ལྔ་པ་ཆགས་པ་ལྔ་ནི། ཐེག་ཆེན་སྡེ་སྣོད་ཐམས་ཅད་ནས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ཞེས་པ་ནས། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བའི་བར་ཏེ། དབང་ཤེས་ཕན་ཚུན་རྟེན་དང་བརྟེན་པར་འབྲེལ་བ་ལས་ཡུལ་ལྔ་ལ་ཞེན་ཅིང་ཆགས་ནས་ཡང་སྲིད་འཕེན་ནུས་ཀྱི་ལས་སུ་རྫོགས་པ་དེ་དག་སྤང་བར་བྱ་སྟེ། སྤོང་ཚུལ་ནི་བསྐྱེད་རིམ་གྱི་སྒོ་ནས་དབང་ཡུལ་དང་རེག་བྱ་རེག་ཤེས་སོགས་ལྷ་སྐུར་སྦྱང་ཞིང་རྫོགས་རིམ་སོ་སོར་སྡུད་པའི་རྣལ་འབྱོར་གྱིས་དབང་པོ་ལྔ་ཡུལ་ལྔ་ལ་འཇུག་པའི་རྒྱུན་གཅོད་པའོ། །དེ་ཡང་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་ཞེས་རྒྱུད་འགྲེལ་ལས་གསུངས་པའི་དོན་ཏེ། དེ་དག་ལས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་དང༌། སྒོ་གསུམ་དེའི་ངོ་བོར་སོན་པ་ཉིད་ཀྱིས་ན་བརྟུལ་ཞུགས་ཞེས་གྲགས་སོ། །གསང་འདུས་སངས་རྒྱས་མཉམ་སྦྱོར་ཟླ་གསང་སོགས་ཚིག་རྐང་གཅིག་འདི་མཆན་དཀྱུས་སུ་སོང་བ་འདྲ་སྟེ་རྣམ་མཁྱེན་ཤིང་རྟར་མི་འདུག་གོ་ བཻ་རོ་སྐ་ཅོག་སོགས་ནས་རིན་བཟང་ལ་ཐུག་གི་བར་སྔ་འགྱུར་ཏེ་སྔོན་དང༌། རིན་བཟང་ཕྱིན་ཆད་འགྱུར་བའི་རྒྱུད་སྡེ་ཡི་སྤྱི་དོན་དུ་གྱུར་པ་ཐུན་མོང་རིགས་ལྔའི་སྡོམ་པ་ལ། དང་པོ་སངས་རྒྱས་རྣལ་འབྱོར་ཏེ་དེ་བཞིན་གཤེགས་པའི་རིགས་ལ། སྨོན་འཇུག་སེམས་བསྐྱེད་ཀྱི་ཁྱད་པར་བདག་རྡོ་རྗེ་སེམས་དཔར་གྱུར་ནས། སེམས་ཅན་ཐམས་ཅད་ཀྱང་དེའི་གོ་འཕང་ལ་དགོད་པར་བྱའོ་སྙམ་པའི་སྨོན་སེམས་བླངས་ནས། འཇུག་སྡོམ་ནི་ཚུལ་ཁྲིམས་གསུམ་བརྟན་པོར་བཟུང་བས་ཤུགས་ལ་བླང་བར་གྱུར་ལ། དེ་ཡང་ཚུལ་ཁྲིམས་གསུམ་གྱི་ཁྱད་པར། ཐ་མལ་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། འབྱུང་ལྔ་ཡེ་ཤེས་སུ་སྡུད་པ་དགེ་བ་ཆོས་སྡུད། ལས་བཞིའི་ཕྲིན་ལས་ལ་འཇུག་པའི་སེམས་ཅན་དོན་བྱེད་དོ། །མི་བསྐྱོད་པའི་རིགས་ལ་རྡོ་རྗེ་དང་དྲིལ་བུ་དང་ལྷའི་ཕྱག་རྒྱ་དང་བླ་མ་གཟུང་བ་རྣམས་སོ། །རིན་འབྱུང་གི་རིགས་ལ་ཆོས་དང་ནོར་དང་མི་འཇིགས་པ་དང༌། བྱམས་པ་རྣམས་སྦྱིན་པར་བྱའོ། །སྣང་མཐའི་རིགས་ལ། སོ་བྱང་སྔགས་ཀྱི་ཐེག་པ་གསུམ་འཛིན་ཅིང་ཆོས་རྣམས་བཤད་པའོ། །དོན་གྲུབ་ཀྱི་རིགས་ལ། སྲས་བཅས་རྒྱལ་བར་མཆོད་བསྟོད་སྦྱིན་སྲེག་སོགས་ཕྲིན་ལས་ཀྱི་རིགས་ཀུན་ལ་གུས་པར་བྱའོ། །རྟེན་གང་ཟག་ཁྱད་པར་བ་རྣལ་འབྱོར་བླ་མེད་ཀྱི་ལྟ་སྒོམ་སྤྱོད་པའི་གནས་གང་ཡིན་པ་གདེངས་སུ་གྱུར་ཅིང་རིགས་ལྔའི་སྡོམ་པ་ནི། དང་པོ་རྡོ་རྗེའི་རིགས་གྱུར་སྲོག་ལ་འཚེ་བ་སྟེ་སྲོག་གཅོད་པར་གསུངས་པ་ཡང༌། ཕྱི་ཞིང་བཅུ་ཚང་བའམ་ཉམས་པ་བདུན་ལྡན་བསྒྲལ་བ་དང༌། ནང་དེ་ལས་གཞན་དབུ་མར་རླུང་རྟོག་གསོད་པ་དང༌། གསང་བར་རྟོག་པ་སྐྱེ་མེད་དུ་གསོད་པའོ། །གཉིས་པ་རིན་ཆེན་རིགས་ལ་མ་བྱིན་བླང་བྱ་ནི། ནང་ལྟར་མཚན་ལྡན་གྱི་གཟུངས་མ་ཐབས་ཀྱིས་དབང་དུ་བྱ་བ་དང༌། སྐལ་མེད་སྐྱེ་བོའི་ནོར་འཕྲོགས་ཏེ་དགེ་བར་འཁྲིས་མེད་དུ་གཏོང་བ། གསང་བ་ལྟར་ན་རྫོགས་པའི་བྱང་ཆུབ་ཀྱི་ཡོན་ཏན་ཐམས་ཅད་སུས་ཀྱང་མ་བྱིན་པ་རང་སྟོབས་མཐུ་ཡིས་བླང་ངོ༌། །གསུམ་པ་པདྨའི་རིགས་ལ་རི་དྭགས་མིག་ཅན་མཆོད་པའམ་བསྟེན་པར་གསུངས་པས། གསང་བ་ལྟར་ན་ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་བུད་མེད་རྣམ་ཀུན་མཆོག་ལྡན་མ། རིག་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ཀུན་ཏུ་སྤྱོད་པ་དང༌། ནང་ལྟར་ན་ཡིད་རིག་ཆོས་ཀྱི་ཕྱག་རྒྱ། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་གཉིས་བསྒོམ་པ་དང༌། ཕྱི་ལྟར་ན་དངོས་རིག་ལས་ཀྱི་ཕྱག་རྒྱ་དང༌། ཆོས་དང་དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་རྣམས་རང་བཞིན་གསུམ་དུ་བསྟེན་པ་ལ་འདུ་སྟེ། རིམ་པ་བཞིན་འདུ་ཤེས་གསུམ་ལྡན་གྱི་ལྷ་བསྒོམ་པ། ཐབས་ཟིན་གྱི་སྤྱོད་པ་རྟོགས་གོམས་ལྡན་པའི་ཕྱག་རྒྱ་གསུམ་དང་མཚུངས་ལྡན་བརྟེན་ནས་ཞུ་བདེས་དྲངས་པའི་དཔེའི་ཡེ་ཤེས་ལ་བརྟེན། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྱུར་བ་མེད་པ་མངོན་དུ་བྱེད་པའོ། །བཞི་པ་ལས་ཀྱི་རིགས་ལ། ཕྱི་བླ་མ་དང༌། སེམས་ཅན་གྱི་སྲོག་དང༌། རང་གི་དམ་ཚིག་སོགས་ཀྱི་ཆེད་དུ་རྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོག །ནང་ལྟར་ངག་གི་རྩ་བ་སྲོག་རླུང་སྙིང་ཁར་ཐིམ་ནས་ཆོས་ཀུན་ཚད་མེད་པར་འཆར་བ་དང༌། གཞན་ལའང་རང་རང་མཐུན་པའི་ཆོས་སྒྱུ་མ་ལྟ་བུར་སྟོན་པ་དང༌། གསང་བ་ལྟར་སེམས་ཅན་ཐམས་ཅད་མེད་སྣང་འཁོར་བ་ལས་སྒྲོལ་བའི་རྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོགས་པའོ། །ལྔ་པ་འཁོར་ལོའི་རིགས་ལ། ཕྱི་ལྟར་ན་བདུད་རྩི་ལྔ་དང་ཤ་ལྔ་སོགས་རྫས་རྣམས་དང༌། གཟུགས་སོགས་ཡུལ་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་སོགས་ལ་ཞེན་མེད་སྒྱུ་མ་ལྟ་བུར་སྤྱོད་དོ། །ནང་ལྟར་ན་དབང་ལྔའི་དྭངས་མ་སོགས་གཞིལ་ཏེ་མི་རྟོག་པའི་ཆོས་ཉིད་བཟའ་བ་དང༌། ཆང་བཏུང་བ་སྟེ་རྩ་རླུང་གི་ཞུ་བ་དེ་ཡས་བབ་མས་བརྟན་སོགས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་བཟུང་བ་དང༌། གསང་བར་སྣང་སེམས་དག་མཉམ་ཆེན་པོར་སྒྲུབ་མེད་དུ་དག་པར་བྱེད་པའོ། །སྨོན་འཇུག་གི་སྡོམ་བཟུང་དེ་ཡི་རྗེས་སུ་རིགས་ལྔའི་སྡོམ་བཟུང་གི་ཡན་ལག་སེམས་བསྐྱེད་དེའི་དམིགས་རྣམས་སོ་སོར་ཕྱེ་བ་ཚིག་གིས་གབ་པ་ནི། ཉན་རང་སོགས་མ་བསྒྲལ་བསྒྲལ་དང༌། མ་གྲོལ་དགྲོལ། དབུགས་མ་དབྱུང་རྣམས་དབྱུང་བ་སོགས་བྱང་ས་དང་ཐུན་མོང་པ་རྣམས་ནི་ལེའུ་བརྒྱད་པའི་སྐབས་ལྟར་རོ། །ལྷ་དང་ལྷ་མིན་གསང་བ་པ་རྣམས་ལའང་མི་བརྙས་པ་དང༌། ཕྱག་རྒྱ་བཞོན་པ་མཚོན་ཆ་མཚན་མ་ལ་སྨད་པར་མི་བྱ་ཞེས། ལྷ་ལྷ་མིན་གཉིས་ནི་དངོས་བསྟན་ཏེ་མི་སྨོད་པ་དང༌། གསང་བ་པ་ནི་གནོད་སྦྱིན་ཏེ་སྟོན་པའི་བསྟན་པ་སྐྱོང་བ་རྣམས་དང༌། ཕྱག་རྒྱ་ནི་བཞི་ཀ་ལ་མི་སྨོད་པ་དང༌། ཁྱད་པར་ཡི་དམ་སོགས་སྐུ་གཟུགས་ཡོངས་རྫོགས་ལ་མི་སྨོད་པ་དང༌། བཞོན་པ་ནི་བླ་མའི་ཁྲི་སྟེན་དང་ཆིབས་པ་དང་དེ་ལ་སོགས་པའི་ཡོ་བྱད་རྣམས་སོ། །མཚོན་ཆ་ནི་རལ་གྲི་གཏུན་ཤིང་སོགས་ལྷ་ཡི་ཕྱག་མཚན་གྱི་ཆེད་དུ་བྱས་པའི་རིགས་རྣམས་ལ་མི་སྨོད་པ་དང༌། མཚན་མ་སྟེ་རིགས་ལྔའི་ཕྱག་མཚན་རྣམས་ལ་མི་སྨོད་པ་དང༌། གཞན་ཡང་ལྷའི་སྐུ་གཟུགས་དང༌། བླ་མ་དང༌། མཆོད་རྟེན་ལ་སོགས་པའི་སྐུ་གསུང་ཐུགས་རྟེན་ཐམས་ཅད་ཀྱི་གྲིབ་མ་འགོམ་ལ་སྨད་པའི་སྒྲ་ཡིས་བཀག་པ་ཡིན་པས། གལ་ཏེ་ཐབས་མེད་བྱུང་ན་བཛྲ་བེ་གཱ་ཨ་ཀྲ་མ་ཧཱུྃ་ཞེས་རྡོ་རྗེའི་ཤུགས་ཀྱི་སྔགས་རྒྱས་མཁར་བཏེགས་ཏེ་འགྲོ་བར་བྱའོ། །དེ་བཞིན་དུ་ལྷ་ལ་ཕུལ་བའི་མཆོད་རྫས་རྙིངས་པ་ལ་དམན་མར་གྲགས་ཏེ་མི་འགོང་མི་བཟའ་འགོམ་སར་ཁྱབ་གདལ་དུ་མི་དོར། མར་ཟན་སོགས་ཀྱིས་ལྷའི་ཕྱག་མཚན་གྱི་རྣམ་པར་བྱས་པའང་བཟའ་བར་བཀག་པ་ཡིན་པས་མི་བཟའོ། །ཁྱད་པར་དུ་རྡོ་རྗེ་ཐེག་པའི་རིགས་ལྔའི་དམ་ཚིག་ལས་གསོད་པ་དང༌། མ་བྱིན་ལེན་པ་དང་སོགས་ཁོངས་ནས་མི་ཚངས་སྤྱོད་དང༌། རྫུན་དང་ཕྲ་མ་ཚིག་རྩུབ་ངག་ཀྱལ་རྣམས་ཏེ་དངོས་བསྟན་ཉིད་དང༌། དགོངས་པ་ལུང་སྟོན་གྱི་ཚུལ་དུ་ཡོད་པའི་རླུང་རྟོག་དབུ་མར་གསོད་པ་དང༌། ཐེག་ཆེན་གྱི་དོན་དེ་ཁོ་ན་ཉིད་མ་བྱིན་པ་ལེན་པ་སོགས་ལྡེམ་དགོངས་ཀྱི་རྣམ་དབྱེ་མ་ཕྱེ་ན། སྔགས་པ་ཐུར་ལ་མནར་མེད་སོགས་ཀྱི་གནས་སུ་ལྷུང་བས་ན་བག་ཡོད་བྱེད་པ་གལ་ཆེའོ། །མདོར་བསྡུས་ཏེ་བཤད་ན། རང་ལ་ཡེ་ནས་གནས་པའི་སེམས་ཉིད་ཀྱི་གནས་ལུགས་ཉིད་མཁྲིས་ནད་ཅན་ལ་དུང་གི་དཀར་སྣང་གབ་པ་བཞིན་ཐོག་མེད་ནས་ཚོགས་བརྒྱད་ཀྱི་རྟོག་པས་བསྒྲིབས་ཏེ་མ་མཐོང་ཞིང་གབ་པའི་ཚུལ་དུ་ཡོད་པ་ལ། གསང་བ་ཞེས་བྱ་སྟེ། གསང་སྙིང་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང༌། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང༌། །གཞན་དུ་མིན་ལས་ཤིན་ཏུ་གསང༌། །ཞེས་ཚུལ་བཞིའི་སྒོ་ནས་མངོན་སུམ་དུ་དེ་ཉིད་ཟབ་མོ་མ་རྟོགས་པར་དེ་སྲིད་སྐལ་དམན་རྣམས་ལ་བརྡ་ལ་སོགས་པའི་སྒོ་ནས། སྦས་པའི་གསང་བ་སྦྱོར་སྒྲོལ་སོགས་སྤྱོད་མི་ནུས་པའི་ཆ་ཐམས་ཅད་མངོན་པར་འཆལ་ཏེ་སྤྱོད་པར་མི་བྱེད་པར་དེ་འདྲའི་རིགས་ཀུན་ལ་གཟུར་ནས་དུས་ཚོད་དང་བསྟུན་ནས་གདམས་པར་བྱའོ། །སྡོམ་པའི་རྟེན་ནི་ཉིན་རེ་བཞིན་དུ་བྲམ་ཟེ་གསོད་པ་དང༌། ཕ་མ་གསོད་པ་སོགས་མཚམས་མེད་ཀྱི་ལས་ལ་སྤྱོད་པ་ལྟ་བུའི་སྡིག་ཅན་ཡིན་ཀྱང༌། སྔགས་སྡོམ་སྐྱེ་བའི་རྟེན་དུ་རུང་བས་ན། ཐེག་པ་འོག་མ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ཐབས་ཀྱིས་ཆེ་ཞིང་ཁྱད་པར་དུ་འགྱུར་བ་སྨོས་ཅི་དགོས། ལྟུང་བ་སོ་སོའི་བླང་དོར་གྱི་མཚམས་མི་ཤེས་པ་དང༌། དེའི་གནད་འདོམས་པའི་བླ་མར་མི་གུས་པ་དང༌། བསླབ་པའི་གནས་ལ་གཟོབ་པར་མ་བྱས་ན་བག་མེད་པ་ལ་གོམས་པས་ཉེས་པ་འདོད་རྒྱལ་དུ་བྱེད་པ་དང་གསུམ། གལ་ཏེ་བག་ཡོད་བྱས་ཀྱང་ཉོན་མོངས་པ་ཤུགས་དྲག་ལ་མཐུ་ཆེ་བས་གཉེན་པོས་མགོ་མི་ནོན་པ་སྟེ། དེ་བཞི་པོ་ནི་ལྟུང་བ་འབྱུང་བའི་སྒོ་བཞི་ཡིན་ལ། དེའི་སྟེང་དུ་ལྟུང་བ་ལེགས་པར་ཤེས་ཀྱང་བརྗེད་ངས་ཆེ་བ་དང༌། དྲན་པ་མི་གསལ་བ་སྟེ་ལྟུང་བ་བྱུང་མིན་བརྟགས་པའི་ཤེས་བཞིན་ལྷོད་པ་གཉིས་བསྣན་པས་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན་ནོ། །དེ་བས་ན་གཉེན་པོ་དྲན་པ་དང་ཤེས་བཞིན་གྱིས་ཉོན་མོངས་གང་ཆེ་དེའི་གཉེན་པོ་བསྐྱེད་པ་ཡིས། དཔེར་ན་ལོང་བ་དེ་ལ་སྨན་པ་མཁས་པས་ཐུར་དཔྱད་ཀྱིས་དབྱེ་བའི་གནས་སྐབས་ཐོབ་པ་ན། དེའི་ཤིན་ཏུ་བསྒྲིམས་ཏེ་བག་ཟོན་དང་བཅས་པས་བསྲུང་བ་ཇི་ལྟ་བ་དེ་བཞིན་དུ་སྔར་བཤད་པ་ལྟར་ཉིན་མཚན་ཐུན་དྲུག་ཏུ། སྤང་བླང་གནད་ལ་བསྒྲིམས་ཤིང་བསྒྲིམས་ཤིང་ལྷོད་པ་མེད་པར་བརྟགས་ལ་དཔྱད་པར་རིགས་སོ། །ཉམས་ན་གསོ་བའང་འོག་མ་ལས་འཕགས་ཏེ། ཉན་ཐོས་སྡོམ་ཁྲིམས་ཉམས་པ་སྟེ་ཕམ་པ་བཞི་གང་རུང་བྱུང་ནས་འཆབ་སེམས་མ་སྐྱེས་ན། བསླབ་པ་སྦྱིན་པས་ལན་བདུན་གསོར་ཡོད་ལ། སྤྱིར་ཕམ་པ་འཆབ་མེད་ཅན་བསླབ་སྦྱིན་བྱས་པ་དེ་ཡིས་བསླབ་པ་ཕུལ་ཏེ་དགེ་སློང་གི་སྡོམ་པ་བླང་དུ་ཡོད་པར་གསུངས་ཏེ། ཀརྨ་ཤ་ཏཾ་གྱི་འགྲེལ་པར་སྐྱེས་པ་ནི་རབ་ཏུ་བྱུང་བ་ལན་བདུན་ལེན་དུ་སྣང་བའི་ཕྱིར་ཞེས་བྱུང་བ་ལ་སོགས་པའོ། །འཆབ་པ་དང་བཅས་པ་ནི་ལན་གཅིག་ཀྱང༌། གསོ་བའི་ཡུལ་མེད་དེ་དཔེར་ན་རྫ་བེའུ་ཆག་པ་བཞིན་ནོ། །བྱང་སྡོམ་ནི་དཔེར་ན་རིན་ཆེན་ཉེར་སྤྱད་ཆག་པ་དང་འདྲ་སྟེ་མགར་མཁས་པས་བཅོས་སུ་ཡོད་པ་དང་མཚུངས་ལ། གཞན་རྐྱེན་དགེ་བའི་བཤེས་གཉེན་ལ་བསྟེན་ནས་གསོ་བ་ཡིན་ལ། གསང་སྔགས་ཀྱི་སྡོམ་པ་ཉམས་པ་ནི། རིན་ཆེན་གྱི་སྣོད་ཅུང་ཟད་ཞོམ་པ་ལྟར། གཞན་རྐྱེན་ལ་མ་ལྟོས་པར་རང་སྟོབས་བསྐྱེད་རྫོགས་སོགས་ཀྱི་མཐུ་ཡིས་གསོ་རུ་བྱར་ཡོད་པས་ཁྱད་པར་དུ་འཕགས་ཏེ། དེ་ཡང་བླ་མ་རྡོ་རྗེ་སློབ་དཔོན། རྡོ་རྗེའི་སྤུན་རྣམས་ལ་རྨི་ལམ་ཚུན་བརྙས་ཐབས་ཤོར་ན། འཕྲལ་དུ་སྒོ་གསུམ་གྱིས་གུས་ཤིང་བཀུར་ཏེ་ཚོགས་དང་ཡོ་བྱད་སོགས་ཀྱི་ཐུགས་མཉེས་པར་བྱས་ལ་ཉམས་པ་སྐོང་བའི་རྒྱུ་མཚན། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེའི་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང༌། །བརྡའམ་དངོས་སུ་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང༌། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང༌། །གལ་ཏེ་དྲན་པས་མ་ཟིན་ནས། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །དེ་རྣམས་ཀྱི་གསུང་གི་ཐ་ཚིག་ལས་ཉམས་ཤོར་ན་རྩ་བའི་བླ་མ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་སངས་རྒྱས་རྡོ་རྗེ་ཆོས་སྐུ་མདོག་དམར་པོ་ཅན་སྤྱི་བོར་རམ། ཡང་ན་བདག་དང་དབྱེར་མེད་དུ་བསྒོམ་ལ་སྙིང་པོ་པདྨ་སཏྭའམ་དེའི་ཡིག་བརྒྱ་འབུམ་ཐེར་འདོན་པ་དང༌། བླ་མའི་ཡོན་ཏན་བརྗོད་པ་འབའ་ཞིག་ལ་དོན་དུ་གཉེར་བར་བྱའོ། །གནོད་སེམས་དང་གསང་བ་བསྒྲགས་པ་སོགས་ཐུགས་ཀྱི་དམ་ཚིག་ལས་ཉམས་ཤོར་ན། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་རྡོར་སེམས་སུ་གསལ་བའི་སྤྱི་བོར་བླ་མ་བསྒོམ་ལ། ཡན་ལག་བདུན་པ་ཕུལ་ནས་དབང་བཞི་བླངས་རྗེས་བླ་མ་རང་ལ་བསྟིམས་སྟེ་ལོ་གསུམ་སྨྲ་བ་བཅད་ལ་ཐུགས་ཡིད་དབྱེར་མེད་དུ་བསྲེས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་གསོ་བའི་ཐབས་སུ་བཤད་དོ། །དུས་ལ་ལྟོས་པའི་ཉིན་མཚན་ཐུན་དྲུག་ཏུ་བཅད་པའི་ཆ་གང་རུང་ཞིག་གི་ནང་དུ་ལྟུང་བ་ལ་སྦྱོར་བའི་བྱ་བ་བརྩམས་ནས་ཐུན་དེའི་ནང་དུ་གཉེན་པོས་མ་སླེབ་པར་དུས་ཚོད་ལས་ཐལ་ཏེ། ཐུན་ཚོད་འདའ་བའི་མཚམས་ལ་ཐུན་གྱི་ལྟུང་བ་ཞེས་བརྗོད་པ་ཡིན་ལ། དེ་བཞིན་དུ་འགལ་བ་དང༌། ཉམས་པ་དང༌། འདས་པ་དང༌། རལ་བ་ཞེས་བཞི་པོའང་ཞག་དང་ཟླ་བ་དང༌། ལོ་གཅིག་དང༌། ལོ་གཉིས་སམ་གསུམ་ཚུན་ཆོད་འདས་ཏེ་ཐུན་ཚོད་ལ་བཤགས་པ་བྱས་ན་གསོ་བར་རུང་སྟེ། སྔ་མ་ལས་ཀྱང་ཕྱི་མ་ཕྱི་མར་ལྕི་ཞིང༌། ལོ་གསུམ་འདས་ན་བཤགས་པ་བྱས་ཀྱང་གསོ་བར་རུང་བ་མ་ཡིན་ལ། དེ་དག་ལས་དང་པོ་འགལ་ན། ཚོགས་ཀྱི་འཁོར་ལོ་སྔོན་དུ་འགྲོ་བར་བྱ་བ་དང༌། ཉམས་ན་བླ་མ་དང་ལྷ་ལ་བདོག་དགུ་སྤོང་དག་ཕུལ་ནས་བསྐང་ཞིང༌། འདས་ན་དེ་ལས་ཀྱང་ཕངས་པའི་བུ་དང་ཆུང་མ་ནོར་གྱི་དབྱིག་སོགས་རིན་པོ་ཆེ་གང་བཟང་ཕུལ་ནས་བསྐང༌། རལ་ན་རང་གི་སྲོག་ལའང་མི་ལྟ་བར་བརྩོན་འགྲུས་དྲག་པོ་དག་གིས་གསོ་བའི་རྣམ་བཞག་རྣམས་ནི། རྡོ་རྗེ་ཉི་མ་རྣམ་པར་བཀོད་པའི་རྒྱུད་སྡེ་ཉིད་ལས་གསུངས་སོ། །བསྡུས་ཏེ་དོན་གོང་དུ་བཤད་པ་དེ་ལས་གཞན་ཡང་འདི་ལྟར་བླ་མ་ལས། དབང་བཞི་པོ་བསྐྱར་ནས་བླང་བ་དང༌། རང་གི་དམིགས་པས་བདག་འཇུག་བླང༌། དབེན་པར་བསྐྱེད་རྫོགས་བསྒོམ་པ་དང༌། ལས་ཀྱི་བསྐང་བ་ནི་སྦྱིན་སྲེག་གཏོར་མ་བཟླས་བརྗོད་ལ་བརྟེན་པ་རྣམས་ཏེ། དེ་ཡང་ཀུན་ཏུ་ཉམས་པ་ལ་ཚིག་འབུམ་སུམ་ཁྲི། རྩ་བ་ཉམས་ན་ལྔ་ཁྲི་སུམ་སྟོང༌། ཡན་ལག་ཉམས་ན་ལྔ་སྟོང་སུམ་བརྒྱ། ཟླས་ཉམས་ཏེ་ཉམས་པ་དང་འགྲོགས་པ་ལ་བརྒྱ་ཕྲག་གསུམ། རང་གི་ཆེད་དུ་མིན་ཀྱང་གཞན་གྱི་ངོ་དགར་སོགས་ཞར་ཉམས་ལ་ལྔ་བཅུ་རྩ་གསུམ་མོ། །དེ་ཡང་རྫས་ཀྱིས་བསྐང་བ་དང༌། འདུན་པས་བསྐང་བ་དང༌། ཏིང་ངེ་འཛིན་གྱིས་བསྐང་བ་སོགས་བྱ་ལ། འཕོ་མེད་ཀྱི་ཚུལ་ཁྲིམས་རྫོགས་རིམ་རང་ལུས་ཐབས་ལྡན་སོགས་སྤྱི་དང༌། ཐིག་ལེའི་རྣལ་འབྱོར་འབར་འཛག་བསྒོམ་པ་དང༌། ཞི་བའི་སྦྱིན་སྲེག་དང༌། འཁོར་འདས་ལྷར་གསལ་བ་ལ་གཏོར་མ་གཏོང་བ་དང༌། ཡོ་ག་ནས་བཤད་པའི་དྲལ་བའི་སྔགས་རྒྱ་ལྟུང་བ་སློང་བའི་ཕྱག་རྒྱ་དང༌། དེའི་སྔགས་ཀྱི་རིམ་པ་ལ་བརྟེན་ནས་ངན་འགྲོ་དགུག་དྲལ་དང༌། དེ་བཞིན་དུ་རྡོ་རྗེ་ཡང་ཏོག་གི་རྒྱུད་ལས། ཡིག་འབྲུ་སྔགས་ཀྱི་སྦྱང་བ་ནི། །རྐང་མཐིལ་གཉིས་སུ་ཡཾ་གཉིས་བསམ། །གསང་བའི་སྒོ་རུ་རཾ་བསམ་མོ། །ལྟེ་བར་རིགས་དྲུག་ཡིག་འབྲུ་བསམ། །སྙིང་ཁར་ཕཊཿཀྱི་གདན་དག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བསམ། །ཡཾ་ལས་ཡེ་ཤེས་རླུང་བྱུང་སྟེ། །རཾ་ལས་ཡེ་ཤེས་མེ་སྦར་ནས། །རིགས་དྲུག་བག་ཆགས་ཐམས་ཅད་བསྲེག །སྒོ་གསུམ་སྐུ་གསུང་ཐུགས་སུ་གྱུར། །ཕཊཿཀྱིས་ཆོས་ཀྱི་དབྱིངས་སུ་འཕང༌། །ཞེས་པའང་མན་ངག་ཤིན་ཏུ་ཟབ་ལ། རྣམ་འཇོམས་སྨེ་བརྩེགས་སོགས་གཟུངས་ཀྱིས་བསྒྲུབས་པའི་བུམ་ཆུས་བཀྲུ་བ་དང༌། མཁའ་དབྱིངས་སུ་ཤར་བའི་དབང་ལྷ་ལས་རིགས་པའི་དབང་ལྔ་བླངས་ནས་བཀྲུ་བའི་འདུན་པ་དང༌། ཆུ་ཀླུང་སོགས་བཾ་ལས་མཱ་མ་ཀཱིའི་བདག་ཉིད་དུ་མོས་ནས་བརྟུལ་ཞུགས་ཀྱིས་ལུས་བཀྲུ་བ་སོགས་བཀྲུ་བའི་རིམ་པ་དང༌། གཏུམ་མོའི་མེས་ལྟེ་བར་ཀཾ་ཡིག་དང་སྙིང་ཁར་ཤ་ཟའི་གཟུགས་ཀྱི་སྡིག་པ་བསྲེག་པ་དང༌། རླུང་ལ་བརྟེན་ནས་སྦྱང་བ་ཡང་གཙུག་ལག་ཁང་སོགས་སུ་འཕན་དར་སོགས་བསྒྲེངས་པ་དང༌། ཚོགས་མང་དབུས་སམ་རྟེན་བྱིན་ཅན་གྱི་དྲུང་དུ་ཉེས་པ་བསྒྲག་པ་དང༌། ཚོགས་འཁོར་སོགས་དང༌། སྲོག་བསླུ་གསུང་རབ་སྤྱི་དང༌། ཐར་མདོ་དྲི་མེད་བཤགས་རྒྱུད་སོགས་བཀླག་པ་དང༌། གཟུངས་སྔགས་སྤྱི་དང་ཁྱད་པར་དེ་བཞིན་གཤེགས་པའི་ཡིག་བརྒྱ་བཟླ་བ་དང༌། མཎྜལ་འབུལ་བ་དང༌། ཡན་ལག་བདུན་པ་འབུལ་བ་དང༌། དེ་བཞིན་གཤེགས་པའི་སྤངས་རྟོགས་ཀྱི་གཟུགས་བརྙན་མཆོད་རྟེན་བཞེངས་པ་དང༌། མི་ནུས་པ་ཡིན་ནའང་སཱཙྪ་གདབ་པ་ལ་སོགས་ཉམས་ཆག་སྦྱོང་བའི་ཐབས་ཀྱིས་གཉེན་པོའི་རིམ་པ་ཟད་ཅིང་གཏུགས་སྲིད་པ་མ་ཡིན་ལ། དེ་དག་ནི་སྦྱོང་ཚུལ་སྤྱི་དང༌། ཁྱད་པར་སྤྱི་ཁྲུས་ན་རག་དོང་སྤྲུགས་བཤགས་པས་མི་འདག་པ་མེད་དེ། ཇི་སྐད་དུ། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཐམས་ཅད་བྱང་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང༌། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་སོ། །དེ་ལྟར་དམིགས་བཅས་ཀྱི་བཤགས་པ་ཀུན་ལ་འགྱོད་སེམས་བསྐྱེད་པ་ནི་ལྷག་པར་གཅེས་སོ། །མ་བཤགས་ན་ཚེ་འདིར་སྒྲུབ་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་ཞིང༌། བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འགྲིབ་པ་དང༌། ཚེ་ཐུང་ནད་མང་སོགས་དང༌། ཕྱི་མ་དམྱལ་བ་གང་གིས་ཀྱང་དོ་ཟླ་མེད་པའི་རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར་རོ། །དམ་ཚིག་དང་ལྡན་པ་ནི། སྐྱེ་བ་བཅུ་དྲུག་གམ། མྱུར་ན་ཚེ་འདིའམ་འཆི་ཁའི་བར་མ་དོར་སོགས་གང་རུང་བའི་དུས་དེར་གྲུབ་པ་བརྒྱད་སོགས་ཡོན་ཏན་འཐོབ་སྟེ། ཇི་སྐད་དུ། མཁའ་སྤྱོད། ཕ་རོལ་ལས་རྒྱལ་བྱེད་རལ་གྲི་གང་སྒྲུབ་ལག་ཏུ་ཐོགས་པའི་ལུས་མི་སྣང་རིལ་བུ་དང༌། །ཡུད་ཙམ་རྒྱ་མཚོའི་མཐའ་ཡང་འཁོར་བ་རྐང་མགྱོགས། མི་ཟད་པའི་གཏེར་གྱི་བུམ་པ་གནོད་སྦྱིན་སྡེ་བརྒྱད་བྲན་དུ་ཁོལ། །བཅུད་ལེན་དང་ནི་མིག་ལ་བྱུག་ན་གཏེར་སོགས་མཐོང་མིག་སྨན་ནོ། །ཞེས་དང༌། དབང་བཅུ་ནི། མདོ་ལམ་དུ་བཤད་པ་དེ་རྣམས་མ་དག་ས་བདུན་ན་ཕྱི་དང༌། དག་པ་གསུམ་ན་ནང་དུ་བཞག་པ་དང་གཉིས་ཡོད་དེ། དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་དོ། །དབང་ཕྱུག་བརྒྱད་ནི། ཕྲ་ཆོས་རྣམས་སྤྲོས་བྲལ་དུ་མཐོང་ཞིང་ཡང་འཇིག་རྟེན་ཁམས་རྣམས་སུ་འགྲོ་བ་ལ་ཕྲ་རབ་གཉིས་སྣང་ནུབ་པ་ནུས་པ་དང༌། །སྤྱོད་འདོད་ཡོན་ལྔ་ཆོས་ཉིད་ལ་རོལ་པར་ནུས་དང་བདག་མཐུ་སྟོབས་ཀྱི་བདག་པོར་གྱུར་པ་ཉིད་ཆེན་པོ་དང༌། །དགའ་འགྲོ་རྣམས་ཅི་འདོད་མགུར་བྱེད་དང་སེམས་ཅན་ཐམས་ཅད་ཚོགས་གཉིས་ཀྱི་དབང་དུ་འགྱུར། རྫུ་འཕྲུལ་གྱིས་ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཅེས་དེ་དག་གང་ལ་མངའ་བའི་གནས་སྐབས་རིག་འཛིན་རྣམ་པ་བཞི་སྔར་བཤད་པ་ལྟར་དང༌། སྐུ་རྣམ་པ་ཐམས་ཅད་དུ་ཤེས་བྱའི་གཟུགས་བརྙན་ཡོད་རྒུར་འཆར་བའི་ཁ་སྦྱོར། །གསུང་སྒྲ་ཚིག་གི་སྒྲིབ་བྲལ་ལོངས་སྤྱོད་རྫོགས། ཐུགས་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་བའི་འགྱུར་མེད་བདེ་ཆེན་ལ་རོལ། །དཔྱད་མཐའ་ལས་གྲོལ་བའི་སོ་སོ་རང་རིག་པའི་མཚན་ཉིད་ཅན་ཏེ་བཞི་ནི་རང་དོན་ཕུན་ཚོགས་དང༌། སྙིང་རྗེས་གཞན་དོན་འབད་མེད་དུ་འབྱུང་བ་དམིགས་མེད་ཐུགས་རྗེ་ཆེན་པོ་དང༌། དེ་ཉིད་རྒྱུན་ཆད་མེད་པས་རྟག་པ། གདུལ་བྱའི་མོས་ངོར་སྐལ་པ་འཚམས་པའི་གཟུགས་སྐུ་སྣང་ཞིང་ཆོས་སྒོ་མཐའ་ཡས་འགོག་མེད་དུ་འཆར་བ་གཞན་དོན་ཕུན་ཚོགས་ཏེ་མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན་ཤུགས་ལ་འགྲུབ་པས། སྐུ་ལྔའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཏེ་འོག་མིན་གྱི་ཞིང་དུ་འགྲོ་ཞིང་དོན་གཉིས་ལྷུན་གྱིས་གྲུབ་པ་ལ་སངས་རྒྱས་ཞེས་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། རིག་པ་འཛིན་པའི་སྡེ་སྣོད་བསྟན་པའི་ཚོམས་ཏེ་ལེའུ་བཅུ་པའོ།། །།ཐབས་མཁས་ཐུགས་རྗེ་ཅན་རྒྱལ་བས་ལས་དང་པོ་པར་འཁོར་ལོ་དང་པོར་བདེན་བཞི་མི་རྟག་བཅུ་དྲུག་སོགས་དང༌། དབང་པོ་འབྲིང་ལ་འཁོར་ལོ་བར་པར་རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ། ངོ་བོ་སྟོང་པ་ཉིད་དེ་རྣམ་ཐར་གསུམ། བསྟན་བྱའི་ངོ་བོ་ཉམས་སུ་ལེན་བྱ་སོ་སོ་རང་རིག་པའི་ཡེ་ཤེས་ཆེན་པོ་ཉིད་བཀའ་ཐ་མས་སྟོན། བར་པའི་བསྟན་བྱ་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་བདེ་གཤེགས་སྙིང་པོ་རུ། རང་བཞིན་གྱིས་བཞུགས་པར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་ཤིང༌། དབང་རྣོན་ངོར་ཤེས་བྱའི་གཤིས་ཇི་ལྟར་གནས་པའི་ཚུལ་ཐ་མས་སྟོན་ཏེ། དེ་ལྟར་བར་ཐ་གཉིས་ཀྱིས་བསྟན་བྱའི་སྙིང་པོ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་པ་ཞི་བ་རང་བཞིན་སྤྲོས་པ་དང་བྲལ་ཞིང༌། འོད་གསལ་བའི་ཆོས་ཉིད་དེ་སེམས་དང་ཡེ་ཤེས་ལོགས་སུ་ཕྱེ་ནས། ཡེ་ཤེས་རང་གི་ངོ་བོ་རྗེན་པར་སྟོན་པ་ལ་རྫོགས་པ་ཆེན་པོ་ཞེས་བྱ་བར་གྲགས་པ་ཡིན་པས་ན། སྟོན་ཚུལ་ཙམ་ལས་མཐར་ཐུག་པའི་དོན་དུ་ནི་ཟུང་འཇུག་དབུ་མ་ ཕྲ་བ་ནང་གི་དབུ་མ་ ཆེན་པོ་དང་ཡང་དོན་གཅིག་གོ །དེ་ཡང་རང་རིག་པའི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པས་ན་རྫོགས་པ་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པས་ཆེན་པོའོ། །གཞི་ལམ་འབྲས་བུའི་རྫོགས་པ་ཆེན་པོ་རྣམས་གདུལ་བྱའི་ཁམས་གང་དུ། མོས་པ་དང་འཚམས་པའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ཞིང་གྲངས་མང་བའི་ལམ་བཟང་པོ་མྱང་འདས་སུ་དཀྲི་བར་བྱེད་པས། དམ་པའི་དོན་ཉན་ཐོས་ནས་ཨ་ནུའི་བར་མཐའ་དག་བློ་ཡི་དྲི་མ་བྱི་དོར་བྱེད་པ་ཁོ་ནའི་ཕྱིར་གསུངས་པས། ཐེག་པ་དེ་དག་གི་ཉམས་ལེན་སྡོམ་པ་གསུམ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། གསང་སྔགས་ཐུན་མོང་བའི་ལམ་གྱི་བསྐྱེད་པ་དང་རྫོགས་པའི་རིམ་པ་སོགས་ཇི་སྙེད་པ་དེ་ཀུན་ཀྱང་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན་ནོ། །འཁོར་འདས་དབྱེར་མེད་རང་བཞིན་རྫོགས་པ་ཆེན་པོ་གཏན་ལ་ཕབ་པའི་སྐབས་འདིར་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱིངས་ལས་མ་གཡོས་པའི་ཕྱིར། གནས་ལུགས་མ་རྟོགས་པའི་འཁྲུལ་སྣང་འདི་བྱུང་ཡང་རིག་པའི་རང་བཞིན་རྣམ་པར་དག་པ་ལས་གཞན་དུ་འགྱུར་བ་མེད་དེ། རི་རྭ་བཞིན་ངོ་བོ་ཅི་ཡང་མེད་དོ། །དེས་ན་འཁོར་འདས་གཉིས་ཀ་མ་གྲུབ་བཞིན་དུ་འཁོར་འདས་སུ་སྣང་བའི་གཞི་རིག་པ་ཡི་ཆོས་ཉིད་ཀྱང༌། ངོ་བོ་དག་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་སྤྲུལ་སྐུ་སྟེ་སྐུ་གསུམ་དུ་ཡེ་ནས་རྫོགས་པ་གཞི་དེ་ཉིད་ཀྱི་ངང་ལས་གཞི་སྣང་ཤར་བའི་དུས་ན། ཚོགས་བརྒྱད་ཀྱི་ཉེར་ལེན་སྤྲིན་དང་འདྲ་བ་རྣམས་རང་སར་དེངས་པས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པའི་སངས་རྒྱས་དང༌། གཞི་སྣང་དེ་ཉིད་ལྷན་སྐྱེས་མ་རིག་པས་བསྒྲིབས་ཏེ་ཀུན་ཏུ་བརྟགས་པ་ཅན་གྱི་མ་རིག་པས་རང་སྣང་ལ་ཡུལ་དུ་བཟུང་བས་གཟུང་འཛིན་གཉིས་སུ་མཆེད་དེ། མ་དག་འཁོར་བའི་རང་བཞིན་རྨི་ལམ་ལྟ་བུར་སྣང་བས་སེམས་ཅན་ཏེ་འཁོར་འདས་གཉིས་ཀྱི་ཆ་རུ་སྣང་ན་ཡང༌། གཉིད་ཀྱི་ངང་ན་རྨི་ལམ་གྱི་སྣང་བ་བཟང་ངན་ཅི་ཤར་ཡང་གཉིད་དེ་ལས་གཞན་དུ་མི་གཡོ་བ་བཞིན། གཞན་ལས་གསར་བྱུང་མིན་པས་གང་ནས་ཀྱང་མ་འོངས་ལ་གཞི་ལས་གཡོས་པ་མེད་པས་གཞན་དུ་འཕོ་བའང་མེད་དོ། །རེ་ཞིག་རྫོགས་པ་ཆེན་པོའི་ལམ་ལ་ཞུགས་པ་རྣམས་ཀྱིས། གཞི་དེ་ཡི་བཞུགས་ཚུལ་ཡིན་ལུགས་ལ་དཔྱད་པ་བཏང་སྟེ་རང་རང་གིས་ཇི་ལྟར་འདོད་པའི་ཕྱོགས་བཟུང་ནས། གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་ལུགས་ལ་རྣམ་པ་བདུན་ཏེ། ལ་ལས་ཀ་དག །ལ་ལས་ལྷུན་གྲུབ། ལ་ལས་མ་ངེས་པ་དང༌། ལ་ལས་ངེས་པ་དོན། ལ་ལས་ཅིར་ཡང་བཏུབ་པ་དང༌། ལ་ལས་ཅིར་ཡང་ཁས་བླང་དུ་བཏུབ་པ་དང༌། ལ་ལས་སྣ་ཚོགས་སུ་འཆར་བར་འདོད་པའི་གཞི་བདུན་པོ་ཐམས་ཅད་ཀྱང་གཏན་ལ་དབབ་བྱའི་ངོ་བོ་ནི། ཀ་དག་དང་ལྷུན་གྲུབ་ཟུང་དུ་འཇུག་པའི་གཞིའི་རང་བཞིན་གཅིག་པུའི་ཕྱོགས་རེ་རེ་ལ། སོ་སོར་འདི་ཁོ་ན་གནས་ལུགས་སོ་སྙམ་ནས་བློས་བཏགས་པའི་རང་རང་གི་གཞུང་འཛིན་པ་གཞན་རྣམས་ཀྱང་གཞིའི་ཕྱོགས་རེ་ཙམ་ལ་མ་རྨོངས་ཏེ་ཤེས་ནའང༌། རང་བཞིན་ཇི་བཞིན་མ་རྟོགས་པའི་སྐྱོན་ནི་དཔེར་ན། ཡེ་ཤེས་སྙིང་པོའི་མདོ་ལས། སྔོན་རྒྱལ་པོས་དམུས་ལོང་དུ་མ་བསགས་ཏེ་གླང་པོ་ཆེ་བསྟན་ནས། གླང་པོ་ཆེ་འདིའི་མཚན་ཉིད་སོ་སོར་སྨྲོས་ཤིག་ཅེས་བསྒོས་པས། སྣ་ལ་རེག་པ་རྣམས་ནི་ལྕགས་ཀྱུ་དང་འདྲའོ་ཞེས་ཟེར་རོ། །མིག་ལ་རེག་པ་རྣམས་ཀྱིས་ཕོར་པ་དང་འདྲའོ་ཞེས་ཟེར་རོ། །རྣ་བ་ལ་རེག་པ་རྣམས་ཀྱིས་ཞིབ་མ་དང་འདྲའོ་ཞེས་ཟེར་རོ། །རྒྱབ་ལ་རེག་པ་རྣམས་ཀྱིས་ཁྱོགས་དང་འདྲའོ་ཞེས་ཟེར་རོ། །མཇུག་མ་ལ་རེག་པ་རྣམས་ཀྱིས་ཐ་གུ་དང་འདྲའོ་ཞེས་ཟེར་རོ། །ལོང་བས་གླང་པོ་ཆེ་ལས་གཞན་སྨྲས་པ་མ་ཡིན་ཀྱང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་སྟོང་པ་ཉིད་དང༌། སྒྱུ་མ་ལྟ་བུ་དང༌། འོད་གསལ་བ་སོགས་ཐ་དད་སྨྲས་ཀྱང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །ཞེས་དང༌། ཉན་རང་བྱང་སེམས་གསུམ་གྱིས་སངས་རྒྱས་ཀྱི་སྙིང་པོ་ཇི་བཞིན་མི་མཐོང་བའི་དཔེ། དམུས་ལོང་ཞིག་གིས་གཞན་ཞིག་ལ་མར་གྱི་ཁ་དོག་དྲིས་པས་ཁ་བ་དང་འདྲའོ་ཞེས་སྨྲས་པ་དང༌། དེས་ཁ་བ་ལ་རེག་པས་མར་གྱི་ཁ་དོག་གྲང་མོར་འཛིན་ཏོ། །དྲིས་པ། ཁ་བའི་ཁ་དོག་ཅི་འདྲ། སྨྲས་པ། ངང་པའི་གཤོག་པ་དང་འདྲའོ། །ངང་པའི་གཤོག་སྒྲ་ཐོས་པས་ ཁ་དོག་འུར་འུར་པོར་འཛིན་ཏོ། །དྲིས་པ། གཤོག་པའི་ཁ་དོག་ཅི་འདྲ། དུང་དང་འདྲའོ། །དུང་ལ་རེག་པས་འཇམ་པོར་འདུག་ན། །དེ་ཡང་འཇམ་པོར་འཛིན་ནོ། །དེ་ལྟར་ཁོང་ལོང་བ་བདུན་གྱིས་གླང་པོའི་སྐྱེ་མཆེད་དང༌། ངང་པའི་ཁ་དོག་བརྗོད་པ་ཇི་བཞིན་ནོ། །འདིར་ནི་རིག་པའི་ངོ་བོ་སྤྲོས་བྲལ་ཀ་ནས་དག་པ་ལ། རང་གསལ་མ་འགག་པའི་རང་གདངས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཉི་མ་དང་ཟེར་ལྟ་བུ། ཡོན་ཏན་གྱི་ཆ་ཡེ་ནས་ལྷུན་གྱིས་གྲུབ་ཀྱང་སྣང་སྟོང་གི་ལྡོག་པ་ཐ་དད་པས་གཅིག་པ་མ་ཡིན་པ་དང༌། ངོ་བོ་གཅིག་ལས་མེད་པས་བུམ་པ་དང་དེའི་སྟོང་པ་དབྱེར་མེད་པ་ལྟར་རྫས་ཐ་དད་པ་མིན་ཏེ། དཔེར་ན་ཆུ་དང་རླན་བཞིན་ལ། འདི་ལྟར་སྟོང་པའི་ངོས་ནས་དབྱིབས་དང་ཁ་དོག་སོགས་ངོ་བོ་འདི་ལྟ་བུའོ་ཞེས་ངོས་གཟུང་རྒྱུའི་དངོས་པོ་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བས་རྣམ་གཅོད་ཀྱི་སྒོ་ནས་སྤྲོས་པ་ཐམས་ཅད་གཅོད་པ་ལས། རང་རང་གི་ངོ་བོ་ལ་ཡོངས་གཅོད་ཀྱི་སྒོ་ནས་འདི་ལྟར་ཞེས་བརྗོད་དུ་མེད་པས་ཀ་དག་ཅེས་བརྗོད་པ་ཡིན་ལ། དེ་ཡང་ནམ་མཁའ་བཞིན་ཅང་མེད་པ་མིན་ལ། སྣང་བའི་ངོས་ནས་གཏིང་གསལ་གྱི་ཆ་རང་གདངས་འགག་པ་མེད་པ་ཐུགས་རྗེའི་རྩལ་ཅིར་ཡང་འཆར་རུང་དུ་ཡོད་པས་ལྷུན་གྲུབ་བོ་ཞེས་བརྗོད་པ་ཡིན་ཏེ། མུ་ཏིག་ཕྲེང་བ་ལས། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཞེས་གསུངས་བ་ལྟར་རྟག་ཆད་ཞོར་ལ་སྤངས་པ་ཡིན་ནོ། །འོ་ན་ཁྱེད་ཀྱིས་ཀ་དག་དང་ལྷུན་གྲུབ་སོ་སོ་བའི་གནས་སྐབས་དེ་སྐྱོན་ཅན་དུ་བསྒྲུབ་ན། འདིར་ཡང་གཉིས་ཡིན་དུ་བཤད་པའི་སྐྱོན་དེ་མི་འདུའམ་ཞེ་ན། འདིར་ནི་གཞི་སེམས་ཀྱི་ཆོས་ཉིད་ངོ་བོ་གཅིག་ལ་ཡོད་མེད་དམ། སྣང་ཕྱོགས་ནས་ལྷུན་གྲུབ། སྟོང་ཕྱོགས་ནས་ཀ་དག་གཉིས་ལྡོག་པའི་དབྱེ་བ་ཙམ་ལས་རྫས་སུ་ཐ་དད་མེད་པས་འགལ་བ་གཉིས་འདུ་བའང་མ་ཡིན་ཏེ། དཔེར་ན་གཉིད་དུ་ཕྱོགས་པ་ན་རགས་ཕྲའི་རྟོག་པ་ཐམས་ཅད་རིམ་གྱིས་འགགས་ཏེ་གཉིད་འཐུག་ཏུ་འགྱུར་སྐབས་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་ཤེས་པའི་ངོ་ལ་རྨི་ལམ་མེད་པ་དང༌། མཆེད་པའི་མདངས་རླུང་གི་ཆས་ཁུར་བའི་ཤེས་ངོ་ལ་རྨི་ལམ་དུ་སྣང་བའི་གཉིད་དུས་ཀྱི་ཤེས་པ་གཉིས། གཉིད་གཅིག་གི་ངོ་བོ་ལས་མ་གཡོས་པ་ལྟར། ངོ་བོ་ཀ་དག་གི་ཆ་ལ་འཁྲུལ་པ་གཞི་ལ་མ་གྲུབ་པ་ཡིན་པས་འཁོར་བར་འཁོར་སྔར་ཡང་མ་མྱོང༌། ད་ལྟ་མི་མྱོང༌། མྱོང་བར་མི་འགྱུར་ནའང་རང་བཞིན་ལྷུན་གྲུབ་ཀྱི་རྩལ་ལམ་གདངས་འགགས་པ་མེད་པ་ལས་རོལ་པ་སྣ་ཚོགས་པ་འཁོར་འདས་ཅིར་ཡང་སྣང་རུང་བ་ཡིན་ནོ། །དཔེ་ཇི་ལྟར་ན། ནོར་བུ་བཻཌཱུརྻ་ཡི་རང་འོད་དང༌། འཇའ་ཤེལ་གཙང་མ་འཇའ་ལྡན་རྣམས་ཀྱི་རང་འོད་ནི། ནང་དུ་གཏིང་གསལ་གྱི་རང་བཞིན་ཡོད་ཀྱང་ཉི་འོད་སོགས་ཀྱི་རྐྱེན་གྱིས་མ་བསྐྱེད་པར་རང་འོད་ཕྱིར་མི་སྣང་བ་མངོན་སུམ་དུ་ཤེས་རུང་སྟེ། གཞི་དང་གཞི་སྣང་གི་དཔེ་དེ་བཞིན་དུ་འཆི་སྲིད་སོགས་གཞིའི་འོད་གསལ་ལ་གནས་ཚེ། ཀ་དག་གི་རིག་པ་སྟོན་གནམ་གཡའ་དག་པ་ལྟ་བུ་རྐྱེན་གང་ཡང་མེད་པའི་གནས་སྐབས་ན། གཟུགས་ལ་སོགས་པ་ཡུལ་དང་དེ་དག་འཛིན་བྱེད་ཀྱི་ཚོགས་དྲུག་སོགས་མ་དག་པའི་སྣང་བ་དང༌། སྐུ་དང་འོད་ཟེར་སོགས་དག་པའི་སྣང་བ་སྟེ། མདོར་ན་དངོས་པོ་མཚན་མར་སྣང་བའི་ཆ་ཐམས་ཅད་སྤངས་པ་སྟེ་དུས་དེར་མེད་ཀྱང༌། རང་བཞིན་ལྷུན་གྱིས་གྲུབ་པའི་རང་གདངས་ནང་གསལ་གྱི་ཚུལ་དུ་ཡོད་པ་ལྷུན་གྲུབ་ཀྱི་སྣང་བ་ཕྱི་ཤར་དུ་མཆེད་པའི་རྐྱེན་དང་མ་འཕྲད་པས་རྒྱ་མ་རལ་ཏེ་ཕྱིར་མ་ཤར་བ་གཞོན་ནུ་བུམ་པའི་སྐུ། ངོ་བོ་རྣམ་རྟོག་ཕྲ་རགས་ཐམས་ཅད་ཀྱིས་བསམ་བརྗོད་དང་བྲལ་བས་སྐྱེ་མེད་དུ་སྟོང་ལ། རང་གདངས་ལྷུན་གྲུབ་ཀྱི་ཆ་ལས་སྐུ་གསུམ་གྱི་སྣང་བ་མ་འགགས་པར་འཆར་རུང་དུ་ཡོད་པས། འཁོར་འདས་ཀྱི་སྣང་བ་ཀུན་གྱི་འཆར་གཞིར་གཞིའི་རིག་པ་དེ་ཉིད་དུ་བཞུགས་པ་ཡིན་ཀྱང༌། ཀ་དག་དང་ལྷུན་གྲུབ་ངོ་བོ་གཅིག་པས་སྟོང་པའི་འོད་གསལ་གཞི་ལས་གཞི་སྣང་གཡོས་པ་མེད་པའི་གནས་ལུགས་དེ་ལ་ནི་ཕུང་པོ་ལྔའི་དྲི་མས་གདོད་ནས་གོས་མ་མྱོང་བས་གཞི་སྣང་ཡེ་ནས་དག་པས་བྱང་ལ། སྐུ་གསུམ་གྱི་ཡོན་ཏན་རང་ཆས་སུ་ཡོད་པས་ཆུབ་ཅིང་འཆར་ཚུལ་ཅིང་ཡང་མ་འགགས་པས་སེམས་ཞེས་བྱ་ལ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས། ཕྲ་བའི་ཡེ་ཤེས་ནང་གསལ་གྱི་ཚུལ་དུ་གནས་པ་དེའི་ཚེ་ན་ཁ་དོག་དང་བདག་གཞན་སོགས་མཚན་མ་དག་མ་དག་གི་འཁོར་འདས་འཁྲུལ་གྲོལ་གྱི་རྣམ་པ་ཅན་རིས་སུ་ཆད་པ་ཅན་དུ་ཕྱིར་མི་གསལ་བ་ཡིན་ནོ། །གནས་ལུགས་འཁོར་འདས་ཀྱི་སྤྱི་གཞི་དེ་ནི་ཀ་དག་གི་ངོས་ནས་སྐུ་དང་ཡེ་ཤེས་སུ་རང་བཞིན་གྱིས་གྲུབ་པ་མེད་པས་སངས་རྒྱས་མ་ཡིན། ཕུང་ཁམས་སྐྱེ་མཆེད་སོགས་མེད་པས་སེམས་ཅན་མིན་ནོ། །ཐིག་ལེ་ཉག་གཅིག་ཏུ་བརྗོད་ཀྱང་གཅིག་རྒྱུའི་དངོས་པོ་མེད་པ་དང༌། སྐུ་གསུམ་སོགས་བཏགས་ཀྱང་དབྱིངས་གཅིག་ལ་ཐ་དད་དུ་གྲུབ་པ་མ་ཡིན་ལ། སྤྲོས་པ་དང་བྲལ་བས་མཐའ་དབུས་སུ་བཞག་ཏུ་ཡོད་པ་མིན་ལ། རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་གཞལ་ན་སྟོང་པ་ཕྱང་ཆད་མ་ཡིན་པར་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཡིན་ཀྱང་དངོས་པོ་རྡོས་བཅས་སུ་གྲུབ་པ་མིན་ནོ། །འཁྲུལ་གྲོལ་གྱི་རྐྱེན་གང་ཡང་མེད་པའི་གནས་སྐབས་དེ་ནི། ངོ་བོ་ལ་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་གང་དུའང་མ་གྲུབ་པའམ་མ་ཕྱེ་བའི་ཀ་དག །རང་བཞིན་འགག་པ་མེད་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷུན་གྲུབ། ཐུགས་རྗེ་གོ་མ་འགགས་པས་མཛད་པ་ཕྲིན་ལས་འཁོར་འདས་ཀྱི་སྤྱོད་ཡུལ་ཀུན་ལ་ཁྱབ་པའི་སྣང་བ་གསུམ་དང་ཐབས་གཅིག་གི་རང་བཞིན་ལས་འདུ་འབྲལ་མེད་པའི་བདག་ཉིད་དུ་བཞུགས་པ་གཞི་རྐྱང་པའི་རྣམ་བཞག་གོ །གཞིའི་གནས་ལུགས་བུམ་སྐུའི་རང་གདངས་དེ་ཉིད་ཀྱི་ངང་ལས་གཞི་སྣང་ལྷུན་གྱིས་གྲུབ་པའི་ཆ་ཐམས་ཅད་འཆར་བར་འགྱུར་བ་ཡིན་ལ། གཞི་ཟུང་འཇུག་གི་འོད་གསལ་དེ་ལ་སྟོང་པའི་འོད་གསལ་ཟེར། དེའི་ངང་ལས་སྣང་སྟོང་ཟུང་འཇུག་རིག་པའི་ཡེ་ཤེས་ཕྱོགས་ལྷུང་དང་བྲལ་བ་སྲོག་གམ་སྙིང་པོའི་བདག་ཉིད་ཅན་དུ་བཞུགས་པ་ལ། གྱེན་རྒྱུ་རང་ངོ་ཤེས་པས་ཤེས་རབ་ཀྱི་རྟ་དང༌། ཐུར་སེལ་ཡུལ་སྣང་སད་པ་ཤེས་རབ་ཀྱི་ཟེར་མདངས་འོད་དང༌། མེ་དང་མཉམ་པ་སྨིན་པར་བྱེད་པའམ་འབར་བར་བྱེད་པས་སྟོབས་ཅན་དང༌། ཁྱབ་བྱེད་ཡོངས་སུ་གྲུབ་ཅིང་རྫོགས་པར་བྱེད་པའི་སྟོབས་ཅན་ཏེ་བཞི་པོ་ཡན་ལག་ཏུ་ཡོད་པའི་རླུང་ལྔའི་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཐམས་ཅད་འཆར་བའི་གཞིའམ་སྙིང་པོའི་ཚུལ་དུ་གདངས་འགག་མེད་རླུང་ལྔའི་སྟོབས་ཀྱིས་ཕྱིར་འཕགས་ཏེ་སྐྱོད་པར་བརྩམས་པས་ནང་འོད་གསལ་གྱི་སྐུ་ཡེ་ཤེས་ཐུགས་རྗེ་རྣམས་རླུང་ལྔ་དང་དབྱེར་མེད་རོ་གཅིག་ཏུ་གནས་པ་དངོས་སུ་གྲུབ་པ་མེད་པ། གཞོན་ནུ་བུམ་པའི་སྐུ་ཡི་ཚུལ་དུ་ཡོད་པ་དེའི་ཕྱི་རྒྱ་རལ་ནས། དུས་གཅིག་ལ་ཕྱིར་གསལ་དུ་གདོད་མའི་གཞི་ཀ་དག་གི་ངང་ལས་གཡོས་པ་མེད་བཞིན་དུ་ཡེ་ཤེས་འོད་ཀྱི་སྦུབས་སམ་གཞིའི་སྣང་བ་ཤར་བ་ནི། རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཞེས་བྱའོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་བ་གང་ཚེ་ངོ་བོའི་གདངས་ནམ་མཁའ་ལྟར་གོ་ཕྱེ་བའི་ཚུལ་དུ་རང་བཞིན་གྱི་གདངས་འོད་ལྔའི་རྣམ་པར་ཤར་བ་ན། ཐུགས་རྗེའི་རིག་གདངས་རྣམ་པའི་ཡུལ་དེ་ཉིད་ལ་དཔྱོད་པར་བྱེད་པའི་ཤེས་པར་ཤར་ཚེ་ཀ་དག་གི་ངོ་བོ་ནམ་མཁའ་སྤྲིན་བྲལ་བཞིན། མ་རིག་པ་ཞེས་བྱ་བ་གཞི་ལ་མ་གྲུབ་ཀྱང་ཐུགས་རྗེའི་གདངས་རིག་པར་ཤར་བ་ལ་ལྟོས་ཏེ་རང་སྣང་ངོ་མ་ཤེས་པའི་མ་རིག་ཅན་གྱི་ཆ་བཟུང་བས། དཔེར་ན་སྤྲིན་བྲལ་ནམ་མཁའ་ཇི་བཞིན་དྭངས་པའི་ཀ་དག་ལས། ལྷུན་གྲུབ་ཀྱི་སྣང་བ་ཕྱིར་གསལ་དུ་གཡོ་བ་ལ་འཆར་བའི་ཚུལ་དྲུག་སྒོ་གཉིས་ཏེ་བརྒྱད་དུ་ཤར་ཏེ། ལྷུན་གྲུབ་ལྟར་ཤར་ཏེ་ཐུགས་རྗེ་ལྟར་འཆར་བའི་སེམས་ཅན་གྱི་དོན་བྱུང༌། ཡང་ན་ལྷུན་གྲུབ་ཤར་བ་དེ་མི་བགྲང་བར་འོད་ལྟར་འཆར་བས་འོད་ཟེར་ཁྱབ་པར་སྣང༌། ཡེ་ཤེས་ལྟར་ཤར་བའི་ལོངས་སྤྱོད་མ་འགགས་པས། ཡེ་ཤེས་ཀྱི་རང་འོད་ཞིང་ཁམས་དག་པ་མངོན་སུམ་དུ་གསལ། ལྷ་སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པས་རིག་པ་སྐུ་རུ་སྨིན་ཏེ་སྣང་བ་ཐམས་ཅད་རིགས་ལྔའི་ཚོམ་བུར་སྣང༌། གཉིས་ཆོས་ཀྱི་འཛིན་པ་ཐམས་ཅད་དང་བྲལ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པ་གཅིག་དང་དུ་མ་ལས་གྲོལ་བའི་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པས་འཁྲུལ་སྣང་རང་རྒྱུད་པར་མི་གནས་ཏེ་ཆོས་ཉིད་ལ་དར་གཅིག་གནས་པའོ། །སྒོ་གཉིས་ནི་དེ་ལྟར་རང་སྣང་གི་ཡེ་ཤེས་སུ་སྣང་བ་དེ་རང་སྣང་ཡིན་པར་རིག་ན་གདོད་མའི་གཞི་ལ་ཀུན་ཏུ་བཟང་པོར་མངོན་པར་བྱང་ཆུབ་པའི་སྒོ་དང༌། མ་རིག་ན་སེམས་ཅན་འཁྲུལ་པའི་སྒོ་སྟེ་གཉིས་སོ། །འདི་ལ་སྣང་བ་འདིའི་ཡར་འཁྲུལ་མར་འཁྲུལ་ལས་ཀུན་ཏུ་བཟང་པོའི་གྲོལ་གཞི་ཤེས་པར་བྱའོ། །ཞེས་གསུངས་སོ། །གཞིའི་གནས་སྐབས་ན་སྣང་བ་ཐམས་ཅད་འཁྲུལ་སྟོབས་ཀྱིས་ཐིམ་སྟེ་སྣང་བ་ནང་གསལ་དུ་གནས་པ་དང༌། ལམ་གྱི་གནས་སྐབས་ན་གཞི་སྣང་སྣང་གཞི་སོགས་ནི་འཁྲུལ་གྲོལ་གཉིས་ཀ་འདྲེས་པ་དང༌། འབྲས་བུའི་གནས་སྐབས་ན་གཞི་སྣང་རང་སྣང་དུ་གྲོལ་སྟོབས་ཀྱིས་ཐིམ་སྟེ་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུའི་འཆར་གཞི་སྟེ་གཞི་ལམ་འབྲས་བུའི་ལྷུན་གྲུབ་གསུམ་མོ། །འཆར་ཚུལ་བརྒྱད་དམ་ལྷུན་གྲུབ་ཀྱི་སྦུབས་གསུམ་པོ་འདི་ནི་འཁོར་འདས་གཉིས་ཀ་ཕྱོགས་སུ་མ་ཆད་པར་འབྲེལ་བའི་སྒོ་འཕར་ཏེ། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་གའི་རྒྱུད་སྡེ་རྣམས་དང༌། དེའི་དགོངས་འགྲེལ་འཕགས་ཡུལ་རིག་འཛིན་དག་གི་མན་ངག་རྣམས་ཀྱི་ལྡེ་མིག་ལྟ་བུ་ནི། བོད་གངས་ལྡན་རི་ཡི་ལྗོངས་འདིར་ཡེ་ཤེས་དྲི་མ་མེད་པ་མཁྱེན་པའི་འོད་ཟེར་བློ་གྲོས་ཀྱི་སྣང་བ་སྟོང་དང་ལྡན་པའམ་འགྲོ་བའི་མིག་གཅིག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་བཟང་པོ་གང་གིས་ཐེག་མཆོག་རིན་པོ་ཆེའི་མཛོད་དུ་ལེགས་པར་ཕྱེས་པ་ཡིན་ནོ། །གཞིའི་འོད་གསལ་ཀ་དག་གི་རང་གདངས་ཤར་བ་དེའི་ཚེ་གཞི་སྣང་རང་ངོ་མཐོང་བའི་སྐད་ཅིག་མར་ཁྱད་ཆོས་དྲུག་གི་ཚུལ་དུ་གྲོལ་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྔ་རོལ་དུ་བཞུགས་པའི་དང་པོའི་དུས་ནས་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ངོ་ཤེས་པ་དེ་ནི་ཐོག་མའི་སངས་རྒྱས་གཟུང་འཛིན་བདེན་ཞེན་གྱི་ཉེས་པ་ཐམས་ཅད་ལས་གྲོལ་བ་སྤྱོད་ཡུལ་ཡོངས་སུ་དག་པའི་ཀུན་ཏུ་བཟང་པོ་དེས། ཇི་ལྟར་མཐོང་ཞིང་གྲོལ་བའི་ཁྱད་ཆོས་དྲུག་ནི་འདི་ལྟར་རང་ངོར་སྣང་བ། གཞི་ལས་འཕགས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ། རིམ་པ་བཞིན་གཞི་སྣང་ཤར་བ་དེ་ལ་ཤེས་པ་ཁ་ཕྱིར་བལྟས་ཀྱིས་ཞེན་ནས་འཁྲུལ་པ་རྒྱུན་ཆགས་པར་མ་མཆེད་དེ། རང་རིག་པའི་ངོར་སྣང་བ་དང༌། རང་སྣང་དུ་རིག་པས་གྲོལ་འཁྲུལ་གང་དུའང་ལུང་མ་བསྟན་པའི་རང་བཞིན་གྱི་གཞི་དང༌། གཞི་སྣང་ལྷུན་གྲུབ་ཀྱི་ཆ་དེ་གཉིས་རང་བཞིན་དེ་ལས་འཕགས་ཏེ། གྲོལ་གཞི་རུ་སོང་བས་ཕྱིས་འཁྲུལ་གཞི་མི་བྱེད་པ་དང༌། སྔར་མེད་གསར་བྱུང་མེད་པས་གཞི་སྣང་གི་རིག་པ་ཉིད་རང་ངོ་ཤེས་ནས་འབྲས་བུ་ཡེ་ཤེས་སུ་སྨིན་པ་ཞེས། སྒྲིབ་བྱེད་དྲི་མ་བྲལ་བའི་ཤེས་རབ་བམ་ཡེ་ཤེས་ཀྱིས་ངོ་བོ་ཤེས་པས། སྐད་ཅིག་གཅིག་པོ་དེ་ཉིད་ལ་དབྱིངས་ལ་ཡོན་ཏན་རང་ཆས་སུ་ལྡན་པ་རང་སྣང་དུ་བག་ཆགས་སྣ་ཚོགས་པའི་ཀུན་གཞིའི་སྒྲིབ་པ་ཡེ་ནས་སངས་ཏེ་ཉི་མ་སྤྲིན་ལས་གྲོལ་བ་ལྟར་འཁོར་བའི་གཞི་ལས་ཁྱད་པར་དུ་འཕགས་པའི་བྱེ་བྲག་རབ་ཏུ་ཕྱེད་པ་དང༌། བྱེ་བྲག་ཕྱེད་པའི་ཐོག་གམ་དེ་མ་ཐག་ཏུ་ཤེས་རབ་ཉིད་ཀྱང་ངོ་བོ་ཉིད་སྐུར་སྨིན་ནས། ཡེ་ཤེས་ཆོས་ཀྱི་སྐུ་དང་དབྱེར་མེད་པར་ཀ་དག་གདོད་མའི་གཞི་ལ་བཙན་ས་ཟིན་ཏེ་རྟག་ཏུ་འཕོ་འགྱུར་མེད་པར་གནས་པ་དང༌། རང་རིག་མངོན་སུམ་དེ་གཞན་གྱིས་བསྟན་པ་སོགས་ལས་བྱུང་བའི་རྐྱེན་ལ་མ་ལྟོས་པར་རང་གི་ངོ་བོ་རང་སྟོབས་ཀྱིས་རིག་ནས་སངས་རྒྱས་པ་དང༌། གྲོལ་གཞི་གདོད་མའི་ངང་དུ་རང་སར་གནས་ཏེ་འཁྲུལ་པའི་རྐྱེན་མི་འཇུག་པའི་ཕྱིར་རོ། །དེ་ལྟར་ཁྱད་ཆོས་དྲུག་གིས་སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་རྒྱ་མཚོའི་འབྲས་བུ་བུམ་སྐུའི་བདག་ཉིད་དུ། གཞི་སྣང་མཐོང་བའི་ཚོགས་ཡེ་རྫོགས། སྒྲིབ་པ་ཡེ་དག་གིས་སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་པ་ནི་ཐོག་མའི་སངས་རྒྱས་སོ། །འདི་ལྟར་གང་ཚེ་དབྱིངས་དག་མཉམ་སྤྲོས་བྲལ་ཀ་དག་གདོད་མའི་གཞི་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། སྒྲིབ་བྱེད་བག་ཆགས་ལས་རྣམ་པར་གྲོལ་བའི་དབྱིངས་ཀྱི་ཡོན་ཏན་ནང་གསལ་དུ་རྒྱས་པའི་ལྷུན་གྲུབ་ཀྱི་སྒོ་ལས་རང་ཤར་ཏེ། རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་དང་རིགས་ལྔའི་སྐུ་རུ་སྣང་བར་བྱས་ནས། རིགས་ལྔ་དེ་ཡི་སོ་སོའི་རྩལ་ལས་རིགས་ལྔ་གངས་ཆེན་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་རབ་འབྱམས་བསམ་ལས་འདས་པ་ཚངས་ཆེན་བསྐལ་པ་ནམ་མཁའ་དང་མཉམ་པར་བཀོད་པ་མཛད་དོ། །སྒྲིབ་པ་ཕལ་ཆེར་དག་པ་བྱང་སེམས་རྣམས་ལ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང་སྟོན་པར་སྣང་བ་དང༌། མ་དག་པ་འཁོར་བའི་སྒོ་ལས་ཤར་བའི་སེམས་ཅན་རྣམས་ལ་ཇི་ལྟར་སྣང་བ་ནི། ཁམས་དང་མོས་པའི་བྱེ་བྲག་སྣ་ཚོགས་པ་ཅན་གྱི་སོ་སོའི་སྣང་བ་ཉིད་དང་མཐུན་པའི་མཆོག་གི་སྤྲུལ་སྐུ་ནས་སྣ་ཚོགས་སྤྲུལ་བའི་བར་སྟོན་པ་ཡིས། འཁོར་བའི་འཁྲུལ་སྣང་ཐམས་ཅད་སྟོངས་པར་མཛད་པའི་ཕྲིན་ལས་ཀྱི་འཇུག་པ་ཇི་སྲིད་ནམ་མཁའི་སྲིད་མཐའ་མ་ཟད་པ་དེ་སྲིད་དུ་ཟད་མི་ཤེས་པར་སྣང་བ་ཡིན་ནོ། །ཡེ་ནས་རང་བཞིན་དག་པའི་ཆོས་དབྱིངས་སམ་ཟག་པ་མེད་པའི་ཡེ་ཤེས་བདེ་གཤེགས་སྙིང་པོ་རང་ངོ་ཤེས་པའི་སྟོབས་ཀྱིས་གློ་བུར་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ནས་དག་པ་གཉིས་ལྡན་ཀྱི་འབྲས་བུ་མངོན་དུ་གྱུར་ཏེ་རྩོལ་བས་མ་བསྒྲུབས་ཀྱང་རང་བཞིན་ཡོངས་ཤེས་ཀྱི་ཤེས་རབ་ཀྱིས་ཡེ་ཤེས་ཀྱི་ཚོགས་དང༌། དབྱིངས་ན་ལྷུན་གྲུབ་ཏུ་ཡོད་པ་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པས་བསོད་ནམས་ཀྱི་ཚོགས་ཏེ་དགེ་བའི་ཚོགས་གཉིས་ཀྱི་ཡོན་ཏན་ལ་མངའ་དབང་རྫོགས་པའི་ལོངས་སྤྱོད་རྫོགས་སྐུའི་སྟོན་པ་ཆེན་པོ་དེའི་ཞིང་ཁམས་ཀྱི་བཀོད་པ་དང༌། གཞན་དོན་མཛད་པ་ཕྲིན་ལས་ཀྱི་རོལ་པ་སེམས་ཅན་རེ་རེའི་གྲངས་ལྟར་ཆོས་ཀྱི་དབྱིངས་དང་མཉམ་པར་སྣང་བས། སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་དེ་ཙམ་དུ་ཚད་ལས་འདས་ཏེ། རྒྱལ་སྲས་བྱང་སེམས་ཀྱིས་ཀྱང་དཔོགས་མཐའ་དང་བྲལ་ན་ཕལ་གྱི་བློར་བྱར་མི་བསམ་མོ། །སངས་རྒྱས་དེ་ལ་སེ་མས་དང་སེམས་བྱུང་གི་བག་ཆགས་ཟད་པས་ན་གཉིས་སུ་འཛིན་པ་ཡོད་པ་མིན་པས། གདུལ་བྱ་སེམས་ཅན་འདི་དང་འདི་ལ་འདུལ་བྱེད་ཀྱི་སྐུ་དང་མཛད་པ་འདི་ལྟར་སྟོན་ཞེས་རྣམ་པར་མི་རྟོག་ཀྱང༌། དགོས་འདོད་འབྱུང་བའི་ནོར་བུ་མཆོག་དང༌། དཔག་བསམ་གྱི་ཤིང་ཆེན་པོ་ལྟར། རྩོལ་བ་མེད་བཞིན་དུ་མཛད་པའི་ཕྲིན་ལས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ནས་ཐུགས་རྗེ་ཆེན་པོའི་གདངས་མ་འགགས་པར་གཞན་ངོར་སྣང་བ་ཡིན་ཏེ། ཐེག་མཆོག་རིན་པོ་ཆེའི་མཛོད་ལས། དབུ་མ་ཐལ་འགྱུར་བ་དག །སངས་རྒྱས་དངོས་ནི་ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ལ། རང་ངོར་ཡོད་མེད་ཀྱི་སྤྲོས་པ་ཞི་བའི་སྐུ་དང་ཡེ་ཤེས་ཙམ་ཡང་མ་གྲུབ་ཅིང༌། གཞན་སྣང་ལ་སངས་རྒྱས་ཀྱི་ཐུགས་རྗེ་དང༌། གདུལ་བྱའི་སྨོན་ལམ་ལས་གཟུགས་སྐུའི་ཕྲིན་ལས་དང་བཅས་པ་སྣང་བ་ནི། ནམ་མཁའ་ལྡིང་གི་མཆོད་སྡོང་དང༌། ནོར་བུ་དང༌། དཔག་བསམ་གྱི་ཤིང་ལྟར་འདོད་དེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་སོ། །གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཤར་བ་དེ་ཉིད་རང་སྣང་ཡིན་པར་མ་རིག་པས། ཞི་གནས་རྩེ་གཅིག་པའི་གཞི་ལས་འཁྲུལ་སྣང་མཆེད་ཚུལ་ལམ། སྤང་གཉེན་གྱི་གོམས་ཚུལ་ཏེ་གང་རུང་སེམས་མིང་བཞིའི་ཕུང་པོ་ལ་བརྟེན་པ་ཅན་གཟུགས་མེད་ཁམས་དང༌། ཡང་དག་པའི་ལྷག་མཐོང་དང་བྲལ་བའི་བསམ་གཏན་གྱི་སེམས་དྭངས་མ་འོད་ཀྱི་ལུས་ལ་བརྟེན་པ་ཅན་གཟུགས་ཁམས། སྣ་ཚོགས་སུ་སྣང་བ་འགྱུ་བའི་རྟོག་པ་རགས་པའི་སེམས་གདོས་བཅས་ཀྱི་ཤ་ཁྲག་གི་ལུས་ལ་བརྟེན་པ་ཅན་འདོད་ཁམས་སྟེ་ཁམས་གསུམ་སེམས་ཅན་དེ་རྣམས་སུ་སྣང་བ་ནི། ཐོག་མའི་གཞི་ཀ་དག་ལྷུན་གྲུབ་ཀྱི་ངོ་བོ་དེ་ལ། འཁྲུལ་པའི་སྣང་བ་རྒྱུ་དང་བཅས་པ་མ་མཆིས་ཀྱང་ཞེས་རྒྱུ་མེད་ཅེས་པའི་གཞི་ལ་མ་རིག་པ་མེད་པའི་དོན་ཡིན་གྱི། གཞི་སྣང་འཆར་རུང་དུ་ཡོད་པའི་གདངས་ཙམ་མེད་པར་བཤད་པ་མིན་ནོ། །འོ་ན་འཁྲུལ་པའི་གཞི་ཅི་ལས་བྱུང་ཞེ་ན། གཞི་ཡི་གདངས་རང་སྣང་དུ་སྒོ་བརྒྱད་པོ་ཤར་བའི་རྣམ་པ་རང་སྣང་ཡིན་པ་མ་ཤེས་པའམ་མ་རིག་པའི་ཆ་དེ་གཞི་ལའང་མེད། ཕྱིས་གཞི་ཐོག་ཏུ་གྲོལ་དུས་ནའང་མེད་པས་ན་གློ་བུར་གྱི་རྐྱེན་དེ་ནི། རིག་པའི་རང་རྩལ་སྒྲིབ་བྱེད་དུ་སོང་བས་ན་མ་རིག་པ་དང་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱ་སྟེ། དེ་ཉིད་ནུས་པ་ཇེ་ཐུར་སོང་ནས་དཔྱོད་བྱེད་ཀྱི་ཤེས་པའི་ནུས་པ་ཕྲ་མོ་ལང་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་ལ། དེ་རང་གདངས་ཡིན་པ་མ་ཤེས་ནས་མྱུ་གུ་ལྟ་བུ་སོགས་མིང་དང་དོན་དང་བདག་ཏུ་རྟོག་པ་རགས་པ་མ་ཤར་ཀྱང་འཆར་རུང་དུ་སོང་བའི་ལྡོག་པ་ནི་ཀུན་ཏུ་བརྟགས་པ་ཡི་མ་རིག་པ་སྟེ་གསུམ་པོ་དེ་ལས་འཁྲུལ་པའི་རྐྱེན་བཞི་མཆེད་དེ། ཇི་ལྟར་མཆེད་ཚུལ་ནི། གཞི་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡོད་པ་ལས། ངོ་བོའི་གདངས་ནམ་མཁའ་ལྟར་གོ་འབྱེད་ཀྱི་ཆར་སོང་བ་ལ་རང་བཞིན་གྱི་གདངས་ཉིད་འོད་ཁྱིམ་གྱི་རྣམ་པ་ལྟར་ཤར་ཞིང་གནས་པ་འཁྲུལ་པའི་ཡུལ་ཅན་སྐྱེད་པའི་རྒྱུ་ཡི་རྐྱེན་སྐྱེས་བུ་གཟུགས་དང་ཡན་ལག་རང་ཆས་ལྟར་རོ། །རྒྱུ་རྐྱེན་དུ་སྣང་བ་དེ་ལ་ཐུགས་རྗེ་རིག་པའི་གདངས་རྟོག་དཔྱོད་ཀྱི་རྣམ་པ་ཕྲ་བ་ཤར་བ་དེའི་དབང་གིས་འཁྲུལ་པ་ཕྱི་མ་རྣམས་འབྱུང་བ་བདག་པོའི་རྐྱེན་བྱད་མེ་ལོང་དུ་འཛིན་པ་ལྟ་བུའི་ཆའོ། །དེ་ཉིད་ལྷན་དུ་ཚོགས་པ་ལས་ཕྱི་ཡུལ་དང༌། ནང་ཡུལ་ཅན་མེད་བཞིན་ཐ་དད་དུ་དམིགས་པའི་ཡུལ་དུ་སོང་བ་ནི་གཟུང་འཛིན་གཉིས་ཀྱི་དམིགས་པའི་རྐྱེན་ཏེ། མེ་ལོང་གཟུགས་བརྙན་ཐ་དད་མེད་ཀྱང་ཐ་དད་དུ་འཛིན་པ་ལྟར་རོ། །རྐྱེན་དེ་གསུམ་པོ་དུས་གཅིག་ཏུ་མཚུངས་པར་ལྡན་པ་ལས་འཁྲུལ་པ་རྒྱུན་མི་འཆད་པར་འབྱུང་བའི་རྐྱེན་བྱེད་པས་དེ་མ་ཐག་པའི་རྐྱེན་ཏེ། དེ་བཞི་པོ་ལས་རྒྱུ་དང་འབྲས་བུ་དང༌། མིང་དང་སྣང་བ་སྣ་ཚོགས་འཁྲུལ་ཚུལ་ཡང༌། བཀྲ་ཤིས་མཛེས་ལྡན་ལས། དེ་ཡང་རྐྱེན་བཞི་ཡིས་འཁྲུལ་ཏེ། ཐ་མ་རྐྱེན་བཞི་ལ་ཐུག་གོ །རྒྱུ་དམིགས་པ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་སྣ་ཚོགས་པའི་རྒྱུར་འཁྲུལ། བདག་པོ་ཡུལ་ཅན་དུ་འཛིན་པའི་རྐྱེན་ལས་མིང་སྣ་ཚོགས་སུ་འཁྲུལ། དམིགས་པ་བློ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་ཐུག་པ་མེད་པར་འཁྲུལ་ལོ། །དེ་མ་ཐག་འཛིན་པ་ཅན་གྱི་རྐྱེན་ལས་སྣང་བ་སྣ་ཚོགས་སུ་འཁྲུལ་ལོ། །ཞེས་གསུངས་པ་ལྟར་འཁྲུལ་ཡང་དེ་ལྟར་འཁྲུལ་ལ། ངོས་ཟིན་ན་དེ་དག་རང་ཐོག་ནས་གྲོལ་བའོ། །དེ་ལྟར་མ་གྲོལ་བ་རྣམས་ནི་རྒྱུ་རྐྱེན་ཚོགས་པ་ལས་རིམ་བཞིན་འཁྲུལ་པའི་སྣང་བ་འཁྲུལ་འཛིན་དང་བཅས་པ་གོམས་པ་སྟོབས་སུ་གྱུར་ནས་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་དང༌། ཉོན་མོངས་པའི་ཚོགས་གནས་དོན་ལུས་ཀྱི་བག་ཆགས་འཕེལ་བའི་དབང་གིས། འཁོར་བའི་གནས་མཐོ་དམན་དང་རིགས་སྣ་ཚོགས་པ་འདི་གྲུབ་པ་ལྟར་སྣང་བ་ཡིན་ཏེ། དེ་ལྟར་འཁོར་བའི་གནས་སྐབས་ན་མ་རིག་པ་ནས་བཟུང་རྟེན་འབྲེལ་བཅུ་གཉིས་ཤིང་རྟའི་འཕང་ལོ་བཞིན་ནོ། །དེ་ཡང་ཐུགས་རྗེའི་རང་འོད་ངོ་མ་ཤེས་པའི་མ་རིག་པ་གསུམ་ནི་མ་རིག་པའོ། །དེ་ལས་རྐྱེན་བཞི་ནི་འཁོར་བར་འདུ་བྱེད་དོ། །དེ་ལས་ཤེས་པ་རགས་པ་འཕེལ་བས་ཡུལ་གྱི་རྣམ་པ་ལ་དཔྱོད་པ་ནི་རྣམ་ཤེས་སོ། །དེ་ལས་ཐ་དད་པའི་མིང་དང་གཟུགས་སུ་འབྱུང་བ་ནི་མིང་གཟུགས་སོ། །དེའི་ཁྱད་པར་འབྱུང་བ་སོ་སོའི་ཆ་དང་ཁ་དོག་གྲུབ་པ་ནི་སྐྱེ་མཆེད་དོ། །དེ་ལས་ཡུལ་ལ་ལོངས་སྤྱོད་པ་ནི་རེག་པའོ། །དེ་ལས་དགའ་གདུང་བར་གསུམ་སྐྱེ་བ་ནི་ཚོར་བའོ། །དེ་ལས་བདེ་བ་ལ་སྲེད་ཅིང་སྡུག་བསྔལ་མི་འདོད་པའི་ཤེས་པ་ནི་སྲེད་པའོ། །དེ་ལས་ཡུལ་དང་དུ་ལེན་པ་ནི་ལེན་པའོ། །དེ་ལས་ལས་དང་ཉོན་མོངས་རྒྱས་ཏེ་ཕྱི་མའི་སྐྱེ་བར་འཕེན་པ་ནི་སྲིད་པའོ། །དེ་ལས་འགྲོ་བ་ཐ་དད་དུ་སྐྱེ་བ་ནི་སྐྱེ་བའོ། །དེ་ལས་བྱིས་གཞོན་གྱི་གནས་སྐབས་མྱོང་ནས་རྒས་པ་དང་ཤི་བ་ནི་རྒ་ཤིའོ། །ཚེ་འདི་ལྟ་བུ་ལ་མཚོན་ན་སྔ་མའི་འཆི་སྲིད་གཞིའི་འོད་གསལ་ནུབ་སྟེ། སྲིད་པ་བར་དོ་སྣང་རུང་གི་སྐད་ཅིག་དང་པོ་ངོ་མ་ཤེས་པ་ནི་མ་རིག་པ་སྟེ། དེ་ནས་བཟུང་ཕྱིས་འཆི་བའི་དུས་ལ་བབ་ཚེ་ཕྱི་དབུགས་ཆད་དུས་ཤི་བ་སྟེ་ལུགས་འབྱུང་བཅུ་གཉིས་ཡིན་ལ། དེ་ཕན་ཆད་ཀྱི་ཐིམ་རིམ་རྣམས་རྫོགས་ནས་གཞིའི་འོད་གསལ་སྟེང་དུ་སླེབ་པ་ནི་ལུགས་ལྡོག་སྟེ། དེ་ཡང་གཞི་དང་གཞི་སྣང་ལ་མ་རིག་པ་མེད་པ་དེ་ངོ་མ་ཤེས་ན་འཁོར་བ་ཡིན་ལ། ཤེས་ན་གྲོལ་བས་འཁོར་བ་མྱང་འདས་སུ་གྲོལ་བ་ཞེས་བྱའོ། །འདི་ལྟར་གཞི་སྣང་ལ་བདག་འཛིན་ཏུ་བརྟས་པའི་དབང་གིས་འཁོར་བ་སྣོད་བཅུད་ཀྱི་ཆོས་དཔག་ཏུ་མེད་པ་ཐམས་ཅད་བསྡུ་ན། མཐོ་རིས་གསུམ་དང་ངན་སོང་གསུམ་སྟེ་རིགས་དྲུག་དང༌། སྐྱེ་གནས་རྣམ་པ་བཞི་པོའང་མེད་བཞིན་དུ་རབ་རིབ་མཐུས་སྐྲ་ཤད་ལྟར་སྣང་བ་ལ། སྒྱུ་མའི་རང་གཟུགས་བཞིན་རང་གི་ངོ་བོ་ལ་རྡུལ་ཕྲན་ཙམ་ཡང་མ་གྲུབ་པ་སྣང་དུས་ཉིད་ནས་རང་བཞིན་མེད་པ། ཡོད་མ་མྱོང་བའི་སྟོང་གཟུགས་ཉག་གཅིག་ལ་བརྟེན་ནས་ད་ལྟའི་འཁྲུལ་སྐབས་འདིའི་ཐོག་མ་ལ་མ་རིག་པ་དང༌། མ་རིག་པའི་རོལ་པ་ལས་སེམས། སེམས་ཀྱི་རྒྱན་འཛིན་པ་ལས་ཡིད། ཡིད་ལས་ཉོན་མོངས་སུ་ཤར་བས་འཁྲུལ་ལོ། །དཔྱོད་བྱེད་ཡིད་དྲུག་ནི། མ་རིག་པ་དང་མཚུངས་ལྡན་གྱི་ཡིད་ལྷན་ཅིག་སྐྱེས་པའི་བདག་ཏེ་ངའོ་སྙམ་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་ཀུན་ཏུ་བརྟགས་པའི་བདག་སོགས་དང༌། གཏན་བཟང་ངན་ལ་འབེབས་པའི་ཡིད་དང༌། ཀུན་ཏུ་ཚོལ་བའི་ བདེ་སྡུག་དང༌། རྣམ་པར་རགས་པའི་ཡིད་སྲོག་གཅོད་སོགས་དང་དུ་ལེན་པ་དང༌། ངེས་པར་འཇོག་སེམས་ལ་ཡང་ཡང་ངེས་པར་བྱེད་པའི་མི་བརྗེད་པའི་ཡིད་དོ། །དེ་ལྟར་ཡིད་དྲུག་པོ་ལངས་ཏེ་དེ་ནས་ཚོགས་དྲུག་གི་རྟོག་པ་ཤིན་ཏུ་རགས་པ་རྣམས་ཤར། དེ་ལྟར་མེད་པ་ལ་ཡོད་པར་འཛིན་པའི་རྣམ་པར་རྟོག་པའི་དབང་གིས་ཆོས་རྣམས་བཏགས་པ་བ་དེ་ལ། བདག་ཏུ་འཛིན་པའི་འཆིང་བ་དམ་པོ་དེ་ནི་རབ་ཏུ་མཐུ་ཆེ། སེམས་ཉིད་ནམ་མཁའི་ཁམས་ལྟ་བུ་ངོ་བོ་ཉིད་མེད་སྤྲོས་བྲལ་འཆིང་གྲོལ་གྱིས་དབེན་པ་འདི་ཡང༌། གཉིས་འཛིན་གྱིས་རབ་ཏུ་བཅིངས་ནས་ཆོས་དང་ཟག་གི་བདག་གཉིས་སུ་བདེན་པར་སྣང་ཞིང་མེད་པ་ལ་ཡོད་པར་བཟུང་ནས་དེ་ལ་ཞེན་པས་མགལ་མེའི་འཁོར་ལོ་བཞིན་ཏེ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། ཆོས་རྣམས་གང་ལའང་རང་བཞིན་འགའ་མེད་དེ། །སྒྱུ་མ་སྨིག་སྒྱུ་ཆུ་ཡི་ཟླ་བ་འདྲ། །མི་མཁས་བདེན་པར་ཞེན་པས་འཆིང་འགྱུར་ཏེ། །རྟག་ཏུ་རྫ་མཁན་འཁོར་ལོ་བཞིན་དུ་བསྐོར། །ཞེས་པ་ལྟར་ཕྱི་དོན་དུ་རང་བཞིན་མ་གྲུབ་ཅིང་ནང་སེམས་ཀྱི་བག་ཆགས་ཀྱི་རྣམ་སྨིན་ཡིན་པའི་རྒྱུ་མཚན་སྲིད་པ་འཁོར་བའི་གནས་ན། ཉི་མ་གཅིག་པུ་ལ་མི་སོགས་ལ་ལའི་སྣང་བ་གསལ་བྱེད་དང༌། འུག་པ་སོགས་ལ་ལའི་ངོར་མུན་པ་ལྟར་འགྱུར་ཞིང༌། དེ་བཞིན་དུ་ཆུ་བོ་གཅིག་པུ་འདི་ལ་ལྷ་སོགས་ལ་ལའི་བདུད་རྩི། མི་སོགས་ལ་ལའི་ཆུ་དང༌། དམྱལ་བ་པ་རྣམས་ལ་མེ་ལྟར་སྣང་བ་སྟེ་བདེ་སྡུག་བྱེད་ལས་སྣ་ཚོགས་པ་དང༌། དེ་སོགས་ཕན་ཚུན་ཀུན་ནས་རྣམ་པར་འགལ་བའི་འདུ་ཤེས་རྣམས། བག་ཆགས་གོམས་ཚུལ་གྱི་རྗེས་སུ་འགྲོ་བ་ལས། ཡུལ་གྱི་ངོས་ནས་ངེས་པ་འགའ་ཡང་མེད་དེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་སེམས་ཀྱིས་བརྟགས་པས་ན། །འཁྲུལ་པའི་སེམས་གདུལ་སླད་དུ་འབད་པར་མཛོད། །ཅེས་གསུངས་སོ། །སེམས་ཀྱི་བག་ཆགས་སྨིན་པ་ལས་གཞན་ཡུལ་མེད་པ་དེ་ལྟ་ནའང་སྣང་ཡུལ་འདི་དག་སེམས་དངོས་མ་ཡིན་ཏེ། དཔེར་ན་བཞིན་གྱི་གཟུགས་བརྙན་མེ་ལོང་ནང་ཞུགས་ཀྱང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་ཙམ་ལས་བཞིན་དང་མེ་ལོང་ནམ་ཡང་འདྲེས་མ་མྱོང་སྟེ། ཏིང་འཛིན་རྒྱལ་པོ་ལས། མེ་ལོང་ངོས་སམ་འབྲུ་མར་སྣོད་དག་ཏུ། བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ན། །དེ་ན་བཞིན་གྱི་དཀྱིལ་འཁོར་ཀུན་སྣང་ཡང༌། །ཡོད་པ་མ་ཡིན་མེད་པའང་མ་ཡིན་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཞེས་སོ། །བག་ཆགས་ཀྱི་དབང་གིས་མེད་བཞིན་སྣང་བའི་ཆོས་ཐམས་ཅད་ལ་དེར་འཛིན་འཁྲུལ་པའི་སེམས་རྟོག་གློ་བུར་བ། དཔེར་ན་ཡུལ་གཟུགས་ལྟ་བུ་ལ་མཚོན་ན་ཐག་ཁྲ་མཐོང་བའི་ཚེ། མིག་བསླད་པའི་རྐྱེན་གྱིས་སྦྲུལ་དུ་འཛིན་བྱེད་ཀྱི་ཤེས་པ་རྟོག་མེད་ཚོར་ཕུང་གིས་བསྐྱེད་པའི་སེམས་ཀྱི་སྐད་ཅིག་མ་ཞེས་པ་དང་པོ་དེ་ནི་གཟུང་བའི་ཆོས་གཟུགས་སོགས་ཡིན་ལ། མདོ་སྡེ་པ་ལྟ་བུར་ཡུལ་གྱི་རྣམ་པར་ཤར་བ་དང༌། གཟུང་འཛིན་གཉིས་ཡུལ་དང་ཡུལ་ཅན་གྱི་སྒོ་ནས་མིན་ནོ། །དེའི་རྗེས་ལ་སེམས་བྱུང་གིས་རྟོག་དཔྱོད་ཞུགས་ཏེ་སྦྲུལ་དུ་ཤེས་པ་འཛིན་པ་ལ་སེམས་ཞེས་པའོ། །གལ་ཏེ་ཕྱི་རོལ་གྱི་སྣང་ཡུལ་སྦྲུལ་དངོས་ལ་སྦྲུལ་དུ་སྣང་བ་ཙམ་གཟུང་བ་ཡིན་ལ། འཛིན་པ་ནི་བདག་པོའི་ཞེས་གང་ལ་སྣང་བའི་གང་ཟག་དེའི་ཤེས་པ་ཙམ་ཞིག་ཡིན་པར་སྨྲ་བར་བྱེད་ན། གཟུང་འཛིན་ལས་གྲོལ་བའི་འཕགས་པ་རྣམས་ལ་སྒྱུ་མ་ལྟ་བུའི་སྣང་བ་མེད་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཕུང་པོ་སོགས་ཤེས་བྱ་ཐམས་ཅད་མཁྱེན་པ་ཡང་མི་རུང་བ་སོགས་སྐྱོན་དུ་མ་ཡོད་ལ། ཁྱད་པར་དུ་སྣང་བའི་སེམས་དང་སྣང་ཡུལ་སོ་སོར་མ་ཕྱེད་པར་སྣང་བ་ཐམས་ཅད་སེམས་ཡིན་ནོ་ཞེས་འདོད་པ་ནི་སྐྱོན་ཆེ་སྟེ། ཡིད་བཞིན་མཛོད་ལས། མི་ཤེས་པ་དེ་ཐམས་ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐལ། །སྐྱོང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག །ཅེས་པ་ལྟར་སྐྱོན་དུ་མ་འབྱུང་བ་དང༌། སྐྱེས་བུ་གཅིག་སངས་རྒྱས་ཚེ་ཐམས་ཅད་སངས་རྒྱས་དང༌། དངོས་པོ་ཡོད་ཚེ་སེམས་དེ་ཡང་སྣང་བ་ཉིད་དང་ལྷན་ཅིག་ཡོད་པར་འགྱུར་ཞིང༌། དངོས་པོ་མེད་པའི་ཚེའང་དེ་དང་ལྷན་ཅིག་འགྲོ་ལྡོག་བྱེད་པ་དང༌། རང་ཤི་ཚེ་ཡུལ་ཐམས་ཅད་མེད་པར་འགྱུར་བ་སོགས་སྐྱོན་དུ་འགྱུར་རོ། །དེ་ལྟར་གཟུང་འཛིན་དུ་གོལ་བའི་རྩ་བ་སྟོང་ན་མྱ་ངན་ལས་འདའ་ཚུལ་འདི་ལྟར། ཆོས་ཉིད་གང་དུའང་མ་གྲུབ་པའི་མ་རིག་པའི་དབང་གིས་གཟུང་འཛིན་སྒྲོ་བཏགས་གློ་བུར་བའི་རྐྱེན་ངར་འཛིན་ལྷན་སྐྱེས་བྱུང་ལ། སྲིད་པའི་རྩ་བར་འགྱུར་པའི་བདག་པོ་ནི་ང་སྙམ་པ་དང་ང་ཡི་བར་འཛིན་པ་ཉིད་ཡིན་ཏེ། འཇུག་པ་ལས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་སོ། །དེས་ན་དོན་ལ་ཡོད་པར་བཟུང་ནས་མེད་བཞིན་པ་ལ་འཁོར་བར་འཁྲུལ་པའི་གཞི་གཟུང་འཛིན་རྩ་བ་སྟོངས་ཏེ་རྒྱུན་ཆད་པར་གྱུར་ན། ཀུན་བྱེད་རྒྱལ་པོ་ཞེས་རིག་པ་ལ་སྨོས་ཏེ་འཁོར་བའི་ཆོས་གློ་བུར་གྱི་དྲི་མ་ཐམས་ཅད་རྒྱ་མཚོ་ལས་རླབས་ལྟར་སྔར་རིག་པའི་དབྱིངས་རང་ལས་བྱུང་ཞིང་ཕྱིས་སུ་ཡང་རང་ལ་ཐིམ་སྟེ་འཚང་རྒྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། །གཞིའི་བཞུགས་ཚུལ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཅིག་པའོ།། །།སྐལ་པ་དང་ལྡན་པའི་གང་ཟག་གང་ཞིག་འབྲས་བུའི་མཐར་ཐུག་སློབ་པ་མིན་པའི་གཞི་ཉིད་མངོན་དུ་གྱུར་པ་ཆོས་སྐུ་དང་གཟུགས་སྐུ་ཟུང་འཇུག་གི་གོ་འཕང་ལ། དཀྲི་ཞིང་སྦྱོར་བའི་དུས་གསུམ་རྒྱལ་བ་ཀུན་གྱི་མདོ་སྔགས་ཀྱི་གཞུང་ལམ་ཆེན་པོ་ཕྱིན་དྲུག་གི་ཡོན་ཏན་ཏེ་གནས་སྐབས་ལམ་གྱི་ཚོགས་གཉིས་རྫོགས་པ་དང༌། མཐར་ཐུག་འབྲས་བུ་སྐུ་གཉིས་འཐོབ་པར་བྱེད་པའི་ནུས་པ་ནི་རྣམ་པ་ཀུན་ཏུ་ཆོས་རྣམས་ཀྱི་གནས་ལུགས་སེམས་ཉིད་སྤྲོས་པ་དང་བྲལ་ཞིང༌། རང་བཞིན་གྱི་འོད་གསལ་བའི་དོན་མ་ནོར་བར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྟེན་པ་ཡིན་ཏེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པ་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡང༌། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །ཞེས་སོ། །ཐབས་ཤེས་ཟུང་དུ་འཇུག་པའི་ཆོས་ཉིད་ཀྱི་དོན་ཇི་བཞིན་མཐོང་བའི་ལམ་དེ་ནམ་ཡང་སྲིད་བ་དང་ཉན་རང་སོགས་གཞན་གྱི་རྒྱུར་མི་འགྱུར་རོ། །འོ་ན་དབུ་མ་པ་དང་མཚུངས་སམ་ཞེ་ན། འདི་ལྟར་ཡེ་ནས་རྫོགས་པའི་སེམས་ཉིད་རྫོགས་པ་ཆེན་པོའམ་བདེ་གཤེགས་སྙིང་པོ་ཡོན་ཏན་ཡེ་རྫོགས་སུ་བཞུགས་པའི་གཞི་ཉིད་ཡེ་ནས་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ཡེ་གསང་ཐབས་ཀྱིས་ཆོད་པ་གཞན་གྱིས་རྟོགས་པར་དཀའ་བ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་རྫོགས་རིམ་མཐར་ཐུག་པའི་ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་དེ་ལ། དག་མ་དག་སོགས་ཀྱི་མཚན་ཉིད་མི་གནས་ཤིང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་ལ་བློའི་འཇུག་པ་དབྱིངས་སུ་ཞི་ནས་དབུ་མར་བཟུང་བའང་མེད་ཅིང་མི་དམིགས་པས། རང་གི་ངོ་བོ་ཉིད་སྤངས་པ་སྟེ་སྟོང་ལ། ལྷུན་གྲུབ་ཀྱི་ཆ་ནས་དྭངས་གསལ་གཡོ་བ་མེད་པའི་འོད་གསལ་ཡེ་ཤེས་ཀྱི་སྒྱུ་མ་མི་འགགས་པ་ནི་རྫོགས་པ་ཆེན་པོར་གྲུབ་པ་ཡིན་ནོ། །རང་ཕྱོགས་སྒྲུབ་ཅིང་གཞན་ཕྱོགས་རྒོལ་བའི་རྩོད་པ་མངོན་པར་འཕེལ་བའི་བསམ་བྱུང་གིས་བསྐྱེད་པའི་རྟོག་གེའི་རིག་པ་རྣོན་པོས་ནི། ཇི་ལྟར་བརྟགས་ཤིང་དཔྱད་ཀྱང་ཟབ་མོའི་དོན་ལ་སྐུར་འདེབས་ཚུལ་གྱིས་རྗེས་སུ་དཔག་པའི་དོན་དམ་ལས་འདས་ཏེ། ཀུན་རྟོག་གི་འཐོར་རླུང་གཡོ་བའི་ཕྱི་བཞིན་འབྲང་བས་ན། དོན་དམ་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་བསམ་ཡུལ་ལས་འདས་པའི་ཆོས་ཉིད་དེ་དང་འགལ་བ་ཅན་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློད་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་དང༌། ལང་གཤེགས་ལས། བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་འདི་ལྟར་བརྟགས། །ཞེས་སོ། །དེ་ཁོ་ན་ཉིད་ནི་འཕགས་པའི་མཉམ་གཞག་གི་ཚེ་ནའང་སོ་སོ་རང་རིག་གི་ཡེ་ཤེས་སྤྲོས་བྲལ་ནི་ཡོངས་གཅོད་དུ་བསམ་ཞིང་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་རོ། །སེམས་ཙམ་མན་ཆད་ཀྱིས་གནས་ལུགས་ཇི་བཞིན་མ་རྟོགས་པས་དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེ་དང༌། རང་རྒྱུད་འཛིན་པ་དང་བཅས་པ་ས་མཚམས་དམན་པ་སྦྱོར་ལམ་མན་ཆད་ཀྱི་སོ་སྐྱེའི་རྟོག་གེ་ཡི་རྟོག་དཔྱོད་ལས་འདས་པ་རྒྱལ་བའི་ཡེ་ཤེས་རང་བྱུང་གི་དགོངས་པ་ནི། གདོད་ནས་གྲོལ་བའི་ཆོས་ཉིད་ཡིན་པས། ད་གཟོད་གྲོལ་བྱེད་ཀྱི་རྐྱེན་ལ་མི་འཇུག་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་དུ་རིག་པའམ་ཆོས་ཉིད་ཤེས་བྱ་གཞིའི་བཞུགས་ཚུལ་སྣང་ཕྱོགས་སུ་ཡོད་མཐར་མ་ལྷུང་བ། སྣང་བས་མ་བཅིངས་པ། སྟོང་པའི་རང་བཞིན་དངོས་པོའི་གཞི་ཐོག་ཏུ་ཕེབས་པ། སྟོང་ཕྱོགས་མེད་མཐར་མ་ལྷུང་བ། སྟོང་པ་དེ་ཡང་རང་བཞིན་འོད་གསལ་བའི་སྙིང་པོ་ཅན་ཏེ་ཟུང་དུ་འཇུག་པའི་འོད་གསལ་འགག་མེད་ནི། རིག་པ་རང་བྱུང་གི་ཡེ་ཤེས་བཅིངས་གྲོལ་དང་བྲལ་བ། སངས་རྒྱས་ཆོས་སྐུའི་དགོངས་པར་བཞུགས་པའི་ཆོས་ཉིད་ཀྱི་རང་རྩལ་སྐུ་དང་ཡེ་ཤེས་ཆོས་ཁམས་རྒྱ་མཚོ་ལྟ་བུར་ཡེ་ནས་འདུ་འབྲལ་མེད་པ་ནི། ཉི་མའི་སྙིང་པོ་ལ་འོད་ཟེར་འདུ་འབྲལ་མེད་པ་བཞིན་ཏེ། དེའི་ཚེ་ན་གཟུགས་སོགས་སྣང་ཡུལ་མ་འགགས་པར་ཤར་ཡང༌། དེ་ཡི་རྣམ་པས་རིག་པ་དེ་ལ་མ་གོས་པས་སྟོང་ལ། རིག་པ་ཡུལ་ཐོག་ཏུ་མ་ཤོར་བར་རང་སོ་ཟིན་པས་སྣང་ཡུལ་ལ་བློ་ཡིས་མ་གོས་པའམ་འཛིན་པས་སྟོང་སྟེ། ངོ་བོ་གང་དུའང་མ་གྲུབ་པའི་ཕྱིར་ན་སྟོང་པ་ཀ་དག་དང༌། ལྷུན་གྲུབ་ཀྱི་རྩལ་འགག་པ་མེད་པ་དེ་གཉིས་ཟུང་འཇུག་གཏད་མེད་ཀྱི་རིག་པ་བར་མེད་ཧར་སང་དུ་སོང་བ་ནི། བསལ་བཞག་དང་བྲི་གང་མེད་པའི་ཆོས་ཉིད་ཕྱམ་གཅིག་ཏུ་གནས་པ་སྟེ། ནམ་མཁའ་ཀློང་ཡངས་ལས། གང་ཡང་མ་སྤངས་ཀུན་ལས་འདས་པའི་དོན། །ཕྱོགས་བྲལ་རིག་པ་གཏད་མེད་རང་ཡན་ཏེ། །འདི་ཞེས་མི་མཚོན་བསམ་པ་ཀུན་དང་བྲལ། །གཉིས་མེད་ཡངས་པ་ཆེན་པོར་ཕྱམ་གཅིག་གོ །ཞེས་སོ། །ཆོས་ཉིད་བྱ་རྩོལ་དང་བྲལ་བ་བློ་འདས་རྫོགས་པ་ཆེན་པོའི་གནས་ལུགས་གང་ལ། ངོ་བོར་དབྱེ་བ་དང་བཟང་ངན་མ་གྲུབ་ཀྱང་དབང་པོ་དང་བློ་ཡི་རིམ་པས་འཇལ་ལུགས་རྣམ་པ་གསུམ་དུ་གསུངས་པ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་པ་ལྟར་རང་གི་སེམས་ཉིད་ལས་གཞན་དུ་གྱུར་པའི་ཆོས་གང་ཡང་སྤང་བྱ་ལས་གྲོལ་བར་གནས་པ་སེམས་ཀྱི་སྡེ་ནི། ཆོས་ཀུན་རིག་པའི་རོལ་པ་སྣ་ཚོགས་པའི་གསལ་ཤས་ཆེ་བ་རྩལ་དུ་མེ་ལོང་དྭངས་མའི་མདངས་ལྟར་གསལ་ལ་འགག་པ་མེད་པར་ཤར་ཏེ། ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་ཀུན། །སེམས་ཀྱིས་བྱས་ཤིང་སེམས་ཀྱི་ངང་དུ་གཅིག །ཅེས་སོ། །ཀློང་གི་སྡེ་ནི་ཡིན་མིན་ཕྱོགས་བྲལ་རང་སྣང་བཀོད་པའི་རྒྱན་སྟོང་ཤས་ཆེ་བ་ལས་སེམས་སྡེ་ལྟར་རང་རྩལ་མི་འདོད་དེ་ཕྱོགས་བྲལ་ཡེ་སྟོང་ཀློང་འབྱམས་ཆེན་པོའོ། །སེམས་སྡེ་ནི་རྩལ་ཏེ་ཉེ་བར་འཕྲོས་པ་ལྟ་བུ། ཀློང་སྡེ་རྒྱན་ཏེ་ཚུར་རིག་པ་ལྟ་བུའོ། །མན་ངག་གི་སྡེ་ནི་ཆོས་ཐམས་ཅད་མེད་བཞིན་སྣང་བས་ཡིན་ལུགས་གཤིས་ཐོག་ཏུ་ཕེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བའི་སྟོང་པའི་གཟུགས་བརྙན་ཉག་གཅིག་ཡིན་ལ་རྣམ་རྟོག་གྲོལ་བ་དང་ངང་ལ་འཇོག་པ་གང་ཡང་མེད་པས་ཁྱད་པར་དུ་འཕགས་སོ། །ཀུན་ཀྱང་ཐོག་མཐའ་སྐྱེ་འགག་མེད་པས་གྲོལ་བར་བྱ་བའི་གཞི་སེམས་ཀྱི་ཆོས་ཉིད་ཡེ་ནས་གྲུབ་མ་མྱོང་བའི་སྨིག་སྒྱུ་ལ་ཆུ་རགས་མི་དགོས་པ་ལྟ་བུ་གཞི་གང་ཡང་མེད་པའི་བྱང་ཆུབ་སེམས། གང་གིས་སྒྲིབ་པ། གང་ཞིག་དགྲོལ་བར་བྱ་བ། ཐབས་གཞན་ཡང་སྤངས་པའི་ཡུལ་སྣང་མ་འགགས་པ་རང་གསལ་གྱི་གདངས་འགགས་མེད་དུ་དེ་ཡང་ཕྱང་ཆད་ལྟ་བུ་མ་ཡིན་པར་ཡེ་ནས་འགགས་མ་མྱོང་བས་སྟོང་བར་མཐོང་དགོས་ཀྱང་དེ་ལ་སྟོང་གཞི་དང་གནས་བྱེད་ཀྱི་རྩ་བ་མེད་པའི་རིག་པ་རང་གདངས་ཀ་དག་གི་ཀློང་ན་རང་གསལ་བ་ནི་གྲོལ་བ་ལྔའི་ཁྱད་ཆོས་དང་ལྡན་པ་ཡིན་ཏེ། ཡེ་གྲོལ་ནི། ཚོགས་བརྒྱད་སྤྲིན་ལྟ་བུའི་དབུས་ན་རིག་པ་ནམ་མཁའ་ལྟར་སྲིད་པའི་སྐྱོན་གྱིས་མ་གོས་ཤིང་སྤྲོས་པ་དང་བྲལ་བས་ན། ཕྱི་ནས་རྐྱེན་གྱིས་རྣམ་རྟོག་གང་ཤར་ཡང་བྱས་ཤིང་བཅོས་པ་མེད་པས། དང་པོ་ནས་ཡེ་གྲོལ་དུ་ཡོད་པ་ཡིན་ནོ། །རང་གྲོལ་ནི། བླ་མས་ངོ་རང་ཐོག་ཏུ་སྤྲད་པ་དེ་ཉིད་རང་བབས་སུ་འཇོག་པ་ལས་མེད། འོན་ཀྱང་རྣམ་རྟོག་རགས་པ་རྒྱུན་མཐུད་པ་གཉེན་པོ་ཅུང་ཟད་བརྟེན་དགོས་པའི་ཆོས་ཐམས་ཅད་རིག་པ་རང་གིས་རང་གྲོལ་བ། དཔེར་ན་ཆུ་འབབ་པ་ལ་དེད་མི་དགོས་པ་ལྟར་རྐྱེན་ལ་རག་མ་ལུས་སོ། །གཅེར་གྲོལ་ནི། རྣམ་རྟོག་འཁྲུལ་འབྱམས་སུ་སོང་ན་རིག་ངོ་ལ་བལྟས་པས་གྲོལ་བ། དཔེར་ན་ཁྱི་ལ་རྡོ་འཕངས་བས་རྡོ་དེད་པ་ལྟར། རྣམ་རྟོག་གི་རྗེས་བསྙེག་པ་མ་ཡིན་ལ། སེངྒེ་ལ་རྡོ་འཕངས་ན་གང་ཟག་ལ་བསྙེག་པ་ལྟར་རིག་ངོ་ལ་གཅེར་གྱིས་བལྟས་པས་གྲོལ་བ་ཡིན་པས་གཉིས་པོར་ལྟོས་པ་དང་ལྟོས་གཞི་ཀུན་དང་བྲལ་བའོ། །མཐའ་གྲོལ་ནི། རིག་པའི་ངོ་བོ་སྐྱེ་མེད་ཀྱི་ཆ་ནས་ཡོད་མཐའ་ལས་གྲོལ་ཀྱང༌། འགག་མེད་ཀྱི་ཆ་ནས་མེད་མཐའ་ལ་མི་གནས། རྒྱུན་མི་འཆད་པས་མེད་མཐའ་ལས་གྲོལ་ཀྱང༌། རྟག་དངོས་མིན་པས་ཡོད་མཐའ་ལ་མི་གནས། རྩལ་སྣང་སྣ་ཚོགས་སུ་འཆར་བས་གཅིག་པུར་མ་གྲུབ་པ་དང༌། སྤྲོས་པ་དང་བྲལ་བས་དུ་མར་གདགས་པའི་མཐའ་ལས་གྲོལ་བའི་ཀུན་ཏུ་བཟང་པོའོ། །གཅིག་གྲོལ་ནི། བདེན་པ་དབྱེར་མེད་ཀྱི་རིག་པ་སྤྲོས་བྲལ་ལ། གཅིག་དང་དུ་མ་མ་གྲུབ་ཀྱང༌། ཐ་སྙད་དུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱ་བར་བཏགས་པའི་ཟང་ཐལ་གྱི་ཡེ་ཤེས་གཅིག་པོ་རྣམ་རྟོག་ཐམས་ཅད་རིག་པའི་ཀློང་དེར་གྲོལ་བས་ཆོས་གང་ཡང་མེད་པ་ནམ་མཁའ་དྭངས་པ་ལྟར་མཚན་ཉིད་མེད་དོ། །གང་དག་འོག་ཏུ་འཆད་པའི་རྟོགས་མ་རྟོགས་ཀྱི་ཆ་མ་རིག་པ་ཚོགས་དང་བཅས་པའི་སེམས་ལས་འདས་པའི་གཞི་གནས་ཀྱི་རིག་པ་རྗེན་ཅེར་དུ་ངོ་སྤྲད་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཏེ། རིག་པའི་ཆོས་ཉིད་ཚུལ་བཞིན་དུ་རྟོགས་པ་རྣམས་ནི་གཞི་ལས་གཞི་སྣང་ངོ་ཤེས་ནས་རིག་པ་རང་བཞིན་མེད་པའི་ངང་དེར་གྲོལ་ཏེ། ཆོས་ཉིད་ཟད་སར་ཐུག་པ་ན་ཀུན་ཏུ་བཟང་པོའི་ཞིང་དུ་ཕྱིན་ཏེ་ཆོས་སྐུའི་རྒྱལ་ས་ཟིན་པའོ། །རིག་པའི་ཆོས་ཉིད་མ་རྟོགས་པའི་སེམས་ཅན་གཟུང་འཛིན་གཉིས་སུ་སྣང་སྟེ་རིག་པའི་དབྱིངས་དེ་ཉིད་ལས་མ་གཡོས་བཞིན་ཀུན་གཞིའི་ངང་དུ་འཁྲུལ་སྣང་འཁོར་བའོ། །མདོར་ན་སེམས་རིག་གཉིས་པོ་དེ་དཔེ་ཡི་རྣམ་པས་དབྱེ་ན། རིག་པ་ནི་ཚོགས་བརྒྱད་རླབས་ལྟ་བུས་མ་དཀྲུགས་པ་རྣལ་དུ་གནས་པ་རླབས་བྲལ་གྱི་རྒྱ་མཚོའི་ཆུ་ལྟ་བུ་དང༌། སེམས་ནི་རྣམ་རྟོག་གིས་དཀྲུགས་པ་ཆུ་བུར་བཞིན་ནོ། །རྟོག་མེད་གནས་པ་ཙམ་ནི་རིག་པ་མིན་ཏེ། མཉམ་བཞག་གི་སྐབས་འགྱུ་བ་མངོན་གྱུར་བ་འགགས་ནས་རྩེ་གཅིག་ཏུ་ཟིན་པ་སེམས་རྟོག་མེད་རིག་པ་ཡུལ་མེད་དུ་ཟིན་པ་རྟོག་མེད་གཉིས་གནས་པ་ཙམ་དུ་སེམས་རིག་མཚུངས་ནའང༌། འབྱེད་ཆོས་ནི་རིག་པ་རང་བཞིན་མེད་པའི་ཆོས་ཉིད་ཡོངས་ཤེས་ཀྱི་ངོ་བོར་བདེན་འཛིན་མཐའ་དག་དང་བྲལ་བ་ཟང་ཐལ་གྱིས་གསལ་ལ། སེམས་ནི་ལྟེང་ཀ་སྟེ་ཁྲོན་པ་ལྟ་བུར་འཁྱིལ་ཞིང་མ་རིག་པ་དང་མཚུངས་ལྡན་གྱིས་རིག་པ་རང་བྱུང་གི་སྒྲོན་མེ་སྒྲིབ་ནས་རྨོངས་ལ། རིག་པ་ནི་ཡིད་ཡུལ་དུ་མི་འཇུག་པ་སོ་སོ་རང་རིག་གི་ཡེ་ཤེས་ཏེ། དཔེར་ན་གནམ་སྟོང་ཟླ་བ་རང་འོད་ཕྱིར་མི་གསལ་ལ་གཏིང་གསལ་དང་འདྲ་བར་ཡེ་ཤེས་ལྔ་པོ་ལྷུན་གྲུབ་ཏུ་ཡོད་ཀྱང་ཡུལ་གྱི་རང་བཞིན་ལ་མི་རྟོག་གོ །སེམས་ནི་གནས་པ་ཙམ་ཡོད་ཀྱང་ཡུལ་སྣ་ཚོགས་པའི་རྗེས་སུ་འགྱུ་བས་བཅོ་ལྔའི་ཟླ་བ་རང་འོད་ཕྱིར་འཕྲོས་ཏེ་ཡུལ་ཐམས་ཅད་ལ་འདྲེས་པ་དང་མཚུངས་སོ། །ལྷག་མཐོང་གསལ་བའི་ཆ་ལ་མ་རིག་པའི་རྙོག་པ་མེད་པས་དྭངས་ལ། ཡུལ་གྱི་རྣམ་པས་གོས་པ་མེད་ལ་སྣང་སྟོང་ཟུང་དུ་འཇུག་པ་ནི་རིག་པའི་ཡོན་ཏན་ཡིན་ཏེ། དེ་ལས་གཞན་པའི་མྱང་འདས་གུད་དུ་མེད་ལ་ཚོགས་དྲུག་གི་ཡུལ་དང་ཀུན་ནས་འདྲེས་པ་ནི་སེམས་ཀྱི་ཁྱད་དེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་བཞིན་རིག་པ་ཟང་ཐལ་དུ་ངོས་ཟིན་པའི་ངང་ལ་གནས་ན་དེ་ནི་ཆོས་ཉིད་རང་གི་གཤིས་ལུགས་ལ་ཡེ་ནས་གནས་པའི་ཤེས་རབ་བམ་ལྷག་མཐོང་སྟེ། ངོ་བོ་བསལ་བཞག་དང་བྲལ་བ། བསམ་གཏན་ནི་ཐབས་གཞན་ལ་མ་ལྟོས་པར་རང་གསལ་ངར་དང་ལྡན་པས་བྱིང་རྒོད་དང་བྲལ་བ་ཡིན་ཞིང༌། སེམས་ལམ་དུ་བྱེད་པའི་བསམ་གཏན་ནི། དམིགས་པའི་ཡུལ་ལྷ་སྐུ་སོགས་ལ་འཛིན་སྟངས་དང་བཅས་པས་རྩེ་གཅིག་ཏུ་འཇོག་པ་ཡིན་པས་བསྒོམ་པའི་ཏིང་ངེ་འཛིན་དང་སྔར་གཏན་ལ་ཕབ་པའི་ལྟ་བའི་དོན་དེ་གཉིས་ཡུལ་བསྒོམ་བྱ་ལྟ་བའི་རང་བཞིན་རྟེན་དང་ཡུལ་ཅན་སྒོམ་བྱེད་ཏིང་ངེ་འཛིན་བརྟེན་པར་ཟུང་དུ་འབྲེལ་བས་ན། གཟུང་འཛིན་དང་བྲལ་བའི་རིག་པའི་སྒྲིབ་བྱེད་དུ་སོང་ནས་གནས་སྐབས་རྣམ་རྟོག་ངལ་གསོ་བའི་བསྟི་གནས་ཙམ་ལས་ཆོད་ཆུང་བ་ཉིད་དེ། རྫོགས་ཆེན་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསམ་གཏན་ཤེས་གཞི་བྱར་མེད་དང༌། །རྫོགས་ཆེན་ལྷག་མཐོང་རིག་པ་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །ཞེས་སོ། །རིག་པ་ཡུལ་ལ་ཤར་བ་སྟེ་ཐུགས་རྗེའི་རྩལ་མདངས་མ་འགགས་པར་སྣང་བ་ཡིན་ཀྱང༌། རང་ངོ་དང་རྩལ་ཤར་བ་གཉིས་ཐ་དད་དུ་གྱེས་ཏེ་ཡུལ་གྱི་རྗེས་སུ་རྟོག་པ་མཐུད་ནས་རྩ་བ་ཆོད་པ་མིན་ཕྱིར་ཕྱི་ཚོགས་དྲུག་གི་ཡུལ་དུ་མ་དཔྱད། ནང་སེམས་སུ་མ་བརྟགས། བར་དུ་ཆོས་ཉིད་སྐྱེ་མེད་ལ་གཞག་བྱ་འཛིན་སྟངས་དང་བྲལ་བའི་ཆོས་ཉིད་བློ་འདས་ཀྱི་རིག་པ་རྗེན་པར་བུད་པས་གཞན་དུ་མི་འགྱུར་བའི་ཕྱིར། སྣང་བ་ཡི་ཟིལ་གྱིས་མི་ནོན་པ་དཔེར་ན་དངུལ་ཆུ་སར་ལྷུང་ན་རྡུལ་དང་མི་འདྲེ་བ་དང་འདྲ་ལ། སེམས་ནི་གཟུང་བའི་ཡུལ་ལ་རང་ངོ་མ་ཤེས་པ་འཛིན་པའི་ཆ་དང་བཅས་པ་ཡི། རྣམ་རྟོག་སྣ་ཚོགས་པ་ཉེ་བར་ལེན་པའི་ཕྱོགས་དང་འདྲེས་ནས་ལས་སོགས་པར་འགྱུར་ཏེ། ཀློང་དྲུག་ལས། རང་རིག་བསམ་པ་བྲལ་བ་དང༌། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང༌། །ཡིད་ཀྱི་དྲན་བསམ་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །དེ་ཡང་ངོ་བོ་རིག་པ་ལ་བཞག་དུས་སེམས་གང་དགར་རང་སངས་ལ་བསྐྱུར་བ་ཡིན་ནོ། །རང་བཞག་གནད་འདི་དོ་གལ་ཤིན་ཏུ་ཆེ་བ་ཡིན་གསུངས། རིག་པ་ནི་སེམས་ཀྱི་ཆོས་ཉིད་ཡིན་པས་ན། སེམས་ཅན་གྱི་དུས་ན་སེམས་དེ་ཉིད་གཞན་དུ་མ་སྤངས་བར་དེའི་ཁྱབ་བྱེད་དུ་ཡོད་ཀྱང༌། སེམས་དང་རིག་པ་གཉིས་སྣང་མུན་བཞིན་ལྷན་ཅིག་མི་འདུ་བས། རིག་པ་ངོ་འཕྲོད་དེ་རང་བབས་སུ་གནས་སུ་རྒྱུན་བསྲིང་ན་བཟུང་བའི་ཡུལ་དང༌། དེ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་མ་རིག་པ་དང་མཚུངས་ལྡན་གྱི་ཤེས་སྒྲིབ་ཅན་རང་དང་རྫས་གཅིག་པའི་ཆགས་སོགས་ཉོན་མོངས་རྣམས་ཀྱང༌། ཡུལ་དང་ཡུལ་ཅན་གྱི་གཟུང་འཛིན་དེ་དང་ལྷན་ཅིག་སྦྲན་ནས་ཏེ་གཅིག་གིས་གཅིག་ལ་སྐད་བཏང་བ་བཞིན་རིག་པ་ལ་བྲོས་ནས་ནམ་མཁར་སྤྲིན་དེངས་པ་བཞིན་རང་དེངས་ལ་འགྲོ་བ་ཡིན་ནོ། །དེ་ལྟར་བྲོས་ཤིང་འགགས་པས་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་ཉོན་མོངས་པའི་བཙོན་ར་ཤིན་ཏུ་བརྒལ་དཀའ་བ་དེ་ལས། ཚེགས་མེད་དུ་ཐར་པ་ངེས་པར་འབྱིན་པར་བྱེད་པ་ཡི་མན་ངག་སྡེ་པ་ཡི་ཁྱད་པར་གྱི་ཆོས་ཡིན་ཏེ། ལམ་འདི་ལས་གཞན་དུ་གྱུར་པ་རྣམས་ལ་མན་ངག་འདི་དང་མི་ལྡན་པའི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པའི་ཚོགས་ཐམས་ཅད་ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་སྤོང་ཞིང༌། བྱང་སེམས་ཀྱིས་སྟོང་ཉིད་སོགས་གཉེན་པོས་འདུལ་བ་དང༌། ཨ་ནུ་མན་ཆད་ཀྱི་སྔགས་སྤྱིར་ཉོན་མོངས་ལམ་དུ་བྱེད་པའི་ཐབས་གཏུམ་མོ་སོགས་ལ་བརྟེན་ནས་བདེ་སྟོང་དགའ་བཞིའི་ཡེ་ཤེས་བསྐྱེད་པའི་ལམ་ལ་གཏོང་ཀྱང༌། སྤང་གཉེན་གཉིས་མཉམ་དུ་མི་འབྱུང་བའི་ཕྱིར། མི་མཉམ་ན་ལམ་བྱེད་ཀྱང་མི་རིགས་སོ། །སེམས་སྡེར་རྟོག་པ་གང་སྐྱེས་ཐམས་ཅད་ངོས་ཟིན་ནས་གཤིས་ཐོག་ཏུ་གྲོལ་བར་འདོད་ཀྱང་ངོས་ཟིན་མཁན་དེ་སེམས་ཡིན་དགོས་ན། སེམས་རང་གིས་རང་མི་མཐོང་བས་མི་གྲོལ། ཀློང་སྡེར་སྣང་སེམས་ཐམས་ཅད་རིག་པའི་རྒྱན་དུ་བལྟས་ནས་ཆོས་ཉིད་གཅིག་ཏུ་མཉམ་པར་བཞག་ནས་དག་པར་འདོད་ཀྱང་རིག་པ་ནི་ཡེ་ཤེས་ངོ་བོ་ཡིན་པས་དེའི་ངང་ལ་སེམས་མེད་པའི་ཕྱིར། ཡེ་ཤེས་ཀྱིས་སེམས་མི་མཐོང་བས་དེ་ལྟར་དབྱིངས་ཀྱི་ངང་དུ་འཇོག་པ་སོགས་དག་བྱེད་ཀྱི་རྩོལ་བ་གང་ཡང་མི་དགོས་པ། རིག་པའི་ཆོས་ཉིད་ཀྱི་ཀློང་ན་ཆོས་ཅན་རང་ངོས་ནས་སྟོང་པ་དང༌། ཆོས་ཉིད་གཞན་ངོས་ནས་སྟོང་པའི་འདོད་ཞེན་གྲུབ་མཐའ་ཐམས་ཅད་རང་ཚུགས་ཞིག་སྟེ། སྤང་གཉེན་གང་ཡིན་ཀྱང་རང་གྲོལ་རྗེས་མེད་དུ་གྱུར་པ་ཤིན་ཏུ་ངོ་མཚར་བ་གཞན་ལས་ཁྱད་པར་དུ་འཕགས་པའོ། །དེ་བཞིན་མ་དག་པའི་རྟེན་ཀུན་གཞི་དང་ནི། ཡེ་ཤེས་ཀྱི་རྟེན་ཆོས་སྐུ་གཉིས་ཀ་དག་སྟོང་པའི་དབྱིངས་སུ་གཅིག་ཀྱང༌། ཆོས་སྐུ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་རླབས་བྲལ་གྱི་རྒྱ་མཚོ་དང་འདྲ་ལ། ཀུན་གཞིའི་རྣམ་ཤེས་ནི་རིག་པ་དེ་ཡི་སྒྲིབ་ཆ་སྟེ། ཀུན་གཞི་ཞེས་དགེ་བའི་བག་ཆགས་ཀྱི་རྟེན་མི་དགེ་བའི་བག་ཆགས་རང་ཉིད་དག་བྱེད་ལྕགས་ཀྱི་བཙའ་ལྟ་བུ་དང༌། མི་དགེ་བའི་བག་ཆགས་ནི་ཆོས་སྐུའི་སྒྲིབ་བྱེད་ཙམ་ལས་ཀུན་གཞི་གཞན་ན་མེད་དོ། །གྲུ་པ་བཞིན་དུ་དགེ་མི་དགེའི་ལས་ལ་བརྟེན་ནས་འཁོར་འདས་གཉིས་ཀར་ལྡིང་ངོ༌། །གཞིའི་གནས་ལུགས་འོད་གསལ་དེ་ཉིད་ནས་ངོ་མ་ཤེས་ན་འཁྲུལ་པ་ཡིན་ལ། ངོ་ཤེས་ན་གྲོལ་བའི་ཆོས་དེ་ཉིད་ཀྱི་མཚན་ཉིད་ཀྱང༌། དཔེར་ན་རྨི་ལམ་སྣ་ཚོགས་ཀྱི་རྟེན་གཉིད་དུ་སོང་བ་དང༌། རྨི་ལམ་རྒྱུན་ཆད་ནས་དེ་ལས་སད་པ་བཞིན་ཏེ། འདི་ལྟར་ཀུན་གཞིའི་ངང་དུ་འཁྲུལ་པ་ན་ཡེ་ཤེས་ཀྱི་མཁྱེན་ཆ་མ་རིག་པས་སྒྲིབ་པ་ནི་སྒོ་ལྔའི་དབང་པོ་ནང་དུ་སྡུད་དེ་ཉམས་པའི་གཉིད་སྟུག་གི་གནས་སྐབས་ལྟར་ལ་མེད་སྣང་སྣ་ཚོགས་ལ་སྤྱོད་པ་ནི་དཔེར་ན་རྨི་ལམ་བཞིན་ནོ། །སྒྲིབ་པ་ལས་གྲོལ་ཏེ་ཆོས་སྐུའི་རང་ཞལ་མངོན་དུ་མཇལ་པ་ནི། གཉིད་དེ་ལས་སད་པའི་ཚེ་སྒོ་ལྔའི་ཡུལ་མངོན་སུམ་དུ་མཐོང་བའི་གནས་སྐབས་དང་འདྲའོ། །ཐོག་མའི་འཁོར་འདས་གང་དུའང་མ་ཕྱེ་བའི་གྲོལ་འཁྲུལ་གང་གིའང་རྒྱུར་ངེས་པ་མེད་པ་གཞི་ཡི་རིག་པ་ཀ་དག་གི་ངང་ནས་ལྷུན་གྲུབ་ཀྱི་གདངས་འགགས་མེད་དེ་དང༌། ལམ་མཐར་ཕྱིན་ཚེ་དག་པ་གཉིས་ལྡན་གྱི་གྲོལ་སའི་ཀ་དག་གློ་བུར་གྱི་དྲི་མ་བྲལ་བ་གཉིས་པོ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་དབྱིངས་ཀྱི་ངོ་བོ་ལ་འཕོ་འགྱུར་མེད་པས་རྫས་སུ་གཅིག་ཀྱང༌། སླད་ཀྱི་འཁྲུལ་པའི་གཞི་བྱེད་དང་མི་བྱེད་ཁྱད་པར་ནི། ཐོག་མའི་གཞི་ལྷུན་གྲུབ་ནི་མ་རིག་པ་ཆ་དང་བཅས་པའི་འཁོར་འདས་གཉིས་ཀའི་འཆར་གཞི་ཡིན་པས་འཁྲུལ་གཞི་བྱེད་ལ། གྲོལ་གཞི་ལ་མ་རིག་པ་མེད་པས་འཁྲུལ་གཞི་མི་བྱེད་པས་དེ་གཉིས་ཀྱི་ཁྱད་པར་ཤེས་པ་གཅེས་སོ། །ཚུལ་དེ་བཞིན་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པས་གྲོལ་ས་ཀ་དག་ནང་གསལ་གྱི་ཡེ་ཤེས་དེ་དང༌། ད་ལྟའི་རྣལ་འབྱོར་པའི་མཉམ་གཞག་གི་ངོ་བོ་བརྗོད་མེད་ཀྱི་རྟོགས་པ་ལམ་གྱི་རིག་པ་ཀ་དག་ངང་ལ་མཉམ་པར་བཞག་པ་གཉིས་ཀྱང་གཉིས་སྣང་དབྱིངས་སུ་ནུབ་སྟེ་རང་བཞིན་སྤྲོས་པ་དང་བྲལ་བས་རྒྱ་གར་ཡང་མ་ཆད་ཅིང་སྣང་སྟོང་ལ་སོགས་པའི་ཕྱོགས་སུ་ལྷུང་བ་མེད་པར་མཉམ་པ་ཙམ་ཡིན་ནའང་གྲོལ་ས་ཀ་དག་གི་དབྱིངས་ཉིད་ནི་མ་དག་པའི་རླུང་སེམས་བག་ཆགས་ཀྱི་ཆ་དང་བཅས་པ་རྣམ་པར་བྱང་ཞིང་ལམ་བསྒོམ་སྟོབས་ཀྱིས་དག་པར་འགྱུར་བའི་ཕྱིར་འཁོར་བའི་འཁྲུལ་སྣང་མེད་པར་མ་ཟད་ཡེ་ཤེས་ཀྱི་གསལ་ཆའང་དབྱིངས་སུ་ཐིམ་ནས་མྱ་ངན་ལས་འདས་པའི་སྣང་བ་ཡང་མེད་པར་ཀ་དག་གི་རིག་པ་ཆོས་སྐུའི་ངང་ལས་མི་གཡོ་སྟེ་འཁོར་འདས་གང་དུའང་མི་གནས་སོ། །ལམ་དུས་སུ་རླུང་སེམས་མ་དག་པའི་ཆ་གཏན་ཟད་དུ་མ་སོང་བས་རྐྱེན་དབང་གཟུང་འཛིན་དང་འགྲོགས་ཤིང༌། གཉུག་མའི་རིག་པ་སྒྲིབ་བྱེད་སེམས་དང་སེམས་བྱུང་དྲི་མའི་ཆས་རིག་རྩལ་བསླད་ཅིང་ཁུར་བས་རིག་པ་ཀ་དག་གི་དབྱིངས་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་དངོས་སུ་གནས་པ་ནི་རེས་འགའ་ཙམ་མོ། །དེ་ལྟ་ནའང་སེམས་རང་བབས་སུ་འཇོག་པར་བསླབ་ན་ནམ་ཞིག་གི་ཚེ་ན་འཛིན་སྟངས་དང་བྲལ་བའི་རིག་པ་རྟོགས་ནུས་སོ། །དེ་བཞིན་དུ་ད་ལྟ་ལམ་འདིར་ཞུགས་ནས་ཉམས་ལེན་ལ་བརྩོན་ཞིང་ཁྱད་པར་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་གོམས་པ་བརྟན་པོ་རྣམས་བར་དོ་དང་པོར་མ་གྲོལ་ཀྱང་ཆོས་ཉིད་བར་དོའི་སྐབས་གཞི་ལ་ལྷུན་གྲུབ་ཏུ་ཡོད་པའི་རིག་གདངས་ལྷུན་གྲུབ་ཆེན་པོའི་ལྷ་སྐུ་ཞིང་ཁམས་སོགས་སྣང་བ་རྣམས་བསམ་གཏན་གྱི་ཞག་གྲངས་སུ་རིམ་གྱིས་འཆར་བ་དང༌། ད་ལྟའི་རྟོག་བཅས་བསྐྱེད་རྫོགས་བསྲེ་འཕོ་ལ་གོམས་པའི་སྟོབས་ཀྱིས་སྲིད་པ་བར་དོར་ལྷ་ཡི་སྐུ་སྒྱུ་མ་ལྟ་བུར་ལྡང་ནུས་པའི་སྒྱུ་ལུས་གཉིས་པོ་བར་དོར་ལྷ་སྐུར་སྣང་བ་ཙམ་དུ་མཚུངས་ཀྱང༌། སྣང་བ་ཞིང་ཁམས་སུ་ཤར་བ་དེ་གཉིས་སྔ་མ་ནི་འདུས་མ་བྱས་ཀྱི་རང་གདངས་རྩོལ་མེད་དུ་ཤར་བ་ཡིན་པས་རྒྱ་ཆེ་ཞིང་རང་སྣང་དུ་ངོ་ཤེས་པ་ཙམ་གྱིས་ནང་དབྱིངས་ཐོག་ཏུ་གྲོལ་བར་འགྱུར་བ་དང༌། ཕྱི་མ་ནི་བག་ཆགས་བཟང་གོམས་རླུང་སེམས་རྩལ་ལས་སྣང་བ་ཡིན་པས་གོང་མར་ལྟོས་ན་རྒྱ་ཆུང་ཞིང༌། ད་དུང་ལམ་གྱི་ལྷག་མ་བགྲོད་དགོས་པས་མི་གྲོལ་བའི་ཁྱད་པར་ཡོད་པ་ཤེས་དགོས་སོ། དེ་ལ་ལས་དང་པོ་པས་རྟོགས་པ་བླ་མའི་ཐུགས་རྗེས་ངོ་སྤྲོད་པ་དེ་ས་དང་པོའི་རྟོགས་པ་ཡིན་ལུགས་དཔེར་ན་ཤེལ་གདུང་དུ་བལྟས་པའི་ཚེ་རྒྱང་རིང་པོ་ན་ཡོད་པ་རྣམས་དྲུང་ན་ཡོད་པ་ལྟར་སྣང་བ་ལྟ་བུ་ཡིན་ཏེ་རང་སྟོབས་ཀྱི་ཚོགས་བསགས་པ་དང་སྒྲིབ་པ་དག་པ་ཏེ་རླུང་སེམས་སོགས་ཀྱི་ཁྱད་པར་དུ་རྫོགས་པ་ཆེན་པོའི་ལམ་འདིར་ཞུགས་པའི་ཉམས་ལེན་གྱི་གནད་གོམས་མཐར་ཕྱིན་པས་དམ་ཚིག་རྣམ་དག་བསྲུང་བའི་སྐལ་པ་ཅན་ཞིག་ཡིན་ན། ས་བཅུའི་བར་གྱི་རང་རང་གི་སྣང་བས་བསྡུས་པའི་བྱང་སེམས་རྣམས་ལ་སངས་རྒྱས་ལོངས་སྐུ་དེ་མཐོང་བ་ལ་ཡུན་རིང་འཐོགས་པ་མ་ཡིན་ཏེ། ལོངས་སྐུ་དེ་ཡི་དཔེ་བྱད་ནི་མེ་ལོང་དུ་ཤར་བ་ལྟར་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་སངས་རྒྱས་ཀྱི་ཐུགས་རྗེས་རང་བཞིན་སྤྲུལ་པའི་ཞིང་ཁམས་ལྷག་པར་བཀོད་པ་ལ་ཚེ་འདི་བརྗེས་མ་ཐག་ཏུ་སྲིད་པ་བར་དོར་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱི་མཐུས་ལམ་གྱི་ལྷག་མ་བགྲོད་ནས་མྱུར་དུ་གདོད་མའི་དབྱིངས་སུ་རྨི་ལམ་སད་པ་ལྟར་འགྲོའོ། །ཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་སྣང༌། །དེ་རྗེས་འཛིན་པའི་གང་ཟག་སྐལ་པ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདིང་དུ་མ་གྱུར་ཀྱང༌། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང༌། རྫུས་སྐྱེས་དག་པས་མངལ་གྱི་རྒྱ་ལས་གྲོལ། །ཞེས་སོ། །ཁྱད་ཆོས་དང་ལྡན་པ་དེ་ཡི་ཕྱིར་ན་རང་བཞིན་རྫོགས་པ་ཆེན་པོའི་ལམ་འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ལས་ཉེ་ལམ་མཆོག་ཏུ་གྱུར་པ་སྟེ། གློ་བུར་གྱི་དྲི་མ་གཤིས་ལ་མ་ཞུགས་པས་གཞི་ལ་འཆིང་གྲོལ་མེད་པ་གདོད་ནས་སྤྲོས་པ་ཐམས་ཅད་ལས་གྲོལ་བའི་རིག་པ་ཀ་དག་དེའི་ངོ་བོ་ནི། རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཏེ་ཡེ་ནས་སྟོང་པ་སྤྲོས་བྲལ་ངོ་བོ་སྟོང་པ་ཉིད་ལ་ཡོད་པ་ལྟ་ཅི་མེད་པའང་བྲལ་བ་བསམ་བརྗོད་ཡུལ་ལས་འདས་པའོ། །ཚད་དབྱིབས་གཉིས་ཆོས་སོགས་ལས་འདས་པས་ན་མཚན་ཉིད་བློ་ཡི་བརྗོད་པའི་ཡུལ་ལས་འདས་པས་བློ་རེག་གི་ཐུག་པ་སྤངས་པ། འབྲས་བུའི་ཆོས་སྐུ་དང་ཡེ་ཤེས་སོགས་ཉི་མ་ལ་ཟེར་ལྟར་རང་ཆས་ཡོད་པས་བླང་དོར་བྱ་རྩོལ་གྱི་འབྲས་བུ་ལ་སྨོན་པ་མེད་པ་རང་བབས་སུ་བཞག་པ་ལ་རིག་པའི་ཡོན་ཏན་ཐམས་ཅད་རྫོགས་པའོ། །རིག་པའང་ཤེས་བྱའི་ཡུལ་གཟུང་འཛིན་ལམ་ལ་མི་གནས་པས་ཕྱིར་ན། ང་དང་ང་ཡིར་འཛིན་པའི་དངོས་འཛིན་གྱི་ཆོས་ཡོད་མེད་ཀྱི་མཐའ་དང་བྲལ་བའོ། །དེ་ལྟར་ངོ་འཕྲོད་པའི་ལྟ་བ་དེའི་ངང་ལ་འཇོག་པ་ལས་གཞན་སྒོམ་པ་པོ་དང་བསྒོམ་པར་བྱ་བ་ཞེས་ལྟ་བ་ཐ་དད་པའང་མེད་དེ། ཤེས་པ་འདི་ཀའི་ངང་ལ་མ་བཅོས་རྣལ་མར་རང་བབས་སུ་བཞག་ན། ཟང་ཐལ་དུ་རིག་པའི་གནས་ལུགས་རྗེན་པར་མཐོང་ངོ༌། །མཐོང་བ་དེ་ཡི་རང་གི་ངོ་བོ་རྣམ་རྟོག་བཟང་ངན་ལས་གྲོལ་ཏེ་རྐྱེན་གྱིས་གཞན་དུ་མི་འགྱུར་ན། མ་རིག་རྣམ་རྟོག་གི་འཛིན་པས་སྲིད་པར་འཁྲིད་པའི་ལས་གསོག་པར་མི་ནུས་སོ། །འདི་ལྟར་ཕྱི་རོལ་ཡུལ་གཟུགས་སོགས་དང༌། དེར་འཛིན་གྱི་བློས་བདག་ཏུ་ཞེན་པའི་མ་རིག་པ་དང༌། དེ་ལས་བྱུང་བའི་རྟོག་ཚོགས་རྣམས། དབང་ཕྱུག་སོགས་གཞན་བྱེད་པ་པོས་མ་བྱས་ཏེ་གློ་བུར་དུ་སྐྱེས་པའི་སེམས་རྟོག་གིས་རྒན་མོས་སྟག་བསྒོམ་པ་ལྟ་བུ་དེ་ཉིད་ལ་ཞེན་པ་དང་རྟོག་གེའི་བག་ཆགས་མཐུ་བརྟས་པ་ལས་གྲུབ་པའི་ཕྱིར། །རྟེན་པར་བྱེད་པའི་སྣང་བ་འདི་དག་ཐམས་ཅད་གཞི་སེམས་ཉིད་ནམ་མཁའ་ལྟར་ཅིར་ཡང་མ་གྲུབ་པའི་ངང་ལས་རང་གདངས་འགག་མེད་ཀྱི་སྟོང་གཟུགས་ཅིར་ཡང་ཤར་བ་དང༌། རྩ་བ་སེམས་ཉིད་རང་གི་ངོ་བོ་གྲུབ་པ་མེད་བཞིན་མ་རིག་པས་བསླད་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེས་པ་ལྟར་སྣང་ཡང་སྐྱེས་ཙམ་ཉིད་ལས་རིག་པའི་ཆོས་ཉིད་སྐྱེ་བ་མེད་པར་རྫོགས་ཏེ། མུ་ཏིག་ཕྲེང་བ་ལས། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་རྣམ་རྟོག་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་བ་ཡི་ཆོས་ཉིད་ཀྱང༌། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང༌། །ཞེས་སོ། །དེ་ལྟར་ལྟ་སྒོམ་སྤྱོད་གསུམ་ཟུང་འཇུག་ངང་ལ་གོམས་སུ་འཇུག་པ་ལས་གཞན་པའི་རྟོགས་པར་བྱ་བའི་འབྲས་བུ་ཞེས་པ་ཡོད་པ་མ་ཡིན་པས་བསྒྲུབ་མི་དགོས་ཏེ་དེ་ཉིད་ཀློང་དུ་ཕེབས་ཙ་ན། ཕྱི་ཡུལ་མེད་དུ་རྟོགས་པས་གཟུང་བའི་ཆོས་དག །ནང་ཡུལ་ཅན་དུ་མི་གནས་པས་འཛིན་པ་གཞི་མེད་རྩ་བྲལ་དུ་སོང༌། རྟེན་གཞི་མེད་པའི་རིག་པ་ལ་བློས་མཚོན་དུ་མེད་པས་ནམ་ཡང་འཁྲུལ་མི་ཤེས་པའི་ཚེ་ན་གསུང་རབ་ཀློག་པ་དང༌། ཚིག་དོན་བློ་ལ་འཛིན་པ་དང༌། དམིགས་པ་ལ་རྩེ་གཅིག་ཏུ་ཏིང་ངེ་འཛིན་བསྒོམ་པ་དང༌། བསྟན་བཅོས་སོགས་ཀྱི་དོན་ལ་སེམས་ཤིང་བརྟགས་པ་ལ་སོགས་པ་མཐའ་དག་ཀུན་རྟོག་གི་བློ་ཡི་གྲུབ་མཐའ་ཐ་སྙད་བཅོས་མའི་ཆོས་ལ་ལྟོས་མི་དགོས་པས། ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་མེད་པར་ལྟ་སྒོམ་སྤྱོད་པའི་ཁྲིགས་ཞིག །དྲན་པ་ཆོས་ཉིད་དུ་སངས་པས་ཆེད་དུ་བསྒོམ་པས་གཉེན་པོའི་ཆོས་ཟད། རིག་པ་ཆོས་སྐུར་ཤེས་པས་སངས་རྒྱས་དང་སེམས་ཅན་དུ་ཡེ་ནས་མ་གྲུབ་པའི་གདེང་རྙེད་པར་གྱུར་པ་ན། རང་རིག་གཟུང་འཛིན་དང་བྲལ་བ་དེ་ལས་གཞན་ན་ཡིད་སྨོན་གུད་ན་ཚོལ་དུ་མེད་པའི་ཆོས་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རྫོགས་པར་འགྱུར་བས་ན་འབྲས་བུ་ནི་རང་གི་རིག་པ་དེ་ཉིད་དོ། །ཁྲེགས་ཆོད་ལས་ཀྱང་ཁྱད་པར་བ་བླ་ན་མེད་པའི་ཐོད་རྒལ་གྱི་ལམ་ནི། བསྒོམ་དུས་ཁྲེགས་ཆོད་ཀྱི་ལྟ་བ་དེ་ལ་ངེས་པ་རྙེད་ནས་བཞུགས་སྟངས་དང་ནམ་མཁར་གཟིགས་སྟངས་སོགས་ཀྱིས་གནད་གཅུན་བས་རྣམ་རྟོག་རགས་པ་འགགས་ཤིང་ཕྲ་བ་རང་ཡལ་དུ་སོང་སྟེ། ཐོག་མ་ནས་དབྱིངས་ཀྱི་སྣང་བ་འོད་ལྔ་དང་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ནས་ལྷ་སྐུའི་བར་དབང་པོའི་མངོན་སུམ་དུ་མཐོང་བས་སྐུ་ཐིག་ལེ་ལ་སོགས་སྣང་བ་ལ་མ་ཞེན་ན་གོལ་བའི་གདངས་བྲལ་ནས་གཞན་སྟོང་ཉིད་གཤིས་ཤོར་གྱི་གོལ་ས་ཉུང་ཞིང༌། ཕྱི་འབྱུང་ས་རྡོ་རི་བྲག་སོགས་ཐ་མལ་གྱི་ཡུལ་སྣང་གི་བག་ཆགས་ཐོག་མེད་ནས་བཞག་པའི་རྡོས་བཅས་དྲི་མ་ངང་གིས་ཟད་པའི་དངོས་པོ་ཕྱི་ནང་ཐམས་ཅད་ལ་ཐོགས་མེད་ཟང་ཐལ་དུ་ཐར་བ་སོགས་འབྱུང་ཆེན་གྱི་ཡུལ་ཐམས་ཅད་ཡེ་ཤེས་འོད་གསལ་ཆེན་པོར་དྭངས་པར་བྱེད་པའི་ལམ་སྣང་བར་རྫོགས་ཤིང་མངོན་དུ་བྱེད་པ་ཡིན་པས། ནང་རང་གི་ཕུང་པོས་བསྡུས་པའི་འབྱུང་བ་རྣམས་ཁྲེགས་ཆོད་ཚད་དུ་ཕྱིན་པའི་སྟོབས་ཀྱིས། རྡུལ་ཕྲན་ཉིད་དུ་འགྲོ་བ་ཙམ་ལས་འོད་ལུས་སུ་དྭངས་པར་མ་ནུས་པའི་ཕྱིར་འཕོ་བ་ཆེན་པོའི་སྐུ་མི་འཐོབ་པའང༌། འཕོ་བ་ཆེན་པོ་ཟུང་འཇུག་གི་ཡེ་ཤེས་སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་རྡོ་རྗེའི་སྐུར་སྙིགས་མའི་དྭངས་མ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྨིན་ནས་རྟེན་དེས་གཞན་དོན་འཁོར་བ་མ་སྟོངས་བར་དུ་མཛད་པ་ནི། རྒྱལ་དབང་པདྨ་བི་མ་ལ་ཛྙཱ་ན་སཱུ་ཏྲ་རྣམས་ལྟ་བུའོ། །རྒྱུ་མཚན་དེའི་ཕྱིར་ན་ཐེག་པ་འོག་མར་རང་གི་སྡེ་པས་ཡིད་དཔྱོད་ཀྱི་ལམ་ལས་འདས་པ་སེམས་ཀློང་སོགས་ལྟ་བ་སེམས་ཉིད་མཐའ་བྲལ་དུ་གཏན་ལ་ཕབ་པས། སྒོམ་པ་དེའི་ངང་དུ་མ་བཅོས་པར་འཇོག་པ་ལས་ལྷ་བསྒོམ་སོགས་མི་དགོས་ལ། སྒོམ་པ་གང་ཤར་རང་གྲོལ་དུ་འགྲོ་བས་དགག་སྒྲུབ་མི་དགོས་པར་སྤྱོད་པ། འབྲས་བུ་གཞན་དུ་མི་རེ་བས་ཡེ་ནས་འབྲས་ཆོས་སྐུ་དང་ཡེ་ཤེས་རང་རྩལ་དུ་རྫོགས་པས་འོག་མ་ཀུན་དང་ཁྱད་ཞུགས་པའི་ཁྱད་ཆོས་ཀྱི་མཚན་ཉིད་གནད་རྣམ་པ་བདུན་ཏེ། བརྩོན་འགྲུས་ཆེ་ཆུང་དབང་པོ་རྣོ་᪔ᝋམེད་པའི་གནད་དང༌། དེ་བཞིན་མངོན་སུམ་བལྟར་ཡོད་པས་ཡིད་དཔྱོད་ལ་མི་ལྟོས་པ་དང༌། དོན་ཇི་བཞིན་མཐོང་བས་ཚིག་ལ་མི་ལྟོས་པ་དང༌། རང་གསལ་མངོན་དུ་གྱུར་པས་གཞི་ལམ་འབྲས་བུ་དུས་ལ་མི་ལྟོས་པ་དང༌། རྒྱུ་འབྲས་བཟང་ངན་ལ་མི་ལྟོས་པས་འབད་རྩོལ་བླང་དོར་མེད་པ་དང༌། རང་བྱུང་གི་འོད་གསལ་ཁོང་ནས་འཆར་བས་ན་སོ་ལ་རྒན་གཞོན་མེད་པ་དང༌། སྐུ་གསུམ་ལམ་སྣང་དུ་རྫོགས་ནས་ཀ་དག་གི་ཀློང་དུ་ལྷུན་གྲུབ་རིག་པའི་གཏན་སྲིད་ཟིན་པའི་གནད་བདུན་ལེགས་པར་ཕྱེད་པ་མན་ངག་འདི་ལྟ་བུ་དང་འཕྲད་པའི་དོན་ཡིན་པས་འབད་པར་གདམས་སོ། །དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་བདག་དང་བདག་གིར་འཛིན་པ་དང་བཅས་པའི་ཚོགས་བརྒྱད་གློ་བུར་བ་ནང་གི་འཁྲུལ་པའི་རྐྱེན། ཆོས་དབྱིངས་ཀ་ནས་དག་པའི་ཀློང་དུ་མ་ནུབ་པར་ཏེ་ནུབ་པར་བྱེད་མི་ནུས་པའི་སྣང་བ་ཡུལ་གྱི་བློ་ཅན་རྣམས་ལ་རིག་ངོ་ཅུང་ཟད་རེ་འཕྲོད་ཀྱང་གློ་བུར་བ་ཕྱི་ཡུལ་རྐྱེན་བཟང་ངན་ཏེ་ནད་གདོན་དང་ཐོབ་མངའ་ཐང་སོགས་རྐྱེན་གྱིས་བསླུ་བར་འགྱུར་བའི་ཕྱིར་ན། རྟོག་ཚོགས་ཐམས་ཅད་གཟུང་འཛིན་གྱི་ཆོས་སུ་སྣང་ཞིང་བསླད་པ་འདི་འདུལ་ཐབས་ལ་བརྩོན་དགོས་ཏེ། ཐ་མལ་པ་དེ་ཉིད་རང་ལུགས་འཁོར་བའི་གནས་སུ་འཕེན་པའི་ཚུལ་ལས་གཞན་དུ་མ་འགྱུར་པའི་སྲིད་པའི་རྩ་བར་གྱུར་པས་བདག་པོ་སྟེ་གཟུང་འཛིན་དེ་ཡིས། དང་པོའི་ལས་ཅན་རྣམས་ཀྱི་རིག་པའི་ངོ་བོ་ལ་སྒྲིབ་པའི་ཕྱིར་ན་ཐུན་མོང་པ་དང་མཐུན་པའི་སེམས་གནས་བསྒྲུབ་ཚུལ་ཡང༌། དེའི་གཉེན་པོ་ཞི་གནས་དང་ལྷག་མཐོང་ངོ་བོ་གཅིག་པ་ཡི་ཁྲིད་ཚུལ་དང༌། ཞི་ལྷག་སོ་སོ་བ་ཡི་འཁྲིད་ཚུལ་ཏེ་རྣམ་པ་གཉིས་ལས་འདིར་དང་པོ་ཞི་ལྷག་ངོ་བོ་གཅིག་པའི་ཕྱོགས་འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དགོངས་པ་ལྟར། དམིགས་རྟེན་གང་རུང་ལ་སེམས་གཏད་ནས་དྲན་པ་ལ་བརྟེན་ནས་བསྒོམ་པའི་ཚེ་དེ་ལ་གནས་ཆའི་སེམས་རྩེ་གཅིག་པའི་བསམ་གཏན་དང༌། རང་བཞིན་མེད་པར་གསལ་ཆའི་སོ་སོར་རྟོག་པའི་ཤེས་རབ་ནི། ཞི་ལྷག་ཟུང་དུ་འབྲེལ་བ་ལས་ཐ་དད་པ་གཟུང་འཛིན་གཉིས་སུ་འཛིན་པ་མིན་པས་མཐའ་བྲལ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་སྟེ། མཉམ་གཞག་ཚེ་སྟོང་ཉིད་དང༌། རྗེས་ཐོབ་ཚེ་སྙིང་རྗེ་ཟུང་དུ་འབྲེལ་བའོ། །བསྒོམ་པའི་མདོ་ཐམས་ཅད་འདིར་བསྡུས་སོ། །གཉིས་པ་ཞི་ལྷག་སོ་སོ་བའི་ཕྱོགས་ལའང་དབྱེ་བ་གཉིས་སུ་གྲུབ་སྟེ། གཙོ་བོ་ཐོས་བསམ་གྱི་ཤེས་རབ་ལས་བྱུང་བ་དང༌། བསྒོམ་ཐབས་ཀྱི་གདམས་ངག་ལས་བྱུང་བ་སྟེ་གཉིས་ཡོད་པར་མདོ་ལས་ཀྱང་འབྱུང་ངོ༌། ཤེས་རབ་ལས་བྱུང་བ་ནི་སྒྲ་ཡི་རྗེས་སུ་མཐུན་པ་གཞུང་གང་རུང་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་དེའི་ངང་རང་བཞིན་མེད་པར་ངེས་ཤེས་བཅས་དཔྱད་འཇོག་དབུ་མ་དང་མཚུངས་སོ། །དང་པོ་ཐོས་པ་དང་བསམ་པའི་དོན་ལ་སེམས་གནས་པའི་ཐབས་དགུ་ལ་སོགས་པས་རྩེ་གཅིག་པར་རྣམ་རྟོག་ཞི་བ་དང༌། དེ་ལས་བདག་མེད་དང་སྤྲོས་བྲལ་གྱི་དོན་རྟོགས་ཏེ་དམིགས་པའི་འཛིན་སྟངས་དང་བྲལ་བ་ལྷག་མཐོང་མཚན་ཉིད་པ་ཡིན་པས་འབད་པས་སྒྲུབ་པ་ཉིད་དོ། །མན་ངག་ལས་བྱུང་བ་ནི་སྒྲ་ཚིག་རྟོག་དཔྱོད་ལ་མི་ལྟོས་པར་དོན་གྱི་རྗེས་སུ་འགྲོ་བ་སྟེ་ཞི་ལྷག་སྒྲུབ་པའི་ཐབས་བླ་མས་མན་ངག་བསྟན་པའི་དོན་ལ་མཉམ་པར་འཇོག་པ་སྟེ། དེ་ཡང་ཕྱིའི་དམིགས་པ་སྐུ་གཟུགས་ས་བོན་ལ་གཏད་ནས་བསྒོམ་པའམ། ནང་དམིགས་རླུང་ཐིག་སོགས་ལ་སེམས་འཛིན་པ་དང༌། ལུས་གནད་རྩ་རླུང་སོགས་གནད་དུ་གཅུན་པས་བདེ་གསལ་མི་རྟོག་པ་སྐྱེ་བ་སོགས་དམིགས་པ་དེ་དག་གི་ངང་ལ་སེམས་ནི་རྣམ་རྟོག་གིས་གཡོ་བ་མེད་པར་རྩེ་གཅིག་ཏུ་གནས་པ་ཞི་གནས་ལ། གང་སྣང་བ་དེ་ཡི་རང་བཞིན་གདོད་ནས་སྤྲོས་བྲལ་འོད་གསལ་བའི་བདག་ཉིད་ཅན་དུ་ཤེས་ནས་གང་དུའང་འཛིན་པ་མེད་པ་ནི་ལྷག་མཐོང་མཚན་ཉིད་པ་སྟེ། མདོར་ན་རྟོགས་པ་ཀློང་དུ་རྡོལ་བའི་གང་ཟག་རབ་ཀྱིས་ངན་རྟོག་ཐམས་ཅད་ཤར་དུས་དེ་ཉིད་ན་རྗེས་མཐུད་མེད་པར་གྲོལ་ན་གང་ཤར་ཀུན་ཆོས་སྐུར་ལྷོངས་པས། རྣམ་རྟོག་བཟང་ངན་གང་སྐྱེས་ཀྱང་མགོ་མཉམ་པར་གྱུར་པ་ན་གཉེན་པོ་གཞན་བསྟེན་མི་དགོས་ཏེ། ཉལ་འདུག་དཀྱིལ་འཁོར་གྱི་རོལ་པ། རྐང་རྗེས་རྡུལ་ཚོན་གྱི་ཐིག་ལེ། སྒུལ་སྐྱོད་ཐམས་ཅད་ཕྱག་རྒྱའི་རོལ་པ་ཡིན་ནོ། །འབྲིང་གིས་སྔར་གཏན་ལ་ཕབ་པའི་ལྟ་བའི་ངང་དྭངས་ཞི་ལྷག་ཟུང་འབྲེལ་གྱི་ལམ་ལ་གོམས་པས། བཟང་ངན་རྟོག་པ་མཐའ་དག་ནམ་མཁའི་དབྱིངས་སུ་སྤྲིན་དེངས་པ་བཞིན་ཀ་དག་གི་དབྱིངས་སུ་ནུབ་བོ། །ཐ་མས་མདོ་ཕྱོགས་ལྟར་ཐོག་མར་ཞི་གནས་འབའ་ཞིག་བཙལ་ཏེ། ལྷ་སྐུ་ས་བོན་གྲུ་ཆད་སོགས་གང་དམིགས་ཀྱང་གཏན་ཚུགས་ཀྱི་བརྟན་པ་ཐོབ་ནས། ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པ་བསྐྱེད་དེ་ཞི་ལྷག་ཟུང་འབྲེལ་ལ་གོམས་པར་བྱེད་ན། རིམ་གྱིས་མཐར་གྱིས་རྣམ་རྟོག་རང་སར་གྲོལ་བའི་དུས་ཞེས་བྱ་བ་དཔེར་ན་གསེར་གླིང་ནས་ས་རྡོ་མི་རྙེད་པ་བཞིན། སེམས་དང་སེམས་བྱུང་རྟོག་པ་གང་སྐྱེས་ཀྱང༌། སྣང་སེམས་དབྱེར་མེད་རོ་གཅིག་ཏུ་འདྲེས་ཚེ་གྲུབ་རྟགས་ཟང་ཐལ་སོགས་ཕལ་ཆེར་སྟོན་ནུས་ཤིང༌། གཞི་གྲོལ་ཀློང་ཡངས་ཆེན་པོར་འཆར་རོ། །རྣམ་རྟོག་དག་པར་བྱེད་པའི་ཐབས་ཀྱི་ལམ་མཆོག་ཏུ་བཟང་ངན་གྱི་རྟོག་པ་གང་ཤར་ཡང༌། དགག་པར་མི་བྱ་བསྒྲུབ་པར་བྱ་བ་མེད་ལ། ཐ་མལ་པ་ལྟར་རྗེས་སུ་མི་འབྲང༌། འཛིན་སྟངས་ཅི་ཙམ་ཡོད་ཀྱང་དང་པོ་དྲན་པ་བསྟེན་ཏེ་དྲན་པའི་ངང་མ་བོར་བ་གལ་ཆེ། དེ་ལ་གོམས་པ་ན་རིམ་གྱིས་སེམས་གནས་ཆ་ཐོབ་ཚེ་གཉིས་སྣང་ནུབ་བོ་སྙམ་པ་ལྟ་བུའི་ཉམས་དང༌། མངོན་ཤེས་སོགས་འཆར་ཡང་དེ་དག་བདེན་པར་མི་ཞེན་པ་གལ་ཆེ་སྟེ། ཉམས་སྣང་ལ་ནམ་ཞེན་བདུད་ཀྱིས་བར་དུ་གཅོད་པས་གང་དུ་ཡང་རོ་སྙོམས་ཀྱིས་སྐྱོང་བ་ཤིན་ཏུ་གལ་གནད་དོ། །གང་གི་ཡང་རྗེས་སུ་མི་འབྲང་རོ་སྙོམས་ཏེ་གོལ་ས་དང་བྲལ་ནས། སྐྱེ་མེད་དུ་རྟོགས་པའི་རིག་པ་རྣལ་མའི་ངང་དེ་ལས་མ་གཡོས་ཙམ་དུ་རང་སར་གནས་ཏེ་དབང་པོའི་སྒོ་མི་དགག་པར་ཚོགས་དྲུག་ཏུ་ལྷུག་པར་བཞག་ན། ཤ་ཡི་མིག་དང༌། ལྷ་ཡི་མིག་དང༌། ཤེས་རབ་ཀྱི་མིག་སོགས་སྤྱན་ལྔ་དང༌། སྔོན་གནས་རྗེས་དྲན་སོགས་མངོན་བར་ཤེས་པ་དྲུག་སོགས་པ་ཡུལ་སྣང་མ་འགགས་པར་འཆར་བའི་དབང་པོ་དང་ཤེས་པ་རང་བཞིན་དྭངས་པའི་ལམ་གྱི་ཡོན་ཏན་མཐའ་དག་རྩོལ་སྒྲུབ་མི་དགོས་པར་འཐོབ་པར་འགྱུར་ཏེ། གསང་སྙིང་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་འོང་ཡོད་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། དེ་ལྟ་བུ་ཡི་ངང་དུ་འབྱུང༌། །ཞེས་སོ། །རྣམ་རྟོག་དང་པོ་སྐྱེ་དུས་ཐ་མལ་པ་དང་སྐྱེ་ཚུལ་མཚུངས་ཀྱང་སྐད་ཅིག་གི་རྟོག་པ་ཙམ་གྱིས་ལས་མི་གསོག་ཀྱང་རྣམ་རྟོག་རྒྱུན་མཐུད་དེ་ཞེན་པས་འཆིང་བའོ། །རྟོག་པ་ཚོགས་དྲུག་གི་ཡུལ་དང་འབྲེལ་ན་ཐ་མལ་པ་འཁོར་བར་འཕེན་བྱེད་ལས་མི་འདའ་སྟེ། དེ་ལྟར་མ་ཡིན་པར་མེ་ལོང་གཡའ་དག་པ་ལྟ་བུར་དྭངས་པའི་ཤེས་པ་ལ། སྣང་ཡུལ་གཟུགས་སོགས་གཟུགས་བརྙན་ལྟར་མ་འགགས་པར་རྒྱ་མཚོ་ལ་གཟའ་སྐར་བཞིན་སྣ་ཚོགས་རོལ་པའི་ཆ་དེ་དབང་པོའི་གདངས་མ་འགགས་པའི་ཡོན་ཏན་དུ་བཀྲ་ཡང༌། སྣང་དུས་ཉིད་རང་གི་ངོ་བོས་སྟོང་སྟེ་ཡུལ་ལ་དེར་འཛིན་གྱི་རྗེས་དཔྱོད་བྱས་ཏེ་ཤེས་པ་སྣང་ཐོག་ཏུ་མ་ཤོར་ན། རྣམ་པར་འཛིན་པའི་བློ་ཡིས་གོས་པར་མ་གྱུར་ཏེ་འཛིན་མེད་དུ་འགྲོ་བ་དེས་ན། གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་ཕན་ཚུན་ཡུལ་ཡུལ་ཅན་གྱི་འབྲེལ་བ་ཡུལ་མེད་ཀྱི་རིག་པའི་ངང་དུ་ཆད་པས། སོ་སོ་རང་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངང་ལ་ཤུགས་འབྱུང་གི་དྲན་པ་བསྐྱངས་པས་ཕྱི་ནང་གི་འབྱུང་བའི་སྙིགས་མ་རང་དག་ཏུ་སོང་ནས་ཆོས་ཉིད་ཟད་སར་བསྐྱལ་ཏེ་རྒྱལ་ཀུན་གཤེགས་ཤུལ་ཡེ་ཤེས་བླ་མའི་ས་ལ་ཚེ་རབས་མང་པོ་དང་ཡུན་རིང་པོའི་མཐར་ལྟོས་མི་དགོས་པར་ད་ལྟ་ཉིད་དུ་ཕྱིན་པར་འགྱུར་རོ། །མདོར་ན་རང་བཞིན་རྣམ་དག་གི་དབྱིངས་ཀྱི་ལམ་ནི་ཆོས་ཐམས་ཅད་གཞི་ཀ་དག་གི་ངོ་བོར་ཆོས་ཉིད་གཅིག་ཏུ་དབྱིངས་དེ་མ་བོར་བར་རྟོགས་པ། རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན་འདི་གཉིས་དོན་ལ་དབྱིངས་རིག་ཟུང་འཇུག་གོ །འོད་གསལ་གྱི་ལམ་ནི། འཁོར་འདས་ཀྱི་སྣང་ཆ་འཛིན་པའི་རྒྱང་ཞགས་ཆུ་ཡི་སྒྲོན་མ། སྙིང་ནས་མིག་ཏུ་འབྲེལ་བའི་རྩ། ཀ་དག་གི་གདངས་ཐིག་ལེ་ཟླུམ་གོར་དུ་ཤར་བས་ཐིག་ལེ་སྟོང་པའི་སྒྲོན་མ་དེ་རྣམ་པ་གཉིས་པོ་ལ་བརྟེན་ནས་འོད་གསལ་གྱི་སྣང་བ་འཆར་ཞིང་འཕེལ་བར་བྱེད་དོ། །ཕྱི་དབྱིངས་ནམ་མཁའ་ཆེས་དྭངས་པ་ལྟར་རྐྱེན་བྲལ་ནང་དབྱིངས་རྩལ་སྒོམ་བྱུང་གི་ཤེས་རབ་རིག་གདངས་ལུ་གུ་རྒྱུད་རིག་པ་སྐྱེ་མེད་དུ་འཕོ་འགྱུར་བྲལ་བའོ། ཁྲེགས་ཆོད་ལམ་ནི་རྟོག་ཚོགས་ཐམས་ཅད་ཀ་དག་ཏུ་ཐག་བཅད་པས་གཞི་མེད་ཡུལ་མེད་རྟེན་མེད་མིང་མེད་དུ་སོང་ནས་ཤར་གྲོལ་དུས་མཉམ་སྟེ། འདས་རྗེས་ལས། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་སོ། །ཐོད་རྒལ་ལམ་གྱི་ངོ་བོ་ནི། དབྱིངས་དང་རིག་པ་གཉིས་པོ་སྒྲོན་མ་གཉིས་པོའི་ལམ་དུ་སྣང་ཞིང་ཤེས་རབ་རང་བྱུང་གི་སྒྲོན་མེའི་རྩལ་དང་གདངས་ཀྱི་ཡོན་ཏན་གསུམ་ལྡན་དུ་འཆར་བ་ཡིན་ནོ། །འདི་དག་རང་བཞིན་རྫོགས་པ་ཆེན་པོ་ཡི་ཐུན་མོང་མ་ཡིན་པའི་ལམ་མཆོག་ལྔར་སྐུ་གསུམ་ལམ་སྣང་དུ་རྫོགས་ནས་ཚེ་ལུས་གཅིག་ལ་འབྲས་བུ་ཁྱད་ཆོས་དྲུག་ལྡན་གཞི་ཐོག་ཏུ་ཕྱིན་པ་དང༌། འབྲིང་དང་ཐ་མའང་བར་དོར་གྲོལ་བ་མཁྱེན་འཚལ་ནས་མེད་སྣང་གློ་བུར་བ་ཡིན་པས་མ་རིག་པའི་གྲོགས་དང་འཁྲུལ་པའི་བསླུ་བྲིད་ཀྱིས། མུ་མཐའ་མེད་པ་འཁོར་བའི་འབྲོག་དགོན་འཇིགས་སུ་རུང་བར། འཆིང་བྱེད་ཀྱི་ལས་དང་དེ་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པའི་འདུ་བྱེད་ལྕགས་སྒྲོག་ལྟ་བུ་དག་གིས། དེ་རིང་ཕན་ཆད་དེ་ད་ལྟར་ཡན་ཆད་ལ་བཅིངས་པ་དེ་ལ་སྐྱོ་བའི་སེམས་བསྐྱེད་ནས་ཞི་བ་དམ་པ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གྲོང་ཁྱེར་ག་ལ་བ་དེར་མྱུར་དུ་མྱ་ངན་ལས་འདའ་ཞིང༌། གདོད་མའི་ས་ལ་གཏན་སྲིད་ཟིན་ནས་འགྲོ་དོན་རྩོལ་མེད་དུ་འབྱུང་བའི་ཁྲེགས་ཆོད་ཐོད་རྒལ་གྱི་ལམ་སོགས་ལམ་མཆོག་ལྔ་པོ་མྱུར་དུ་བསྙེན་པར་མཛོད་ཅིག །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། རང་བཞིན་རྫོགས་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཉིས་པའོ།། །།སྔར་བཤད་པའི་སྐབས་སུ་གཞི་སྣང་རང་ངོ་ཤེས་ནས་གྲོལ་བ་ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་གིས་འཕགས་ཏེ། སངས་རྒྱས་ལོངས་སྐུའི་ཞིང་ཁམས་ཀྱི་བཀོད་པ་ལའང་གདུལ་བྱ་ལ་སྣང་ཚུལ་མདོ་ཙམ་བསྟན་པ་དེ་ཉིད་རྒྱས་པར་བཤད་པ་ལས་འབྲས་བུ་གཞན་བཤད་པ་མེད་པས། དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་གཞི་ཡི་གནས་ལུགས་གཏན་ལ་ཕབ་ནས་ལམ་ཐུན་མིན་བྱ་རྩོལ་མེད་པའི་མཚན་ཉིད་ལེགས་པར་རྟོགས་ནས་གོམ་པས། གདོད་མའི་གཞི་ཇི་བཞིན་མཐར་ཕྱིན་ཏེ་འབྲས་བུ་རྟེན་སྐུ་དང་བརྟེན་པ་ཡེ་ཤེས་གཉིས་ནི། སྔར་གཞི་ལ་མེད་པ་ཞིག་ལམ་བསྒོམས་པས་ཀྱང་གསར་དུ་ནི་གཞན་ལས་མ་བྱུང་སྟེ། རིག་པའི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་འཁོར་བའི་བག་ཆགས་ཐམས་ཅད་འཛིན་པའི་རྟེན་མཚན་ཉིད་ཐེག་པར་ཀུན་གཞི་གནས་འགྱུར་དང༌། སྔགས་ནང་རྒྱུད་མ་ཧཱ་ལྟར་ན་དེ་ཉིད་ལྷར་སྣང་དང༌། དོན་ལ་ནི་གཞི་སྣང་ངོ་མ་ཤེས་པ་ཡིན་པས་ཀུན་གཞིའི་རྙོག་པ་དྭངས་པ་ན། དེ་ལ་བརྟེན་པའི་སེམས་དང་སེམས་བྱུང་ཡུལ་དང་བཅས་པའང་ཆོས་ཀྱི་དབྱིངས་སུ་ཞི་བ་ཡིན་ཏེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ཡང་དཔེར་ན་ཉི་མ་སྤྲིན་གྱིས་བསྒྲིབས་པ་ཡང་རྩ་བ་ནི་ཉི་མའི་རང་རྩལ་ལ་ཐུག་སྟེ། ཉི་ཟེར་གྱི་རྩལ་རྒྱ་མཚོར་ཕོག་པས་དྲོད་རླངས་ན་བུན་མཁར་འཁྲིགས་པས་སྤྲིན་དུ་སོང་སྟེ་ན་བུན་ལོང་ལོང་པོ་དེས་ཉི་མ་ཉིད་བསྒྲིབས་པ་ལྟར། ཚེ་རབས་ཐོག་མེད་ནས་འཁྲུལ་པའི་དབང་གིས་དུས་གང་དུ་གཞི་ཡི་རིག་པ་སྐུ་གསུམ་གྱི་རང་བཞིན་ཅན་དེ་ལས་གཞི་ལྷུན་གྲུབ་ཀྱི་རྩལ་སྣང་གཡོས་པ་ཡི་ཚེ་ན་རང་སྣང་དུ་ངོ་མ་ཤེས་པར། བདག་དང་གཞན་དུ་འཛིན་པའི་བག་ཆགས་གོམས་པ་དེའི་རོལ་པ་ཤེས་བྱའི་ཡུལ་སྣོད་བཅུད་འཁྲུལ་ཆོས་སུ་ཤར་བའི་ཆ་དང་བཅས་པ་འཛིན་པའི་ཡུལ་ཅན་ཚོགས་བརྒྱད་ཀྱི་རྟོག་པ་སྲིད་པ་ཉེར་ལེན་གྱི་རང་བཞིན་ཅན་རིག་པའི་ཡེ་ཤེས་སྒྲིབ་བྱེད་གློ་བུར་གྱི་སྤྲིན་དང་འདྲ་བ་རྣམས། ཆོས་དབྱིངས་སུ་རྣམ་པར་དག་པའི་ཚེ་རང་བྱུང་གི་ཡེ་ཤེས་མངོན་དུ་འགྱུར་ཚུལ་དཔེར་ན། ཉི་མ་ལྟར་ལྷུན་གྱིས་གྲུབ་པ་ནི། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་ཀྱི་སྒྲིབ་པ་མེད་པ་ཆོས་དབྱིངས་ནམ་མཁའ་ལྟ་བུའི་ངང་དུ་རང་བཞིན་གྱིས་འོད་དུ་གསལ་བ་ཡིན་ནོ། །སྟོང་ཉིད་ཆོས་སྐུའི་ངོ་བོ་སྐུ་གསུམ་དབྱེར་མེད་རྡོ་རྗེའི་སྒྲས་བསྟན་པ་ཆོས་དབྱིངས་དག་པ་གཉིས་ལྡན་གྱི་ཆ་ནས་མི་འགྱུར་རྡོ་རྗེ། ཡོན་ཏན་གྱི་སྣང་ཆ་སོ་སོར་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་སྣང་སྟོང་ཟུང་འཇུག་གི་རང་གདངས་འགགས་མེད་ལ། གཉིས་སྣང་གི་འཇུག་པ་ཐམས་ཅད་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས་ཏེ། ནང་གསལ་སྐུ་གསུམ་པོ་འདི་ལ་ཡེ་ཤེས་གཅིག་གིས་དབྱེ་ན། ཡེ་དོན་གྱི་ཀུན་གཞི་ཆོས་དབྱིངས་སྒྲིབ་བྲལ་རིག་པའི་ངོ་བོ་ལ་སྒྲིབ་བྱེད་བག་ཆགས་སྣ་ཚོགས་པའི་རྟེན་ཀུན་གཞི་སྒྲིབ་གཉིས་བག་ཆགས་མཐའ་དག་ཚོགས་གཉིས་ཀྱིས་བསལ་ལ། ངོ་བོ་ཡེ་དག་ཉིད་ལ་གློ་བུར་དྲི་མ་གཉིས་པོ་ཆ་དང་བཅས་སྤངས་པ་གློ་བུར་བྲལ་དག་སྟེ། དག་པ་གཉིས་དང་ལྡན་པ་མཐར་ཐུག་གི་འབྲས་བུ་བྱང་ཆུབ་མཆོག་གི་དངོས་གཞི་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད། གདོད་མའི་དབྱིངས་ཀྱི་ཆོས་ཉིད་མངོན་དུ་གྱུར་པས་སངས་རྒྱས་དག་མཉམ་ཆེན་པོར་སྨོན་པ་མེད་པའི་དབྱིངས་ལ། དཔེར་ན་ཉ་རྒྱས་ཟླ་བ་འོད་སྣང་གི་སྤྲོས་པ་ཕྱིར་གསལ་བ་ཅན་དེ་ཉིད་གནམ་སྟོང་གི་ཆ་ལ་དབྱིངས་སུ་ནུབ་ཏེ་འོད་སྣང་མི་མངོན་པ་ལྟར། ཡུལ་ཡུལ་ཅན་རྣམ་པ་ཀུན་ཏུ་མི་རྟོག་པའི་ཆོས་ཉིད་འཕོ་འགྱུར་དང་བྲལ་བ་རང་བཞིན་མེད་པ། སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་དབྱིངས་ཀྱི་ཆར་ངོ་བོ་རྟག་པ་འདུས་མ་བྱས་ཡེ་ཤེས་ཀྱི་སྙིང་པོ་ཅན་མི་འགྱུར་རྡོ་རྗེའི་སྐུའོ། །ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་ལྡན་འཕགས་པའི་མཉམ་བཞག་གི་སྟོང་ཉིད་སྣང་སྟོང་ཟུང་འཇུག་གི་ཆ་སྤྲོས་པ་མཐའ་དག་ཞི་བའི་དབྱིངས་སུ་གློ་བུར་གྱི་དྲི་མ་རང་སར་དག་པའི་སྟོབས་བཅུ་ལ་སོགས་ཡོན་ཏན་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཀུན་སངས་རྒྱས་པའི་སྐད་ཅིག་མ་དེར་བྱང་ཆུབ་ཀྱང༌། སྐུ་དང་ཡོན་ཏན་གྱི་སྣང་ཆ་རང་རང་ངོ་བོར་མ་འདྲེས་པའི་ཚུལ་དུ་ཡོད་པས་ན། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་ཐུགས་རྗེ་ཆེན་པོ། བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་སོགས་སངས་རྒྱས་ཀྱི་ཡོན་ཏན་སྤངས་རྟོགས་ཀྱི་ཆ་ནས་གཞལ་བ་ལ་ནི། མངོན་པར་བྱང་ཆུབ་པའི་སྐུའི་མཁྱེན་ཆ་མ་འགགས་པ་མེ་ལོང་ཡེ་ཤེས་སོ། །ཕྱི་ཤེས་བྱའི་ཡུལ་གཟུགས་སོགས་ལ་ཡུལ་ཅན་བློ་ཡི་འཇུག་པ་ཞི་བས། ནང་ཤེས་བྱེད་ཀྱི་བློ་ལ་མཚན་མར་འཛིན་པའི་བདེན་ཞེན་མཐའ་དག་དབྱིངས་སུ་ནུབ་པའི་ཀུན་རྫོབ་ཆ་དང་བཅས་པ་སྤངས་ནས། དེ་ཁོ་ན་ཉིད་གཞི་གནས་སོ་སོ་རང་རིག་མཐའ་བྲལ་གྱི་དོན་རྟག་ཆད་གང་གིའང་མཐར་མ་ལྷུང་བ་ཡེ་ཤེས་ཀྱི་གསལ་ཆ་དབྱིངས་སུ་ཐིམ་སྟེ་ཞི་བ་ལ་གནས་ཀྱང་མ་རྨུགས་པ་ཞེས་མཁྱེན་ཆ་གཏན་མེད་དུ་སོང་བ་མ་ཡིན་པར་ཤིན་ཏུ་ཕྲ་བའི་ནང་གསལ་གྱི་ཡེ་ཤེས་ནི་མཁྱེན་ཆ་འགག་པ་མེད་པ། སྐུ་དང་ཡེ་ཤེས་རྒྱ་མཚོའི་རྟེན་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཤིན་ཏུ་མཉམ་པར་བཞག་པ་དང་མ་བཞག་པ་མི་མངའ་བ་སངས་རྒྱས་རྣམས་ཀྱིས་མཐོང་གི་གཞན་གྱིས་ནི་མིན་ནོ། །རྟེན་ནམ་འཆར་གཞིའི་ལྡོག་པ་གང་ཡིན་པ་དེ་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །སོ་སོ་རང་གིས་རིག་བྱར་གནས་པ་ནང་གསལ་སྐུ་གསུམ་རྒྱལ་བའི་ཁམས་ཞེས་པ་སྟེ། དོན་ལ་གཅིག་དང་དུ་མར་གྲུབ་པ་མ་ཡིན་པས་དངོས་པོ་ཅན་མ་ཡིན་པ་དང༌། ཇི་སྙེད་མཁྱེན་ཆ་ནང་དུ་གསལ་བས་དངོས་མེད་ལས་ཀྱང་འདས་ལ། རང་བཞིན་རྣམ་པར་དག་པས་ནམ་མཁའ་ལྟར་སྐུ་དང་ཡེ་ཤེས་སོགས་རྣམ་པར་མི་རྟོག་ལ། མ་དག་པའི་མཚན་མས་གོས་པ་མེད་ཅིང་རྣམ་འགྱུར་གྱི་སྤྲོས་པ་ཕྱི་གསལ་དབྱིངས་སུ་ཞི་ལ། དེའི་རང་བཞིན་ནི་ངག་གི་ཡུལ་ལས་འདས་ཏེ་ཆོས་ཉིད་དོན་དམ་བདེན་པས་བསྡུས་པའི་ཕྱིར་ན། རྟོག་དཔྱོད་དང་ཐ་སྙད་ཀྱི་དཔེ་དང་གཏན་ཚིགས་སྒྲ་སོགས་ཀྱིས་ཀྱང་མི་མཚོན། བློ་སྟེ་སེམས་དང་སྙམ་བྱེད་དེ་སེམས་བྱུང་དང་དཔེ་སོགས་དང་འགལ་བའི་ཕྱིར། རྒྱལ་བའི་ཡོན་ཏན་མཐའ་དག་ས་བཅུའི་དབང་ཕྱུག་གིས་ཀྱང་སྤྱོད་ཡུལ་མིན་ནོ། །འདྲེན་པ་སངས་རྒྱས་རྣམས་ཁོ་ན་ལ་མངོན་སུམ་དུ་གྱུར་པའི་གནས་ནི། ཆོས་ཀྱི་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བ་སྟེ་དེ་ནི་བསམ་གྱིས་མི་ཁྱབ་པས་ཟབ་པ། སེམས་དང་སེམས་བྱུང་གི་རྣམ་རྟོག་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ཞི་བ། ཟུང་འཇུག་གི་སྤྲོས་པ་ཐམས་ཅད་དང་བྲལ་བས་རང་བཞིན་དེའི་མཁྱེན་ཆ་འགག་པ་མེད་པའམ་འཕོ་འགྱུར་དང་བྲལ་བས་གཞོན་ནུ། ཕྱི་གསལ་ལོངས་སྐུར་མ་སྤྲོས་པའི་ནང་གསལ་དུ་བཞུགས་པའམ། སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་འཆར་བའི་གདངས་མ་འགགས་པས་བུམ་པའི་ཁང་མཛེས་ནང་ཞེས་ཐ་སྙད་བཏགས་ཏེ། རྒྱུད་ལས། ཕྱི་དང་ནང་མེད་པ། ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་སོ། །དེ་ལྟ་བུའི་ཀློང་ན་དུས་གསུམ་སངས་རྒྱས་རྣམས་ནི་དགོངས་པ་མཉམ་པར་རྟག་ཏུ་བཞུགས་ཀྱང༌། རང་སྣང་དབྱིངས་སུ་ཐིམ་པའི་རྣམ་པའི་ཆ་ནས་གཞལ་ཏེ་སངས་རྒྱས་གཅིག་གིས་གཅིག་མི་གཟིགས་ཏེ། རྨད་བྱུང་རྒྱལ་པོ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་གིས་གཅིག་མི་གཟིགས་པའི་ཚུལ་གྱིས་བཞུགས་ཏེ། ཞེས་སོ། །དེ་ཡང་ཆོས་རྣམས་ཀྱི་རང་བཞིན་ནི་གཅིག་དང་དུ་མའི་སྤྲོས་པ་བྲལ་བའི་བདག་ཉིད་ཅན་དུ་གནས་ལ། དབྱིངས་དེའི་རང་བཞིན་དུ་རྟོགས་པ་མཐར་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེའི་ཕྱིར་ཆོས་ཉིད་ཀྱི་ངོས་ན་སངས་རྒྱས་ཐམས་ཅད་དགོངས་ཀློང་རོ་གཅིག་ཏུ་གྱུར་ནས་གཟིགས་བྱ་གཟིགས་བྱེད་མེད་པས་དཔེར་ན་བཻཌཱུརྻའི་ནམ་མཁའ་ལ་རང་གི་ངོ་བོ་འདི་ལྟར་ཡོད་ཅེས་སྨྲ་མི་ཤེས་པ་ལྟར་མི་གཟིགས་སོ། །ཐོག་མར་ཡང་གཞི་ལས་གཞི་སྣང་ཤར་བའི་ངོ་མ་ཤེས་པ་ཙམ་གྱིས་འཁོར་བར་སྣང་ལ་མཐར་གྲོལ་ན་ཡང་ཞི་དབྱིངས་སུ་རོ་གཅིག་ཏུ་གྱུར་པས་ན་རང་བྱུང་རང་ལ་ཐིམ་ཞེས་པའོ། །ནང་དབྱིངས་སྤྲོས་བྲལ་གྱི་ངང་ལས་མི་གཡོ་ཡང་འོད་གསལ་གྱི་མཁྱེན་ཆ་འགག་པ་མེད་པའི་ཡེ་ཤེས་ཀྱི་རང་གདངས་ལས་ལྷུན་གྲུབ་ཀྱི་སྒོ་བརྒྱད། ཐུགས་རྗེ་ཕྱིར་གསལ་ཐེག་ཆེན་ཆོས་ལ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བ་ནི། གནས་འོད་གསལ་སྟུག་པོ་བཀོད་པ་དང༌། དུས་གཞིར་རྫོགས་བསམ་མི་ཁྱབ་པ་དང༌། སྟོན་པ་རིགས་ལྔའི་སངས་རྒྱས་དང༌། ཆོས་རང་བཞིན་རྫོགས་པ་ཆེན་པོ་དང༌། འཁོར་ཉིད་ལས་མི་གཞན་པ་སྟེ། ངེས་པ་ལྔ་དང་ལྡན་པར་ཤར་ཞིང༌། དེ་ཡང་གཙོ་བོ་འཁོར་སོགས་སོ་སོར་མ་འདྲེས་པར་གསལ་བ་སྐུ་དང་ཞིང་ཁམས་དང༌། མཚན་དཔེ་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་རྣམས་བཞུགས་པའོ། །དང་པོ་གནས་ནི་རིག་པའི་ཡེ་ཤེས་ཀྱི་རང་རྩལ་རྩོལ་སྒྲུབ་བྲལ་བས་ལྷུན་རྫོགས་རང་སྣང་གང་གིའང་འོག་ཏུ་མ་གྱུར་པས་འོག་མིན་གྱི་ཞིང་ཡེ་ཤེས་རང་སྣང་གི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པའི་ཕྱིར་ན་སྟུག་པོ་བཀོད་པ་སྟེ། དེ་ན་ཡེ་ཤེས་ལྔ་ཡི་རང་རྩལ་འགག་མེད་དུ་ཤར་བའི་འོད་ཟེར་གསལ་འཚེར་འབར་བས་མཁའ་དབྱིངས་ཐམས་ཅད་དབང་པོའི་མཚོན་ཆས་ཏེ་འཇའ་ཚོན་གྱིས་བཀབ་པ་བཞིན་དུ་ཁྱབ་ཅིང༌། སྟོང་ཉིད་སྙིང་རྗེའི་བརྡར་གཞི་རིན་པོ་ཆེ་ལས་གྲུབ་པའི་རང་བཞི་ན་མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལ་སོགས་པ་དེ་ལྟ་བུའི་བཀོད་པ་ཕུན་ཚོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཟུང་འཇུག་ཡེ་ཤེས་ལྔའི་རང་བཞིན། ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའི་རྟགས་གཞལ་མེད་ཁང་གྲུ་བཞིའི་རྣམ་པར་མཛེས་པ་སྒོ་འཕར་རྣམ་བཞིར་ལྡན་པ་ནི་རྣམ་ཐར་སྒོ་གསུམ་དང༌། འདུས་མ་བྱས་ཤིང་འོད་གསལ་བ་སྟེ་བཞི་དང༌། ཚད་མེད་བཞིར་མཚོན་པའི་བརྡའོ། །རྣམ་ཐར་བརྒྱད་མཚོན་ཕྱིར་པདྨ།༡ སྒྲོམ་བུ།༢ རྟ་རྐང༌།༣ ཟར་ཚག༤ ཤར་བུ།༥ ཆུན་འཕྱང༌།༦ རིན་པོ་ཆེའམ་རྡོ་རྗེའི་ཁྱུང་མགོ་སྟེ་རྟ་རྐང་ངམ་རྟ་བབས་བརྒྱད་ལྡན། ཡེ་ཤེས་ལྔར་སྣང་བས་དགོས་འདོད་ཀྱི་རེ་བ་སྐོང་བའི་བརྡར་རྩིག་པ་ཕྱི་ནང་རིམ་པ་ལྔ་གློ་འབུར་བཞི་དང་བཅས་པ། ཆོས་ཉིད་མི་འགྱུར་བའི་བརྡར་ཕ་གུ་སེར་པོ་དང༌། རིན་པོ་ཆེའི་དྲྭ་ཕྱེད་འཕྱང་བ་ཉི་ཟླའི་རླུང་བསྐྱོད་དང་བཅས་པ། འགྲོ་རྣམས་ཐུགས་རྗེས་སྐྱོབ་པའི་བརྡར་མདའ་ཡབ། ཆོས་ཉིད་བསམ་མི་ཁྱབ་པའི་བརྡར་པུ་ཤུ་མཆོད་རྟེན་སུམ་བསྒྲིགས་ཅན། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རང་སྣང་རྒྱན་དུ་རོལ་པའི་བརྡར་སྣམ་བུར་འདོད་པའི་ཡོན་ཏན་མིག་ཡངས་མ་སྟེ་མཆོད་པའི་ལྷ་མོ་གཟུགས་རྡོ་རྗེ་མ་སོགས་བདེ་སྟོང་མཆོད་སྤྲིན་རྩེ་ཞིང་དགའ་བའི་རྣམ་འགྱུར་གར་སྟབས་སྣ་ཚོགས་པའི་གཡོ་བ་ཅན། ཡོན་ཏན་ཕྲིན་ལས་སྣ་ཚོགས་པའི་བརྡར་སྟེང་ཕྱོགས་རྔ་ཡབ་འཕན་གདུགས་རྒྱལ་མཚན་དགོས་འདོད་འབྱུང་བའི་ནོར་བུའི་ཏོག །རིན་པོ་ཆེའི་རིགས་སོགས་དར་ཟབ་སྣ་ཚོགས་པའི་བླ་བྲེ། པདྨ་ལ་གནས་པའི་ཆོས་འཁོར་རིན་པོ་ཆེ་བཅུ་གསུམ་གྱི་ཟར་ཚགས་དང་བཅས་པའི་གཙང་ཁང་ཕྱུར་བུར་མཛེས་ཤིང༌། ཆོས་དབྱིངས་རྒྱ་ཚད་དང་བྲལ་བའི་རྟགས་སུ་ཆུ་ཞེང་དང་མཐོ་དམན་སྲིད་ཚད་དུ་མི་མངོན་པར་གང་བལྟས་གང་དུ་གྱུར་པ་ཡེ་ཤེས་འོད་ལྔ་དྭངས་པའི་གཞལ་ཡས་ཁང་ལས་མི་འདའ་བར་སྣང་ཞིང༌། ཡོན་ཏན་ཚད་བཟུང་མེད་པའི་བརྡར་གཞལ་ཡས་ཁང་གི་ཚད་གྲངས་ཀྱིས་མཐའ་མི་གཏུགས་པ་མཁའ་དབྱིངས་ཐམས་ཅད་སྣོད་གྱུར་བཞིན་གསལ་བར་སྣང་བའོ། །དེ་ལྟ་བུའི་རྟེན་གཞི་གཞལ་མེད་ཁང་མཁའ་དབྱིངས་ཁྱབ་པ་རེ་རེའི་ནང་ན། བརྟེན་པའི་གཙོ་བོ་རིགས་ལྔ་ཡི་གདན་ཁྲི་ནི། ཐུགས་མི་འཇིགས་པ་མཚོན་ཅིང་བདུད་བཞི་འཇོམས་པའི་བརྡར་འཕྲོག་བྱེད་དེ་སེངྒེའི་ཁྲི། མི་དགེ་བ་བཅུ་འདུལ་བའི་བརྡར་གཉིས་འཐུང་སྟེ་གླང་པོའི་ཁྲི། རྫུ་འཕྲུལ་ལ་མངའ་བརྙེས་པའི་བརྡར་ཅང་ཤེས་ཏེ་རྟ་མཆོག་གི་ཁྲི། དབང་བཅུ་མཐར་ཕྱིན་པའི་བརྡར་ཟློས་གར་ཅན་ཏེ་རྨ་བྱའི་ཁྲི། ཕྲིན་ལས་བཞི་སྒྲུབ་པའི་བརྡར་ཤང་ཤང་ཏེའུ། འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་ཆུ་སྐྱེས། ཐབས་ཤེས་ཟུང་འཇུག་གི་བརྡར་ཉི་ཟླའི་སྟེང་དུ་བཞུགས་པའོ། །དུས་གསུམ་སོགས་ལས་འདས་ཏེ་ཆོས་ཉིད་འཕོ་མེད་གཞིར་རྫོགས་ཀུན་ཏུ་བཟང་པོ་འདུས་མ་བྱས་པའི་དུས་ན། སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་རྟག་བརྟན་ལྷུན་གྲུབ་ཆེན་པོར་ངོ་བོ་ཆོས་ཉིད་ལས་གཡོ་བ་མེད་པས་འཕོ་འགྱུར་བྲལ་བའི་ཡེ་ཤེས་ཀྱི་སྐུ་མཚན་བཟང་སོ་གཉིས། དཔེ་བྱད་བརྒྱད་ཅུ་སོགས་ཡོངས་སུ་རྫོགས་པའི་དགོངས་བརྒྱུད་སྟོན་པ་ལྔ་སྣང་སྟེ། ཀུན་རིག་རྣམ་སྣང་མཐིང་ཀ་ཆོས་དབྱིངས་ཡེ་ཤེས། མི་བསྐྱོད་རྡོ་རྗེ་དཀར་པོ་མེ་ལོང་ཡེ་ཤེས། རིན་ཆེན་འབྱུང་ལྡན་སེར་པོ་མཉམ་ཉིད་ཡེ་ཤེས། གསུང་པདྨའི་རིགས་འོད་མཚན་སྟོང་འབར་ལེ་བརྒན་ཏེ་དམར་པོ་སོར་རྟོག་ཡེ་ཤེས། ཕྲིན་ལས་དོན་ཡོད་གྲུབ་པ་ལྗང་གུ་བྱ་གྲུབ་ཡེ་ཤེས་ཏེ་ཡབ་ལྔ་ནི་ཞལ་གསུམ་ཕྱག་དྲུག་གོ །ཕྱག་མཚན་ནི། རྡོ་རྗེ་མེ་ལོང་ལས། གཡས་ནས་རིམ་པར །རྡོ་རྗེ་འཁོར་ལོ་རལ་གྲི་འབར། །གཡོན་ནས་དྲིལ་བུ་པདྨ་རིན་པོ་ཆེ། །གཞན་གང་འཁོར་ལོའི་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་སོ། །ཐབས་ཤེས་དབྱེར་མེད་པས་རང་རང་རིགས་ཀྱི་ཡུམ་དབྱིངས་ཕྱུག་མ། སྤྱན་མ། མ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མ་རྣམས་ཡབ་མདོག་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས། གཡོན་དྲིལ་བུ་དང་བཅས་པ་རྣམས་ཡོན་ཏན་ཐམས་ཅད་རྫོགས་པ། ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་ཆེན་པོར་བཞུགས་པའོ། །སྟོན་པའི་ཐུགས་ཡེ་ཤེས་ཆེན་པོ་འཁོར་གྱི་ཚུལ་དུ་སྣང་བ་རང་ལས་མི་གཞན་པའི་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་ལ་སོགས་པའི་འཁོར། སྒོ་བ་བཞི་དང༌། དེ་བཞིན་སོ་སོའི་ཡུམ་སྒོ་མ་བཞི་དང་བཅས་པའོ། །སྨྲ་བསམ་བརྗོད་འདས་ཀྱི་རང་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྣང་སྟོང་ཟུང་འཇུག་དེ་ཉིད་སྒྲིབ་གཉིས་མཐའ་དག་དང་བྲལ་བ་རྟོགས་པའི་འོད་གསལ་དེའི་ངང་ལས་མི་གཡོ་ཙམ་ལས་གཞན་མེད་ཀྱང་དེ་ཆོས་འཁོར་གྱི་སྒྲས་སྨོས་སོ། །གྲགས་པའི་སྒྲ་བརྗོད་པའི་ཚིག་མཚན་མའི་ཡུལ་ལས་འདས་པར་འཁོར་རྣམས་ལ་སྣང་བར་བསྐོར་བ་ནི། མདོ་ལས། རྒྱལ་བའི་སྲས་པོ་ཅང་མི་གསུང༌། །མ་གསུངས་པ་ཉིད་རྒྱ་ཆེར་གསུངས། །ཞེས་སོ། །སྟེང་ཁང་ཞི་བ་བྱང་ཆུབ་སྙིང་ཁ་མི་ཤིག་ཐིག་ལེ་ཡེ་ཤེས་ལྔའི་རང་འོད་ལྷ་ཚོགས་བཞི་བཅུ་རྩ་གཉིས་གསལ་བའི་བདག་ཉིད་ཅན་དུ་ཡོད་པ་ལ་སྙིང་པོའི་གནས་རང་སྣང་འོག་མིན་གྱི་ཞིང་ན་དབང་མཛད་ཞི་བ་བཞི་བཅུ་རྩ་གཉིས་སུ་བཞུགས་ཡོད་པ་ལས། དབྱིངས་ཡེ་ཟུང་འཇུག་ལ་དམ་པའི་སྟངས་དཔྱལ་སྣང་སྟོང་ངམ་ཐབས་ཤེས་དུ་སྨོས་པ་ཀུན་བཟང་ཡབ་ཡུམ་གཉིས་ནི་ལོངས་སྤྲུལ་གཉིས་ཀྱི་སྤྲུལ་གཞི་སྟེ། གཙོ་འཁོར་ཀུན་ལ་ཁྱབ་བྱེད་དུ་ཡོད་པའི་ཐུགས་ཀྱི་རང་བཞིན་ལ་ཞལ་ཕྱག་སོགས་མེད་པར་བརྡལ་བ་ཆོས་ཀྱི་སྐུ་ཡིན་པས་དཀྱིལ་འཁོར་དུ་མ་བཀོད་པ་ཡིན། ལྷ་ལ་སོགས་པའི་འགྲོ་དྲུག་སོ་སོའི་གནས་སུ་དོན་མཛད་པའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ནི་གཞན་གདུལ་བྱའི་ངོར་སྤྲུལ་པར་ཤར་རོ། །རང་སྣང་དོན་གྱི་འོག་མིན་གྱི་གནས་ལོངས་སྐུའི་ཞིང་ན་བཞུགས་པའི་གཟུགས་སྐུ་དངོས་སྣང་ནི་རྒྱལ་བ་སུམ་ཅུ་རྩ་བཞི་སྟེ། གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ལ་ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་སྒོ་སྐྱོང་ཡབ་ཡུམ་བརྒྱད་དེ་ཉེར་བཞི་འཁོར་གྱི་ཚུལ་དུ་བཞུགས་སོ། །རྒྱུད་སྡེ་འོག་མའི་ལུགས་ལྟར་ཕུང་ཁམས་གནས་སུ་དག་པའམ། དཔལ་རྡོར་སེམས་སྒྱུ་འཕྲུལ་དྲྭ་བའི་ལུགས་ཆོས་ཉིད་སྟོང་པ་ཉིད་དང་ཆོས་ཅན་སྣང་བ་ཉིད་ནི་རང་བཞིན་གྱི་རྡོ་རྗེ་ཕུང་པོ། །དེའི་ཡན་ལག་ཏུ་ཕུང་ལྔ་ཡབ་ལྔ་ཁམས་ལྔ་ཡུམ་ལྔ། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང༌། དེ་དག་གི་ཁམས་བཅུ་གཉིས་དང༌། རྣམ་པར་ཤེས་པའི་ཁམས་དྲུག་སྟེ་བཅོ་བརྒྱད་པོ་སེམས་དཔའ་དང་སེམས་མ་སྒོ་སྐྱོང་ཁྲོ་བོ་ཁྲོ་མོའི་རང་བཞིན་དུ་ཡེ་ནས་གནས་པའི་ཕྱིར་སྲིད་གསུམ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་སུ་གདོད་ནས་རྣམ་པར་དག་པའི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོར་གནས་པ་ཡིན་ནོ། །ཚུལ་འདི་དག་སྒྱུ་འཕྲུལ་དྲྭ་བ་སངས་རྒྱས་མཉམ་སྦྱོར་གསང་འདུས་རྒྱུད་སྔ་ཕྱི་གཉིས་སོགས་བླ་མེད་རྒྱུད་སྡེ་ཕལ་མོ་ཆེ་ལས་ལུས་གྲུབ་ཀྱི་དཀྱིལ་འཁོར་ནི། ཇི་སྙེད་བསྟན་པ་རྣམས་རང་སྣང་གིས་བསྡུས་པའི་ཞིང་ཁམས་ཡིན་པས་དེ་རྣམས་དང་རྣམ་དག་ཚུལ་ཀྱང་མཚུངས་པ་ཡིན་ནོ། །སྤྱིར་གཞི་དུས་ཀྱི་རང་སྣང་ནི་ལོངས་སྤྱོད་རྫོགས་སྐུ་ལ་ཁྲོ་བོ་མེད་པར་འདོད་པའང་ཡོད་ཀྱང༌། དོན་གྱི་དུས་ན་ཐབས་ཤེས་ནམ་ཡང་འདུ་འབྲལ་མེད་པས་ཤེས་རབ་ཀྱི་རིག་གདངས་ལས་ཁྲོ་བོའི་དཀྱིལ་འཁོར་སྣང་བ་ཡིན་པས་འདིར་རང་སྣང་ཁྲོ་བོའི་དཀྱིལ་འཁོར་འདི་ནི་འབྲས་དུས་ཁོ་ན་ལ་བཤད་པ་ཡིན་པས་གཞི་དུས་རྟོག་དཔྱོད་ཚོགས་ཀྱི་དག་དྲན་མེད་པར་བཞེད་དོ། །ཞི་བའི་གཞལ་ཡས་ཁང་གི་འོག་ན་རང་བྱུང་གི་ཁང་པ་ཚོགས་ཆེན་འདུས་པའི་ཕོ་བྲང་ལྷུན་གྲུབ་ཏུ་སྣང་བ་ནི། ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་འབྱུང་བ་རིམ་བརྩེགས་རུས་པའི་རི་རབ་དང་བཅས་པའི་ཁར་རིན་པོ་ཆེའི་བྲག་ཆེན་གཏམས་པའི་སྟེང་ཡེ་ཤེས་ཀྱི་རང་འོད་མེའི་ཕུང་པོ་རབ་ཏུ་འབར་བའི་ཀློང་ན་གཞལ་ཡས་ཁང་ཐོད་མཁར་ཕྱི་ནང་རིམ་པ་དགུ་རྔམ་ཞིང་འཇིགས་སུ་རུང་བ། སྒོ་ཁྱམས་རིམ་པ་དགུ་པའི་བར་ཁྱམས་དགུ་པོ་ནང་རིམ་པར་དང་པོ་གསུམ་སེར་དཀར་དམར་བ། དེ་ནས་གསུམ་སེར་དམར་དཀར་བ། དེ་ནས་གསུམ་ནག་པོ་དང་ཕྱོགས་མདོག་དཀར་སེར་དམར་ལྗང་ཁུའོ། །སྒོ་ཕྱི་མར་རྒྱུ་འབྲས་ཀྱི་རྟ་བབ་གཉིས་ལས་དང་པོ་སྟེགས་བབས་ཞོན་གྱི་ཚུལ་དུ་ཡོད་ཅིང༌། གཉིས་པ་སྒོ་ཁང་གི་སྟེང་ན་རྒྱན་གྱི་རྣམ་པར་ལྡན་པ། ཕོ་བྲང་དབུས་མའི་ནང་དུ་གྲུ་ཆད་བཞི་པོ་གྲུ་ཆད་ལས་ཆ་ཕྲན་ཕྱེད་མཐོ་བའི་ཕྱོགས་མདོག་གློ་འབུར་གྱིས་མཛེས་པའི་སྟེང་ན་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེའི་བྲག་དང༌། རྡོ་རྗེའི་རྩེ་གསུམ་རྩེ་ལྔ་སོགས་བྲག་ཆེན་གཏམས་པའི་སྟེང་པདྨ་དཀར་པོ་འདབ་མ་སྟོང་བརྡལ་བ་ལ། ཐབས་ཤེས་ཀྱི་རང་བཞིན་ཉི་མ་ཉེར་བཞི་དང་ཟླ་བ་ཉེར་བཞི་ཁ་སྦྱོར་དུ་བཀོད་པའི་སྟེང་དབང་ཕྱུག་ཁྱོ་ཤུག་ནི། ཉི་ཤུ་རྩ་བཞི་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ་དཔའ་གཏུམ་སྟག་དང༌། འཇིགས་བྱེད་སེངྒེ་དང༌། གདུག་པ་གཟིག་དང་ནི། གཏུམ་པ་དོམ་དང༌། སྟོབས་ཆེན་གླང་པོ་དང༌། བརྗིད་པའི་མ་ཧེ་དང༌། འཛིན་པའི་ཆུ་སྲིན་དང༌། ཞེ་སྡང་ལྟོ་འགྲོ་སྟེ་བྱོལ་སོང་གི་གཙོ་བོ་བརྒྱད་པོ་རེ་རེས། དྲེགས་པ་ཕོ་རྣམས་ཁ་སྦུབ་ཏུ་ཡོད་པའི་སོག་ཕྲག་དང་མོ་རྣམས་གན་རྐྱལ་དུ་ཡོད་པས་ནུ་ཕྲག་ཏུ་བཟུང་ཞིང་བརྫིས་པའི་སྟེང་ན། འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་བཅོམ་ལྡན་འདས། འཇིག་རྟེན་གསུམ་ན་ཆེ་བའི་ལྷ་ཆེན་པོ་སོགས་ལས་ཀྱང་མཆོག་ཏུ་གྱུར་པས་སམ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཡོན་ཏན་གཅིག་ཏུ་རྫོགས་པས་ཆེ་བའི་ཆེ་མཆོག་སྐུ་མདོག་ཨིནྡྲ་ནཱི་ལའི་མདངས་ཅན། ཉི་མ་བྱེ་བའི་འོད་ལྟར་འབར་བའི་གཟི་བྱིན་དང་ལྡན་པ། ཞལ་བདུན་གསུམ་ཉེར་གཅིག་གི་རྩ་ཞལ་སྐུ་མདོག་དང་མཚུངས་པ། གཡས་ཞལ་གསུམ་སེར་དམར་ལྗང་བ། གཡོན་ཞལ་གསུམ་དམར་སྔོ་ལྗང་བ། དེ་སྟེང་དབུས་ཞལ་སེར་པོ། གཡས་གཉིས་དམར་པོ་དང་ལྗང་གུ། གཡོན་གཉིས་མཐིང་དང་དཀར་པོ། དེ་སྟེང་དབུས་ཞལ་མཐིང་ག །གཡས་གཉིས་སེར་ལྗང༌། གཡོན་གཉིས་དཀར་དམར། དེའི་སྟེང་དབུས་སྨུག །གཡས་དཀར། གཡོན་ལྗང༌། ཀུན་གྱི་སྟེང་ཞལ་དམར་པོ་རྟ་སྐད་འཚེར་བའོ། །ཞབས་བརྒྱད་བགྲད་པ་ཕྱག་ནི་བཞི་བཅུ་རྩ་གཉིས་ཀྱིས་དང་པོ་གཉིས་ན་ཀུན་བཟང་ཡབ་ཡུམ་དང༌། ལྷག་མ་གཡས་ཀྱི་ཉི་ཤུ་ན་རིགས་ལྔ་སེམས་དཔའ་བརྒྱད་ཁྲོ་བོ་བཞི་མཐོ་རིས་ཀྱི་ཐུབ་པ་གསུམ་དང༌། གཡོན་ཉི་ཤུ་ན་ཡུམ་ལྔ་སེམས་མ་བརྒྱད་ཁྲོ་མོ་བཞི་ངན་སོང་གི་ཐུབ་པ་གསུམ་སྟེ་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས་པ། རུས་པའི་ཕྱག་རྒྱ་དྲུག་དང༌། དུར་ཁྲོད་ཀྱི་ཆས་བརྒྱད་དང༌། དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་རེ་རེ་ལ་སངས་རྒྱས་ཀྱི་སྐུ་རེ། དེའི་དབུར་རིན་ཆེན་བདུན་གྱི་མཆོད་རྟེན་རྩེ་མོ་ཏོག་སྟོང་གི་འོད་ཟེར་འབར་བ། གནམ་ཞལ་ཡུམ་མཆོག་དབྱིངས་ཕྱུག་མ་སྔོན་མོ་དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བརྒྱད་བགྲད་པ། རྩ་བའི་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པ། ལྷག་མ་གཡས་བརྒྱད་ན་གནས་ཀྱི་མ་མོ་དང༌། གཡོན་བརྒྱད་ན་ཡུལ་གྱི་ཕྲ་མེན་བསྣམས་པ། ཡབ་ཡུམ་ཁྲོ་མཁར་ཏེ་སྨན་སྒྲུབ་སྐབས་ལྟ་བུར་དཀྱིལ་འཁོར་གྱི་དབུས་སུ་དབང་མཆོག་ཧེ་རུ་ཀ་དང༌། དེའི་དབུ་ཐོག་ཏུ་དབྱིངས་ཕྱུག་མ། དེའི་དབུ་ཐོག་ཏུ་ཆེ་མཆོག་རྣམས་ཐོ་བརྩེགས་ཀྱི་ཚུལ་ལམ། ཡང་ན་དབང་མཆོག་གི་ཕྲག་པ་གཉིས་ཡུམ་གྱིས་བརྫིས་ནས་ཡུམ་གྱི་མཁར་ཡབ་ཀྱི་དབུ་ཕྱེད་ནུབ་པ་སོགས་དབུ་སྦྱོར་དང༌། གནམ་ཞལ་མའི་དབུ་བརྒྱད་ཆེ་མཆོག་གི་ཞབས་བརྒྱད་ཀྱིས་བརྫིས་པས་ཡུམ་གྱི་ཞལ་དབུས་མའི་སྤྱན་དང༌། ཡབ་ཀྱི་གསང་བ་སྦྱོར་བའོ། །དེ་སོགས་མཉམ་པར་སྦྱོར་བའི་ཚུལ་དུ་བཞུགས་པ། སྲིད་པ་ཁམས་གསུམ་དང་ཞི་བ་ཐེག་དགུའི་ལམ་དང་འབྲས་བུའི་ཆོས་ཁམས་མ་ལུས་པ་ཀུན་བཅོམ་ལྡན་འདས་དཔལ་ཆེན་ཉིད་ཀྱི་ཞབས་ཀྱི་གདན་ཁྲི་ནས། སྟེང་གི་དབུ་རྒྱན་འཁོར་ལོའི་བར་ལ་རང་བཞིན་གྱིས་རྫོགས་པར་སྣང་སྟེ་འདོད་ཁམས་ཁྲག་གི་རྒྱ་མཚོར་རྫོགས། གཟུགས་ཁམས་ཞིང་ཆེན་གྱི་ས་གཞི་ལ་རྫོགས། གཟུགས་མེད་ཀེང་རུས་ཀྱི་རི་རབ་ལ་རྫོགས། ཉན་རང་བྱང་སེམས་གསུམ་རིན་པོ་ཆེའི་བྲག་ཆེན་ལ་རྫོགས། ཕྱི་རྒྱུད་གསུམ་རྡོ་རྗེའི་བྲག་ཆེན་ལ་རྫོགས། བསྐྱེད་པའི་རྣལ་འབྱོར་པདྨ་དཀར་པོ་ལ་རྫོགས་པ་དང༌། རྫོགས་པའི་རྣལ་འབྱོར་དབུ་རྒྱན་གྱི་སངས་རྒྱས་དང་རྒྱལ་མཚན་བཅུ་ལ་རྫོགས། རྫོགས་པ་ཆེན་པོའི་རྣལ་འབྱོར་ཏོག་སྟོང་འོད་འཕྲོ་བ་ལ་རྫོགས་པ་སོགས་སོ། །མ་ཧཱ་མན་ཆད་གདན། ཨ་ནུ་སྐུ་ལུས། ཨ་ཏི་དབུ་ཐོག་རྒྱལ་མཚན་ཏོག་ལ་རྫོགས་པའོ། །གཙོ་བོ་དཔལ་ཆེན་པོའི་མདུན་དུ་དབང་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་པ་ཡུམ་ཁྲོ་མོ་དབྱིངས་ཕྱུག་མ་དང་ནི་མཉམ་པར་སྦྱོར་བའི་ཚུལ་གྱིས་བཞུགས་པ། སྒོ་གསུམ་ལ་བདག་ཏུ་འཛིན་པ་དང་ཁམས་གསུམ་ས་དགུ་དག་པའི་ཧེ་རུ་ཀ་དཔལ་དགུ་ལས། དབང་མཆོག་གི་མདུན་དུ་བཛྲ་ཧེ་རུ་ཀ་དང་འཁོར་ལོའི་རྩིབས་བརྒྱད་ཀྱི་ཕྱོགས་བཞིར་བུདྡྷསོགས་བཞི་དང༌། མཚམས་བཞིར་རཀྴ་སོགས་བཞི་སྟེ་དཔལ་དགུ་པོ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ་མཉམ་པར་སྦྱོར་བའི་ཚུལ་དུ་བཞུགས་སོ། །གློ་འབུར་བཞི་དང་གྲུ་ཆད་རྣམ་བཞི་སྟེ་བརྒྱད་ལ་རྣམ་ཤེས་ཚོགས་བརྒྱད་དག་པ་ཀཽ་རཱི་མ་ལ་སོགས་བརྒྱད། དཀྱིལ་འཁོར་དང་པོའི་ཁྱམས་ལ་ཡུལ་བརྒྱད་དག་པའི་རང་བཞིན་སེང་གདོང་སོགས་ཕྲ་མེན་བརྒྱད། གཉིས་པའི་ཁྱམས་ལ་ཕྱོགས་མཚམས་ཀྱི་དངོས་པོ་གནས་སུ་དག་པ་ཉི་ཟེར་ཅན་ལ་སོགས་སྤོར་མ་རྣམ་པ་བརྒྱད། སྒོ་བཞིར་འབྱུང་བ་བཞི་དག་པ་རྒྱས་འདེབས་མ་སོགས་སྒོ་མ་བཞི་དང༌། གསུམ་པའི་ཁྱམས་ལ་སྒལ་ཚིགས་ཉེར་བརྒྱད་དག་པས་དབང་མོ་ཉི་ཤུ་བརྒྱད། ཀུན་ལ་རང་རང་གི་སྒོ་མ་བཞི་བཞིར་ལྡན་ཅིང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་སྐུ་མཚན་དཔེའི་དཔལ་དང༌། གསུང་རྔམས་པའི་གདངས་ཀྱི་དཔལ་དང༌། ཐུགས་སྙིང་རྗེའི་དཔལ་དུ་འབར་བའི་རྣམ་རོལ་གར་དགུའི་ཉམས་ཀྱིས་བརྗིད་དོ། །ཁྱམས་གསུམ་པོ་ཡན་ཆད་འདི་དག་སངས་རྒྱས་རང་སྣང་ལོངས་སྐུའི་དཀྱིལ་འཁོར་ཏེ། གཞི་ཀ་དག་ཕྱི་གསལ་གྱི་སྣང་ཆ་ཡེ་ནས་ལྷུན་གྲུབ་གཞི་སྣང་ཐབས་ཀྱི་ཆ་ནས་ཞི་བ་དང༌། ཤེས་རབ་ཀྱི་ཆ་ལས་ཁྲོ་བོར་ཤར་བ་ཡིན་པས་རང་ལུགས་སུ་ཁྲོ་བོ་ལ་རང་སྣང་ལོངས་སྐུར་འདོད་པ་ཡིན་ཞེས་པའང་ཡོད་ལ། ལྷུན་གྲུབ་དོན་གྱི་འོག་མིན་ཡིན་ནོ། །བཞི་པའི་ཁྱམས་ལ་ཤར་དུ་མཁའ་འགྲོ་དགའ་བྱེད་མ་སོགས་བདུན་དང༌། ལྷོར་འཇོམས་བྱེད་མ་སོགས་བདུན་དང༌། ནུབ་ཏུ་གནོད་སྦྱིན་མ་སོགས་བདུན། བྱང་དུ་ཕག་གདོང་མ་སོགས་བདུན། སྒོ་བཞིར་མཁའ་འགྲོ་བུམ་སྣ་མ་ལ་སོགས་པ་བཞི་སྟེ་མཁའ་འགྲོ་སུམ་ཅུ་གཉིས། ལྔ་པའི་ཁྱམས་ལ་རྡོ་རྗེ་ཀུན་གྲགས་སོགས་མ་མོ་བདུན། སྒོ་བཞིར་གླིང་བཞིའི་མགྱོགས་མ་སོགས་སྲིང་མོ་བཞི་རྣམས་སོ། །དྲུག་པའི་ཁྱམས་ལ་ཕྱོགས་རེར་གསུམ་རེ་དང༌། སྒོ་བཞིར་རེ་རེ། ཤར་ནུབ་གཉིས་སུ་བཀའ་ནོད་པ་རེ་རེ་སྟེ་གིང་ཆེན་རྡོ་རྗེ་འབྱུང་པོ་སོགས་དྲུག་ཚན་གསུམ་སྟེ་བཅོ་བརྒྱད་དོ། །བདུན་པར་རྣམ་རྒྱལ་དང་སྙེམས་མ་སོགས་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག་ཕྱོགས་མཚམས་བརྒྱད་དུ་གསུམ་གསུམ་དང༌། ཤར་ནུབ་ཀྱི་ནང་དང་སྒོ་བཞིར་རེ་རེའོ། །བརྒྱད་པའི་ཕྱོགས་བཞིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཕོ་ཉ་དྲུག་ཅུ་རེ་གནས་པས་ཉིས་བརྒྱ་བཞི་བཅུ་སྟེ་ཕྱོགས་མདོག་ཏུ་སྣང་ངོ༌། །དགུ་པའི་ཁྱམས་ལ་ཕོ་ཉ་མ་མོ་དྲུག་ཅུ་རྣམས་ཕྱོགས་བཞི་པོ་རེ་རེར་བཅོ་ལྔ་བཅོ་ལྔའོ། །ཁྱམས་བཞི་པ་ནས་དགུ་པའི་བར་དུ་འཁོད་པ་འདི་རྣམས་ལོག་འདྲེན་མ་རུངས་པ་རྣམས་འདུལ་ཕྱིར་གཞན་སྣང་སྤྲུལ་པས་བསྡུས་པའི་ཕྱིར། རིགས་དྲུག་ངོར་ཐུབ་དྲུག་ལྟ་བུར་བགེགས་སོགས་གདུལ་བྱ་སོ་སོའི་རང་ངོར་སྣང་བ་ཡིན་པ་དེ་ཕྱིར་རང་སྣང་འོག་མིན་གྱི་དཀྱིལ་འཁོར་མིན་ནོ། །དེ་དག་རང་སྣང་དུ་བཞུགས་པའི་ཚུལ་ཆོས་སྐུའི་ཡེ་ཤེས་འདུས་མ་བྱས་པ་ངོ་བོ་ཉིད་ཀྱིས་རྟག་པའི་ངང་ལས་ཕྱི་རུ་གསལ་བར་སྣང་བའི་རང་གདངས། ཕུན་སུམ་ཚོགས་པ་ལྔ་ལྡན་ལོངས་སྐུར་རྫོགས་པའི་གནས་རྒྱུན་ཀྱི་རྟག་པའི་ཞིང་ཁམས་སུ་ལྷུན་གྱིས་གྲུབ་ནས་སྤྲུལ་པ་རྒྱུན་མི་འཆད་པར་རྟག་པའི་འཆར་གཞིར་བཞུགས་པ་ནི། སློབ་པའི་ལམ་མཐར་ཕྱིན་པའི་དུས་གང་དུ་ཁམས་ལ་སྒྲིབ་པར་བྱེད་པ་དྲི་མ་མཐའ་དག་སྤངས་པར་གྱུར་པའི་སངས་རྒྱས་ཁོ་ནའི་རྒྱུད་ཀྱི་བསྡུས་པ་ཡི་ཡེ་ཤེས་ཀྱི་རོལ་པ་གནས་དང་སྟོན་འཁོར་སོགས་སྣང་བ་ཉིད་ཀྱི་ཕྱིར། རྟེན་ཞིང་ཁམས་དང་གཞལ་ཡས། བརྟེན་པ་གཙོ་འཁོར་དུ་སྣང་ཡང་ཕྱི་ནང་མཆོག་དམན་མེད་དེ་ཐམས་ཅད་ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་གཅིག་གི་རྣམ་རོལ་དུ་མཉམ་པ་ཡིན་ནོ། །དེ་ལྟར་རང་སྣང་ལོངས་སྐུ་ཀུན་གྱི་ཐུགས་ཀྱང་ཆོས་སྐུའི་ངང་ལས་མ་གཡོས་པས་རྣམ་པར་མི་རྟོག་ཅིང་གསུང་ནི་སྒྲ་ཚིག་གི་མཚན་མ་ལས་འདས་པས་བརྗོད་པ་དང་བྲལ་ལ། སྐུ་ནི་གཟི་བརྗིད་ཆེན་པོར་སྣང་བས་མཚན་དང་དཔེར་གསལ་བར་རྫོགས་ཤིང༌། རང་སྣང་ཆོས་ཐམས་ཅད་ཡེ་ཤེས་མཐོང་བ་དག་པའི་སྤྱན་གྱིས་གཟུགས་སྐུ་ཕན་ཚུན་གཅིག་གིས་གཅིག་གཟིགས་པ་ལ་དུས་ནམ་དུ་ཡང་སྒྲིབ་པ་མེད་དོ། །དེ་ལྟར་དུས་གསུམ་རྒྱལ་བ་རྣམས་ཀྱི་ཁམས་དང་ཡོན་ཏན་གྱི་སྤྱོད་ཡུལ་ནི་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པས། བླ་ན་སྟེ་གོང་ན་མེད་ཕྱིར་རྟག་ཆད་ཀྱི་མཐར་མ་ལྷུང་ལ། སྲིད་ཞིའི་ཕྱོགས་ཀྱིས་མ་བསྡུས་པའི་ཕྱིར་ས་དང་པོ་ནས་བཅུ་པའི་བར་གྱི་དག་པའི་སེམས་ཅན་ཆེན་པོ་བྱང་སེམས་འཕགས་པ་རྣམས་ཀྱིས་ཀྱང་མཐོང་བར་མི་ནུས་ཏེ་རྒྱལ་བའི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་དང་འགལ་བའི་ཁམས་ཀྱི་སྒྲིབ་པའི་ཆ་ད་དུང་མ་སྤངས་ཕྱིར། འདས་དང་མ་འོངས་པ་དང་ད་ལྟ་སྟེ་འདུས་བྱས་ཀྱི་དུས་གསུམ་ཀུན་རྫོབ་པ་ཀུན་གྱི་ངེས་པ་ལས་འདས་པའི་རང་སྣང་དོན་གྱི་འོག་མིན་ཆེན་པོ་ན། རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པའི་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་དུས་བཞིའི་བདག་ཉིད་ཅན་གཙོ་འཁོར་དགོངས་པ་མཉམ་ཕྱིར་ངོ་བོ་ལ་བཟང་ངན་ཐ་དད་མེད་པས་གཅིག་ཏུ་མཐུན་པའི་རང་སྣང་ངོ༌། །རང་སྣང་ལོངས་སྐུ་དེ་ཉིད་ངང་ལས་དག་མ་དག་གི་གདུལ་བྱ་སེམས་ཅན་རྣམས་འདུལ་བའི་ཕྱིར། སྟོན་པའི་ཐུགས་རྗེ་ལས་འདུལ་བྱེད་སྟོན་པ་གསུམ་དུ་རྩོལ་མེད་བཞིན་བཀོད་པ་ནི། ལོངས་སྐུ་དང་ཚུལ་མཐུན་པར་རང་བཞིན་སྤྲུལ་པ་དང༌། འགྲོ་དྲུག་གི་སྟོན་པར་སྣང་བ་འགྲོ་འདུལ་སྤྲུལ་པ་དང༌། སེམས་ལྡན་དང་བེམ་པོ་སོགས་སུ་སྣང་བ་སྣ་ཚོགས་སུ་སྤྲུལ་པ་སྟེ་གསུམ་ལས། དང་པོ་རང་བཞིན་སྤྲུལ་སྐུ་ནི། རྒྱལ་བ་ཆོས་ཀྱི་སྐུའི་ཡེ་ཤེས་ཕྱིར་གསལ་དུ་སྣང་བ་འོག་མིན་གྱི་ཞིང་ན་དབྱིངས་སྣང་ལོངས་སྐུའི་རྣམ་པར་བཞུགས་པའི་དཔེ་བྱད་ནི་དྭངས་ཤེལ་ནང་འཕོས་པ་སྟེ་ཤར་བ་ལྟ་བུའི་རྒྱལ་སྲས་འཕགས་པ་གདུལ་བྱ་མཆོག་རྣམས་ལ་སྣང་བའི་གཟུགས་བརྙན་ནི་རང་སྣང་གི་སྟོན་པ་དང་ཆ་འདྲ་བས་ལོངས་སྐུར་ཡང་བགྲངས་ལ། གདུལ་བྱའི་སྣང་བས་བསྡུས་པས་སྤྲུལ་པའི་ཕྱོགས་སུ་ཡང་བགྲངས་པས་ཕྱེད་སྤྲུལ་ལོངས་སྐུའི་གནས་ཏེ། དཔེར་ན་སྟོན་ཟླ་དྭངས་མཁར་ཤར་ཚེ་ཆུ་སྣོད་དྭངས་རྙོག་དང་མཐུན་པར་གདུལ་བྱའི་ངོར་སྣང་ངོ༌། །དབུས་ན་སྐུ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་རྩལ་ལས་དབང་ཕྱུག་ཆེན་པོའི་འོག་མིན་གྱི་ཞིང་དང༌། ཤར་ན་ཐུགས་མེ་ལོང་ཡེ་ཤེས་ཀྱི་རྩལ་ལས་མངོན་པར་དགའ་བའི་ཞིང་དང༌། ལྷོ་ན་ཡོན་ཏན་མཉམ་ཉིད་ཡེ་ཤེས་ཀྱི་རྩལ་ལས་དཔལ་དང་ལྡན་པའི་ཞིང་དང༌། ནུབ་ན་སོར་རྟོག་ཡེ་ཤེས་ཀྱི་རྩལ་ལས་པདྨ་བརྩེགས་པའི་ཞིང་དང༌། བྱང་ན་ཕྲིན་ལས་བྱ་གྲུབ་ཡེ་ཤེས་ཀྱི་རྩལ་ལས་ལས་རབ་གྲུབ་པའི་ཞིང་དང་རྣམ་པ་ལྔར་སྣང་བ་ཡིན་ནོ། །ཞིང་ཁམས་ལྔ་པོ་དེར་རིམ་པ་བཞིན་གཟུགས་ཀྱི་རྒྱལ་པོ་རྣམ་པར་སྣང་མཛད་དང༌། ལ་སོགས་པའི་སོགས་ཁོང་ནས་རྣམ་པར་ཤེས་པའི་རྒྱལ་པོ་མི་བསྐྱོད་པ། ཚོར་བའི་རྒྱལ་པོ་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་རྒྱལ་པོ་སྣང་བ་མཐའ་ཡས། འདུ་བྱེད་ཀྱི་རྒྱལ་པོ་དོན་ཡོད་གྲུབ་པ་སྟེ། སྟོན་པ་མཆོག་ལྔ་པོ་མཚན་དང་དཔེ་བྱད་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། གདུལ་བྱའི་དབང་གིས་ཞི་དང་ཁྲོ་བོའི་རྣམ་འགྱུར་རང་སྣང་ལོངས་སྐུ་དང་ཆ་འདྲ་བར་མཐུན་སྣང་དཔག་ཏུ་མེད་ཅིང་མཐའ་ཡས་པར་སྣང་ངོ༌། །དེ་ལྟར་ཞིང་ཁམས་ལྔ་པོར་སྟོན་པ་ལྔ་སོ་སོར་སྣང་ཡང་རྒྱུད་ཐ་དད་པ་མ་ཡིན་པར་སངས་རྒྱས་ཀྱི་ཡེ་ཤེས་གཅིག་གི་རྣམ་རོལ་དུ་ཤར་བའི་རིགས་ལྔའི་ཐུགས་ཡེ་ཤེས་རྣམ་པ་ལྔ་པོ་རེ་རེ་ལའང༌། འདི་ལྟར་རྣམ་སྣང་གི་ཐུགས་ཆོས་དབྱིངས་ཡེ་ཤེས་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་བཞི་ཡོད་པ་ལྟར། གཞན་མེ་ལོང་ལྟ་བུའི་ཡེ་ཤེས་ལའང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་དབྱིངས་ཡེ་ཤེས་སོགས་བཞི་དང་ལྡན་པས་མཚོན་ལྷག་མ་རྣམས་ལ་ཡང་བཞི་བཞིའི་འཁོར་དང་བཅས་པའི་ཡེ་ཤེས་ཉི་ཤུ་རྩ་ལྔ་ལས། དང་པོ་ཆོས་དབྱིངས་ཡེ་ཤེས་ཆོས་ཐམས་ཅད་ཆོས་ཉིད་ལ་ཐ་དད་མེད་པ་ལྟར་མཚན་འཛིན་གང་གིས་ཀྱང་གཡོ་བ་མེད་པ་ནི་སྣོད་བཅུད་ཐམས་ཅད་ལ་ཁྱབ་ཅིང་ངོ་བོ་བརྗོད་མི་ནུས་ཏེ། དཔེར་ན་ནམ་མཁའི་གཟུགས་སྨྲ་བརྗོད་ལས་འདས་པ་བཞིན་ཆོས་ཐམས་ཅད་ལ་ཁྱབ་ཅིང་བརྗོད་པ་དང་བྲལ་བ་མཁྱེན་ཡང༌། ཤེས་བྱའི་མཐའ་ལས་འདས་པས་ཆོས་དབྱིངས་སུ་རོ་གཅིག་གོ །གཉིས་པ་མེ་ལོང་ཡེ་ཤེས་ནི། དཔེར་ན་མེ་ལོང་ངོས་ནི་གཟུགས་བརྙན་འཆར་རུང་དུ་དྭངས་ཀྱང༌། རྩོལ་སྒྲུབ་དང་བྲལ་བ་བཞིན་མཁྱེན་ཆ་འགག་པ་མེད་པའི་ཡེ་ཤེས་གཟུང་འཛིན་གྱི་རྡུལ་དང་བྲལ་བ་ནི། མངོན་པར་འདུ་བྱེད་པའི་གཡོ་རྩོལ་མེད་བཞིན་མཆེད་པའི་ཤེས་བྱ་མཁྱེན་ཚུལ་ལྡོག་པའི་དབྱེ་བས་ཡེ་ཤེས་ཕྱི་མ་གསུམ་འཆར་བའི་གཞི་ལྟ་བུར་གྱུར་པའོ། །གསུམ་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་བཟང་ངན་མེད་པར་རོ་མཉམ་པ་མཉམ་ཉིད་ཀྱི་རང་བཞིན་ཡིན་ལ། དེ་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་ཆོས་ཀུན་བཟང་ངན་བླང་དོར་སོགས་མཚན་ཉིད་མེད་པར་སྲིད་ཞི་དབྱེར་མེད་སྤྲོས་པ་ཐམས་ཅད་ཞི་བའི་དབྱིངས་སུ་ཐུགས་ཞུགས་པའི་ཚུལ་དུ་མཁྱེན་པའོ། །བཞི་པ་རྟེན་འབྱུང་གི་ཆོས་ཐམས་ཅད་རྒྱུ་འབྲས་མ་འདྲེས་པར་སྣང་བ་ནི་སོ་སོར་རྟོག་པ་ཡིན་ལ། དེ་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་ཆོས་ཉིད་ཇི་ལྟ་བ་བདག་མེད་པ་དང༌། ཆོས་ཅན་ཤེས་བྱ་ཕུང་སོགས་ནས་རྣམ་མཁྱེན་གྱི་བར་ཆོས་ཇི་སྙེད་པ་ཐམས་ཅད་རྟག་ཐོགས་མེད་པར་མཁྱེན་པའོ། །ཡེ་ཤེས་ལྔ་པ་བྱ་བ་ནི་གཞན་དོན་གྱི་མཛད་པ་ཡིན་ལ་དེ་རྩོལ་མེད་དུ་གྲུབ་ཅིང་མཁྱེན་པའི་ཡེ་ཤེས་ཀྱིས་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གཞན་ཕན་རླབས་ཆེན་སྒྲུབ་པའི་ཚུལ་ཅན་ལ་སྒྲིབ་བྱེད་ཀྱི་ཆ་ཆགས་ཐོགས་སྤངས་པའི་མཛད་པ་འཁོར་བ་མ་སྟོངས་བར་ལྷུན་གྱིས་གྲུབ་པའོ། །ཡེ་ཤེས་དེ་རྣམས་བསྡུ་ན། ཆོས་དབྱིངས་ཡེ་ཤེས་ཇི་ལྟ་མཁྱེན་པའི་ཡེ་ཤེས། གཞན་བཞི་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོ། །སྟོན་པ་རང་ལས་རྒྱུད་གཞན་པའི་ཚུལ་གྱི་འཁོར་ནི་ས་དང་པོ་ནས་བཟུང་ས་བཅུའི་བར་གྱི་བྱང་སེམས་འབའ་ཞིག་དང་ཐབས་གཅིག་ཏུ་བཞུགས་པ་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་ཡིས་ཐེག་པ་ཆེན་པོའི་ཆོས་རྣམས་གདུལ་བྱའི་བློ་ལ་འཇལ་བའི་ཐབས་ཀྱི་འོད་ཟེར་བཀྱེ་བས། རང་རང་གི་བྱད་ཀྱི་དྲི་མ་རང་གིས་མི་མཐོང་བ་དེ་མེ་ལོང་གི་ནང་དུ་གསལ་ནས་ཁྲུས་སོགས་ཀྱིས་སྦྱོང་བ་ལྟར། སར་གནས་བྱང་སེམས་དེས་སྤྲུལ་པའི་ལོངས་སྐུ་ལ་བལྟས་པས་རང་སྒྲིབ་ཡོད་པ་ངོས་ཟིན་པས་ད་དུང་བྱང་སེམས་བདག་དང་སྟོན་པ་ལོངས་སྐུའི་ཁྱད་པར་ཇི་ལྟར་ཡིན་པ་མཐོང་ནས། བྱང་ཆུབ་ཆེན་པོའི་འབྲས་བུ་ལ་སྒྲིབ་པའི་དྲི་མ་གཏིང་དཔག་དཀའ་བ་སྟེ་ཤེས་སྒྲིབ་ཀྱི་ཆ་ཤིན་ཏུ་ཕྲ་བ་ངོས་ཟིན་དཀའ་བ་དག །ཡོངས་སྦྱོངས་ཀྱིས་རིམ་གྱིས་སྦྱངས་ཏེ་ཡང་ས་དང་པོ་ལ་སེར་སྣ། གཉིས་པར་ཚུལ་འཆལ། གསུམ་པར་ཁོང་ཁྲོ། བཞི་པར་ལེ་ལོ། ལྔ་པར་རྣམ་གཡེང༌། དྲུག་པར་ཤེས་འཆལ། བདུན་པར་ཐབས་ལ་མི་མཁས་པ། བརྒྱད་པར་གཞན་དོན་གྱི་སྙིང་སྟོབས་ལ་སྒྲིབ་པ། དགུ་པར་སྨོན་པའི་དོན་ལ་གཡེལ་བ། བཅུ་པར་ཤེས་སྒྲིབ་ཕྲ་མོ་དང་བཅས་པ་དག་ནས་བཅུ་གཅིག་ཀུན་ཏུ་འོད་ལ་འགྲོ་སྟེ་བྱང་ཆུབ་པའི་ཚུལ་གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང༌། །དེ་ནས་ས་བཅུ་རིམ་གྱིས་འབྱང༌། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །གཟུགས་བརྙན་ལོངས་སྐུའི་སྟོན་པ་དེ་ཇི་ཙམ་སྣང་བའི་དུས་ནི་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས། འཇིག་རྟེན་མགོན་པོ་ཆོས་སྐུ་ངོ་བོ་ཉིད་མེད་པའི་དབྱིངས་མི་ཟད་རྒྱན་གྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་ངང་དུ་སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་གྱི་བར་དུ་མྱ་ངན་ལས་འདའ་ཚུལ་མི་སྟོན་པས། འཆི་བའི་བདུད་བཅོམ་ཞིང་དག་པའི་འཇིག་རྟེན་བྱང་སེམས་རྣམས་ལ་ཐེག་ཆེན་ཡོན་ཏན་གྱི་འབྱོར་པ་ཁྱད་པར་ཅན་བསྒྲུབ་པའི་སླད་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པའོ། །གདུལ་བྱའི་གཏི་མུག་ལ་སོགས་སྦྱང་བྱའི་དྲི་མ་ཉོན་མོངས་པ་བག་ཉལ་ལྔ་པོ་གང་གི་གཉེན་པོར་ཆེ་བའི་འོག་མིན་སོགས་ཞིང་ཁམས་ལྔ་དང༌། ཞིང་དེར་སྟོན་པར་བསྟན་པའི་སྐུ་རྣམ་སྣང་སོགས་ལྔ་ཡིས་ཆོས་དབྱིངས་ཡེ་ཤེས་སོགས་ཐ་སྙད་ལས་འདས་པའི་ཆོས་རབ་ལྔ་བསྟན་པས་གཏི་མུག་གནས་འགྱུར་བ་ཆོས་དབྱིངས་ཡེ་ཤེས་སོག་ཡེ་ཤེས་རྣམ་པ་ལྔ་པོ་ཐོབ་པའི་ཚུལ་ཡང༌། སྒྱུ་འཕྲུལ་བརྒྱད་ཅུ་པར། འདོད་ཆགས་ལ་སོགས་ཉོན་མོངས་ལྔ། །རྣམ་དག་ཡེ་ཤེས་ལྔར་བཤད་དོ། །ཞེས་པ་གཏི་མུག་གི་དྲི་མ་སྦྱོང་དུས་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་ལས་ཆོས་དབྱིངས་ཡེ་ཤེས། དེ་བཞིན་ཞེ་སྡང་ལ་རྣམ་པར་ཤེས་པའི་རྒྱལ་པོ་ལས་མེ་ལོང་ཡེ་ཤེས། ང་རྒྱལ་ལ་ཆོར་བའི་རྒྱལ་པོ་ལས་མཉམ་ཉིད་ཡེ་ཤེས། འདོད་ཆགས་ལ་འདུ་ཤེས་ཀྱི་རྒྱལ་པོ་ལས་སོར་རྟོག་ཡེ་ཤེས། ཕྲག་དོག་ལ་འདུ་བྱེད་ཀྱི་རྒྱལ་པོ་ལས་བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ཀྱི་ཆོས་ལྔ་བསྟན་པས་གནས་འགྱུར་ཐོབ་པ་ཡིན་པར་གསུངས་སོ། །དེ་ལྟར་ལྔ་ཚན་ལྔ་ཡང་ས་བཅུ་དང་སྦྱར་ན། མཐོང་ལམ་གྱི་དུས་སུ་ཀུན་བརྟགས་ལས་གྱུར་པའི་གཏི་མུག་གནས་གྱུར། ཀུན་གཞི་དབྱིངས་སུ་ནུབ་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ས་དང་པོ་རབ་ཏུ་དགའ་བ་ཐོབ། རྣམ་སྣང་མཐོང༌། དེ་ནས་རིམ་པར་སྒོམ་ལམ་ཆུང་ངུ་གསུམ་དུ་ང་རྒྱལ་གནས་གྱུར། ཡིད་ཀྱི་རྣམ་ཤེས་དབྱིངས་སུ་ནུབ། མཉམ་ཉིད་ཡེ་ཤེས་བརྙེས། དྲི་མེད་འོད་བྱེད་འོད་འཕྲོ་གསུམ་ཐོབ། རིན་འབྱུང་མཐོང༌། འབྲིང་གསུམ་དུ་ཆགས་རྟོག་གནས་གྱུར། ཉོན་ཡིད་དབྱིངས་སུ་ནུབ། སོར་རྟོག་ཡེ་ཤེས་ཐོབ། སྦྱང་དཀའ་མངོན་གྱུར་རིང་སོང་གསུམ་ཐོབ། སྣང་མཐའ་མཐོང༌། ཆེན་པོ་གསུམ་ལ་ཞེ་སྡང་གི་རྟོག་པ་ནུབ། ཀུན་གཞིའི་རྣམ་ཤེས་གནས་གྱུར། མེ་ལོང་ཡེ་ཤེས་བརྙེས། ས་བརྒྱད་པ་ཐོབ། མི་བསྐྱོད་པ་མཐོང༌། ས་དགུ་དང་བཅུ་པར་ཕྲག་དོག་གི་ས་བོན་དག །སྒོ་ལྔའི་ཤེས་པ་དབྱིངས་སུ་ནུབ། སོ་སོ་ཡང་དག་རིག་པ་བཞི་ཐོབ། བྱ་གྲུབ་ཡེ་ཤེས་བརྙེས། དོན་གྲུབ་མཐོང༌། དེ་ལྟར་མཐོང་ལམ་ནས་བཟུང་ས་བཅུ་རྒྱུན་མཐའི་བར་སྒོམ་ལམ་ས་དགུ་རིམ་གྱིས་རྫོགས་ནས་ས་བཅུའི་མཐར་འོད་ཟེར་ཆེན་པོའི་དབང་ཐོབ་ནས་རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ་བའོ། །ཕྱེད་སྤྲུལ་དུ་གདགས་པའི་འཐད་པ་ཞིང་ལྔ་པོ་འདི་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ན་ལས། ཉན་རང་སོགས་གདུལ་བྱ་གཞན་གྱི་སྤྱོད་པའི་ཡུལ་དུ་དངོས་སུ་སྣང་བ་མིན་ཞིང༌། དེ་བཞིན་སྟོན་པ་ལྔ་པོ་ལོངས་སྤྱོད་རྫོགས་སྐུར་སྣང་ན་ཡང༌། འཁོར་དང་ཞིང་ཁམས་སོགས་རང་སྣང་ཐུན་མོང་མ་ཡིན་པ་ཁོ་ན་མིན་ཏེ་རྒྱུད་གཞན་པ་བྱང་སེམས་སར་གནས་རྣམས་ཀྱི་སེམས་དག་པའི་སྣང་བས་བསྡུས་པ་ཡིན་པའི་ཕྱིར། ཕྱེད་སྣང་ལོངས་སྐུའི་རང་བཞིན་སྤྲུལ་པའི་ཞིང་ཁམས་ཞེས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན་པ་ཡིན་ནོ། །ཁྱད་པར་ཐུན་མོང་མ་ཡིན་པའི་ལམ་རང་བཞིན་རྫོགས་པ་ཆེན་པོ་ཡི་གདམས་ངག་དང་འཕྲད་པའི་གང་ཟག་དེ་ནི་དབང་པོ་ཐ་མ་ཡིན་ཡང་ས་ཐོབ་པའི་ངེས་པ་སོགས་ལ་སྤྱིར་ལམ་ཐུན་མོང་པར་ས་ལམ་རིམ་གྱིས་བགྲོད་དགོས་ཀྱང་འདིར་ས་ལམ་གཅིག་ཆོད་ཡིན་པས་གཞན་ལ་ལྟོས་མི་དགོས་པར། ད་ལྟ་སྙིང་གར་ཡོད་པའི་རིག་གདངས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་པ་མངོན་སུམ་དུ་སྣང་བ་ཡིད་དཔྱོད་ལས་འདས་པ་དེ་རུ། བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་སོགས་ཀྱི་ཐབས་ཁྱད་པར་བའི་གནད་ཀྱིས་གཅུན་ནས་གནས་ལུགས་མཆོག་གི་དོན་གཟིགས་པའི་བླ་མ་དམ་པས་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་ཏེ་ངོ་སྤྲད་ནས་བྱིན་གྱིས་བརླབས་པ་དང༌། དེའི་སྲོག་དམ་ཚིག་དག་ཅིང་མ་ཉམས་ལ། ཉིན་དུས་བཞུགས་སྟངས་དང་གཟིགས་སྟངས་ཀྱི་རང་སྣང་མངོན་སུམ་ཟེར་གདངས་ཀྱི་འོད་གསལ་ངང་དང༌། མཚན་མོ་སྙིང་ཁའི་འོད་གདངས་ཤེས་བྱ་བུམ་འཇུག་གི་མན་ངག་ལ་གོམས་པ་རྣམས་ཀྱིས་དེ་ལྟར་ཉམས་སུ་བླ་ངས་ཀྱང་སྣང་བ་ཆེར་ཡང་མ་འཕེལ། རྟོགས་པས་ཆོས་ཟད་ཀ་དག་གི་དགོངས་པ་ངོ་མ་འཕྲོད་པས་རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ཏེ་ཚེ་འདིར་མ་གྲོལ་ཡང༌། མི་དགེ་བའི་འཇུག་པ་སྲབ་སྟེ་རྨི་ལམ་དགེ་བར་འགྱུར་བའི་སྐལ་ལྡན་དེ། སྔོན་གོམས་དང་ཆོས་རྣམས་ཀྱི་ཆོས་ཉིད་བདེན་པ་དང་བླ་མའི་བྱིན་རླབས་ཀྱིས། ལུས་རྟེན་གྱི་རྒྱ་རལ་བའི་ཚེ་ན་སྲིད་པ་བར་དོར་བག་ཆགས་ཟད་ནས་ས་ཐོབ་རྣམས་དང་རང་བཞིན་སྤྲུལ་པའི་ཞིང་དེར་སྐལ་པ་མཚུངས་པར་གྱུར་ནས། རང་ལ་ཡོད་པའི་གཞི་སྣང་ལྷུན་གྲུབ་ཀྱི་སྒོར་སངས་རྒྱས་ཐུགས་རྗེས་འོད་ཟེར་བཀོད་པའི་ཕྱོགས་བཅུ་སྤྲུལ་པའི་ཞིང་དག་པར་འགྲོ་བའོ། །སྤྱིར་ཞིང་བཅུ་མེ་རི་འབར་བ་དང༌། བཅུ་གཅིག་ཡོད་ཀྱང་ཁྱད་པར་སྲིད་ཞི་ལས་རྣམ་པར་གྲོལ་ཞིང་གདོད་མའི་ས་ལ་དབུགས་ཆེན་འབྱིན་བར་བྱེད་པ་ཞིང་ཁམས་ལྔ་པོར་བསྡུས་ཏེ་བསྟན་པ་ནི། ཤར་ནས་རིམ་བཞིན་ཤར་ན་མངོན་དགའི་ཞིང་གཞི་དང་གཞལ་ཡས་སོགས་ཤེལ་ལས་གྲུབ་པ་དང༌། ལྷོར་དཔལ་དང་ལྡན་པའི་ཞིང་སུ་ཝརྞ་སྟེ་གསེར་ལས་གྲུབ་པ་དང༌། ནུབ་པདྨ་བརྩེགས་པའི་ཞིང་པདྨ་རཱ་ག་ལས་གྲུབ་པ་དང༌། བྱང་ན་རིན་ཆེན་རྣམ་པར་བཀོད་པའམ་ལས་རབ་གྲུབ་པའི་ཞིང་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ས་གཞི་དང་གཞལ་མེད་ཁང་སྟེ་དེ་རྣམས་ཀྱང༌། སྒོ་ཁྱམས་བཞི་དང་ལྡན་པའི་སྟེང་རྟ་བབས་ཀྱིས་བརྒྱན་པ་ཕྱོགས་བཞིར་སྣང་བྱེད་བ་གླང་མིག་ལྟ་བུ་ལས་ཉི་མ་ཤར་བ་ན་ནང་དུ་འོད་ལྔ་དང་བྱང་དུ་འོད་ལྗང་འཆར་བ། ཟུར་བཞིར་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་དང༌། དེའི་བར་དྲིལ་བུ་དང་གཡེར་ཁས་སྦྲེལ་བའི་དཔྱངས་ཐག་རླུང་གིས་བསྐྱོད་པའི་སྒྲ་ལས། རྣམ་ཐར་སྒོ་གསུམ་དང་ལྡན་པའི་ཆོས་ཀྱི་སྒྲ་དབྱངས་དར་དིར་དུ་སྒྲོག་པ། ཕྱོགས་བཞིར་རླུང་གིས་བསྐྱོད་པའི་དྲི་ཞིམ་པོ་སྣ་ཚོགས་འབྱུང་བས་སྤོས་སྤྲིན་གཡོ་བའི་དར་སྣ་ཚོགས་པའི་བ་དན་བཞི་ཡོད་པ། གཞལ་ཡས་ཁང་གི་ཕྱི་རིམ་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུའི་འགྲམ་ན། ཏཱ་ལའི་ལྗོན་པ་དྲི་བཟང་གི་ངད་དང་ལྡན་པ་ལོ་མ་དང་ཡལ་ག་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱི་དྲྭ་ཕྱེད་འཕྱང་འཕྲུལ་གཡོ་བ་ཅན་མང་པོས་བརྒྱན་པ། དེ་འི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་པ། དེར་བྱ་རིགས་འདི་ལྟ་སྟེ། མཐིང་རིལ་དང༌། ཤང་ཤང་ཏེའུ་དང༌། རྨ་བྱ་དང༌། ཀ་ཏ་རི་དང༌། ནེ་ཙོ་མི་སྐད་འབྱིན་པ་དང༌། ངང་པ་གཞོན་ནུ་དང༌། རི་*no sa?སྐེགས་དང༌། ཟེར་མོ་དང༌། སྦབ་དང༌། ཀངྐ་རི་དང༌། ལྷའི་བྱ་དྲིལ་བུའི་སྒྲ་ཅན་དང༌། ཁུ་བྱུག་དང༌། གསེར་གྱི་རྡོ་རྗེའི་གཟུགས་ཅན་ཀྲི་ཏི་པ་ལ་སོགས་པ་སྟེ། གཡུ་ལྟར་སྡོ་བ་དང༌། བྱེ་རུ་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་དང༌། དུང་ལྟར་དཀར་བ་སོགས་ཁ་དོག་སོ་སོར་ཕྱེད་པའི་བྱ་རིགས་སྣ་ཚོགས་པ་རྣམས་ཀྱིས་སྐད་སྙན་ཡིད་དུ་འོང་བ་སྒྲོག་ཅིང༌། མགྲིན་པའི་རྒྱུད་མང་ཕྱོགས་མཐར་དུས་ཀུན་ཏུ་འཁྲོལ་བས་དགའ་བར་བྱས་པ་དང༌། ཞིང་དེ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ལ། ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་ཞིང༌། ཉོན་མོངས་པའི་གནོད་པ་མེད་པས་མཆོག་ཏུ་བདེ་ལ། བྱུང་སྲིད་ནའང་རང་བཞིན་ཞི་བའི་ནུས་པ་དང་ལྡན་པའི་ཆུ་ཀླུང་ལ་ཁྲུས་བྱས་པ་དང༌། ལོངས་སྤྱད་པ་ཙམ་གྱིས་སེལ་ཞིང་ཕྱིས་འདུ་བའི་ནད་དག་མི་འབྱུང་བ་དང༌། གཞན་ཡང་གོས་རྒྱན་སོགས་ཡིད་ལ་ཅི་དང་ཅི་བསམ་ཐམས་ཅད་དྲན་པའི་མོད་ལ་འབྱུང་ཞིང༌། མདོར་ན་ཞིང་སྔ་མ་གསུམ་སུམ་ཅུ་རྩ་གསུམ་པའི་ལྷ་དང་ལོངས་སྤྱོད་མཉམ་ཞིང༌། ལས་རབ་གྲུབ་པ་ནི་གཟུགས་ཁམས་ཀྱི་ལྷ་དང་མཉམ་མོ། །ཕྱི་རིམ་ན་རིན་ཆེན་སྣ་བདུན་ལས་གྲུབ་པའི་ལྕགས་རི་ཕ་གུ་ཅན་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཆོས་ཁྲི་དང་ལྡན་པ་ཡོད་དོ། །ཞིང་མཆོག་དེ་ན་རིགས་བཞིའི་སྟོན་པ་རྡོར་སེམས་རིན་འབྱུང་སྣང་མཐའ་དོན་གྲུབ་སྟེ་བཞི་པོ་ཡིས། ཉིན་མཚན་གྱི་དུས་བཞིར་དམ་པའི་ཆོས་ཀྱི་སྒྲ་སྒྲོག་པ་རྒྱུན་མི་འཆད་དེ། དེ་ཡང་རྡོ་རྗེ་སེམས་དཔའ་སོགས་སྟོན་པ་གསུམ་གྱིས་སྲོད་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཆོས། ནམ་ཕྱེད་ན་སྔགས་ཕྱི་པའི་ཆོས། ཐོ་རངས་ན་སྔགས་ནང་པའི་ཆོས། ཉིན་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དོན་ཡོད་གྲུབ་པས་སྲོད་ལ་གདམས་ངག་གི་ཁྲིད་ཆོས། ཐོ་རངས་སྤྱོད་པའི་ཆོས། ནམ་ཕྱེད་ན་དབང་བསྐུར་བའི་ཆོས། ཉིན་ཕྱེད་ན་ལྟ་སྒོམ་གྱི་ཆོས་སྟོན་ཏོ། །ཞིང་ཁམས་དེ་དག་ཀུན་གྱི་དབུས་ཀྱི་བར་སྣང་ན་ཧེ་རུ་ཀ་དཔལ་ཆེན་པོའི་ཞིང་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ན་གཞལ་ཡས་ཁང་འདི་ལྟ་བུ་སྟེ། ཐོད་མཁར་གྲུ་བཞི་པ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤ་ར་རི་ཡོད་པས་རྩིག་པ་བྱས་པ། བྷནྡྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དཔང་ཚད་ལས་འདས་པ་གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན། ཆུ་སྲིན་ཁའི་ཀ་གཞུ། ལྷ་ཆེན་བརྒྱད་ཀྱི་གདུང་དུ་བྲེས་པ། མཆོག་ཆེན་པོས་གྲབ་བཏང་བ། ཉིན་མོ་རླུང་འཚུབས་པ། མཚན་མོ་མེ་འབར་བ། གྲུ་བཞི་ན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་རཀྟའི་རྦ་ཀློང་འཁྲུགས་པའོ། །གཞལ་ཡས་ཁང་དེ་ན་སྟོན་པ་སྤྲུལ་པའི་སྐུ་ཕྱི་ལྟར་རྒྱལ་བ་ཤཱཀྱ་ཐུབ་པ་དང༌། ནང་ལྟར་རྡོ་རྗེ་འཆང་དུ་སྣང་བ། གསང་བ་ལྟར་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བའི་བཅོམ་ལྡན་འདས་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང༌། ཁྲོ་བོའི་ཆ་བྱད་དུ་བསྟན་པ་ལག་ན་རྡོ་རྗེ་ལ་སོགས་དཔའ་བོ་དང༌། མཁའ་འགྲོ་པུརྞ་ཉེ་བར་ཞི་དང༌། ཚངས་པ་དུང་མགྲིན་ཅན་དང༌། དྲང་སྲོང་ཟླ་འོད་གཞོན་ནུ་དང༌། ཡང་འཁོར་མཁའ་འགྲོ་ཨེ་ཀ་ཙ་ཏི་སྤུན་དྲུག་དང༌། དེའི་བྲན་མོ་བཅུ་བཞི་དང༌། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང༌། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་པ་མཁའ་འགྲོའི་སྤྲིན་ཕུང་དཔག་ཏུ་མེད་པ་འཕྲོ་བ་དང༌། དགའ་རབ་རྡོ་རྗེ་ལ་སོགས་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའི་དབུས་ཉིད་ན། འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་འཁོར་བསྐོར་ནས་འཁོར་གྱི་རྒྱུད་གྲོལ་བར་མཛད་དོ། །ཞིང་དེ་རྣམས་ལ་པདྨ་ལས་རྫུས་ཏེ་སྐྱེས་པའི་རྒྱལ་སྲས་དཔག་ཏུ་མེད་པ་ཐམས་ཅད་ཀུན་ཀྱང་ལྷ་དང་ལྷ་མོ་དང་ཁྱེའུ་དང༌། བུ་མོའི་རྣམ་པ་གསང་སྔགས་བླ་མེད་ཀྱི་བརྟུལ་ཞུགས་མཐར་སོན་པའི་དྲང་སྲོང་དངོས་གྲུབ་རྣམ་པ་གཉིས་བརྙེས་པའི་བདག་ཉིད་ཅན་ནོ། །དེ་རྣམས་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་ཅིང་བག་ཆགས་འཛིན་པའི་ཀུན་གཞི་དང༌། ཉོན་མོངས་ཅན་གྱི་ཡིད་དང༌། དེ་དང་ལྡན་པའི་སྒོ་ལྔའི་འཇུག་པ་སྟེ་སེམས་གསུམ་ཀྱང་མེད་ལ། འཁྲུལ་པ་སྐྱེད་བྱེད་དཔྱོད་པར་བྱེད་པའི་ཡིད་དྲུག་དང་ནི་རྩ་བའི་ཉོན་མོངས་པ་དྲུག་ཀྱང་མེད་ཅིང༌། མ་རིག་པ་གསུམ་ཀྱང་མེད་ལ་རྐྱེན་བཞི་ཡོད་མ་ཡིན། དེ་དང་མཚུངས་པར་ལྡན་པ་སེམས་སེམས་བྱུང་རྣམས་ཀྱང་མེད་དོ། །ཞིང་དེ་དག་ནི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་བྱིན་རླབས་ལས། རང་བཞིན་ཉིད་དུ་བཀོད་པ་ཡིན་པའི་ཕྱིར་རང་བཞིན་ནི་སྤྲུལ་པའི་ཞིང་ཞེས་རྒྱལ་སྲས་རིག་པ་འཛིན་པ་རྣམས་ལ་གྲགས་སོ། །ཞིང་ལྔ་པོ་དེ་དག་སྣང་བའི་རྒྱུ་ནི་སྙིང་ག་ན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་རིན་པོ་ཆེ་ནང་གསལ་བའི་རང་གདངས་དང༌། དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པའི་སྣང་བ་ལས་ཤར་བ་ཡིན་པས་ན་རང་བཞིན་རྫོགས་པ་ཆེན་པོའི་མངོན་སུམ་འོད་གསལ་ལ་གོམས་པའི་གསང་ལམ་དུ་སྣང་བ་ཡིན་པ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་བསྟན་ཏོ། །གཞན་དུ་དེ་མཐུན་གནས་ཐུན་མོང་དུ་གྲགས་པ་ཟངས་མ་དོག་དཔལ་རི། ཤམྦྷ་ལ། ལྕང་ལོ་ཅན་ལ་སོགས་པ་ལྟ་བུ་བདེ་ཆེན་སྔགས་ལ་སྤྱོད་པ་རྣམས་ཀྱི་རང་སྣང་དག་ཞིང་སྟེ། དེ་ཡང་ཡུལ་ཉེར་བཞི་ལྟ་བུའི་གནས་ཀྱིས་མཚོན་ན་ནམ་མཁའ་ནས་འོང་བའི་ལྷ་དང་དྲི་ཟ་ལ་སོགས་པས་བཟུང་བའི་གནས་བརྒྱད་ལ་མཁའ་ལ་སྤྱོད་པ་ཞེས་གྲགས་པ་དང༌། ས་སྟེང་ནས་འོང་བའི་གནོད་སྤྱིན་སྲིན་པོའི་འཁོར་སོགས་ཀྱིས་བཟུང་པའི་གནས་བརྒྱད་ལ་ས་སྤྱོད་ཟེར། ཡང་ཀླུ་དང་རི་རབ་ཁོང་སེང་ནས་འོང་བའི་ལྷ་མིན་སོགས་ཀྱིས་བཟུང་བའི་གནས་བརྒྱད་ལ་ནི་ས་འོག་ལ་སྤྱོད་པ་ཞེས་གྲགས་སོ། །དེ་ལྟ་བུའི་ཞིང་དེ་རྣམས་སུ་དོན་གྱི་འོད་གསལ་ལ་དབང་ཐོབ་པའི་ལྷན་ཅིག་སྐྱེས་མའི་ཡེ་ཤེས་ཀྱི་ཌཱཀི་མ་དང༌། དང་པོ་ནས་ཡུལ་ཆེན་ཉེར་བཞིར་སྤྱོད་པའི་ཞིང་སྐྱེས་མ་དང༌། སྔགས་ཀྱི་སྒོམ་སྤྱོད་གོམས་པའི་སྟོབས་ཀྱིས་གནས་དེ་དག་ཏུ་བགྲོད་ནུས་པའི་སྔགས་སྐྱེས་མ་ལ་སོགས་པ་རིག་འཛིན་དཔའ་བོ་དང་རྣལ་འབྱོར་མ། རྡོ་རྗེ་ཐེག་པའི་ལམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་སྟོབས་ནུས་མཐུན་པར་སད་པའི་དབང་གིས་རྗེ་བཙུན་མ་ཧཱ་གུ་རུ་དང༌། གསང་བདག་ལག་ན་རྡོ་རྗེ་ལ་སོགས་པའི་ཚོམ་བུའི་འཁོར་དང་ལྷན་ཅིག་ཏུ་ཚོགས་པ་རྣམས་དང་སྐལ་པ་མཉམ་པའི་རིག་འཛིན་གྱི་གྲལ་གང་ཡིན་པ་དེ་ཐམས་ཅད་དུ་སོང་ནས། བསྐྱེད་རྫོགས་ཀྱི་ལམ་གྱི་འཕྲོ་སྦྱོང་སྟེ་རང་རང་གི་ལམ་སྟོན་དུ་གྱུར་པའི་རིག་པ་འཛིན་པ་ཡི་རྡོ་རྗེའི་བླ་མ་རྣམས་ནི་གནས་འདི་དང་ཞིང་འདིར་བཞུགས་འདིར་མི་བཞུགས་ཞེས་མེད་དེ་མོས་གུས་དག་པའི་སྣང་ངོར་རང་ཉིད་གང་དུ་སོང་བའི་ཞིང་དེར་མངོན་སུམ་རབ་ཏུ་བཞུགས་པའི་དྲུང་ནས། སྔགས་ཀྱི་ལྟ་བ་ཟབ་མོའི་བོགས་འདོན་དང༌། དེ་ལ་བརྟེན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་ནུས་དེ། རིག་འཛིན་བླ་མའི་ཕྲིན་ལས་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པར་དད་ལྡན་རྗེས་སུ་བཟུང་བ་དང༌། སྣོད་མིན་ཚར་གཅོད་པ་སོགས་མོས་པ་དང་འཚམས་པར་དོན་བྱེད་པའོ། །ཞིང་འདི་དག་རང་གི་མོས་གུས་དང་དག་སྣང་སོགས་དགེ་བའི་ས་བོན་མཐུ་བརྟས་པ་དང༌། བསྐྱེད་རིམ་གྱིས་རང་སྣང་དག་པར་ཤར་བ་དང༌། རྫོགས་རིམ་གྱིས་རྩ་ཐིག་རླུང་སེམས་ལས་སུ་རུང་བ་སོགས་ཟབ་མོའི་བརྟུལ་ཞུགས་མཐར་སོན་པའི་གསང་སྔགས་ཀྱི་ནུས་མཐུ་རང་དབང་དུ་སོན་ཏེ་གྲུབ་པ་ཐོབ་པ་རྣམས་ལ་སྣང་བ་དེ་ལས་གཞན་མ་དག་པའི་རྟོག་དཔྱོད་རང་རྒྱུད་པས་འདོད་པ་ཅན་གྱི་སྒོ་ནས་སོང་ན་ཕྱིན་དུ་ཡོད་པ་ཡི་གནས་རིས་སུ་ཆད་པ་ཅན་མཐུན་སྣང་དུ་གྲུབ་པར་བསམ་པར་མི་བྱ་ལ་རང་སྣང་དག་པ་ཁོ་ན་ལ་སྣང་བར་ཤེས་པར་བྱའོ། །ཆོས་སྐུ་སྤྲོས་བྲལ་དེ་ཉིད་ཀྱི་ངང་ལས་སྣང་བའི་ལོངས་སྤྱོད་རྫོགས་པ་ཡི། སངས་རྒྱས་ཀྱི་སྐུ་ཡི་གནས་དྲུག་ལས་ཡི་གེའི་སྤྲིན་གྱི་ཕྲེང་བའི་འོད་ཟེར་རབ་ཏུ་འཕྲོས་པས་རིགས་དྲུག་གི་འཇིག་རྟེན་རྣམས་སུ་འགྲོ་བ་འདུལ་བར་བྱེད་པའི་སྤྲུལ་པའི་སྐུ་མཆོག་སྣང་བ་ནི། མཁའ་འགྲོ་སྙིང་ཐིག་ལས། ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས། འ་ཆོས་ཉིད་སྤྲོས་དང་བྲལ་བའི་སྒྲ། ཨ་གཟུང་འཛིན་གཉིས་སྣང་དག་པའི་སྒྲ། ཧ་ཆོས་ཉིད་རང་བྱུང་གི་སྒྲ། ཤ་ཤེས་རབ་འགག་པ་མེད་པའི་སྒྲ། ས་ཆོས་ཉིད་རང་བྱུང་གི་སྒྲ། མ་ཆོས་ཉིད་མཉམ་པ་ཉིད་ཀྱི་སྒྲ་སྟེ། ཡི་གེ་དྲུག་པའི་འཁོར་ལོས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཀུན་ཏུ་འབྲེལ་བས་ཕྱེད་སྤྲུལ་ཏེ། ལོངས་སྐུའི་དཀྱིལ་འཁོར་ལ་སྣང་བ་རང་བཞིན་སྤྲུལ་པའི་སྐུ་དང༌། ཐུབ་པ་དྲུག་སྟེ་འགྲོ་འདུལ་སྤྲུལ་སྐུ་དང༌། སོ་སོའི་སྣང་བ་དང་མཚུངས་པར་བཟོ་དང་སྐྱེ་བ་ལ་སོགས་པ་མ་དག་པ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བའི་དོན་མཛད་ཅེས་པ་ལྟར་མཐོ་རིས་གསུམ་དང་ངན་སོང་གསུམ་སྟེ། གནས་རིགས་དྲུག་གི་གདུལ་བྱ་སོ་སོའི་སྣང་བ་ལ་དེ་དང་འཚམ་པའི་སྤྲུལ་པ་བསྟན་ཏེ་འགྲོ་བ་དྲུག་པོར་རང་རང་གི་རྒྱལ་པོ་སོགས་མིང་གི་མངོན་བརྗོད་ལྷ་དབང་བརྒྱ་བྱིན་ལ་སོགས་པ་ལྟ་བུ་སྐལ་པ་དང་འཚམས་པར་རྗེས་སུ་འགྲོ་བའི། འདུལ་བྱེད་རིག་པའི་གསང་སྔགས་གྲུབ་པ་རྣམས་མཚན་དཔེ་ཅན་མེ་ཆུ་ཐོགས་པ་ཞིག་དམྱལ་གནས་སུ་མེད་མོད་རང་གི་སྣང་ཚུལ་གྱི་དབང་ལས་ཆོས་རྒྱལ་ལ་སོགས་པར་སྣང་ནས། དེ་དག་གིས་སྡུག་བསྔལ་གཏད་པའང་སྡུག་བསྔལ་ཟད་པའི་ཕྱིར་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་ནི་ངེས་པའོ། །ཞེས་འགྲེལ་པར་གསུངས་སོ། །དེ་ཡང་རང་གི་མོས་པ་དང་འཚམས་པར་ལྷའི་རྔ་བོ་ཆེ་སོགས་སྣང་ཚུལ་མཚོན་པའི་སྐྱེས་བུ་ཐུབ་པ་དྲུག་སོགས་གདུལ་བྱའི་བྱེ་བྲག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་ཡན་མན་དུ་རྒྱ་ཐེམ་བརྩེགས་པ་ལྟ་བུ་དང༌། ཕན་ཚུན་ཟ་འོག་ཁ་ཕྱེ་བ་ལྟ་བུ་ཚད་མེད་དུ་སྣང་བ་དེ་སྙེད་དང་མཉམ་པར་རབ་ཏུ་སྤྲུལ་ནས། གདུལ་བ་བཞི་ཡི་ཚུལ་གྱིས་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་བསམ་མི་ཁྱབ་པར་མཛད་དོ། །དེ་ཡང་དང་པོ་སྐུ་བསོད་ནམས་ཆེན་པོས་འདུལ་བ་ནི། དགའ་ལྡན་གནས་ནས་འཕོ་བ་སོགས་མཆོག་གི་སྤྲུལ་སྐུ་ཡི་མཛད་པ་ཆེན་པོ་བཅུ་གཉིས་སོགས་སུ་སྟོན་ནས་འགྲོ་དོན་མཛད་པ་ཡིན་ནོ། །གཉིས་པ་གསུང་གི་མཛད་པ་གདུལ་བྱའི་རྣ་བར་ཚིག་གི་སྡེབ་སྦྱོར་ལེགས་པ་དང༌། ཚངས་དབྱངས་དྲུག་ཅུ་དང་ལྡན་པའི་གསུང་གིས་བསྟན་པའི་ཐེག་པའི་རྣམ་གྲངས་ཉན་རང་བྱང་སེམས་སྟེ་ཐེག་པ་གསུམ་མམ་བླ་མེད་ཀྱི་ཐེག་པ་གཅིག་རྣམས་སྟོན་པར་མཛད་ལ་ཆོས་སྒོ་གང་ཡང་གདུལ་བྱའི་སེམས་ཅན་རང་རང་གི་འདུ་ཤེས་སྣ་ཚོགས་པའི་རྗེས་སུ་འགྲོ་བ་ཡིན་ཏེ། སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་ཆ་མཉམ་དང་བཅས་པ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་རེ་ཕྱེ་བའི་གྲངས་ཀྱི་གཉེན་པོར་དགོངས་ཏེ་གསུངས་པ་ལ་སྡེ་སྣོད་གསུམ་སྔགས་དང་བཅས་པ་བཞི་པོ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་རེ་ཕྱེ་བས་ཆོས་ཀྱི་སྒོ་འཕར་བརྒྱད་ཁྲི་བཞི་སྟོང་གྲངས་སུ་གསུངས་པ་ལྟར་སྣང་ཡང༌། རྣམ་པར་རྟོག་པའི་ཀུན་སློང་གིས་བསྐྱེད་ཅིང་ལྕེ་མཆུའི་རྩོལ་བས་སྒྲ་ཚིག་རང་མཚན་པ་མ་ཡིན་པར་གདུལ་བྱའི་སེམས་ཅན་གྱི་ཁམས་ལ་རྒྱལ་བའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུས་སྣང་བ་ཡིན་ཏེ། ངས་ནི་ཅི་ཡང་མ་བསྟན་ཏེ། །སེམས་ཅན་རྣམས་ལ་ཁྱབ་གདལ་སྣང༌། །ཞེས་པ་ལྟར་གསུང་གཅིག་གིས་ཀྱང་གདུལ་བྱའི་བློ་ཡི་ཁྱད་པར་སྣ་ཚོགས་པའི་ངོར་སོ་སོའི་རྣམ་པར་རིག་པ་དེ་ཉིད་དང་མཐུན་པར་ཐ་དད་པར་ཤར་བ་ཡིན་ནོ། །གསུམ་པ་ཐུགས་ཀྱིས་གདུལ་བ་ནི་གདུལ་བའི་དུས་འདུལ་བྱེད་ཀྱི་ཐབས་སྣ་ཚོགས་པར་དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་ཅིང་གཟིགས་པ་སྔོན་གནས་རྗེས་དྲན་གྱི་མངོན་པར་ཤེས་པ་དང༌། དེ་ལྟར་དུས་གསུམ་གྱི་དངོས་པོ་ཐམས་ཅད་མ་འདྲེས་པར་གཟིགས་ཀྱང་འདི་ནི་དུས་སོ་ཞེས་མཚན་མ་ཅན་དུ་སོ་སོར་མི་རྟོག་སྟེ་དུས་གསུམ་སྐྱེ་མེད་ཀྱི་དབྱིངས་སུ་བག་ཆགས་རང་ཟད་གྱུར་པའི་དུས་བཞི་མཉམ་པ་ཉིད་ཀྱི། རང་བཞིན་གདོད་མའི་གནས་སྐབས་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་མཁྱེན་པ་ཟག་ཟད་མཁྱེན་པའི་མངོན་ཤེས་དང༌། གཞན་སེམས་ཅན་གྱི་དགེ་མི་དགེ་ལུང་མ་བསྟན་སོགས་སེམས་རྒྱུད་སྣ་ཚོགས་པ་མཁྱེན་པ་སྟེ་གཞན་སེམས་ཤེས་པའི་མངོན་ཤེས་དང༌། དེ་བཞིན་དུ་སེམས་ཅན་གྱི་མོས་པ་དང་མཐུན་པའི་དོན་སྤྱོད་པ་རྫུ་འཕྲུལ་ཆེན་པོའི་མངོན་ཤེས་དང༌། གཟིགས་པ་ལྷའི་སྤྱན་གྱིས་འཇིག་རྟེན་ཀུན་གྱི་སེམས་ཅན་རྣམས་འདི་ནས་འཆི་འཕོ་ཞིང་འདིར་སྐྱེའོ་ཞེས་སོགས་མཁྱེན་པ་ལྷ་ཡི་མིག་གི་མངོན་ཤེས་དང༌། གསན་པ་སྙན་གྱི་མངོན་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་ཀྱི་སྒྲ་གསན་པ་སོགས་ལྷའི་རྣ་བའི་མངོན་ཤེས་ཏེ་དྲུག་དང༌། གཞན་ཡང་མཁྱེན་པའི་སྟོབས་བཅུ་ལ་སོགས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པའང༌། མདོར་བསྡུ་ན་མངོན་ཤེས་དྲུག་པོ་དེ་རྣམས་ཐུགས་ཀྱི་རྗེས་སུ་འགྲོ་བས་གདུལ་བྱ་དུས་ལས་སྐད་ཅིག་ཀྱང་ཡོལ་བ་མེད་པར་དོན་མཛད་དོ། །བཞི་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་གདུལ་བར་བྱ་བ་ཀུན་ཏུ་འགྲོ་བའི་བློ་དང་མཐུན་པར་སྐུ་དང་ཞིང་ཁམས་ཉི་ཤུ་རྩ་ལྔ་སོགས་སྣ་ཚོགས་པ་དང༌། ཀུན་ཏུ་ཐུགས་སྤངས་རྟོགས་བསམ་གྱིས་མི་ཁྱབ་པ་དང༌། དེ་བཞིན་ཀུན་ཏུ་ཞལ་ཞི་བ་དང་ཁྲོ་བོ་སོགས་དང༌། དུས་ཀུན་ཏུ་གསུང་གི་གསང་བ་བསམ་མི་ཁྱབ་པ་ཡན་ལག་རྒྱ་མཚོའི་བརྡ་ཐབས་ཀྱིས་ཆོས་སྟོན་པའོ། །དེ་ལྟར་འདུལ་བཞི་པོས་འགྲོ་དོན་མཛད་པ་ན་སྐུ་གསུང་ཐུགས་གསུམ་གྱིས་ནི་དངོས་སུ་དོན་མཛད་ལ། ཕྲིན་ལས་ཀྱིས་ནི་དངོས་བརྒྱུད་གཉིས་ཀར་མཛད་ལ། མདོར་ན་ཀུན་དུ་མཛད་པ་ལྷུན་གྲུབ་རྒྱུན་མི་འཆད་དོ། །དེ་ལྟར་ཆོས་སྐུའི་དབྱིངས་ལས་ལོངས་སྐུ་དང་དེ་ལས་སྤྲུལ་པའི་སྐུ་མཆོག་རྣམས་ཀྱིས་མཁྱེན་ཆ་ཆོས་ཉིད་ལ་ལྟོས་ཇི་ལྟའི་ཡེ་ཤེས་ཀྱིས་ཟབ་མོ་དོན་དམ་བདེན་པ་དང༌། ཆོས་ཅན་གཟིགས་པ་ལ་ལྟོས་ཇི་སྙེད་མཁྱེན་པ་ཡི་ཡེ་ཤེས་ཀྱིས་ཀུན་རྫོབ་བདེན་པ་ཡི་ཆོས་ཐམས་ཅད་མ་འདྲེས་པར་སོ་སོར་མཁྱེན་པའི་ཡེ་ཤེས་གཉིས་པོ་དེ་ཉིད་ཀྱིས་གདུལ་བྱའི་རྒྱུད་འགྲོལ་ཞིང༌། དེ་ཡང་བརྗོད་བྱ་དོན་དང་ལྡན་པ་དང༌། རྗོད་བྱེད་ངག་ཚིག་དྲི་མ་མེད་པ་དང༌། བྱེད་ལས་ཉོན་མོངས་ཉེ་བར་སྤོང་བ་དང༌། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པ་སྟེ་ཁྱད་པར་བཞི་དང་ལྡན་པས་ཕྱི་རོལ་པ་ལ་སོགས་པས་བསྟན་པ་དང་མ་འདྲེས་ཤིང་ཐུན་མོང་དུ་མ་གྱུར་པའི་ཆོས་ཚུལ་མཐའ་ཡས་པར་སྟོན་པའོ། །དེ་ལས་ཡང་སྤྲུལ་རྣམ་པ་བརྗོད་མི་ལང་སྟེ་འགྲོ་བ་བསམ་གྱིས་མི་ཁྱབ་པར་དེ་སྙེད་སྤྲུལ་པའང་བསམ་གྱིས་མི་ཁྱབ་བོ། །འོན་ཀྱང་འགྲོ་བ་དྲུག་གི་གནས་རིགས་དེ་སྙེད་དུ། ལྷ་རྣམས་འདུལ་བྱེད་ཚངས་པ་དང༌། ལྷ་ཡི་དབང་པོ་བརྒྱ་བྱིན་དང༌། བདེ་འབྱུང་སྟེ་ཁྱབ་འཇུག་སོགས་གནས་རིགས་སོ་སོའི་གཙོ་བོས་འཁོར་རྣམས་ཀྱི་སྡུག་བསྔལ་སེལ་བར་བྱེད་ལ། དེ་བཞིན་དུ་མི་ལ་ཡང་ཐེག་པ་སོ་སོའི་རིགས་དང་མཐུན་པར་ཉན་རང་བྱང་སེམས་རྣམས་དང༌། དགེ་བཅུས་ཁྲིམས་ཀྱིས་འདུལ་བར་འོས་པའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། རྒྱལ་ཕྲན་བློན་པོ་སོགས་དང༌། དེ་བཞིན་ལྷ་མ་ཡིན་ལ་ཐག་བཟང་རིས་ལ་སོགས་དང༌། བྱ་རྣམས་ལ་ཤིང་རྟ་མོ་དང༌། རྨ་བྱའི་རྒྱལ་པོ་གསེར་ལྡན་དང༌། སྲེག་པ་ལ་སོགས་པ་དང༌། རི་དྭགས་རྣམས་ཀྱི་ཕྱིར་དུ་སེངྒེའི་རྒྱལ་པོ་ཡི་དམ་བརྟན་པ་དང༌། ཤ་ར་བྷ་དང༌། ཀུནྡ་ལ་སོགས་པ་སྤྲུལ་པའི་རྣམ་རོལ་རྡོ་ཤིང་ཡན་ཆད་བསམ་གྱིས་མི་ཁྱབ་བོ། །མདོར་ན་དམྱལ་བ་ཡི་དྭགས་ཀྱི་འགྲོ་བ་སོགས་སེམས་ཅན་རྣམས་གང་དང་གང༌། འདུལ་བྱེད་དེ་དང་དེ་འདྲའི་གཟུགས་སྤྲུལ་ནས། སེམས་ཅན་དོན་ལ་སྙོམས་ལས་དང་གཞན་དབང་སོགས་དུས་ནམ་ཡང་གཡེལ་བ་མེད་པར་སྤྲུལ་པའི་རྣམ་པར་རོལ་པའི་གྲངས་འདི་ནི་ཕྱོགས་བཅུའི་འཇིག་རྟེན་དྲུག་གི་ཞིང་རབ་འབྱམས་རྣམས་སུ་སྣང་བ་ཡིན་ལ། འཇིག་རྟེན་དྲུག་ནི། གསང་སྙིང་ལས། ལས་ཀྱི་དབང་གིས་སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི །ཞེས་སྣྲེལ་གཞི་དང་ཡན་མན་གྱི་སེམས་ཅན་གནས་པའི་སྣོད་ཀྱི་བྱེ་བྲག་གྲུ་བཞི་དང༌། ཟླུམ་པོ་དང༌། ཟླ་གམ་དང༌། གྲུ་གསུམ་དང༌། གཞི་ཕྱལ་པ་དང༌། སྟེང་གཡོགས་མེད་པ་སྟེ་དྲུག་གོ །སྣྲེལ་གཞི་ཞེས་པ་སོགས་ནི་ཕལ་པོ་ཆེ་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་ཐུར་འཕྱང་ཞིང༌། །གཤིན་རྗེའི་འཇིག་རྟེན་སྣྲེལ་གཞི་སྟེ། །བྱོལ་སོང་ལྷ་མི་གྱེན་དུ་འགྲོ། །ཞེས་པ་ལྟར་རོ། །དེ་ལྟར་འཇིག་རྟེན་དྲུག་གི་འགྲོ་བ་དེ་དག་རང་རང་གིས་ལས་བསགས་ཚུལ་དང༌། ལས་དེས་བག་ཆགས་དགེ་བ་དང་སྡིག་པ་དང་འདྲེས་མ་དག་བྱས་པའི་རྒྱུ་ལས་ནི་འབྲས་བུའི་དུས་ཀྱི་གནས་རིགས་ལྷའི་བདེ་བ་དང༌། དམྱལ་བའི་སྡུག་བསྔལ་ཁོ་ནར་སྤྱོད་པ་དང༌། མི་སོགས་འགའ་ལ་འདྲེས་མ་དང༌། ལྷ་མི་སོགས་སྟེང་དང༌། ངན་འགྲོ་འོག་སྟེ་མཐོ་དམན་ལྟར་འཁྲུལ་ངོར་སྣང་བའི་གནས་སྐབས་རྒྱལ་བའི་ཐུགས་རྗེས་རྣམ་པར་འཕྲུལ་པ་ཡང་ཚད་མེད་པར་འགྲོ་བ་རང་རང་གི་སྣང་བ་དང་མཐུན་པའི་སྟོན་པས་དོན་སོ་སོར་མཛད་ཅིང༌། ཆོས་ཀྱང་མ་ངེས་པ་སྣ་ཚོགས་སུ་གདུལ་བྱའི་བློ་རྟོག་ལྟར་སྣང་སྟེ། སྤྱིར་རྒྱལ་བའི་བཀའ་ལ་ཞལ་ནས་གསུངས་པ་དང༌། བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བའི་བཀའ་གསུམ་དུ་ཡོད་ཅིང༌། བྱིན་གྱིས་བརླབས་པ་ལའང་གསུམ་ལས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་གསུམ་དུ་ཡོད་པར་གསུངས་པས་མཚོན་སྟོན་པ་པོའང་མ་ངེས་ཏེ། བཤད་སྦྱར་ལས། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང༌། །པདྨོ་དག་དང་དཔག་བསམ་ཤིང༌། །རྔ་བོ་ཆེ་ལས་བྱུང་བ་ཡང༌། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་དང༌། སྡུད་པ་ལས། རྒྱལ་བའི་ཉན་ཐོས་གང་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅིའི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་མངོན་བསླབས་ཤིང༌། །མངོན་སུམ་བྱས་ནས་བསླབ་པ་ཇི་བཞིན་སྟོན་བྱེད་པ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་པ་ལྟར་རོ། །སྟོན་ཚུལ་ཡང་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་སྤོས་ཀྱི་ཡོངས་སུ་བརྩེགས་པའི་ཞིང་ཁམས་ན། བྱང་ཆུབ་སེམས་དཔའ་སྤོས་ཀྱི་ཤིང་ཆེན་པོའི་དྲུང་ན་གནས་པ་ན། ཤིང་དེའི་དྲི་ཚོར་བ་ཙམ་གྱིས་རྒྱུད་ལ་རྣམ་པར་ཐར་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ན་ལ་ལ་ཁ་ཟས་ཟོས་པས། ལ་ལ་ཆོས་གོས་གྱོན་པས། ལ་ལ་སྐུ་ལ་བལྟས་པས། ལ་ལ་རྨི་ལམ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཉེ་བར་བསྒྲུབ་པའང་ཡོད་དེ་བསམ་གྱིས་མི་ཁྱབ་བོ། །ཞེས་སྒྲ་ཚིགས་མ་ངེས་པར་སྣང་ཚུལ་དཀོན་མཆོག་བརྩེགས་པ་ལས་བྱུང་བ་བཞིན་ནོ། །དོན་མཛད་པའི་དུས་ཀྱང་མ་ངེས་པར་གདུལ་བྱ་རང་རང་གི་སྐལ་བ་དེའི་རྗེས་སུ་འགྲོ་བ་ཡིན་ལ། མ་དག་ཞིང་གི་འགྲོ་བ་མཐའ་དག་ལ་དེ་ལྟར་སྣང་བ་ཡིན་ནོ། །གདུལ་བྱའི་འགྲོ་བ་གང་ཞིག་ལ་འདུལ་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་སྣང་བ་ཡང་དྲི་བྲལ་རང་བཞིན་ཤེས་པའི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང༌། སེམས་ཅན་སོ་སོའི་སྨོན་ལམ་དང་དགེ་བའི་ལས་སྣང་འཛོམ་པ་ལས། ནང་གསལ་དབྱིངས་ཀྱི་སྐུ་གསུམ་པའི་ཐུགས་རྗེ་ཕྱིར་གསལ་དུ་ཤར་བའི་ཡེ་ཤེས་དང་ཕྲིན་ལས་དག་པའི་གཟུགས་སྐུ་གཉིས་དང༌། ཁྱད་པར་སོ་སྐྱེའི་ངོར་མཆོག་སྤྲུལ་ཤཱཀྱ་སེངྒེ་སོགས་འགའ་ཞིག་སྣང་བ་ནི་གཉིད་དུ་སོང་བའི་རྨི་ལམ་གྱི་ནང་དུ་སངས་རྒྱས་མཐོང་བ་ལྟར་རང་གི་སེམས་སྣང་ཙམ་ཡིན་ལ། རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་པ་དེ་གཉིས་པོ་ལ་ཡང་ངོ་བོ་ཉིད་མེད་ཀྱང་སངས་རྒྱས་ཞེས་རང་བཞིན་གཉིས་པ་ཞིག་མ་གྲུབ་ལ། གང་ལ་སྣང་བའི་སེམས་དེ་ཡང་བདག་མེད་ཅིང་འོད་གསལ་བ་དང༌། གང་ཞིག་སྣང་བའི་སངས་རྒྱས་དེ་ཡང་སྟོང་པ་ཉིད་རང་བཞིན་མེད་པས་གསོག་ཏུ་རིག་པར་བྱའོ་ཞེས་ཟབ་མོའི་མདོ་སྡེ་དག་ལས་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས། ངས་ནི་རྨི་ལམ་ལྟ་བུའི་འགྲོ་བ་ལ། །རྨི་ལམ་ལྟ་བུར་སྤྲུལ་ནས་ཆོས་བསྟན་ཡང༌། ངོ་བོ་མེད་དེ་རང་བཞིན་གཉིས་སུ་མེད། །བདག་མེད་སྟོང་པ་གསོབ་ཏུ་རིག་པར་བྱ། །ཞེས་སོ། །རྒྱུ་མཚན་དེ་བས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་རོལ་པ་ལ་ཡིན་པའི་ཕྱིར་དང༌། གདུལ་བྱའི་སྣང་བའི་སྤྲུལ་པའི་སངས་རྒྱས་ཀྱང་ངོ་བོ་ཡེ་ནས་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ལས་མ་གཡོས་ན་ཡང་སྤྲུལ་པའི་གཟུགས་བརྙན་གདུལ་བྱ་ཉིད་དང་མཐུན་པར་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ལྟར་སྣང་བའི་ཕྱིར། རང་བཞིན་མེད་པ་འཁོར་འདས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་མ་དག་པའི་འགྲོ་ངོར་ཐུགས་རྗེས་རོལ་པའི་སྤྲུལ་པ་སྣང་བ་ཡང༌། ཇི་སྲིད་འཁོར་བ་མ་སྟོངས་པ་དེ་སྲིད་དུ་གདུལ་བྱ་དེའི་རྗེས་སུ་འགྲོ་བའི་དོན་རྒྱུན་མི་འཆད་པར་སྣང་ལ། དེ་ལྟར་གདུལ་བྱ་འདུལ་བྱེད་གཉིས་ཀྱང་དབྱིངས་གཅིག་ལས་མ་གཡོས་བཞིན་དྲི་བཅས་གནས་སྐབས་ན་འཁོར་བ་དང༌། དྲི་མ་ལས་གྲོལ་བའི་ཚེ་མྱང་འདས་རྣམ་འགྱུར་དུ་ཤར་བའི་གནས་ལུགས་གཤིས་ཐོག་ཏུ་ཕེབས་པ་ལ་དེ་ཁོ་ན་ཉིད་མཐོང་བའི་སྐྱེས་བུ་ཞེས་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་སུས་ཤེས་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་སོ། །འདིར་བཤད་པའི་རང་བཞིན་སྤྲུལ་སྐུ་འདི་མདོ་ཕྱོགས་སུ་ལོངས་སྐུ་ཡིན་པས་དེ་ཉིད་ངང་ནས་ངོ་བོ་ཐ་མི་དད་ཀྱང་ཐུབ་དྲུག་སོགས་སེམས་ལྡན་དང་བེམ་པོ་སོགས་སྣ་ཚོགས་སུ་སྤྲུལ་པ་ནི། ཡིད་ཀྱི་བྱེད་པ་པོ་དང་ཆོས་སུ་བྱ་བ་མེད་བཞིན་དུ་རི་བྲག་ཡུལ་ལྗོངས་ལ་སོགས་པར་སྐུ་གསུང་ཐུགས་རྟེན་རྣམས་རང་བཞིན་དུ་བྱོན་པར་སྣང་བ་དང༌། ཡུལ་ཉེར་བཞི་ལ་སོགས་པའི་བཀོད་པ་དང༌། མགར་བ་ལྷ་བཟོ་སོགས་ཀྱི་འདུ་བྱེད་ལས་བྱུང་བ་ཡི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྣང་བརྙན་འབུར་དུ་བྱས་པ་དང་རིས་སུ་བྲིས་པ་དང༌། ཐགས་སུ་བཏགས་པ་སོགས་རྒྱལ་བའི་ཕྲིན་ལས་ཡིན་ཏེ། མདོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ཏེ། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་དང༌། ཁྱད་པར་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་ནས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་སྣང༌། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་པ་ལྟར་ཁྱད་པར་ཅུང་ཟད་ཙམ་ཡོད་པ་མ་ཡིན་ནོ། །གཞན་ཡང་གནྡྷོ་ལ་སྟེ་གཙུག་ལག་ཁང་དང༌། ཁང་བཟང་དང༌། སྐྱེད་མོས་ཚལ་དང༌། གནས་ཁང་ཉེར་སྤྱད་གང་ཡང་མེད་པའི་མྱ་ངམ་ཐང་དུ་འཁྱམས་པ་རྣམས་ལ་སྤྲུལ་པའི་གྲོང་ཁྱེར་དུ་སྣང་བ་དང༌། མེ་ཏོག་སྣ་ཚོགས་པའི་པདྨའི་ཚལ་དང༌། དགོས་འདོད་འབྱུང་བའི་དཔག་བསམ་ཤིང་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། ཆུ་བོ་རྣམས་ལ་གྲུ་དང༌། གཟིངས་དང༌། ཟམ་པ་དང༌། དེ་བཞིན་དུ་བགྲོད་པར་བྱེད་པའི་ཤིང་རྟ་དང༌། ཟས་གོས་ལ་སོགས་པ་གང་ལ་གང་འདུལ་གྱིས་སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་རྣམས་རང་གི་སྒྲིབ་པའི་མཐུས་དངོས་སུ་མི་སྣང་ཡང༌། སྡུག་བསྔལ་ལས་ཐར་བ་དང་བདེ་བ་ལྡན་པའི་གཞིར་གྱུར་པའི་ཐབས་དང་བཅས་པ་རྣམས་སོ། །སྐྱེ་བ་སྤྲུལ་སྐུ་ནི་དངོས་སམ་བརྒྱུད་ནས་ཕན་འདོགས་པར་བྱེད་པ་སྟེ། མུ་གེའི་ཚེ་ན་ཉ་ཡི་རྒྱལ་པོ་པདྨ་སྐྱེས་ཏེ་ཉ་བོ་ཆེ་རུ་སྤྲུལ་ནས་རང་གི་ཤ་ཡིས་ཚིམ་པར་བྱེད་པ་དང༌། སྨན་གྱི་གསོར་མི་རུང་བའི་ནད་ཀྱིས་གདུངས་བའི་སྐྱེ་བོ་རྣམས་ལ་སྲོག་ཆགས་དེས་པ་རུ་སྤྲུལ་ནས་རང་གི་ཤ་ཟ་རུ་བཅུག་ནས་ནད་སེལ་བར་བྱེད་པ་དང༌། མི་མང་པོ་སྲིན་མོའི་གླིང་དུ་སྲོག་གི་འཇིགས་པས་མནར་བ་ལ་ཅང་ཤེས་བ་ལ་ཧ་རུ་སྤྲུལ་ནས་བསྒྲལ་བ་དང༌། མི་གཙང་བའི་འདམ་དུ་སྐྱེས་པའི་སྲིན་བུའི་རིགས་རྣམས་ལ་གསེར་གྱི་བུང་བ་ལ་སྤྲུལ་ནས་སྒྲས་བུང་བུང་ཞེས་བསྒྲགས་པས་ཚེ་འཕོས་ཏེ་ཐམས་ཅད་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་ཁ་ན་སྤོས་ཀྱི་དྲི་ངད་ལྡང་བ་ཞེས་བྱ་བ་ཤ་སྟག་ཏུ་གྱུར་པ་སོགས། སྤྲུལ་པ་སྣ་ཚོགས་སུ་རྣམ་པར་སྣང་བ་ཀུན་གནས་སྐབས་དང་མཐར་ཐུག་ཕན་པ་དང་བདེ་བའི་གཞིར་གྱུར་ན་ཡང༌། འདི་ལྟར་དོན་བྱེད་སྙམ་པའི་རྟོག་པ་མེད་ཅིང༌། བྱེད་རྩོལ་གྱི་གཡོ་བ་མེད་བཞིན་དུ་ཇི་སྐད་བཤད་པ་དེ་ལྟ་བུའི་སྤྲུལ་པས་འགྲོ་བའི་དོན་ཆེན་གྱིས་ནི་དངོས་དང་བརྒྱུད་ནས་ཕན་བདེའི་དཔལ་དུ་ཉེ་བར་གནས་ཏེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །དེ་ལྟ་བུའི་ཕྲིན་ལས་དེ་དང་པོར་ཡང་དབྱིངས་ལས་བྱུང་ཞིང་མཐར་ཡང་དབྱིངས་སུ་སྤྲོས་པ་ཉེ་བར་ཞི་ཚུལ། གལ་ཏེ་སྐུ་དངོས་ཀྱིས་གདུལ་བར་བྱ་བའི་དུས་ཡོལ་ཏེ་དོན་མཛད་ཟིན་ནས་གདུལ་བྱ་སྤྱི་དང་བྱེ་བྲག་གང་ཡང་མེད་པའི་གནས་སྐབས་ན། དེ་འདུལ་བྱེད་ཀྱི་གཟུགས་སྐུ་དབྱིངས་སུ་ནུབ་པར་གྱུར་པའི་ཚུལ་དེ་མཚོན་པར་བྱེད་པའི་དཔེ་ནི། ཇི་ལྟར་ན་ས་སྟེང་གི་ཆུ་སྣོད་གང་ཡང་རུང་བ་དེ་མེད་ཚེ་དེར་ཤར་བའི་ཆུ་ཟླའི་གཟུགས་བརྙན་དེ་ཡང༌། སྤྲུལ་གཞི་ནམ་མཁའི་ཟླ་བ་ཉིད་ལ་ཐིམ་པ་ཞེས་གཅིག་ལ་གཅིག་འདྲེས་པ་ལྟ་བུ་མིན་ཀྱང་གར་སོང་ཆ་མེད་དུ་ཡལ་བ་ལྟར། དག་མ་དག་གི་གདུལ་བྱའི་སྣང་བས་བསྡུས་པའི་སྤྲུལ་པ་ནས་རང་བཞིན་སྤྲུལ་པའི་བར་དུ་སྣང་བ་རྣམས། རང་སྣང་དོན་གྱི་འོག་མིན་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ་ནས་དབྱེར་མེད་དུ་གྱུར་ཏེ་སྣང་ཆ་མི་མངོན་ནོ། །རང་སྣང་ལོངས་སྐུ་དེ་ཡང་ཆོས་སྐུར་ཐིམ་ཚུལ་དཔེར་ན་ཚེས་བཅུ་དྲུག་ནས་གནམ་སྟོང་གི་བར་དུ་ཟླ་བ་གཅིག་ཤོས་ནས་གཅིག་ཏུ་ཐིམ་པའམ་གཏན་མེད་དུ་སོང་བ་མེད་ཀྱང་ཕྱིར་གསལ་གདངས་ནང་དབྱིངས་འོད་སྣང་ཕྱིར་སྤྲོས་པ་མེད་པའི་གཏིང་གསལ་གྱི་ངང་ཐིམ་པ་ལྟར། ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་རང་སྣང་དུ་ཤར་བ་དེ་ཡང་ནང་དབྱིངས་སྤྲོས་པ་མེད་པའི་ཆོས་ཀྱི་སྐུའི་ཡེ་ཤེས་ཆེན་པོར་འཁྱིལ་བ་སྟེ། སྒྲོན་མ་སྣང་བྱེད་ལས། ཆོས་སྐུའི་ཡེ་ཤེས་གཞི་གནས་ཏེ། །ཤེས་པའི་ཆ་ནས་གསལ་བྱེད་ལ། །འཛིན་པ་རགས་པའི་རྟོག་པ་མེད། །ངང་ངམ་ཤུགས་ཀྱི་ཐུགས་རྗེ་འོ། །གསལ་ཞིང་ཤེས་པ་རིག་དང་བཅས། །ཆ་ལ་འདྲེས་པ་མེད་པར་གནས། །ཞེས་སོ། །དེ་ལྟ་བུའི་སྐུ་གསུམ་གྱི་དགོངས་པ་རོ་གཅིག་ཏུ་གྱུར་པའི་གནས་སྐབས་དེ་ཉིད་ལ། དབུ་མ་ཐལ་འགྱུར་བ་རྣམས་ནི་སེམས་དང་སེམས་བྱུང་གི་འཇུག་པ་གཉིས་སྣང་ཤིན་ཏུ་ཕྲ་བའང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་སུ་བུད་ཤིང་ཟད་པའི་མེ་བཞིན་ཞི་བའི་ཚེ། ཐེག་དམན་གྱི་དགྲ་བཅོམ་ལྟ་བུ་བག་ཆགས་ཕྲ་བའང་མ་ཟད་པའི་འགོག་པ་ཉི་ཚེ་བ་ཙམ་མ་ཡིན་པར་རྒྱལ་བའི་འགོག་པ་མཐར་ཐུག་དམ་པ་ཞེས་འདོད་ལ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །ཆོས་སྐུ་དབྱིངས་སུ་འཁྱིལ་ཚུལ་འདིར་རང་བཞིན་རྫོགས་པ་ཆེན་པོའི་ལུགས་སུ་ནི། གློ་བུར་གྱི་དྲི་མ་ཚོགས་བརྒྱད་དང་བཅས་པའི་ཁམས་གསུམ་གྱིས་བསྡུས་པའི་སེམས་དང་སེམས་བྱུང་ཐམས་ཅད་འགགས་ཀྱང་སོ་སོ་རང་རིག་ཡེ་ཤེས་ཉིད་ནི་འགག་པ་མ་ཡིན་ཏེ། ཡོན་ཏན་མཐའ་དག་ཉི་མ་དང་ཟེར་བཞིན་རྒྱུན་མི་འཆད་པ་ལྐོག་གྱུར་དུ་ཡོད་ཚུལ། ཀུན་གསལ་ལས། གནམ་སྟོང་ནུབ་མོ་ཟླ་བ་རྫོགས་གྱུར་ཀྱང༌། །ཉི་མའི་སྟོབས་ཀྱིས་མངོན་དུ་མི་སྣང་བས། །ཚེས་གཅིག་གོང་ནས་བཅོ་ལྔར་རྫོགས་གྱུར་ཏེ། །དེ་ནས་ཟླ་བ་བསྐྱེད་དུ་མེད་པ་ལྟར། །རིན་ཆེན་སྦུབས་ལ་འདུ་འབྲལ་མེད་ཀྱིས་ཀྱང༌། །འཁྲུལ་པའི་སྟོབས་ཀྱིས་མངོན་དུ་གསལ་མ་ནུས། །ཞེས་པ་ལྟར་སློབ་ལམ་པས་སྒྲིབ་པ་རིམ་གྱིས་བསལ་ནས་སངས་རྒྱས་པའི་ཚེ་ན་ཕྲ་ཞིང་རྟོགས་དཀའ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་གཟུགས་སྐུ་ཕྱིར་གསལ་གྱི་ཆ་ཐིམ་ལ་གདངས་འགག་པ་མེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ན་རང་བཞིན་མ་རྨུགས་པ་གཞོན་ནུ་བུམ་པའི་སྐུ་ནང་གསལ་མངོན་དུ་གྱུར་ཏེ་ཟླ་བ་ཉ་གང་བ་ལྟར་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་དེ་ལས་གོང་དུ་བགྲོད་པ་མེད་ལ། ཐུགས་རྗེའི་ཟེར་རམ་གདངས་དེ་ཡང་གནས་དུས་གང་དུ་གདུལ་བྱའི་ཡུལ་འགྲོ་བ་སྣང་བ་དེའི་མོད་ཉིད་ལ། འགག་པ་མེད་པ་ཐུགས་རྗེའི་གདངས་ལས་ཡེ་ཤེས་ཕྱིར་གསལ་སྐུ་དང་ཕྲིན་ལས་རྒྱུན་མི་འཆད་པར་རྩོལ་མེད་དུ་མཆེད་པའི་གཞི་རུ་གྱུར་པ་སྟེ། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་ཅིང་ཤིན་ཏུ་མཉམ་པར་བཞག་པ་གཉིས་སྣང་མཐའ་དག་དབྱིངས་སུ་ནུབ་པའི་ཆོས་ཉིད་ནི། འབྲས་བུ་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་མཉམ་པར་མ་བཞག་པ་མེད་པའི་ཡོན་ཏན་ལྷུན་གྲུབ་ཆེན་པོའི་གོ་འཕང་ཡིན་ལ། དེ་ཡང་དབྱིངས་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུའི་ངང་ན། ཉི་མ་དང་ཟེར་བཞིན་སྐུ་དང་ཡེ་ཤེས་བྲི་གང་འཕོ་འགྱུར་མེད་པར་ལྷུན་གྲུབ་ཏུ་བཞུགས་ཏེ། ཀུན་མཁྱེན་ཆེན་པོའི་གསང་འགྲེལ་ལས། རྒྱུད་ཀྱི་མཛད་པ་རྫོགས་ནས་དགོངས་པ་ཆོས་ཉིད་དུ་བཞུགས་པའི་ཚུལ་བརྗོད་པའི་སྐབས་སུ། རྒྱུད་ཀྱི་དོན་དེ་སྐད་ཅེས་བརྗོད་པས་རང་སྣང་འོད་གསལ་དུ་བཀོད་པའི་དེ་བཞིན་གཤེགས་པ་རིགས་ལྔ་ཏིལ་གྱི་གོང་བུ་ལྟར་ཇི་སྙེད་ཀྱིས་ནམ་མཁའི་དབྱིངས་ཀྱི་མཐའ་དབུས་ཁྱབ་པ་དེ་དག་ཐམས་ཅད་གཉིས་སུ་མི་དམིགས་ཤིང༌། ངོ་བོ་དབྱེར་མེད་པར་དགྱེས་ནས་དུས་གསུམ་འཕོ་འགྱུར་མེད་པའི་ངང༌། གཞི་རྫོགས་ལྷུན་གྱིས་གྲུབ་པའི་རང་བཞིན། དུས་བཞི་ཆོས་ཉིད་འཁོར་ལོ་མཉམ་པ་ཉིད་ཀྱི་དབྱིངས་སུ་མཐའ་དབུས་མེད་པའི་ཞིང་ཁམས་སྣང་ཞིང་བཀོད་པ་ཐམས་ཅད་སྟོན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ལས་ལྷུན་སྟ?་པོ་བཀོད་པའི་རྒྱན་ཉིད་དུ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཉིད་དེ། ནམ་མཁའ་བཞིན་དུ་རང་བཞིན་འཕོ་འགྱུར་དང་འཕེལ་འགྲིབ་མེད་པའི་ཚུལ་གྱིས་བཞུགས་སོ། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གསུམ་པས་གཞུང་དོན་ཡོངས་སུ་རྫོགས་སོ།། །།སྤྱིར་བསྟན་བཅོས་རྩོམ་པ་དང་དགོངས་འགྲེལ་སོགས་རང་སྟོབས་ཀྱི་ཤེས་རབ་ཀྱིས་འགྲེལ་བ་རྒྱུ་གསུམ་ཚང་དགོས་ཚུལ་ནི། གཞུང་འདི་རྩོམ་པ་པོ་བདག་རྒྱུད་མཚན་ཉིད་འཕགས་པ་ས་ཐོབ་ལ་སོགས་པའི་སྣོད་ཀྱི་དཔྱད་པ་ཐམས་ཅད་ཡོངས་སུ་རྫོགས་ཏེ་མ་ཚང་བ་མེད་པར་གྱུར་པ་ནི། འཕགས་བོད་ཀྱི་མཁས་གྲུབ་རྒྱལ་སྲས་སློབ་མར་གྱུར་པའི་བསྟན་བཅོས་བྱེད་པ་པོ་རྣམས་ཡོན་ཏན་ལེགས་པར་ཚང་ནས་རྒྱལ་ཚབ་ཏུ་གྱུར་པའི་བསྟན་པའི་ཆོས་མཛོད་འཛིན་པས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་སོགས་མཛད་པ་བཞིན་འདིར་ཡང་ཆུ་དྭངས་པར་གཟུགས་བརྙན་འཆར་བ་ལྟར་བསམ་ཡས་མཆིམས་ཕུར་སྒྲུབ་པར་གཞོལ་བའི་ཚེ། བདེ་གཤེགས་རི་རབ་མར་མེ་རྒྱལ་མཚན་དུ་འགྱུར་བའི་འཇིག་རྟེན་གསུམ་གྱི་མགོན་པོ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་སྐུས་བྱིན་གྱིས་བརླབས་ཏེ་ཡེ་ཤེས་ཀྱི་སྐུའི་ཞལ་མངོན་སུམ་དུ་མཐོང༌། གསུང་གིས་བྱིན་གྱིས་བརླབས་ཏེ་བསྟན་བཅོས་རྩོམ་པའི་གནང་བ་བྱིན། ཐུགས་ཀྱིས་བྱིན་གྱིས་བརླབས་ཏེ་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ་དེ་ལྟར་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས། ཐུགས་རྗེས་དབུགས་འབྱིན་པར་མཛད་པས་བསྟན་བཅོས་རྩོམ་པའི་སྤོབས་པ་སྐྱེས་པ་ཡིན་གྱི། གལ་ཏེ་དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་ན། རྣམ་གྲོལ་གྱི་ལམ་མིན་ལས་སྣ་ཚོགས་པའི་འཁོར་བའི་གཡང་སར་རྟག་ཏུ་འཕྱན་པར་འགྱུར་བས་ན་དལ་བའི་རྟེན་བཟང་སྟོང་ལོག་བྱས་པར་ཟད་དོ། །རྒྱུ་མཚན་དེ་ཕྱིར་ན་གཞུང་འདི་ལ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་བས་བཤད་པའི་ཆ་སྐྱོན་མེད་རྣམ་དག་མཆིས་པ་ནི། བླ་མའི་བྱིན་རླབས་དང་རང་གིས་བསྒོམས་བྱུང་གི་སྟོབས་ཀྱིས་ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་ཞིང༌། དེ་ལྟར་མཐོང་བ་དེ་ཡང་ཡི་དམ་ལྷ་དང་འདུ་འབྲལ་མེད་ཅིང་མངོན་སུམ་ལ་ཤེས་བྱ་བདེན་གཉིས་ཀྱི་རྣམ་བཞག་སོ་སོར་འབྱེད་པའི་ཤེས་རབ་ངང་གིས་སྐྱེས་ཏེ་རྒྱུ་དེ་རྣམས་ཚང་བ་ལས་བརྩམས་པ་ཡིན་གྱི་མངོན་སུ་མ་མཐོང་བཞིན་རྗེས་དཔག་ཐོས་བསམ་གྱི་རྟོག་གེའི་རིག་པས་མཆོག་འཛིན་སོགས་མ་བསྐྱེད་པས་ན། ཉེས་འགལ་མེད་ཀྱང་གྲུབ་མཐའ་འཛིན་པ་པོ་རྣམས་རང་རང་གིས་འདོད་པའི་གཞུང་གི་ཕྱོགས་དང་འགལ་ན་འཆགས་ལ་བཟོད་པར་མཛོད་ཅེས་པའོ། །རྒྱལ་བས་དྲང་ངེས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་རྒྱ་ཆེ་ཞིང་གཏིང་དཔག་དཀའ་བའི་དོན་ནི། ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ཉིད་ལས། །དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་ཤིང༌། རྗེས་ཐོབ་ལ་ཇི་སྙེད་པའི་ཆོས་ཐམས་ཅད་མ་ནོར་མ་འདྲེས་པར་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་པའི་གནས་ཡིན་གྱི། དེ་ལས་གཞན་དུ་ཕྱོགས་ཙམ་ལས་ཇི་བཞིན་མི་རྟོགས་ལ། ཁོ་བོས་ནི་མཁྱེན་གཉིས་ཡེ་ཤེས་མངོན་དུ་གྱུར་ནས་གསུང་རབ་ཀྱི་དགོངས་དོན་ཟབ་མོ་ཡང་དག་བར་མཐོང་ནས་བརྩམས་པ་འདི་ལ། ཤེས་རབ་གསུམ་གྱིས་ཞུགས་ཏེ་ཉམས་སུ་བླང་ན་ནམ་ཡང་བསླུ་བ་མེད་དོ་ཞེས་གདམས་པར་མཛད་དོ། །དེ་ལྟར་ལེགས་པར་བརྩམས་པའི་དགེ་བ་འདི་ཡི་མཐུ་ལ་བརྟེན་ནས་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས། རྒྱལ་བའི་རིང་ལུགས་ནོར་བ་མེད་པའི་ཐེག་ཆེན་མདོ་སྔགས་ཀྱི་ལམ་བཟང་པོ་སྒྲིབ་པ་གཉིས་ཀྱི་རྙོགས་པ་དྭངས་པའི་སྟེ་སྐྱོན་གྱིས་མི་བརྫི་བར་གཟིངས་ཆེན་པོར་ཞུགས་ནས། འབྲས་བུ་མཐར་ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་མཐའ་གཉིས་ཀྱི་དྲི་མ་ཉེ་བར་ཞི་བ་ཆོས་དང་གཟུགས་སྐུའི་ཡོན་ཏན་རིན་ཆེན་གླིང་དམ་པ་དེར་མྱུར་དུ་ཕྱིན་པར་ཤོག་ཅིག །དེ་ལྟར་མ་ཐོབ་ཀྱི་བར་དུ་ནགས་མཐོང་ཉམས་དགའ་བ་རི་དྭགས་སྣ་ཚོགས་ཕན་ཚུན་དཀྱུ་ཞིང་རྩེ་བའི་སྨན་ལྗོངས་ཡིད་དུ་འོང་བ་ན། དུས་བཞིའི་མངོན་རྟོགས་གསར་དུ་ངོམ་པའི་ལྗོན་པ་རྣམས་ཀྱིས་ནི། དེར་གནས་པའི་དྲང་སྲོང་རྣལ་འབྱོར་པ་རྣམས་ལ་མི་སྙན་པའི་གཏམ་སྒྲོག་པར་མི་བྱེད་ལ། སྙིང་ལ་འབབ་ཅིང་ཡིད་དུ་འོང་བའི་སྒྲ་སྣ་ཚོགས་པར་སྨྲ་པའི་བྱ་ཡི་ཚོགས་དག་གིས་ཀྱང༌། དུག་སྦྲུལ་གདུག་པ་འཁྲི་ཞིང་འཁྱིལ་བའི་ཤིང་གི་དྲུང་ན་འདུག་པ་ལྟ་བུའི་འཁོར་བ་འདིར་སྙིང་ནས་སྐྱོ་བའི་ངེས་འབྱུང་གི་ཤིང་རྟས་རྣལ་འབྱོར་པའི་ཡིད་ཐར་པར་འདྲེན་པའི་སྐད་སྙན་གྱི་ཅ་ཅོ་ཤིན་ཏུ་ཞི་བ་སྒྲོག་པའི་སྒྲ་ཐོས་པ་སོགས་ནགས་ཀྱི་ཡོན་ཏན་ལ་བརྟེན་ནས། དབང་པོ་རྣམ་གཡེང་ཉེ་བར་ཞི་བའི་བསམ་གཏན་ཞི་ལྷག་ཟུང་འཇུག་གི་དཔལ་ཕུན་སུམ་ཚོགས་པ་ཐོབ་པར་ཤོག་ཅིག །མདོར་ན་གནས་ལུགས་རྟོགས་པའི་ལྟ་བ་ནི་རྟོག་གེའི་ཡིད་བྱེད་མཐར་འཛིན་གྱི་རླུང་གིས་མ་དཀྲུགས་པ་སེངྒེ་ལྟ་བུ་ལ། སྒོ་གསུམ་གྱི་སྤྱོད་པ་ཝ་ལྟ་བུ་ཐམས་ཅད་རྒྱལ་བའི་ཐུགས་ཀྱི་སྲས་དམ་པ་བྱང་སེམས་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་འགྲོ་བའི་མགོན་པོ་རྣམས་ཀྱི་རྗེས་སུ་འགྲོ་བས། སྐྱེ་བ་འདི་ནས་བཟུང་ཚེ་རབས་ནམ་ཡང་སེམས་ཅན་གཞན་གྱི་བ་སྤུའི་ཁུང་བུ་གཅིག་ཙམ་ལའང་གནོད་པའི་ཁུར་དུ་མི་འགྲོ་ཞིང༌། ཐབས་ལ་མཁས་ཤིང་རླབས་ཆེན་པོའི་ཕྲིན་ལས་ཀྱིས་དངོས་དང་བརྒྱུད་གང་རུང་གིས་མཐའ་ཡས་པའི་འགྲོ་བ་མ་ལུས་པའི་ཕན་བདེའི་དཔལ་དུ་འགྱུར་བར་ཤོག་ཅིག་ཅེས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ། གཙང་ལ་སྟོད་པ་ཆོས་རྗེ་བྲག་ཕུག་པས་བསྐུལ་བའི་ངོར། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་རྫོགས་ཆེན་པ་ཆོས་སྐུའི་དགོངས་པ་རང་བྱུང་དོན་གྱི་རྡོ་རྗེ་ཡི་གནས་ལུགས་ནམ་མཁའ་ལྟར་མངོན་དུ་གྱུར་ནས་ལོངས་སྐུའི་ཡེ་ཤེས་མཁྱེན་བརྩེའི་དཀྱིལ་འཁོར་མཆོག་ཏུ་རྒྱས་ཤིང་སྤྲུལ་སྐུ་འི་མཛད་པ་གང་འདུལ་ཕྲིན་ལས་ཀྱི་འོད་ཟེར་སྟོང་འཕྲོ་བ་ཡིད་ཅན་ཀུན་གྱི་ལམ་སྟོན་དུ་གྱུར་པ། མཚན་གཞན་འཇིགས་མེད་གླིང་པ་ཞེས་གྲགས་པའི་རིག་སྔགས་འཆང་བ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས། ཆེ་རིང་ལྗོངས་ཀྱི་དབེན་གནས་འོད་གསལ་གཉུག་མའི་ཕོ་བྲང་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ།། །།སྨྲས་པ། ཀ་དག་རང་བྱུང་རྡོ་རྗེ་དབྱིངས་ཆེན་པོར། །ལྷུན་གྲུབ་འོད་གསལ་ཡོན་ཏན་པདྨའི་ཚལ། །དབང་ཆེན་ཡེ་ཤེས་རོལ་པའི་རིག་རྩལ་འཆང༌། །སྐུ་གསུམ་དབྱེར་མེད་འཇིགས་བྲལ་གླིང་པས་སྐྱོངས། །ཐུགས་རྗེའི་ཕྲིན་ལས་རྟོགས་པ་ཆོས་ཀྱི་སྐུའི། །འདྲ་འབག་ཡོངས་རྫོགས་བསྟན་པའི་མཆོད་སྡོང་ཆེ། ཡོན་ཏན་རིན་ཆེན་མཛོད་ཀྱི་ཤིང་རྟའི་ལམ། །གསལ་བྱེད་སྐལ་བཟང་ཀུན་དགའི་དཔལ་དུ་སྤེལ། །འཁྲུལ་པའི་བློ་རྒྱུད་ཆོས་བཟང་ཚལ་ཞུགས་ནས། ཐེག་གསུམ་འགལ་མེད་ཆོས་ཀྱི་ལམ་བགྲོད་གཉེན། །མ་འཁྲུལ་བདེ་མྱུར་ཡེ་ཤེས་མཆོག་གི་སར། །སྦྱོར་བྱེད་ལེགས་བཤད་ལྟ་བུའི་ལང་ཚོའི་གསོས། །མཚན་དོན་གསལ་བྱེད་ནོར་བུའི་མེ་ལོང་འདི། །རང་ཉིད་ཐོས་བསམ་སྒོམ་པའི་ལག་རྗེས་དང༌། །དོན་མཐུན་ཆོས་གྲོགས་དགྱེས་སྟོན་འགྱུར་སྙམ་གྱིས། །འགྲོ་ཀུན་རྣམ་གྲོལ་བགྲོད་པའི་མིག་གྱུར་ཅིག །ཐེག་མཆོག་བསྟན་པའི་བཤད་སྒྲུབ་ལས་གསུམ་འཕེལ། །སྙིགས་མའི་སྐྱེ་དགུ་ཕན་བདེའི་དཔལ་གྱིས་འབྱོར། བདག་གཞན་ཡང་དག་གཞུང་བཟང་འདི་ལྟ་བུ། །འཆད་ཉན་སྒོམ་པས་དོན་གཉིས་འགྲུབ་གྱུར་ཅིག །ཅེས་མཁས་གྲུབ་བཟང་པོའི་སྤང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པའི་རྡོ་རྗེ་སློབ་དཔོན་ངག་དབང་གྲགས་པ་བསྟན་འཛིན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཡོན་ཏན་མཛོད་མཆན་འགྲེལ་གཞུང་ཟུར་དུ་མ་ཕྱག་བྲིས་དངོས་ལས་ཞལ་བཤུས་ཀྱིས་གཞུང་གཅིག་ཏུ་སྡེབས་ནས་ཞུ་དག་གི་སྲི་ཞུ་སྐབས་བར་མཚམས་རྣམས་སུ་རང་ཚིག་གིས་ཞལ་སྐོང་ཅི་རིག་པར་བགྱིས་ཤིང་སླད་ནས་འཕྲུལ་སྤར་དུ་སྤེལ་འགྲེམ་སྐབས་དབུ་གཤམ་གྱི་ཚིགས་བཅད་འདི་ལྟར་བྲིས་ཞེས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་དང༌། དད་སློབ་དཀོན་མཆོག་བསྟན་འཛིན་ནས་ཡང་ཡང་བསྐུལ་བ་བཞིན་སློབ་གྲལ་དུ་གཏོགས་པ་མངྒ་ལ་ཤྲཱི་བྷཱུ་ཏིས་རྡོར་གླིང་ཀུན་བཟང་ཆོས་འཁོར་གླིང་ནས་བྲིས་པ་ཐེག་པ་མཆོག་གི་ལམ་སྲོལ་ལ་བྱ་བ་བྱེད་པར་གྱུར་ཅིག། །།}} | ༄༅། །ཆོས་དབྱིངས་ཀློང་ཆེན་རབ་འབྱམས་སྐུ་ལྔའི་སྤྲིན། །མཁྱེན་བརྩེའི་འོད་ཟེར་བརྒྱ་པའི་སྣང་བ་ཡིས། །ཐེག་མཆོག་པདྨོའི་ཚལ་འབྱེད་ཡབ་སྲས་ཟུང༌། །དང་པའི་མཁའ་ལ་འདུ་འབྲལ་མེད་པར་མཆོད། །རྒྱལ་བའི་ཆོས་ཚུལ་མཐའ་དག་གཞུང་གཅིག་གིས། །ལེགས་བསྟན་ཡོན་ཏན་རིན་ཆེན་མཛོད་ཀྱི་དོན། །འབྱེད་ནུས་མཆན་འགྲེལ་ལེགས་བཤད་བདུད་རྩིའི་འོད། །ཚིག་དོན་རབ་གསལ་དགའ་སྟོན་འདིར་དབྱེ་བྱ། །དེ་ལ་འདིར་མདོ་སྔགས་བསྟན་པ་རྒྱ་མཚོའི་སྙིང་པོ། གང་ཟག་གཅིག་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ། གནད་བརྒྱ་འགག་གཅིག་གིས་བཀྲོལ་བའི་གཞུང༌། སྔ་འགྱུར་རྡོ་རྗེ་སྙིང་པོའི་ཟབ་ལམ་མཐའ་དག་ཡོངས་སུ་རྫོགས་པ་སྟོན་པའི་བསྟན་བཅོས་ཆེན་པོའི་མཆན་འགྲེལ་འབྲི་བ་ལ། དང་པོ་མཚན་དོན་ལ་ཆིངས་ཆེན་པོ་ལྔའི་སྒོ་ནས་འཆད་ན། དང་པོ་དགོས་པ་ནི། དབང་པོ་རབ་ཀྱིས་མཚན་དོན་ཤེས་པས་གཞུང་ཡོངས་རྫོགས་གཏན་ལ་ཕེབས། འབྲིང་གིས་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་པ་ཤེས། ཐ་མས་མིང་དོན་གྱི་འབྲེལ་བ་ཤེས་ནས་གླེགས་བམ་འཚོལ་སླ་བའི་དགོས་པ་ཡོད། གཉིས་པ་མཚམས་སྦྱོར་ནི། སྤྱིར་ཆོས་གང་འཆད་ཀྱང་ཐོག་མར་ཀླད་དོན་ནས་འཆད་དགོས་ལ། དེ་ཡང་དང་པོར་མཚན་སྨོས་པ་འབྱུང་བས་མཚན་དེ་ཡང་ཆོས་ལ་ཡིད་ཆེས་སྐྱེ། སྐད་ལ་བག་ཆགས་འཇོག །རྒྱུད་ལ་བྱིན་རླབས་འཇུག་པ་སྟེ་དགོས་པ་གསུམ་དང་ལྡན་པའི་ཕྱིར། མཚན་རྒྱ་སྐད་ལྟར་སྨོས་པ་ནི། རྒྱ་གར་སྐད་དུ། གུ་ཎ་ཀོ་ཥ་རཏྣ་པྲ་མོ་ད་པྲིཥྚི་ནཱ་མ། བོད་སྐད་ལྟར་སྨོས་པ་ལ། བོད་སྐད་དུ། ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ། སྐད་གཉིས་ཤན་སྦྱར་བ་ནི། གུ་ཎ་ཡོན་ཏན། ཀོ་ཥ་མཛོད། རཏྣ་རིན་པོ་ཆེ། པྲ་མོ་ད་བྲྀཥྚི་དགའ་བའི་ཆར། ནཱ་མ་ཞེས་བྱ་བའོ། །གསུམ་པ་ཚིག་དོན་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་མ་ནོར་བ་ཉམས་སུ་བླངས་པའི་འབྲས་བུའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་ཡོན་ཏན། དེ་ཉམས་སུ་བླངས་པས་དོན་གཉིས་ཀྱི་འདོད་པ་ཐམས་ཅད་འབྱུང་བས་ན་རིན་པོ་ཆེ། དེ་ལྟ་བུའི་བརྗོད་བྱ་ཕུན་སུམ་ཚོགས་པས་ཚིག་དང་དོན་གྱི་མཛོད་ཡིན་པས་ན་མཛོད། རང་རྒྱུད་ལ་ལེགས་བྱས་དགེ་བའི་ལོ་ཏོག་བསྐྱེད་པར་འདོད་པའི་སྐལ་བཟང་གང་ཟག་ཐམས་ཅད་དགའ་བར་བྱེད་པའི་ཆར་པ་ལྟ་བུ་ཡིན་པས་ན་དགའ་བའི་ཆར། ཞེས་བྱ་བ་ནི་མིང་སྒྲོགས་པའོ། །བཞི་པ་བསྡུས་དོན་གྱི་དབང་དུ་བྱས་ན། ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་སྟེ། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་གང་ལས་འབྱུང་བའི་མཛོད་ལྟ་བུར་གྱུར་པའོ། །ལྔ་པ་བརྒལ་ལན་ནི། དེ་ལ་ཁ་གཅིག་ན་རེ། ཆར་ཡིན་ན་དགའ་བས་མི་ཁྱབ་སྟེ། དམྱལ་བར་མེ་མདག །ཀླུ་དང་ཡི་དྭགས་སོགས་ལ་བྱེ་ཚན་གྱི་ཆར་སོགས་འབེབས་པའི་ཕྱིར་རོ་ཞེ་ན། གང་དག་དགའ་བ་བསྐྱེད་པར་བྱེད་པའི་ཕྱིར་མཐོ་རིས་ལྷ་མིའི་ཆར་པ་དག་ལ་དཔེ་བྱས་ཀྱི་ངན་སོང་ལ་དཔེ་མ་བྱས་པའི་ཕྱིར་སྙིང་པོ་མེད་དོ། །འཇིག་རྟེན་གྱི་ཁམས་འདིར་དཀོན་པའི་མཆོག་སངས་རྒྱས་ཆོས་དགེ་འདུན་གསུམ་ཡིན། དེ་ལ་བསྟན་བཅོས་རྩོམ་པ་པོས་འགྲོ་བ་མ་ལུས་ཉེས་ཚོགས་ལས་སྐྱོབ་པའི་ཆེད། དུས་བྱང་ཆུབ་སྙིང་པོའི་བར་དུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་གསུངས་པས། དང་པོ་སངས་རྒྱས་ལ། ངོ་བོ། ངེས་ཚིག །དབྱེ་བ། སྒྲ་དོན་ནོ། །དང་པོ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་སངས་རྒྱས་ཀྱི་ངོ་བོ། ངེས་ཚིག་ནི། མ་རིག་པའི་གཉིད་འཐུག་པོ་ལྟ་བུ་སངས་ཤིང་ཤེས་བྱའི་ཆོས་ལ་བློ་གྲོས་པདྨོའི་འདབ་མ་ལྟར་རྒྱས་པས་ན་སངས་རྒྱས་ཞེས་བྱའོ། །དབྱེ་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་རྣམས་སོ། །སྒྲ་དོན་ནི། བུདྡྷ་ཁོང་དུ་ཆུད་པ་ལའོ་ཞེས་པས། ཤེས་བྱ་ཐམས་ཅད་མཁྱེན་ཅིང་ཁོང་དུ་ཆུད་པས་ན་སངས་རྒྱས་སོ། །གཉིས་པ་ཆོས་ལ་བཞི་ལས། ངོ་བོ་ནི། ཉོན་ཤེས་ཀྱི་སྒྲིབ་པ་གང་རུང་སྤང་བའམ། སྤོང་བྱེད་ཀྱི་ཐབས་སུ་གྱུར་པ་ཆོས་ཀྱི་ངོ་བོ། །ངེས་ཚིག་ནི། ནད་པ་ལ་སྨན་གཏོང་བ་ལྟར་རང་རྒྱུད་ཀྱི་ཉོན་མོངས་པ་འཆོས་པས་ན་ཆོས་སོ། །དབྱེ་ན། ལུང་དང་རྟོགས་པའི་ཆོས་སམ། འགོག་ལམ་གྱི་བདེན་པ་གཉིས་སོ། །སྒྲ་དོན་ནི། དྷརྨ་ཞེས་པའི་སྒྲ་ལས་དྲངས་ན་འཛིན་པ་སྟེ། འཁོར་བ་དང་ངན་སོང་གི་ལམ་དུ་མི་གཏོང་ཞིང་ཡང་དག་པའི་ལམ་དུ་འཛིན་པས་ན་ཆོས་སོ། །གསུམ་པ་དགེ་འདུན་ལ་བཞི་སྟེ། རིག་གྲོལ་གྱི་ཡོན་ཏན་གཉིས་ལྡན་དགེ་འདུན་གྱི་ངོ་བོ། ངེས་ཚིག་ནི་ཡང་དག་པ་དགེ་བའི་ལམ་རང་རྒྱུད་དང་མི་ཕྱེད་པར་འདུན་པས་ན་དགེ་འདུན་ནོ། །དབྱེ་ན། ཐེག་དམན་ཉན་རང་གི་དགེ་འདུན། ཐེག་ཆེན་བྱང་སེམས་ཀྱི་དགེ་འདུན་ནོ། །སྒྲ་དོན་ནི་སངྒ་ཞེས་པའི་སྒྲ་ལས་དྲངས་ན་འདུས་པ་སྟེ། འགྲོ་བ་ལྷ་དང་བཅས་པས་ལམ་ལས་མི་ཕྱེད་པས་ན་དགེ་འདུན་ནོ། །ཕྱག་འཚལ་ལོ་ཞེས་པ་རབ་ལྟ་བ་མཇལ་བ་བརྡ། འབྲིང་སྒོམ་པ་གོམས་པ། ཐ་མ་མོས་གུས་ཀྱི་ཕྱག་སྟེ་གསུམ་ཀ་ཚང་བའི་སྒོ་ནས་ཕྱག་འཚལ་བའོ། །དཀོན་མཆོག་རིན་ཆེན་རྣམ་གསུམ་ཞེས་འཇིག་རྟེན་ན་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་ཀྱི་གྲགས་པས་ཁྱབ། དེའི་ཕྱིར་རང་བཞིན་བརྡ་སྤྲོད་པའི་ཆེད་དུ། སྔར་སྟོན་པའི་སྐུ་གཟུགས་དང་ཚིགས་སུ་བཅད་པ་རས་དཀར་ལ་བཀོད་པའི་ཁྱད་པར་སྤྲིང་ཡིག་གི་རྣམ་པ་བསྐུར་བ་མཐོང་བ་ཙམ་གྱིས་ཀྱང་བུ་མོ་མུ་ཏིག་འཁྲི་ཤིང་རྟོག་དཔྱོད་ཀྱིས་དབེན་པ་བསམ་གཏན་དགོངས་པ་གཅིག་པ་ལྟ་བུའི་རབ་ཏུ་དགའ་བ་ཉམས་སུ་མྱོང་ཞིང་དེའི་དོན་བསམ་པར་བྱས་ནས། ཐར་ལམ་ལ་བར་དུ་གཅོད་པའི་མཐོང་སྤང་ཀུན་བཏགས་ཀྱི་རྟོག་པ་བརྒྱ་དང་བཅུ་གཉིས་བདུད་ཀྱི་བུ་མོའི་སླུ་བྱེད་ཀྱི་བཞིན་རས་ཀུནྡའི་ཚལ་ལྟ་བུ་དེ་དག་ཀུན་ཀྱང༌། མཐོང་ལམ་ཡེ་ཤེས་ཀྱི་ཉི་མས་སྐལ་པ་ངན་པར་བྱས་ཏེ་དྲུང་ནས་འབྱིན་པའི་ཚུལ་གྱིས་སྤོང་བར་བགྱིད་ལ། སྒོམ་སྤང་སྤང་བ་ལ་མངོན་པར་ཕྱོགས་པ་ནི་སངས་རྒྱས་ཀྱི་ཐུགས་རྗེའི་མཐུ་ལས་བྱུང་བ་དེའི་ཕྱིར་དཀོན་མཆོག་གསུམ་གྱི་རྒྱུ་འབྲས་མཐའ་དག་དང་འབྲེལ་བའི་ཆོས་ཀྱི་གཏམ་ཡང་དག་པ་ནི་འགྲོ་བ་མཐའ་དག་གིས་མཉན་པར་འོས་ཤིང་སྲིད་པའི་རང་བཞིན་དུ་ཉོན་མོངས་པ་དང་རྣམ་པར་རྟོག་པའི་གཉེན་པོར་ཆེ་བས་ན་དེ་སྐད་དུ་གཟུགས་ཅན་རྒྱན་དུ་བཀོད་པའོ། །ཤེས་བྱ་ཐམས་ཅད་མཁྱེན་པའི་བློ་གྲོས་མཆོག་མངའ་བ་ཐུབ་པ་ཆེན་པོས་ཕུན་སུམ་ཚོགས་པ་ལྔས་བསྟན་པའི་མདོ་སྔགས་ཀྱི་སྡེ་སྣོད་དཔག་ཏུ་མེད་པ་དང་རྗེས་འཇུག་བྱང་འཕགས་རྣམས་ཀྱིས་མཛད་པའི་བཀའ་དང་བསྟན་བཅོས་རྣམས་ཀྱིས་ཆིངས་ཆེན་པོ་ལྔས་འབྲེལ་དགོད། དགོས་འབྲེལ་ཡན་ལག་བཞིས་གཏན་ལ་ཕབ་པའི་བསྟན་བཅོས་ཚིག་དོན་གྱི་ཡོན་ཏན་དུ་མས་བརྒྱན་པ་དག་བྱེད་ཆུའི་གཏེར་ཏེ་རྒྱ་མཚོ་ཆེན་པོ་ལྟ་བུ་རྒྱ་ཆེ་ལ་གཏིང་ཟབ་པ་རྣམས་ལ་བརྟེན་ནས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་ཏེ། བྱམས་པས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་པ་ལྟར་གཅིག་ཏུ་བརླིང་ཞིང་ཟབ་ལ་དཔོག་དཀའ་བ་བཀའ་དང་དགོངས་འགྲེལ་མ་ཉམས་པར་མཆིས་པ་ཡིན་ན། རྒྱུ་གསུམ་མ་ཚང་བ་གྱི་ནར་སྨྲ་བ་བདག་གིས་སྤྱི་བརྟོལ་གྱིས་བྱས་པའི་བསྟན་བཅོས་ལ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང༌། ནང་པའི་ཚུལ་གསུམ་གྱི་ཡོན་ཏན་གྱིས་དབེན་ལ། ཕྱི་རོལ་པའི་ངན་པ་དྲུག་གི་ལྷད་ཀྱང་སྲིད་པས་ནགས་སྟུག་པོའི་གཅོང་རོང་གི་འབབ་ཆུའི་རླབས་ཕྲེང་གི་འུར་སྒྲས་གནོད་པ་བཞིན་དུ་ཅ་ཅོ་སྒྲོགས་པའི་བསྟན་བཅོས་རྩོམ་པ་འདི་མཛེས་པ་མི་ངོམ་པའི་གནས་སུ་མཐོང་ཡང༌། དམ་པའི་ཆོས་ཀྱི་བརྗོད་བྱ་ཡང་དག་པ་ལ་བརྟེན་པའི་སླད་ཀྱིས་མཉན་པར་འོས་སོ། །ཞེས་ཁེངས་པ་བསྐྱུངས་པའི་གསུང་སྟེ། རྩིས་མགོ་ཡན་ལག་ལྔ་ཚང་བའི་ཚུལ་ནི། བསྟན་བཅོས་འདི་དང་པོ་མཛད་པ་པོ་སུས་མཛད་ན། རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་འཕགས་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པས་ངོ་བོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཀུན་བཟང་དང་པོའི་སངས་རྒྱས་དང་རྣམ་དབྱེར་མེད་ཅིང༌། ཚུ་རོལ་གདུལ་བྱའི་སྣང་ཆར་ཡང་རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་རིག་པའི་གནས་ཆེན་ལྔ་སོགས་ཤེས་བྱའི་ཆོས་ཐམས་ཅད་མ་བསླབ་པར་མཁྱེན་གཉིས་ཀློང་བརྡོལ་ཏེ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཚང་ཞིང༌། ཁྱད་པར་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ་ཀུན་མཁྱེན་དྲི་མེད་འོད་ཟེར་དཔལ་ངག་གི་དབང་ཕྱུག་གི་ཡེ་ཤེས་སྐུས་ལན་གསུམ་རྗེས་སུ་བཟུང་ནས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་ཏེ་དགོངས་ཀློང་དབྱེར་མེད་དུ་གྱུར་ནས་ཐེག་མཆོག་བསྟན་པའི་མངའ་བདག་ཆེན་པོར་བཞུགས་པ་རིག་འཛིན་འཇིགས་མེད་གླིང་པའམ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་མཛད། ལུང་གང་ལས་བཏུས་ན། སངས་རྒྱས་ཀྱི་ཆོས་གསུང་རབ་སྡེ་སྣོད་གསུམ་རྒྱུད་སྡེ་བཞི་དགོངས་འགྲེལ་དང་བཅས་པ་ལས་བཏུས། ཕྱོགས་གང་དུ་གཏོགས་ན། སྤྱིར་ཐེག་པ་ཆེ་ཆུང་གཉིས་ལས་ཐེག་ཆེན་ཕྱོགས་སུ་གཏོགས། ཐེག་ཆེན་མདོ་སྔགས་གཉིས་ལས་སྔགས། སྔགས་ཕྱི་ནང་གཉིས་ལས་བླ་མེད་ཕྱོགས་སུ་གཏོགས། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཞེ་ན། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་བཀྲལ་ཏེ་བློ་རབ་འབྲིང་ཐ་མ་གསུམ་མཐར་ཐུག་གི་ལམ་དུ་སྐྱེལ་སོ་མཐུན་པར་བྱས་པའོ། །དགོས་ཆེད་སུ་ཞིག་གི་དོན་དུ་མཛད་ཅེ་ན། སྔར་བཤད་པ་ལྟར་ཀུན་མཁྱེན་ཆོས་རྗེའི་ཞལ་གཟིགས་བར་མའི་ཚེ་དཔེ་ཆ་བམ་པོ་ཞིག་གཏད་དེ། འདིར་ཤིང་རྟ་ཆེན་པོ་ན་གབ་པའི་ཚུལ་དུ་ཡོད་པ་ཐམས་ཅད་གསལ་པོར་ཡོད་པ་ཡིན་ཞེས་བསྟན་བཅོས་རྩོམ་པའི་གནང་བ་བྱིན་པ་བཞིན། ཤིང་རྟ་ཆེན་པོར་རྒྱས་པར་མ་བཀྲལ་བའི་སོ་ཐར་དང་སྔགས་ཐུན་མོང༌། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་སྐོར་རྣམས་རྩལ་དུ་བཏོན་པས་མཛོད་ཆེན་བདུན་གྱི་ཉིང་ཁུ་ལྟ་བུ་ཡིན་ཏེ། ཕྱི་རབས་རྗེས་འཇུག་གང་ཟག་རྣམས་ཀྱིས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང༌། རྒྱལ་བའི་གཞུང་ལམ་ཚང་ལ་མ་ནོར་བ་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་ཉམས་སུ་ལེན་དགོས་པའི་དོན་དུ་མཛད་པ་སྟེ། དེ་ལྟར་རྩིས་མགོ་ཡན་ལག་ལྔ་ཡི་སྒོ་ནས་གཏན་ལ་ཕབ་པས་ཉན་པ་པོ་ཡིད་ཆེས་ཐོབ་ནས་ཆོས་ཀྱི་སྣོད་རུང་དུ་འགྱུར་བའི་དགོས་པ་ཡོད་དོ། །དུས་ཡུན་རིང་པོ་ཐོག་མ་མེད་པ་ནས་བདག་ཏུ་འཛིན་པ་དང་ཉོན་མོངས་པས་བསྐྱེད་པའི་མངལ་ལ་སོགས་པར་སྐྱེ་བ་དང༌། ན་ཚོད་འགྱུར་བའི་རྒ་བ་དང༌། འདུ་བ་འཁྲུགས་པའམ་བསླད་པའི་ན་བ་དང༌། སྲོག་བཏང་བའི་འཆི་བ་ཡི་རིམས་ནད་ཀྱིས་ད་ལྟའི་བར་དུ་བཏབ་པར་སྨན་ཆེན་བདུད་རྩིའི་རོ་ལྟ་བུ། དང་པོ་ཐོས་པའི་དུས་སུ་མི་དད་པ་དད་པར་བྱེད་པ་རྣ་བར་ཚིག་གི་བདུད་རྩི། བར་དུ་བསམ་པའི་དུས་སུ་མི་དགའ་བ་དགའ་བར་བྱེད་ཅིང་བློ་རྣམ་གཡེང་གི་གཉེན་པོར་གྱུར་བ། ཐ་མ་སྒོམ་པའི་དུས་སུ་མ་གྲོལ་བ་གྲོལ་བར་བྱེད་ཅིང་བློ་རྣམ་པར་གྲོལ་བའི་ཤེས་རབ་ཀྱི་ཡེ་ཤེས་སྐྱེད་པར་བྱེད་པའི་དམ་ཆོས་ཐང་མ་བཞིན་བརྡལ་བ་ལག་ཏུ་མཆིས་པའང་ཁྱིའི་དྲུང་དུ་རྩྭ་བཞག་པ་ལྟར་སྤོང་ཞིང༌། སྡིག་པ་བབ་བཅོལ་དུ་བྱེད་པའི་སྐྱེ་བོ་བླུན་པོ་རྣམས་ལ་ཐེག་དགུའི་དོན་ཐམས་ཅད་བསྟན་བཅོས་གཅིག་ཏུ་བསྡུས་པའི་མན་ངག་ཟབ་མོ་འདི་བདག་གིས་ཇི་ལྟར་འདོམས་ཏེ་དོན་དུ་འགྱུར་དཀའ་མོད་ཀྱང་འོན་ཏེ་བརྩེ་བས་གདུལ་བྱ་ལ་རྗེས་སུ་ཆགས་ཤིང་མི་འདོར་བར་བརྩམ་པར་དམ་བཅའ་བར་མཛད་དོ། །འཁོར་བ་འདི་ཉིད་ན་དུས་རིང་པོ་ནས་འགྲོགས་ཤིང་ཉེས་དམིགས་མ་ཤེས་པར་ཕན་པའི་གནས་སུ་བལྟས་ཏེ་བཤེས་པ་འཁོར་བའི་སྡུག་བསྔལ་གྱི་རྒྱུ་འབྲས་འཕེལ་ཞིང་ཐར་པའི་ཡོན་ཏན་འགྲིབ་པའི་འབྲོག་དགོན་པའི་གནས་གང་དུ་སྔར་ལན་གྲངས་དུ་མར་མགོ་དང་ཡན་ལག་བཅད་པ་ལ་སོགས་སྡུག་བསྔལ་གྱི་ཚོར་བར་བསྲེག་པས་ལུས་སེམས་གདུང་བར་བྱས་ཤིང༌། ཕྱིན་ཆད་སྡུག་བསྔལ་གྱིས་གདུང་བར་འགྱུར་བའི་ལས་དུ་མ་ལྐོག་ཏུ་གྱུར་ནས་ཡོད་པ་མི་ཤེས་པ་རྣམས་ལ་མི་སྐྱོ་བར་མ་ཟད། ད་དུང་ཡང་འགྱུར་བའི་རང་བཞིན་གྱི་མཐོ་རིས་ཀྱི་བདེ་བ་སྙིང་པོ་མེད་པ་ལ་སྲེད་ཅིང༌། དགེ་སྡིག་གི་འཇུག་ལྡོག་གང་ཡང་མ་ཤེས་པར་རྨོངས་པའི་དབང་གིས་སྡིག་པའི་ལས་ཐབས་འབའ་ཞིག་གིས་ཚེ་འདའ་བར་བྱེད་པ་རྣམས་ནི་མི་ལུས་ཙམ་བོ་བཞེས་བྱའོ། །དེ་ལྟར་བསམ་སྦྱོར་མི་དགེ་བས་རྒྱུད་བརླག་ཅིང་དལ་འབྱོར་དོན་མེད་དུ་བྱེད་པ་དེ་ནི་མངོན་མཐོའི་གནས་འདི་ནས་སླར་ཡང་གནས་ངན་དུ་ལྟུང་བར་འགྱུར་ལ། གང་དུ་ལྟུང་ཞེ་ན། ངན་སོང་གསུམ་དང་འདུ་ཤེས་མེད་པའི་ལྷ་དང༌། མཐའ་འཁོབ་ཀྱི་གནས་དང་དབང་པོ་མ་ཚང་བ་དང་ལྟ་བ་ལོག་པ་དང༌། སངས་རྒྱས་འབྱུང་བ་མེད་པའི་གནས་དག་ཏུ་འཁྱམས། འདི་ལྟར་ཐང་ཅིག་ཙམ་ངལ་བསོ་བའི་སྐབས་བཙལ་དུ་ཡོད་པ་མ་ཡིན་པར་ལྕགས་བསྲེགས་ཀྱི་ས་གཞིར་རལ་གྲི་དང་ཐོ་བ་ལ་སོགས་པའི་མཚོན་ཆ་དྲག་པོ་ཐོགས་པ་ཅན་གྱི་ཆད་པ་རྩུབ་མོས་ཡང་དང་ཡང་དུ་སྲོག་འཕྲོག་ཀྱི་སྡུག་བསྔལ་དྲག་པོ་གཏད་ཀྱང་སྔོན་ལས་ངན་པའི་རྣམ་སྨིན་མ་ཟད་བར་དུ་འཆི་བར་མི་ནུས་པའི་དམྱལ་བ་པ་རྣམས་ད་དུང་ཡང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཁོང་ཁྲོའི་ལས་ངན་རྙི་ལ་འཐོགས་ཏེ་ཚེ་ཚད་དཔག་ཏུ་མེད་དོ། །སྤྱི་མཐུན་གྱི་སྒྲིབ་པ་ཅན་ཐ་ན་རྣག་ཁྲག་ཕྱི་ས་སོགས་མི་གཙང་བ་ངན་ངོན་ཙམ་དག་ཀྱང་མི་རྙེད་པའི་ཡི་དྭགས་རྣམས་ནི་ཟས་སྐོམ་གྱིས་ཕོངས་པས་བཀྲེས་སྐོམ་གྱི་སྡུག་བསྔལ་བས་ཉམ་ཐག་པ་སྨོས་ཅི་དགོས། དབྱར་ཟླ་བ་དང་དགུན་ཉི་མ་གཉིས་ཚ་གྲང་ཕྱིན་ཅི་ལོག །ཆར་དང་སེར་བ་ཕྱིན་ཅི་ལོག་ཏུ་རྡོ་རྗེའི་ཐོག་སེར་རོ། །ཆུ་རླུང་ཕྱིན་ཅི་ལོག་རྣག་ཁྲག་ཏུ་འགྱུར་བ་སོགས་འབྱུང་ངོ༌། །ཕྱི་ཡི་སྒྲིབ་པ་ཅན་ནི་ཆུ་ཀླུང་དང་ལྗོན་པ་ལོ་ཏོག་དང་ལྡན་པ་རྣམས་ལའང་བལྟས་པའི་མོད་ལ་བསྐམ། ནང་གི་སྒྲིབ་པ་ཅན་ནི་ཁ་ཁབ་མིག་ཙམ་ལྟོ་བ་ཡུལ་ལྗོངས་ཙམ་སོགས་མགོ་ལུས་མ་འཚམས་པ་དང༌། བཟའ་བཏུང་ཁོང་དུ་ཅུང་ཟད་སོང་བ་ན་ནང་ཁྲོལ་འཚིག་པའི་སྡུག་བསྔལ་ཟད་མི་ཤེས། སྔོན་སེར་སྣའི་སྒྲིབ་པའི་མཐུས་བྱས་ཚེ་ཚད་ངེས་པ་མེད། སྤྱིར་མི་ཡི་ཟླ་བ་གཅིག་ལ་ཞག་གཅིག་བྱས་པའི་རང་ལོ་ལྔ་བརྒྱའོ། །རྒྱ་མཚོ་ཆེན་པོའི་ནང་གི་བྱིངས་ན་གནས་པའི་དུད་འགྲོ་ཉ་བོ་ཆེ་དང་ཉ་མིད་དང་ཆུ་སྲིན་སོགས་ཆེ་བས་ཆུང་བ་ཁྱུར་མིད་བྱེད་པ་སོགས་ཕན་ཚུན་གཅིག་ལ་གཅིག་བཟའ་ཞིང༌། ཁ་འཐོར་བདག་ཏུ་མ་བཟུང་བའི་རི་དྭགས་རྣམས། རྒྱ། གོ་ར་སྟེ་ལག་དོང༌། དུག་མདའ། རྙི་ལ་སོགས་པ་ཐབས་དུ་མས་རྔོན་པས་དམ་ལ་བཞག་སྟེ་སྦྱོར་བ་རྩུབ་མོས་སྲོག་འཕྲོག་པ་དང༌། བདག་ཏུ་བཟུང་བ་མི་ལ་བརྟེན་པའི་དུད་འགྲོ་ཐམས་ཅད་ནི་བཀོལ་བའི་ཕྱིར་སྒ་སྲབ་སྣ་ཐག་སོགས་འདུལ་བར་བྱེད་པའི་བདག་པོས་འཛིན་ཅིང་ཞོན་འགེལ་བཏགས་དེད་བྱ་གཅོད་སྤུ་འབྲེག་གསོན་ཁྲག་འབྱིན་པ་སོགས་ཀྱིས་གནོད་པས་ཉམ་ཐག་ཅིང་བླུན་པས་མ་ཎི་རྡོག་གཅིག་འདོན་མི་ཤེས་པའི་གནས་སུ་སྐྱེ་བ་ཐོབ་ན་དེ་དུས་ཅི་ཞིག་བྱར་ཡོད་དེ་མེད་དོ། །ཚེ་ཚད་སྲིན་བུ་སོགས་ནི་ཡུན་ཙམ་ནས་ཀླུ་སོགས་ཁ་གཅིག་བསྐལ་པར་གནས་པར་བཤད་དོ། །སྲོག་འཚོ་བའི་མི་གཡོ་བའི་ལས་ཀྱི་མཐའ་ཤིན་ཏུ་རིང་པོས་བར་བསྐལ་ཉི་ཤུ་བསྲིངས་ཏེ་ཚེ་ཡུན་རིང་བས་འཁོར་བར་ངེས་འབྱུང་གི་སེམས་མི་སྐྱེ་བའམ་སྐྱོ་བའི་གོ་སྐབས་མི་དབྱེ་བའི་གཟུགས་མེད་དང༌། གནས་པའི་ཚེ་ན་ཐོས་བསམ་གྱི་རྟེན་ཤེས་པ་མངོན་གྱུར་འགགས་པ་བསམ་གཏན་བཞི་པའི་གནས་འབྲས་བུ་ཆེ་བའི་ཐད་གྲོང་དང་དགོན་པའི་ཚུལ་དུ་ཡོད། ཆོས་ཀྱི་འདུ་ཤེས་མེད་པའི་ལྷ་ནམ་འཆི་ཁར་རྟོག་པ་མངོན་གྱུར་དུ་ལྡང་བས་ཐར་པའི་ལམ་མེད་པར་འཛིན་པའི་ལོག་པར་ལྟ་བས་ངན་སོང་དུ་ལྟུང་བའི་ཕྱིར་ཁོམ་ལྡན་གྱི་ལུས་མིན་ནོ། །རྣམ་པ་མི་ཡི་གཟུགས་རྐང་པ་གཉིས་པའི་ཁྱོགས་ལ་རབ་ཏུ་བརྟེན་ནས་འགྲོ་ན་ཡང༌། ཆོས་ཀྱི་ཕྱོགས་ལ་ཤིན་ཏུ་རྨོངས་པ་དུད་འགྲོ་ལྟ་བུ་ལ་དེ་ཡི་འདུ་ཤེས་བསོད་ནམས་མ་ཡིན་པས་མི་དགེ་བའི་དམ་ལ་བཞག་སྟེ་དབང་དུ་བྱེད་ཅིང༌། སྡིག་པའི་ལས་ཐབས་སྣ་ཚོགས་པ་ལ་གཞུངས་པའི་སྡེ་ཀླ་ཀློ་རྣམས་དུག་མདའ་སོགས་ཀྱིས་འཚེ་བ་ལ་ཆོས་སུ་སྤྲོ་བའི་དུད་འགྲོ་ལས་ཀྱང་བླང་དོར་ཤིན་ཏུ་འཆོལ་བའི་ནགས་ན་འཁྱམས་ཏེ་ཐར་ལམ་མི་ཤེས་པས་སོ། །འདིར་རབ་བརྟགས་ཀྱི་རྒྱན་དུ་བཀོད་དེ་མིག་ནས་ཡིད་ཀྱི་བར་དབང་པོའི་མིག་གིས་གཟུགས་ལ་བལྟ་བ་སོགས་རང་རང་གི་དམ་བཅའ་ཉམས་པའི་ངག་རང་གི་བྱ་བ་སྨྲ་མི་ཤེས་པས་ཁྱད་པར་དུ་ཡིད་བླུན་པའི་ལྐུགས་པ་རྣམས། འཕགས་པའི་ས་ལ་གནས་པའི་དེད་དཔོན་དགེ་བའི་བཤེས་གཉེན་དག་དང་འཕྲད་ནས་ཆོས་ཐོས་པར་གྱུར་ཀྱང༌། ཉན་པ་པོ་རང་དབང་པོ་ཉམས་པའི་སྐྱོན་གྱིས་འཆད་པ་པོས་སྨྲས་པའི་ཚིག་དེ་ཡང་བྲག་ཅའི་ཆོ་གས་བཟུང་བའི་ཅ་ཅོའི་སྒྲ་བཞིན་དུ་ཚིག་དོན་གྱི་བརྡ་མི་འཕྲོད་པའི་ཕྱིར་བླང་དོར་གྱི་གནད་མི་ཤེས་པས་སྐལ་པ་ཆད་དེ་འཁོར་བའི་འབྲོག་དགོན་ཆེན་པོ་འཇིགས་སུ་རུང་བའི་གནས་དེར་སྡུག་བསྔལ་གྱིས་གདུང་བའོ། །ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བའི་གཏིང་མཐའ་ཐུག་པ་མེད་པའི་རྒྱ་མཚོ་ཆེན་པོ་ལྟ་བུ་བརྒལ་ནས་ཐར་པའི་གླིང་དུ་བགྲོད་པའི་གྲུ་བོ་ཆེ་མིའི་ལུས་རྟེན་ཐོབ་ཅིང་དབང་པོ་ཚང་བ། དོན་ཀྱང་ཤེས་པས་རྣམ་རིག་གི་བ་དན་ཐར་པའི་ཕྱོགས་སུ་གཡོ་རུང་བ་ཐོབ་ནས་ཀྱང༌། སླར་ཡང་རྟེན་བཟང་ཆུད་གཟོན་པའི་ལྟ་བ་མ་རུངས་པས་རྒྱུད་དཀྲུགས་ཏེ་སངས་རྒྱས་འཇིག་རྟེན་དུ་འབྱུང་ཞིང་ཡང་དག་པའི་ཆོས་བསྟན་པ་ལ་ཞུགས་ནས་མཉེས་པའི་ཐབས་རྣམ་གྲོལ་གྱི་ལམ་སྒྲུབ་པར་མི་བགྱིད་ཅིང༌། འཇིག་རྟེན་ཕ་རོལ་མེད་དོ་སོགས་ལས་འབྲས་ལ་ཡིད་མི་ཆེས་པའི་ལོག་པར་ལྟ་བ་འཛིན་པ་དེ་ནི་ཐར་ལམ་བར་དུ་གཅོད་པའི་བདུད་ཀྱིས་གཙེས་ཏེ་དབང་དུ་སོང་བ་ཡིན་པས་ཁོམ་ལྡན་མིན་ནོ། །བསྐལ་པ་ཆགས་ནས་ཞིག་གི་བར་ཐུབ་པ་རྣམས་ཀྱིས་སྤངས་པས་བསྟན་པའི་སྣང་བ་མེད་པར་མུན་པའི་བསྐལ་པ་དེ་ཡི་སྐབས་སུ་མི་ལུས་ཐོབ་ཀྱང་མི་ཕན་ཏེ། དཔེར་ན་སྐྱེས་བུ་རྐང་པ་ཆག་པ་ཞིག་གཅོང་རོང་མུན་ནག་འཐིབས་པོར་ལྷུང་བར་གྱུར་ན། དེ་སླར་ཡང་ལྡང་བར་བརྩོན་ཀྱང་ལམ་མི་མཐོང་ཞིང་བགྲོད་བྱེད་ཀྱི་རྐང་པ་མེད་པས་མི་ཐར་བ་ལྟར་རྣམ་པར་གྲོལ་བའི་ལམ་གྱི་སྣང་བ་ཡོད་པ་མིན་ཞིང༌། ཐར་པ་བགྲོད་བྱེད་ཀྱི་བསླབ་གསུམ་དང་བྲལ་བས་མ་རིག་པ་དང་ཉོན་མོངས་པའི་དབང་གིས་ཕྱིན་ཅི་ལོག་གི་ལམ་ལ་རྒྱུན་ཆགས་སུ་ལྡན་པ་དེ་ནི། ཉམ་ངའི་གནས་སུ་ལྷུང་ཞིང་ཐར་བར་མི་འགྱུར་བ་མ་ཟད་ཡི་དྭགས་དུད་འགྲོ་སོགས་ནས་དམྱལ་བའི་བར་འོག་ནས་འོག་ཏུ་འགྲོ་བས་མི་ཁོམ་མོ། །དེ་ལྟར་རྒྱུ་སྡིག་པ་འབྲས་བུ་སྡུག་བསྔལ་སྣ་ཚོགས་པ་བསྐལ་པ་འཐོར་བྱེད་ཀྱི་རླུང་འཁྲུགས་པ་ལྟ་བུའི་གནས་རིགས་རྣམས་སུ་ལུས་སྡུག་བསྔལ་གྱིས་ངལ་ཞིང་སེམས་སྐྲག་པ་དང་བཅས་པའི་རང་བཞིན་ནི། བསོད་ནམས་མི་དགེ་བའི་ངང་ཚུལ་རྙོག་པ་ཅན་དམ་པའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་ནས་ཕྲག་པ་དོག་སྟེ་བསྒྲུབ་པའི་གོ་སྐབས་མེད་པའི་མི་ཁོམ་པ་བརྒྱད་དུ་མ་སྐྱེས་པའི་ཚུལ་ལ་ཡང་ཡང་བསམ་ནས་བླ་མ་དང་མན་ངག་ཟབ་མོ་ལ་བསྟེན་ནས་རང་གི་དལ་བ་དོན་ཡོད་པར་བྱ་བའི་ཕྱིར་ཐར་པའི་ལམ་བསྒྲུབ་པ་ལ་བརྩོན་པར་མཛོད་ཅེས་གདམས་པའོ། །ས་ཚིགས་དང་ཆོས་ཚིགས་ཀྱི་ཡུལ་དབུས་ས་གཞི་གཙང་མ་དང་འདྲ་བར་སྐྱེས་པ་དང༌། ལོ་མ་ཡལ་ག་ལྟ་བུའི་ཐོས་བསམ་བསླབ་པའི་རྟེན་དབང་པོ་དང་ཡན་ལག་དང་ཉིང་ལག་ཐམས་ཅད་རབ་ཏུ་རྫོགས་པ་དང༌། དད་པའི་གནས་རྒྱལ་བའི་བསྟན་པ་ལ་དད་པ་ཐོབ་པ་དང༌། སྒོ་གསུམ་གྱི་ལས་མཐའི་མེ་ཏོག་སེར་བས་མ་བཅོམ་པ་སྟེ་སྒོ་གསུམ་མཚམས་མེད་པ་ཆོས་དང་འགལ་བའི་སྡིག་ཏོས་མི་དགེ་བ་བྱེད་པ་དང་དཀོན་མཆོག་ལ་བློ་གཏད་ལོག་པ་སོགས་ཀྱིས་མ་བཅོམ་པའི་ཆོས་ཀྱི་རྟེན་མིར་གྱུར་པ་རྣམ་གྲོལ་གྱི་ཡོན་ཏན་ཐོབ་པའི་རྟེན་དཔག་བསམ་ལྗོན་པ་དང་འདྲ་བར་ཤིན་ཏུ་དཀོན་ཞིང་དོན་ཆེ་བས་རང་རྒྱུད་རྟེན་གྱི་འབྱོར་པ་སྟེ་ལྔ་པོ་ཚང་བ་འདི་ལ་སྙིང་པོ་ལོན་པ་ཞིག་ངེས་པར་གཅེས་སོ། །རྒྱལ་བ་འབྱུང་དཀའ་བ་ཨུ་དུམ་ཝ་ར་ལྟ་བུ་འཇིག་རྟེན་གྱི་ཁམས་འདིར་བྱོན་པ་དང༌། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གྱི་མེ་ཏོག་ཁ་བྱེ་སྟེ་ཆོས་གསུངས་པ་དང༌། ལུང་རྟོགས་ཀྱི་བསྟན་པའི་ཚུལ་བཤད་པ་དང་སྒྲུབ་པའི་སྒོ་ནས་ནུབ་པ་མེད་པར་ད་ལྟ་ཡང་གནས་པ་དང༌། བསྟན་པ་ལ་ཡང་དག་པར་ཞུགས་ཤིང་དགེ་བའི་བཤེས་གཉེན་ཐར་པའི་ལམ་མཁན་དམ་པའི་གྲིབ་བསིལ་ལ་བསྟེན་པ་སྟེ་གཞན་འབྱོར་ལྔ་ནི་དེ་བས་ཀྱང་ཉུང་ངོ༌། །མྱུར་དུ་ལམ་ལ་བརྩོན་དགོས་པའི་རྒྱུ་མཚན་གང་གི་ཕྱིར་ན་རང་ཉིད་འབྱོར་པ་ལྔ་ཡིས་ཕྱུག་པའི་དཔག་བསམ་གྱི་ལྗོན་པ་ལྟར་དཀོན་པའི་དཔེ་དང༌། གཞན་དབང་རྐྱེན་གྱིས་འབྱོར་པ་ལྔའི་ཡོན་ཏན་ནི་དེ་བས་ཀྱང་དཀོན་ཏེ་ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ་བར་གྱུར་པ་དེ་རང་གཞན་གཉིས་ཀའི་ཡོན་ཏན་ཟུང་དུ་ཚོགས་པའི་ཁྱད་ཆོས་འབྱོར་པ་རྣམ་པ་བཅུས། ཁྱད་གཞི་དལ་བ་བརྒྱད་ལ་ཟུང་དུ་འབྲེལ་ནས་འཁྱུད་པ་འདི་ལ་མི་ལུས་རིན་པོ་ཆེ་ཞེས་བརྗོད་དུ་རུང་བས་ད་ལྟ་སྙིང་པོ་ལོན་པར་མ་བྱས་ན་ཕྱིས་ནས་འདི་འདྲ་བའི་དལ་བ་སླར་མི་རྙེད་དོ། །རྙེད་དཀའ་བའི་རྒྱུ་མཚན་ཅིའི་ཕྱིར་སྟོང་གསུམ་རྒྱ་མཚོ་གཅིག་ཏུ་གྱུར་པའི་གཏིང་ན་རུས་སྦལ་ཞར་བ་ལོ་བརྒྱ་ན་ལྡང་བའི་མགྲིན་པ་དང་གཉའ་ཤིང་གི་བུ་ག་འཕྲད་པ་ལས་ཀྱང་དཀོན་པ་དང༌། གྲངས་ནི་མི་དང་དུད་འགྲོ་ཉིན་མཚན་གྱི་སྐར་མས་ཕྱེ་བ་དེ་སྙེད་ཀྱི་དུད་འགྲོ་དང༌། ཡི་དྭགས་དང་དམྱལ་བ་རྣམས་ལ་རིམ་པར་ཤེས་པར་འགྱུར་རོ། །རྙེད་དཀའ་ཞིང་དོན་ཆེ་བ་དེའི་ཕྱིར་རྟེན་དལ་བ་དང་འབྱོར་པའི་གྲུ་ཆེན་རང་དབང་དུ་འཛིན་པའི་དུས་འདིར། འཁོར་བའི་རང་བཞིན་སྡུག་བསྔལ་མཐའ་ཡས་ལ་གཏིང་ཟབ་པ་ཆུ་གཏེར་ལྟ་བུའི་ཕ་མཐའ་ཐར་པའི་སྐམ་སར་མ་བརྒལ་ན། ཆོས་ཀྱི་ལམ་དུ་ཞུགས་པའི་མགྲོན་པོས་རྣམ་གྲོལ་དོན་དུ་གཉེར་ཞིང་ཐོབ་པའི་སྐབས་བཙལ་བའི་ཚེ། འདྲེན་པའི་དེད་དཔོན་བླ་མ་དམ་པའི་གཟིངས་ཀྱི་ཁ་ལོ་བསྒྱུར་བའི་མཉན་པ་དང་འདྲ་བར་ཕྲད་པ་འདི་ཉིད་འབྲས་བུ་མེད་པར་བགྱིད་པ་ལ་མངོན་པར་ཕྱོགས་པ་ཡིན་པས་དེའི་ཚུལ་ལ་བསམ་ནས་འབད་པར་གྱིས་ཤིག་ཅེས་པ་ལྟ་བུའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། དལ་འབྱོར་གྱི་རྣམ་པར་དབྱེ་བའི་ཚོམས་ཏེ་ཚོམས་ཞེས་པ་ནི་གཞུང་སྐོར་ཚོམས་སུ་བཅད་པའི་དོན་ཏེ་ལེའུ་དང་པོའོ།། །།མདོ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་པ་ལྟར་འཁྲུལ་ངོར་གྱི་སྲིད་པ་སྟེ་ཁམས་གསུམ་མི་འཕོ་བའི་བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་སེམས་ཅན་གཉིས་པོ་ཆགས་པ་དང་གནས་པ་དང་འཇིག་པ་དང་སྟོང་པ་སྟེ་བཞི་པོ་རེ་རེ་ལ་བར་བསྐལ་ཉི་ཤུ་རེ་ཡོད་པའི་བར་བསྐལ་བརྒྱད་ཅུའི་ངོ་བོས་བསྐལ་པ་ཆེན་པོ་ཞེས་པའི་ཚད་དུ་བཏགས་ཤིང་གྲགས་པ་དེའང་སྣོད་འཇིག་པའི་རང་བཞིན་ལ་བཅུད་འཁྲུལ་པའི་སེམས་ཅན་གྱི་རྟེན་དུ་གྱུར་པའི་གླིང་བཞི་རི་རབ་འདོད་ལྷ་ཚངས་པའི་འཇིག་རྟེན་དང་བཅས་པ་ལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཞེས་བྱ་ཞིང༌། དེ་སྟོང་ལ་སྤྱི་ཕུད་སྟོང་གི་འཇིག་རྟེན་དང༌། དེ་སྟོང་ལ་བར་མའི་འཇིག་རྟེན་དང༌། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཞེས་པའི་མིང་གིས་སྨ་ཕབ་པའི་དངོས་པོ་འདི་དག་སྐྱེ་བ་ནས་བཟུང་འཆི་བའི་རང་བཞིན་ཏེ་སྣོད་བཅུད་སོགས་ཆགས་གནས་འཇིག་སྟོང་བཞིའི་རྗེས་སུ་ཆད་པ་གཅོད་པ་ལ་མེ་བདུན་དང་ཆུ་གཅིག་གི་རང་བཞིན་འོང་སྟེ། མི་རྟག་པའི་གཏམ་ལས། གང་དུ་ས་རྣམས་འཇིག་འགྱུར་ཏེ། །ལྷུན་པོའང་ཐལ་བར་འཇིག་པ་དང༌། །རྒྱ་མཚོའི་ཆུ་ཡང་སྐམ་གྱུར་ན། །ལུས་ཅན་དེ་དག་སྨོས་ཅི་དགོས། །ཞེས་པ་ལྟར་རོ། །གདུལ་བྱའི་གཙོ་བོ་ལྷ་མིའི་སྟོན་པ་ངོ་བོ་ཆོས་སྐུ་བགྲེས་རྒུད་དང་བྲལ་བ་རྡོ་རྗེའི་སྐུ་མཆོག་མངའ་བའི་རྒྱལ་བ་རྣམས་ཀྱང་འདུས་བྱས་མི་རྟག་ལ་རྟག་པར་ལྟ་བའི་ལོག་རྟོག་ཅན་རྣམས་ལ་གཟིགས་ནས་བཞུགས་པ་དུས་ལས་ཡོལ་བ་ཡི་ཚུལ་གྱིས་གཞོམ་གཞིག་དང་བྲལ་བའི་ཆོས་ཉིད་བཏང་ཕྱིར་སྲི་ཞུ་ལྷོད་པར་གྱུར་ནས་མྱང་འདས་ཞི་བ་ཆོས་ཀྱི་དབྱིངས་ལ་དགྱེས་པའི་མངོན་རྟོགས་ངོམ་ན་ལྦུ་བ་དང་འདྲ་བ་སྐྱེས་བུའི་ཚེ་སྲོག་ནི་མི་རྟག་པ་ལྟ་ཅི་སྨོས། འཇིག་རྟེན་པའི་བསམ་གཏན་བཞི་དང་སྙོམས་འཇུག་རྣམས་གྲུབ་ནས་སྲིད་རྩེའི་བསྐལ་ཆེན་བརྒྱད་ཁྲི་ཐུབ་པ་ནས་རིམ་བཞིན་ཚངས་རིས་ཀྱི་བར་བསྐལ་པར་གནས་པའི་ཁུར་དེ་ཡང་གཏན་བདེའི་དོན་མེད་པར་གྱུར་ཏེ་དཀར་ནག་གི་ལས་འབྲས་ཀྱི་ཕྱི་བཞིན་འབྲངས་ནས་ཐེ་ཚོམ་མེད་པར་འཆི་བའི་གནས་སྐབས་དེ་མཐོང་ནས། ཚངས་པ་དང༌། དབང་ཕྱུག་དང༌། བདེ་འབྱུང་སྟེ་ཁྱབ་འཇུག་སོགས་མངོན་ཤེས་དང་རྫུ་འཕྲུལ་མངའ་བ་འཁོར་ལོས་བསྒྱུར་བ་རྣམས་ཀྱང་བདེ་བས་མ་ངོམས་བཞིན་དུ་འཆི་བདག་གི་བདུད་ལས་གཟུར་བའི་ཐབས་དང་བྲལ་ན་བདག་ལྟ་བུ་འཆི་བ་ལས་ཐར་པའི་ཐབས་མི་བསམ་པ་ལྟ་ཅི་སྨོས། མཐོ་རིས་ཀྱི་བདེ་འབྱོར་ཕུན་སུམ་ཚོགས་པ་དཔེར་ན་དབྱར་ཟླ་གསུམ་ཙམ་དུ་སྨན་ལྗོངས་ཉམས་དགར་འཁྲིགས་པ་ལྟ་བུ་ཡི་བློ་བག་ཕེབས་པའི་སྐྱེས་བུ་རི་དྭགས་ལྟ་བུའི་ཚེ་སྲོག་ཡིད་ལ་ཡང་ནས་ཡང་དུ་བགྱིད་པའི་རི་སུལ་ན་བལྟར་མི་མངོན་པའི་རྔོན་པ་ལྟ་བུ་གཤིན་རྗེའི་ཆོམ་པོ་ལག་ན་བེ་ཅོན་ཅན་དེས་འཆི་བའི་རྒྱར་འཛུད་པའི་སྒོ་ནས། དོན་དུ་གཉེར་བ་དེ་ནི་གཅིག་པུ་འཆི་བ་ཉིད་ལས་བྱ་བ་ཐབས་གཞན་མི་སེམས་ཏེ། རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་སོ། །སོས་ཀའི་དུས་སུ་ཉི་ཟེར་གྱི་ཚ་བས་གདུང་བའི་རེག་བྱ་ཙམ་ཡང་མི་བཟོད་པར་སྐྱེ་བོ་དག་གིས་སྟོན་ཟླ་གསལ་བའི་འོད་ཀྱིས་བསིལ་དྲོད་སྙོམས་པའི་དུས་ལ་དགའ་བར་གྱུར་ནས་ཡིད་སྨོན་བྱེད་ན་ཡང་དེའི་བར་དུ་ཉིན་ཞག་བརྒྱ་སྟེ་མང་པོ་ཡིས་རང་གི་ཚེ་ཐལ་ཞིང་འཆི་ལ་ཇེ་ཉེར་སོང་བའི་གནས་ཚུལ་ལ་སེམས་ནས་སྐྲག་པར་གྱུར་བ་མེད་དེ། མི་རྟག་པའི་གཏམ་ལས། ལས་ཀྱི་ལམ་ཞུགས་ཐོབ་པ་ཡིས། །སྣོན་པ་མེད་པའི་སྐྱེ་བོ་གང༌། །ཉེས་པ་མེད་པར་སོང་གྱུར་པ། །དེ་ལ་ཅི་ཞིག་ཡོངས་སུ་གདུང༌། །ཞེས་སོགས་གསུངས་པ་ལྟར་རོ། །འདི་ལྟར་སྐྱེས་བུ་གྱད་སྟོབས་པོ་ཆེའི་སྟོབས་དང་ལྡན་པ་བཞིའི་རྩོལ་བས་རང་རང་གི་གདོང་གི་ཕྱོགས་སུ་མདའ་རེ་འཕངས་པར་བྱས་ལ་ཉག་ཕྲན་བཞི་པོ་དེ་སྐྱེས་བུ་མགྱོགས་པའི་མཐར་ཐུག་པ་གཅིག་གིས་བར་སྣང་ནས་དུས་གཅིག་ཏུ་ས་ལ་མི་རེག་པར་འཛིན་ནུས་པ་ཞིག་ཡོད་ན། དེ་ཤིན་ཏུ་མྱུར་ཡང་དེ་བས་ལས་ཀྱི་རྫུ་འཕྲུལ་གྱིས་འགྲོ་ཞིང་ས་ལ་རྒྱུ་བའི་ཡི་དྭགས་མགྱོགས་ཏེ། དེ་བས་ཀྱང་ནམ་མཁར་རྒྱུ་བའི་ཡི་དྭགས་མགྱོགས་ཤིང༌། དེ་བས་ཀྱང་ཉི་མ་དང་ཟླ་བའི་ཤིང་རྟ་མགྱོགས་ལ། དེ་བས་ཀྱང་བསོད་ནམས་ཀྱི་སྟོབས་ཐོབ་པའི་ལྷ་རྣམས་མགྱོགས་ཤིང༌། དེ་ཀུན་ལས་མགྱོགས་པ་མི་ཡི་ཚེ་འགྲོ་བ་ཡིན་ནོ། །ལང་ཚོ་དར་ལ་བབ་ཚེ་ལུས་བཀྲག་སྟོབས་དང་ལྡན་པ་ཡིན་ཡང་འབྱུང་བ་རྒུད་ནས་རྒ་བའི་ཆད་པས་འཚེ་བས་ཉམ་ཐག་པ་དང༌། འདུ་བ་བཞི་པོ་ཆ་སྙོམས་ཤིང་རྣལ་མར་གནས་པ་ཡང་ན་བས་ལུས་སེམས་སྡུག་བསྔལ་གྱིས་དཀྲུགས་པ་དང༌། འཁོར་དང་ལོངས་སྤྱོད་བསྟོད་གྲགས་ལ་སོགས་པ་ཕུན་སུམ་ཚོགས་པའི་བདེ་སྐྱིད་རྣམས་སྔོན་བསགས་དགེ་བའི་ལས་དང་ད་ལྟའི་རྐྱེན་འགའ་ཞིག་གིས་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱི་འཕྲལ་སྣང་ཙམ་ཡོད་པའང་འདུས་འབྲལ་བསགས་འཛད་སོགས་ཀྱི་རྒུད་པས་འཇོམས་པ་དང༌། ཚེའི་འཕེན་པ་རྫོགས་པའམ་གློ་བུར་གྱི་རྐྱེན་གྱིས་འཆི་བའི་འཇིགས་པས་འཚེ་བའི་སྲོག་འདི་ལ་རྒོལ་བ་མྱུར་པོར་འོང་ཚུལ་རྒྱལ་པོ་ལ་གདམས་པའི་མདོ་ལས་དཔེ་དང་བཅས་བསྟན་ཏོ། །དུས་གང་ཚེ་གཅེས་འཛིན་གྱི་ཕུང་པོ་འདི་གཤིན་རྗེའི་གཡུལ་ངོར་ཕམ་པ་གང་ཟག་དེ་ལ་ལག་ན་རྡོ་རྗེས་ཀྱང་སྐྱབས་དང་དཔུང་གཉེན་མི་ནུས་པའི་ཕྱིར་སྐྱབས་དང་བྲལ་བའི་སྡུག་བསྔལ་གྱི་གཡང་སར་རྒྱུག་པའི་གནས་སྐབས་ཟས་གོས་སོགས་འཚོ་བའི་མདངས་ལང་ཚོ་ནི་མེ་ཏོག་སད་ཀྱིས་བཏབ་པ་ལྟར་དང༌། དབང་པོ་ལྔ་ཡི་བྱེད་ལས་ནི་རླུང་ནང་མར་མེ་ལྟར་བདས་པས་བྱ་བ་ཐམས་ཅད་རྣམ་པར་སྤངས་ལ། གནད་འཆད་པའི་ཟུག་རྔུ་ལ་སྨན་གྱིས་བཅོས་སུ་མེད་པས་སྨན་དཀར་པོ་ཆིག་ཐུབ་ཡོད་ཀྱང་མི་ཕན་པ་དང༌། སྨན་པ་འཚོ་བྱེད་གཞོན་ནུ་ལྟ་བུ་དག་ཡོད་ཀྱང་མིག་རིག་རིག་པོར་བལྟ་ཞིང་དེ་ལ་འབྲོས་ཤིང་བྱ་ཐབས་ཟད་དོ། །འདེགས་བྱེད་ཀྱི་རླུང་ཉམས་པས་ལུས་ཟུངས་བསྒུལ་བསྐྱོད་བྱེད་པ་ལ་ངལ་བ་ཐོབ་ཅིང་རླུང་གི་གནས་མལ་འཕྱུགས་པས་ཡན་ལག་གཡོབ་པ་དང༌། འབྱུང་འཇུག་དལ་བར་མི་ནུས་པའི་དབུགས་ནི་དབང་མེད་མཐུ་ཡིས་གཡོབ་ཅིང་ངར་ངར་པོར་འགྱུར་རོ། །ཕ་མ་སོགས་ཉེ་དུ་དང་མཛའ་གྲོགས་སོགས་འབྲེལ་བས་མཐའ་ནས་བསྐོར་ཞིང་གདུང་བ་བརྒྱ་ཕྲག་གིས་དབུགས་དབྱུང་ན་ཡང༌། ད་ལྟ་ཆོས་ཕྱོགས་ལ་བཤོལ་འདེབས་ཤིང་ཐེབས་པའི་ལྕགས་ཀྱུ་དང་འདྲ་བའི་བརྟན་པ་དང་བྲལ་བར་འགྱུར་ཞིང༌། དེ་ཡི་དབུགས་ཀྱི་འགྱུ་བ་བརྩེགས་ཤིང་བརྩེགས་ཏེ་ཤིན་ཏུ་ཕྲ་བའི་རྟ་རྔའི་རྩེ་ལྟར་ཇེ་ཕྲར་གྱུར་པ་དེ། སྙིང་རྗེ་མེད་པའི་འཆི་བདག་གི་དགྲ་སྟྭ་རྣོན་པོ་དབལ་ཅན་གྱིས་གཟས་ཤིང་བཀས་པར་གྱུར་པས། དེའི་མོད་ལ་གསོན་དུས་དགའ་བའི་རྣམ་འགྱུར་མཛེས་པ་སྤངས་པའི་གདོང་སྔོ་ཧམ་མེ། སོ་སྐྱ་ཙིག་གེ །མིག་མཆི་མས་གང་ཞིང་མགོ་ལྤགས་ལྟག་པར་བསྡུས་ཏེ་སོ་ཞོ་ངོམ་བཞིན་དུ། ལས་ཀྱི་དབང་གིས་སྲིད་པ་བར་མ་མདོའི་མུན་ནག་སྟུག་པོས་མདུན་བསུས་ཤིང་ལས་ཀྱི་རླུང་དམར་དྲག་པོས་བདས་ཏེ། གནས། རྟེན། སྤྱོད་ལམ། ཟས། སྲོག །རྣམ་ཤེས་ཏེ་མ་ངེས་པའི་རྟགས་དྲུག་འབྱུང་བ་དང༌། ཆགས་སྡང་རྨོངས་གསུམ་གྱི་སྣང་བ་ཡ་ང་བའི་གཡང་ས་གསུམ་སྟེ་སྐྱ་ཐ་ལེ་བ། དམར་ཟང་ངེ་བ། ནག་ངམ་མེ་བ་རྣམས་དང༌། འཇིགས་པའི་སྒྲ་བཞི་འབྱུང་སྟེ་ས་རླུང་ལོག་པས་རི་བོ་ཉིལ་བའི་སྒྲ་དང༌། མེ་རླུང་ལོག་པས་ནགས་ཚལ་ཚིག་པའི་སྒྲ་དང༌། ཆུ་རླུང་ལོག་པས་རྒྱ་མཚོ་འཁྲུགས་པའི་སྒྲ་དང༌། རླུང་གི་རླུང་ལོག་པས་དུས་ཀྱི་རླུང་སྒྲ་དྲག་པོ་ལྟ་བུ་སྟེ་འཁྲུལ་སྣང་འཇིགས་སྐྲག་དུ་མར་འཇུག་དགོས་པར་འགྱུར་ན་ད་ལྟ་ནས་མི་རྟག་པའི་ལྕག་གིས་བསྐུལ་བར་རིགས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། མི་རྟག་པའི་ཚོམས་ཏེ་ལེའུ་གཉིས་པའོ།། །།གང་ཞིག་དེ་ལྟར་འཇིག་རྟེན་ཕ་རོལ་གྱི་གནས་སུ་སོན་པ་དེ་རྣམས་ཕྱི་མ་སྲིད་པ་མཐོ་དམན་གྱི་གོ་འཕང་སྟེ་གང་དུ་སྐྱེ་བའི་གནས་སུ་འཕེན་པར་བྱེད་པའི་ལས་གང་གི་ཐ་གུས་འདོགས་པ་སྟེ་ལྕགས་ཀྱུས་ཟིན་པའི་ཉ་ལྟར་དེ་དང་དེར་གདོན་མི་ཟ་བར་འགྲོ་བའི་ཚུལ་ནི། རྒྱུ་དགེ་བ་སྤྱད་པ་དང་སྡིག་པ་ལ་གོམས་པ་ཁོ་ནས་ཉེ་བར་ལེན་པ་སྟེ། དོན་དམ་ལ་སྐྱེ་བ་མེད་ཀྱང་ཀུན་རྫོབ་བདེན་པ་ཙམ་དུ་ལས་འབྲས་བསླུ་བ་མེད་པ་ཡིན་ལ། དེ་ཉིད་དཔེ་དོན་གྱིས་སྟོན་པའི་ཕྱིར་གང་ཞིག་དཔེར་ན་ཏིག་ཏ་དང་རྒུན་འབྲུམ་སོགས་ཁ་བ་དང་མངར་བའི་ས་བོན་རྣམ་པ་སྣ་ཚོགས་བཏབ་པའི་མཐུ་ཡིས། ཞིང་པ་རྣམས་ཀྱི་ཐོག་སྐྱེ་བ་ན་དེ་ལ་རོ་དེ་དང་དེ་གསལ་ཞིང་མངོན་པ་བཞིན་དུ་སྐྱེ་བ་གཞན་ཏེ་ཚེ་སྔ་མ་རྣམས་སུ་རྣམ་པ་དུ་མར་རྒྱུད་ལ་འདྲིས་ཤིང་གོམས་པར་བྱས་པའི་དགེ་སྡིག་སྣ་ཚོགས་ཀྱི་ལས་ཚུལ་མང་པོས་འགྲོ་བ་འདིའི་གནས་རིགས་བདེ་སྡུག་སྣ་ཚོགས་བྱས་སོ། །དཔེར་ན་ས་བླ་སྟེ་ནམ་མཁའ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི་གྲིབ་མ་དེ་ཉིད་རེ་ཞིག་མཐོ་བའི་རྐྱེན་གྱིས་བལྟ་བར་མི་མངོན་ན་ཡང༌། གཟུགས་ཅན་ཉིད་དང་འདུ་འབྲལ་སྤངས་པ་བཞིན་དུ་རྐྱེན་སྲེད་ལེན་ཚོགས་ཤིང་འབྲས་བུ་སྨིན་པའི་དུས་ལ་བབ་ཚེ་འགྲོ་བ་སོ་སོའི་གནས་ལུས་བདེ་སྡུག་སོགས་ལྷག་པར་མངོན་པར་འགྱུར་ཏེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོ། །ཇི་སྲིད་དངོས་འཛིན་མ་ཟད་བར་དུ་བསོད་ནམས་མ་ཡིན་པའི་བྱ་བ་ཕྲ་ཞིང་ཕྲ་བའི་འབྲས་བུ་ཆེན་པོ་འབྱིན་པར་བྱེད་པ་རྟ་གདོང་རྒོད་མ་ཁ་ཡི་མེས་ཏེ་བ་ཚྭ་ཅན་གྱི་རྒྱ་མཚོའི་མཐར་འཁོར་བའི་རྡོ་སོལ་གྱི་ལྕགས་རི་དང་འདྲ་བ་དེས་འགྲོ་བ་རྣམས་དགེ་བའི་ལས་ཀྱིས་མཐོ་རིས་སུ་སྐྱེ་བ་གྲངས་མང་རྒྱ་མཚོའི་རླབས་དང་འདྲ་བ་དག་ཀྱང་སྐེམ་ཞིང་མི་འཕེལ་བར་བྱེད་ནུས་ཤིང༌། རྣམ་མཁྱེན་རིན་ཆེན་གླིང་དུ་བགྲོད་བྱེད་གྲུ་གཟིངས་ལྟ་བུའི་ལུས་བཤིག་ཅིང་མ་རུངས་པར་བྱེད་པའི་དཔེ་དང་དོན་གྱི་རིམ་པ་རྒྱ་ཆེར་དྲན་པ་ཉེར་བཞག་དང༌། ལས་བརྒྱ་པ་དང༌། རྒྱ་ཆེར་རོལ་པ་དང༌། རྣམ་འབྱེད་ལ་སོགས་པས་བསྟན་པ་རྣམས་བལྟ་བར་ཞལ་འཕངས་པའོ། །མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱིས་མནར་ལ་ཤིན་ཏུ་བརྟུལ་ཕོད་པ་སྟེ་འཛེམ་མེད་དུ་གནོད་པར་བྱེད་པའི་ངན་སོང་གསུམ་པོ་དག་གིས་བསོད་ནམས་ཆ་མཐུན་དགེ་བ་བཅུའི་འབྲས་བུ་མཐོ་རིས་ཀྱི་དགའ་བདེ་ལ་སྤྱོད་པའི་དཔུང་པ་བཙན་ཞིང་གནོད་པའི་གཡུལ་གྱིས་རྣམ་པར་མི་བརྫི་བའི་དཔའ་བོའི་ཡུལ་ལ་རེ་ཞིག་གཡུལ་གྱི་ཕྲུ་མས་ཏེ་དམག་དཔུང་བསྒྲིགས་པའམ་བཀོད་པ་ལྟ་བུས་བཏབ་སྟེ་འཇོམས་པར་གྱུར་པ་མ་མཆིས་ནའང༌། འོན་ཏེ་དགེ་བའི་དམ་བཅའ་ཉམས་ནས་མི་དགེ་བ་བཅུ་ལ་སྤྱོད་པ་མཐའ་དག་ངན་སོང་གསུམ་པོ་ཁྱོད་ཀྱི་དབང་དུ་སོང་སྟེ་དེའི་ཚུལ་ཡང༌། གང་ཟག་ལ་ལས་གཏན་གྱི་འདུན་མ་ཡང་དག་པའི་ཚུལ་ཁྲིམས་མཁན་སློབ་སོགས་ལས་བླངས་ཀྱང་འདོད་ཆགས་སོགས་ཉོན་མོངས་པའི་རྟོག་ངན་རེ་རེའི་དབང་གིས་ཕམ་པ་སོགས་ལྟུང་བས་ཉམས་པ་དང༌། ལ་ལའི་ནི་ལོངས་སྤྱོད་སོགས་ཀྱི་ཕྱིར་སེམས་ཅན་བསད་ནས་ཚེ་ཐུང་བའི་ལས་གསོག་པ་དང༌། ལ་ལའི་ནི་ཞེ་སྡང་སོགས་ཀྱི་གཡུལ་ངོར་ཞུགས་ཏེ་སྲོག་འདོར་བ་དང༌། ལ་ལའི་ནི་དགེ་ལ་ཕྱོགས་ཕྱིར་ཟས་གོས་ལ་སོགས་པའི་དཀའ་ཐུབ་ལ་ཡུན་རིང་གནས་ནས་སླར་ཡང་འདོད་པའི་ཁྱིམ་ཐབས་སུ་ཞུགས་པ་དང༌། ལ་ལའི་ནི་ཆོས་ཐོས་བསམ་ལ་ཆེ་ཐང་དུ་འབད་ཀྱང་ཆོས་བརྒྱད་ཀྱི་རྟོག་པའི་སྣ་སྐྱིལ་མ་ནུས་ཏེ་འཇིག་རྟེན་གྱིས་གཡེང་བ་དང༌། ལ་ལའི་ནི་ནོར་དཀོན་མཆོག་གི་ཞིང་ལ་མི་གཏོང་བར་གཉེན་ངོ་དང་གྱོད་སོགས་ལ་འཛད་པ་དང༌། ལ་ལའི་ནི་བདག་དང་ཆོས་ཀྱི་དབང་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ངོ་ཚ་ཤེས་པ་དང༌། ལ་ལའི་འཇིག་རྟེན་དབང་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་ཁྲེལ་ཡོད་པ་དེ་རྣམས་ཐོག་མེད་ནས་གོམས་པའི་སྟོབས་ཀྱིས་ཉེས་སྤྱོད་སྣ་ཚོགས་ལ་འཇུག་སྟེ། དགེ་ཕྱོགས་གཡེལ་ནས་སྡིག་པའི་ཆེད་དུ་གཏོང་བ་ཤིན་ཏུ་མང་བས་དེ་རྣམས་ངན་སོང་གི་གནས་སུ་འབབ་ཅིང་གཞོལ་བར་འགྱུར་རོ། །རང་ཉིད་ཀྱིས་བྱས་པའི་སྡིག་པ་རང་གིས་མྱོང་བ་མ་ཟད་གཞན་གང་གི་ཕྱིར་བྱས་པ་ཡང་ཡོན་གནས་མཆོག་གསུམ་དང་ཉེ་དུ་དང་འཁོར་འབངས་དང༌། ཡུལ་ཁམས་བསྲུང་བའི་སླད་དུ་མ་བརྟགས་པའི་ཀུན་སློང་དེ་རང་དོན་ཡིན་ཏེ་གཡུལ་འཁྲུགས་སོགས་མི་དགེ་བའི་ཀུན་སློང་སྟོབས་ཆེན་གྱི་སྡིག་པའི་ལས་ནི་རྣམ་སྨིན་གཏོས་ཆེ་བས་གཉིས་འཐུང་སྟེ་གླང་པོ་ཆེ་ལྟ་བུ་སྤོང་སེམས་ཀྱི་ཐག་པས་དཀྲིས་པ་བཏང་སྟེ་བག་མེད་དུ་སྤྱོད་ནའང༌། དེའི་རྣམ་སྨིན་ནི་གཞན་ལ་བགོ་བཤའ་བྱ་རུ་མེད་པ་ཡིན་ནོ། །ལོངས་སྤྱོད་ཀྱི་རྙེད་པ་ལ་བརྐམ་ཞིང་ལུས་སེམས་བདེ་བ་འབའ་ཞིག་ལ་སྲེད་པ་དང་ལྐོག་ཏུ་སྙན་པ་བརྗོད་པ་ལྷུར་ལེན་པ་དང༌། དངོས་སུ་མངོན་དུ་བསྟོད་ན་སེམས་ཁེངས་པར་འགྱུར་ལ། དེ་བཞི་པོ་གང་ལས་ཅིག་ཤོས་མི་མཐུན་པའི་ཕྱོགས་མ་རྙེད་པ་དང༌། མི་བདེ་བ་དང༌། མི་སྙན་པ་དང༌། སྨད་པ་སྟེ་བཞི་ཡིས་སྨ་ཕབ་སྟེ་ཡིད་མི་བདེ་ཞིང་སེམས་ཁོང་དུ་ཆུད་པའི་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་འཇིག་རྟེན་ཆོས་བརྒྱད་ཀྱིས་བསླུས་སོ། །འཇིག་རྟེན་གྱི་ཆོས་བཅུ་གསུམ་ནི། རིགས་༡གཙང་བ་གཟུགས༢་ཆེ་མཛེས་འཁོར་ལོངས་སྤྱོད་སོགས་དབང་ཐང༣་ལ་སོགས་ཏེ་སོགས་ཁོང་དུ་ལུགས་གཉིས་ཀྱི་རྣམ་བཞག་མང་པོ་ཤེས་པའི་ཐོས་པ༤་དང༌། ན་ཚོད་དར་ལ་བབ་པའི་ལང་ཚོ༥་སྟེ་ལྔས་མགོ་འཕང་བསྟོད་ཅིང་དྲེགས་པ་དང༌། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སྙོམས་ལས༦་སམ་ལེ་ལོ་འཕྱེ་བོ་ལྟ་བུའི་ཕག་ཏུ་ཡིབ་པ་སྟེ་དབང་དུ་སོང་སྟེ་མི་བརྩོན་པས་དགེ་བ་མི་སྐྱེད་པ་དང༌། ཐོབ་བྱ་མ་ཐོབ་བཞིན་དུ་ཐོབ་སྙམ་པས་མངོན་པའི་ང་རྒྱལ༧་མ་རུངས་པས་ཀུན་ནས་སློང་བས་ཡོན་ཏན་རྒྱུད་ལ་སྐྱེ་བའི་གོ་སྐབས་མེད་པ་རྣམས་དང༌། དཀའ་ཐུབ་དམ་པའི་ཆོས་ཀྱི་དཔལ་ལ་སྡང་བ་སྟེ་སྔར་ཡོད་ཉམས་པ་དང༌། ཕྱིས་མི་སྐྱེ་བར་བྱེད་པའི་སྲིན་པོར་འགྱུར་བའི་ཆགས༨་སྡང༩་གཉིས་དང༌། སྦྱིན་པའི་མི་མཐུན་རང་གི་ཕུན་ཚོགས་ལ་བརྐམ༡༠་པ་དང༌། བདག་དང་ལོངས་སྤྱོད་ལ་སྲེད་པས་ཆགས་སེམས༡༡་ཀྱི་ནུས་པ་བརྟན་པོར་གྱུར་པ་ཡིས་ཟིལ་གྱིས་གནོན་པའི་དབང་གིས་བསམ་པ་རབ་ཏུ་མི་བརྟན་པའི་གྱ་གྱུའི་འདུ་ཤེས་དང་འགྲོགས་པའི་གཡོ་རྒྱུའི་འཁྲི་ཤིང་བཅུ་གསུམ་པོ་དེ་དག་གིས། གཞན་ཕ་རོལ་པོ་དག་རྨོངས་ཤིང་མགོ་བསྐོར་བར་བྱས་ཏེ་ལོངས་སྤྱོད་སོགས་ཀྱིས་བདག་ཉིད་བསྲུང་ནའང་དུག་ལྡན་གྱི་བཟའ་བ་ཁོང་དུ་ཆུད་པ་བཞིན་འདི་ཕྱིའི་གནོད་པ་ཆེན་པོ་དེ་ནི་རང་གི་ཁོང་དུ་ཞུགས་ནས་བརླག་པའི་ཕྱིར་དགྲ་བཞིན་སྤང་བར་བྱའོ། །འཁོར་བར་འདུ་བྱེད་པའི་དཀར་པོ་དགེ་བ་དང་ནག་པོ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བདེ་སྡུག་གཉིས་ནི་ཕྱི་རོལ་གྱི་རྒྱུ་འབྲས་ལས་ཀྱང་འཕེལ་ཆེ་སྟེ། ས་བོན་ཉུང་ངུ་ལས་ཀྱང་འབྲས་བུའི་གཟུགས། སྦོམ་པོའམ་ཆེན་པོར་བསྐྱེད་པ་མི་དབང་ང་ལས་ནུས་སྔོན་ཁྱེའུར་གྱུར་པའི་ཚེ་སངས་རྒྱས་རྣམ་པར་གཟིགས་ལ་སྲན་མ་སྤར་གང་གཏོར་བས་བཞི་ལྷུང་བཟེད་དུ་སོང༌། གཉིས་ཐུགས་ཀར་ཕོག །གཅིག་ན་བཟར་ཆགས་པ་སྟེ་སྲན་མ་རྡོག་པོ་དེ་བདུན་ལས་གླིང་བཞིར་དབང་བའི་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཅིང༌། རིམ་པས་རྒྱལ་ཆེན་བཞི་དང་སུམ་ཅུ་རྩ་གསུམ་གྱི་གྱི་གནས་སུ་ལྷའི་དབང་པོ་སོ་གཉིས་དང་སྟན་ཕྱེད་པ་ལ་འདུག་པའི་དབང་ཐང་ཅན་དུ་གྱུར་པ་དང༌། ཤཱ་རིའི་བུས་དགྲ་བཅོམ་ཞིག་ལ་རས་ཡུག་ཕུལ་བས་ཤེས་རབ་ཆེ་བ་སོགས་དང༌། དགེ་སློང་ཞིག་ལ་ཟླ་བོས་མི་གཙང་བ་ཟོ་སྨྲས་པས་མངལ་གྱི་སྲིན་བུ་དང༌། བཤང་ཁང་དུ་སྲིན་བུར་སྐྱེས་པ་ལ་སོགས། ཇི་སྐད་དུ། དགེ་བ་ཆུང་ངུ་དག་ལ་ཡང༌། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་བསགས་པས་ཀྱང༌། །སྣོད་ཆེན་རིམ་གྱིས་འགེངས་པར་འགྱུར། །སྡིག་པ་ཆུང་ངུ་མོད་ལ་ཡང༌། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཕྲ་མོ་ཙམ་གྱིས་ཀྱང༌། །རྩྭ་ཕུང་རི་ཙམ་སྲེག་པར་བྱེད། །ཅེས་དང༌། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་གསུངས་པ་བཞིན་ནོ། །རྒྱུ་མཚན་དེས་ན་གང་ཞིག་ས་བོན་ཆུང་ངུ་ཡུངས་ཀར་འབྲུ་ཙམ་ས་ལ་བཏབ་པའི་ཤིང་ཨ་ཤྭ་ཏ་ཡི་འབྲས་བུ་ལོ་དུས་སུ་སྨིན་པ་ནི། ཡལ་ག་རེ་ལའང་དཔག་ཚད་ཙམ་རེ་ཡོད་པར་འཕེལ་བ་དེས་ཀྱང་ནང་གི་རྒྱུ་འབྲས་དགེ་སྡིག་གཉིས་ཀྱི་གཟུགས་བརྙན་འཕེལ་ཆེ་བའི་དཔེ་ཟླར་མི་ཕོད་པ་ཡིན་ནོ། །སྣོད་བཅུད་ཀྱི་དངོས་པོ་གང་ལ་གཙོ་བོ་དང་དབང་ཕྱུག་སོགས་བྱེད་པ་པོ་འགའ་ཡང་མ་མཆིས་ཤིང་རང་བཞིན་གྲུབ་པའང་མིན་ནོ། །འོ་ན་ཅི་ཞེ་ན། སེམས་དང་སེམས་བྱུང་གི་བསམ་པ་དཀར་ནག་སྣ་ཚོགས་ཀྱི་དབང་གིས་དཔེར་ན་ཚོས་ཀྱིས་བཙོས་པའི་རས་ཡུག་སྣ་ཚོགས་པ་ལྟར་ཀུན་སློང་གིས་དགེ་སྡིག་ཆུང་ངུ་ལས་མ་བྱས་པ་ལྟར་སྣང་ཡང༌། ལས་དེ་དང་དེ་ཡི་འབྲས་བུ་བདེ་བ་དང་སྡུག་བསྔལ་མཐུ་ཆེན་བྱས་པ་དེ་ཡང༌། སྦྱོར་བ་ལས་དེའི་ཆེད་དུ་ཡུན་རིང་དམིགས་ནས་བསགས་པ་མེད་པ་དང༌། རྗེས་འགྱོད་པ་དྲག་པོས་ལས་གང་བྱས་པའི་སེམས་ཟིལ་གྱིས་མནན་ཏེ་ཐོག་མཐའ་གཉིས་པོ་དང་མི་ལྡན་ན་ནུས་པ་ཆུང་བ་ཡིན་ནོ། །དཔེར་ན་རྩ་བ་སྟེ་ས་བོན་སྨན་དུ་མཆིས་ན་མྱུ་གུ་དང་འབྲས་བུ་ལ་སོགས་པའང་སྨན་ཡིན་ལ། རྩ་བ་དུག་ཡིན་ན་མྱུ་གུ་སོགས་དུག་ཡིན་པ་སྨོས་ཅི་དགོས། དཔེ་དེ་བཞིན་ཀུན་སློང་བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ཀྱི་དབང་ལས། དགེ་བ་དང་སྡིག་པའི་གཟུགས་བརྙན་ཆེ་ཆུང་གི་རྗེས་སུ་མི་འགྲོ་སྟེ། མདོ་ལས། བསམ་པ་བཟང་པོས་མཆིལ་ལྷྭམ་གཉིས། །ཐུབ་པའི་དབུ་ལ་བཞག་པ་དང༌། །དེ་བཞིན་གཞན་གྱིས་བསལ་གྱུར་པ། །གཉིས་ཀ་རྒྱལ་སྲིད་ཐོབ་པར་གྱུར། །ཞེས་སོ། །འདོད་ཁམས་ན་སྤྱོད་པའི་དགེ་སྡིག་གི་ལྕི་ཡང་ཁྱད་པར་འདི་ལྟར། སྦྱོར་བའི་ཁྱད་པར་བྱེད་འདོད་ཀྱི་བསམ་པ་རྒྱུན་ལྡན་དུ་ཡོད་པས་རྟག་པ་དང༌། བསམ་པ་ཀུན་སློང་དྲག་པོ་དེ་ཁོ་ན་ལས་གཞན་ལ་ཡིད་མི་གཏོད་པས་མངོན་ཞེན་དང༌། གཉེན་པོའི་ཁྱད་པར་མི་མཐུན་པའི་ཕྱོགས་ཀྱི་ཟིལ་གྱིས་མི་ནོན་པས་གཉེན་པོ་མེད་པ་དང༌། གཞིའི་ཁྱད་པར་གཉིས་ཏེ་ཡོན་ཏན་གཙོ་བོ་མཆོག་དང་ལྡན་པ་དཀོན་མཆོག་གསུམ་དང༌། ཕན་འདོགས་པའི་གཞི་ཕ་མ་སོགས་བྱས་པ་དྲིན་དུ་གཟོ་ནས་ཐག་རིང་མགྲོན་པོ་དབུལ་སྤྲང་སོགས་ལས་བྱུང་བའི་ལས་བསགས་ཚུལ་ཏེ་རྣམ་པ་ལྔ་པོ་ལས་ཀུན་སློང་གསུམ་པོ་ཚང་ཞིང་ཡུལ་དེ་དག་གང་རུང་ལ་བརྟེན་ན་དགེ་སྡིག་ལྕི་ཡང་གང་ཟག་གི་རྒྱུད་ལ་ཉེ་བར་ལེན་པའི་རྣམ་པར་རིག་བྱེད་དེ་དེའི་ཚུལ་ཤེས་པའི་རྒྱུར་ལགས་པར་གསུངས་སོ། །ལས་ཀྱི་འཆར་གཞི་བཤད་པ་ལ། སེམས་ཉིད་འདུས་མ་བྱས་པའི་སྒྲིབ་བྱེད་དུ་གྱུར་ཞིང་དབྱེ་བསལ་གང་ཡང་མེད་པ་བག་ཆགས་སྣ་ཚོགས་ཀུན་གྱི་རྟེན་བྱེད་པའི་ཀུན་གཞི་ལུང་དུ་མ་བསྟན་པ་ལྷན་ཅིག་སྐྱེས་པའི་མ་རིག་པའི་ཆར་གནས་པ་དེ་ལས་གསལ་ཞིང་རིག་པའི་ཆ་མེ་ལོང་གི་དྭངས་ལྟར་ཚོགས་བདུན་གྱི་ཤེས་པ་འཕེལ་འགྲིབ་ཅན་གྱི་གོ་འབྱེད་པའི་ཀུན་གཞིའི་རྣམ་ཤེས་ཤར་ཞིང༌། དེ་ལས་ཡུལ་གྱི་ངོ་བོ་ཙམ་འཛིན་པའི་བློ་ཕྲ་བ་མ་ཡིན་པ་ཆེ་ལོང་དུ་ཤར་བའི་ཡིད་ཀྱི་ཤེས་པ་དང༌། ནང་དུ་ངར་འཛིན་པ་དང་ཕྱིར་དགག་སྒྲུབ་ཀྱི་རྣམ་པ་ཅན་གྱི་ཉོན་མོངས་པ་ཅན་གྱི་ཡིད་དང༌། མིག་ལ་བརྟེན་ནས་གཟུགས་མཐོང་བ་ནས། ལུས་ལ་བརྟེན་ནས་རེག་བྱ་མྱོང་བའི་ཆའི་ཡུལ་ལྔའི་ཤེས་པ་ཀུན་གཞི་དེ་ལས་མཆེད་པའམ་ལངས་ནས་ལས་སོགས་པར་འགྱུར་རོ། །དེ་ཡང་ཡིད་ཤེས་དང་སྒོ་ལྔ་ཙམ་གྱིས་ལས་མི་སོགས་ཀྱང༌། ཤེས་པ་ཀུན་ལ་ཁྱབ་བྱེད་དུ་སོང་བའི་བདག་འཛིན་མ་རིག་པ་འཁྲུལ་སྣང་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གྱུར་པའི་སོ་སྐྱེའི་གནས་སྐབས་སུ་དུག་གསུམ་གྱི་རྩ་བར་གྱུར་པ་ལྟ་ཡང་ཅི་སྨོས་ཏེ། དེར་མ་ཟད་འཕགས་པའི་ས་ཐོབ་དུས་སུ་ཡང་ཉོན་ཡིད་གནས་མ་གྱུར་གྱི་བར་དུ་ཞིང་དག་པ་ལ་དབང་འབྱོར་བ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་རྩོལ་མེད་དུ་སྐྱེ་བ་ལ་སོགས་པ་ཡོན་ཏན་དུ་མ་ལ་བར་དུ་གཅོད་པར་གསུངས་སོ། མཆན། གདོན་ཆེན་གྱིས་ནི་ཉོན་མོངས་པ་དུག་གསུམ་པོ་བཟུང་སྟེ། དེའི་དབང་གིས་མི་དགེ་བའི་ལས་བསགས་པས་ངན་སོང་གསུམ་དང༌། གཏི་མུག་གིས་ས་པས་བསྡུས་པའི་བསོད་ནམས་ཆ་མཐུན་གྱིས་མཐོ་རིས་སུ་འཕེན་ཏེ། དེ་ཡང་ང་རྒྱལ་མཚུངས་ལྡན་གྱིས་ལྷ་མི་གཉིས་དང༌། ཕྲག་དོག་དང་མཚུངས་ལྡན་གྱིས་ལྷ་མིན་ཏེ་འཁོར་བར་གནས་རིགས་མཐོ་དམན་བྱས་ཤིང་གྲུབ་བོ། །དེ་ལྟར་གྲུབ་པ་ལའང་དགེ་སྡིག་གཉིས་ཀྱི་འཕེན་རྫོགས་ཀྱི་ཁྱད་པར་ནི་མུ་བཞི་སྟེ། འཕེན་བྱེད་དགེ་བས་འཕངས་ལ་རྫོགས་བྱེད་དགེ་བས་རྫོགས་པ་ལྷ་མིའི་རྟེན་ལ་རིགས་གཟུགས་དཔལ་འབྱོར་མཐའ་དག་ཕུན་སུམ་ཚོགས་པ་ལྟ་བུའོ། །འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་མི་དགེ་བས་རྫོགས་ནི་བདེ་འགྲོར་སྐྱེས་ཀྱང་དབང་པོ་དང་ཡན་ལག་མ་ཚང་ཞིང་དབང་ཐང་ཆུང་ངུར་གྱུར་པ་སོགས་སྡུག་བསྔལ་བ་རྣམས་སོ། །འཕེན་བྱེད་མི་དགེ་བས་འཕངས་ལ་རྫོགས་བྱེད་མི་དགེ་བས་རྫོགས་ན་ངན་སོང་གང་རུང་དུ་སྐྱེས་ནས་སྡུག་བསྔལ་གྱིས་མཐའ་གཅིག་ཏུ་མནར་ཞིང་སྤྱོད་པའོ། །འཕེན་བྱེད་མི་དགེ་བས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་ན་དུད་འགྲོའམ་ཡི་དྭགས་གཟུགས་དང་དཔལ་འབྱོར་ཕུན་སུམ་ཚོགས་པའི་རིགས་ཁ་ཅིག་ལྟ་བུའོ། །དེའང་ལས་གཅིག་གིས་ལུས་གཅིག་ལས་མི་འཕེན་པ་རང་གི་བུ་ལ་སྙིང་རྗེ་སྐྱེས་པའི་བུད་མེད་ཚངས་པར་སྐྱེས་པ་ལྟ་བུ་དང༌། ལས་གཅིག་གིས་ལུས་དུ་མ་འཕེན་པ། འཕགས་པ་མ་འགགས་པས། བདག་ནི་བསོད་ནམས་གཅིག་པུ་དེའི་རྣམ་པར་སྨིན་པས་སུམ་ཅུ་རྩ་གསུམ་གྱི་ལྷར་ལན་བདུན་སྐྱེས་ཤིང༌། ད་ལྟར་ཤཱཀྱ་ཕྱུག་པོར་སྐྱེས་སོ་ཞེས་པ་ལྟ་བུའོ། །ལས་དུ་མས་ལུས་གཅིག་འཕེན་པ་ལྷས་བྱིན་གྱིས་ཚེ་རབས་དུ་མར་བསགས་པའི་ལས་ཀྱིས་དགེ་སློང་གི་གཟུགས་ལ་སྡིག་པའི་ཀུན་ཏུ་སྤྱོད་པ་ཅན་དུ་གྱུར་པ་ལྟ་བུ་དང༌། ལས་དུ་མས་ལུས་དུ་མར་འཕེན་པ་འཕགས་པ་ཉེ་སྡེ་ལས་དུ་མའི་རྐྱེན་གྱིས་གསོས་ནས་ལུས་དུ་མ་གྲུབ་པ་ལྟ་བུ་ནི་མདོ་སྡེ་པ་ཡན་ཆད་ཀྱིས་འདོད་ལ། མཛོད་ལས་ནི། གཅིག་གི་སྐྱེ་བས་གཅིག་འཕེན་ནོ། །ཡོང་རྫོགས་བྱེད་པ་དུ་མ་ཡིན། འཕེན་བྱེད་གཅིག་གིས་སྐྱེ་བས་གཅིག་འཕེན་ཀྱི་དུ་མ་མི་འཕེན། འཕེན་བྱེད་དུ་མས་སྐྱེ་བ་གཅིག་ཁོ་ན་མི་འཕེན་པར་བཤད་དོ། །དེ་དག་ཀྱང་འཕེན་བྱེད་ཀྱི་རྒྱུ་སྟོབས་ཆེ་ཆུང་གི་དབང་གིས་ཏེ། འདི་ལྟར་གནོད་སེམས་ཀྱང་སྐྱེས། གནོད་པ་ཡང་སེམས་ཁེངས་པ་ཙམ་དུ་བྱས་པ་ལྟ་བུ་བྱས་ཤིང་བསགས་པ་དང༌། ཕ་རོལ་གྱི་མངའ་ཐང་འཕྲོག་པ་དང༌། དགྲ་ཟླ་ཉམས་ཉེས་པར་བྱེད་པའི་འདུ་ཤེས་གང་ཡང་མེད་བཞིན་དུ་གཞན་གྱིས་རང་སྲིད་ལ་གཙེས་ནས་སྲོག་བསྲུང་བ་དང༌། སྲིད་སྡེ་ཆོས་བཞིན་སྐྱོང་བ་ལ་གེགས་སུ་གྱུར་པར་དོགས་ནས་སྐྲག་པས་ལས་དེ་མི་འདོད་བཞིན་དུ་འགྱོད་བཞིན་དུ་དབང་མེད་དུ་སྤྱོད་དགོས་པ་ལྟ་བུ་བྱས་ལ་མ་བསགས་པ་དང༌། རྫུན་དུ་སྨྲ་བ་ལ་སོགས་པ་དུས་རིང་མོ་ནས་བློ་ལ་དང་དུ་བླངས་ཀྱང་དོན་ལ་མ་སྨྲས་པ་ལྟ་བུ་བསགས་ལ་མ་བྱས་པ་དང༌། ཀུན་སློང་བཏང་སྙོམས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་མི་ནུས་པ་ལུང་མ་བསྟན་པའི་ལས་ནི་མ་བྱས་ཤིང་མ་བསགས་པ་སྟེ་མུ་བཞིའོ། །དེ་ལྟར་མུ་བཞི་དང༌། གོང་དུ་བཤད་པའི་རྟག་དང་མངོན་ཞེན་སོགས་ལྔ་པོ་དང་ལྡན་མི་ལྡན་ལ་གཞལ་བས་ཀྱང་བྱས་བསགས་ཀྱི་དགེ་སྡིག་ཆེ་ཆུང་དང་དེའི་འབྲས་བུ་ཆེ་ཆུང་གི་ཁྱད་པར་ཤེས་སོ། །དཔེ་ཇི་ལྟར་ན། མེ་ནི་རབ་ཏུ་འབར་ཞིང་ཁང་ཁྱིམ་སོགས་བསྲེག་པར་བྱེད་ན། དེ་ཡི་གཉེན་པོར་ཆས་པ་ནི་ཆུ་ཁོ་ན་ཡིན་པས་ཆུ་དེ་ཉིད་སྣོད་དུ་བསྩལ་ནས་མེས་མིང་ཙམ་ཡང་མེད་པར་བསྐམ་པར་བྱས་ན་དེ་ལས་གཞན་མེ་དེ་གསོད་པའི་གཉེན་པོ་གང་ཡང་བཙལ་དུ་མེད་ན་མེ་དེ་ཇི་ལྟར་ཞི་བར་བྱེད། དེ་བཞིན་དུ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཤིག་པ་དང༌། སྐུར་ཞིང་བརྙས་པ་བྱས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་པ་བཏབ་པ་དང༌། དེ་དག་གི་དཀོར་ལ་འབག་པ་སོགས་དཀོན་མཆོག་གསུམ་པོ་ངན་སེམས་ཀྱིས་བསླུས་ཤིང་སྐྱབས་སུ་མི་བརྟེན་པར་རྒྱབ་ཏུ་སྤངས་པ་ཡི་སྡིག་ཆེན་འདི་ནི་བྱ་བ་གཉེན་པོ་གཞན་གྱིས་གསོ་ཐབས་མེད་པའི་ཕྱིར། དེ་ལ་དོ་ཟླ་འགྲོ་བའི་སྡིག་པའི་ལས་གང་ཡང་རྙེད་པ་མིན་ནོ། །ཇི་སྐད་བཤད་པ་དེ་ལས་གཞན་དུ་འགྲོ་བ་ཕལ་པའི་ཀུན་རྟོག་གཟུང་འཛིན་གྱི་རྣམ་པ་ཅན་ལ་རང་བཞིན་འབྲེལ་བར་གྱུར་པའི་ཚོགས་དྲུག་གི་དབང་པོ་དང་བཅས་པ་ལས་གསོག་པའི་སྒོ་དང༌། དགེ་མི་དགེ་བར་སེམས་པའི་ཡིད་དང༌། བར་མའི་ཡིད་རྣམས་ཀྱིས་དཀར་ནག་གི་ལས་གསོག་པར་བྱས་ཏེ་ཀུན་གཞིའི་སྟེང་དུ་ཚོར་བ་གསུམ་དང་འདུ་ཤེས་གསུམ་ལ་སོགས་པའི་སེམས་བྱུང་རྣམས་གྲོགས་བྱེད་པའི་ཚུལ་གྱིས་དགེ་མི་དགེའི་ལས་དུ་མ་འདུ་བྱེད་པ་ཡིན་ཞིང༌། གཞན་དུ་ན་ཀུན་རྟོག་ཚོགས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་ལས་ཕྲ་བ་གསོག་པའི་ཚུལ་དང་གྲངས་མཐའ་དག་གཅིག་ཏུ་འདི་ལྟ་བུའོ་ཞེས་བློ་ཡིས་ཐུག་ཅིང་དཔོག་པ་མ་མཆིས་མོད་ཀྱང་ལས་ཁོ་ན་ལས་བྱུང་བར་མངོན་ནོ། །འདིར་ལུས་ངག་ཡིད་ལ་རྟེན་དང་བརྟེན་པ་ཅན་གྱི་སྤང་བྱའི་རྒྱུ་འབྲས་རྣམ་པ་བཅུར་གནས་པའི་ཐོག་མར་ལུས་ཀྱི་གསུམ་པོ་ནི་སྲོག་གཅོད་པ་དང༌། མ་བྱིན་པར་བླངས་པ་དང༌། ལོག་པར་གཡེམ་པ་རྣམས་ལས་དང་པོ་སྲོག་གཅོད་པ་ནི། ཡན་ལག་ལྔས་དངོས་གཞིར་རྫོགས་ཏེ་གཞི་སེམས་ཅན་ཡིན་པ༡་དང༌། དེར་འདུ་ཤེས་མ་འཁྲུལ་བ༢་དང༌། གཞན་གྱི་སྲོག་གཅོད་འདོད་ཀྱི་བསམ་པ་ཡོད་པ༣་དང༌། བསམ་བཞིན་དུ་གཅོད་པའི་ཐབས་ལ་སྦྱོར་བ༤་དང༌། དེའི་ཚེའམ་གཞན་གྱི་ཚེ་ཤི་བའོ༥། །དེའི་ཕྱོགས་མཐུན་གནོད་སེམས་མངོན་གྱུར་མེད་ཀྱང་བརྡེག་བཙོག་ལ་སོགས་པའི་འཚེ་བ་བགྱིད་པའི་རྐྱེན་གྱིས་ཤི་བའོ། །གཉིས་པ་མ་བྱིན་བླང་བ་ནི་ཡན་ལག་བཞིས་རྫོགས་ཏེ། གཞན་ནོར་ཡིན་པ༡་དང༌། ཡིན་པར་ཤེས༢། ཤེས་བཞིན་བརྐུ་བའི་ཐབས་ལ་བརྩོན་པ༣་དང༌། གནས་སྤོས་ཏེ་ཐོབ་པར༤་བྱས་པའོ། །ཕྱོགས་མཐུན་གཡོ་སྟེ་ཚོང་དང་འོས་མིན་གྱི་ཆད་པ་སོགས་ཐབས་ཀྱིས་བསྟེན་པ་དང༌། བྲེ་ལོག་སྲང་ལོག་སོགས་སྒྱུ་ཡི་སྒོ་ནས་ལེན་པ་དང༌། གསུམ་པ་འདོད་པས་ལོག་པར་གཡེམ་པ་ནི། ཡན་ལག་གསུམ་སྟེ་གཞན་གྱིས་བདག་ཏུ་བཟུང་བའི་ཆུང་མའམ་སྨད་འཚོང་མ་ལ་སོགས་པ་གླ་རྔན་ཐོབ་པའམ། རབ་བྱུང་གི་རྟགས་ཡིན་མིན་གང་རུང་གིས་རྟེན་སོགས་ཀྱི་དྲུང་དང༌། དེར་ཡུལ་དུས་གཞན་གྱིས་བསྲུང་བ༡་ལ། དེ་དང་དེར་འདུ་ཤེས་པས་དབང་པོའི་རེག་པ་སྤྲོད་དེ་སྦྱོར་བ༢་དང༌། བདེ་བ་མྱོང་བའོ༣། །ཕྱོགས་མཐུན་ནི་བགྲོད་བྱ་མ་ཡིན་པ་དབང་པོ་ལས་གཞན་སོགས་ལ་འཁྲིག་པའི་ཆོས་བསྟན་པའོ། །ངག་གི་ལས་བཞི་ནི་དང་པོ་རྫུན་ལ་ཡན་ལག་བཞིས་རྫོགས་ཏེ་སྨྲ་བའི་གཞི་མ་ནོར་བ༡་དང༌། གཞན་བསླུ་བའི་བསམ་པ༢་དང༌། སྨྲ་རྒྱུ་དེའི་དོན་ཡིད་ལ་བསམ་ནས་རྫུན་སྨྲས་པ༣་དང༌། དེར་འདུ་ཤེས་བསྒྱུར་ནས་གཞན་དག་གིས་ཀྱང་འཁྲུལ་བཞིན་བཟུང་བའོ༤། །ཕྱོགས་མཐུན་ནི་དོན་རྣལ་མར་གོ་བའི་འདུ་ཤེས་དྲང་པོར་བརྫུ་ཐབས་ཀྱིས་བསླད་ནས་ཇི་བཞིན་མི་སྤྲོད་པར་གཞན་སེམས་བསླུ་བའོ། །གཉིས་པ་ཕྲ་མ་ནི་ཡན་ལག་གསུམ་གྱིས་རྫོགས་ཏེ་དབྱེ་གཞི་ནང་མཐུན་པ་ཡིན་ནམ་བཏང་སྙོམས་སུ་གནས་པ༡་དང༌། དབྱེན་སྦྱོར་གྱི་ཚིག་སྨྲས་པ༢་དང༌། མཐར་ཐ་དད་དུ་འདྲལ་བའམ་དོན་གོ་བའོ༣། །ཕྱོགས་མཐུན་ནི་སྔར་གཞན་གྱིས་སྨྲས་པའི་སྐྱོན་གྱིས་ཚིག་ལ་གཞན་དུས་ཕྱིས་སླར་ཡང་བཟློས་ནས་ཁོན་དུ་འཆོས་པའོ། །གསུམ་པ་ངག་འཁྱལ་ནི་ཡན་ལག་གསུམ་གྱིས་རྫོགས་ཏེ། ཉོན་མོངས་པའི་སེམས་ཀྱིས་བསླང་བ༡་དང༌། ཆོས་དང་མི་ལྡན་པ་ལ་དེར་བསམ་པ༢་དང༌། མཆོད་སྦྱིན་སྙན་ངག་སྲིད་སྲུང་སོགས་དང༌། གླུ་སྒྲུང་དང༌། སྨད་འཚོང་མ་དང་ཆོམ་རྐུན་སོགས་བྲེ་མོའི་གཏམ་སྣ་ཚོགས་སྨྲས་པ་ལས་ཆགས་སྡང་བསྐྱེད་པའོ༣། །ཕྱོགས་མཐུན་ནི་ཆགས་སྡང་མི་བསྐྱེད་ཀྱང་དམག་དང་ཆོམ་རྐུན་སོགས་འབྲེལ་མེད་གཏམ་སྣ་ཚོགས་སྨྲ་བའོ། །བཞི་པ་ཚིག་རྩུབ་ནི་ཡན་ལག་གསུམ་གྱིས་རྫོགས་ཏེ། གང་ཟག་དེ་ལ་ཆེད་དུ་དམིགས་པ༡་དང༌། སྦྱོར་བ་སྐྱོན་མཚང་འབྲུ་བ་དོན་མ་རུང་བ༢་སྨྲས་པ་དང༌། མཐར་ཐུག་ཕ་རོལ་པོའི་སྙིང་ལ༣་འབིགས་པ་སྟེ་ཡིད་མི་དགའ་བར་བྱས་པའོ། །ཕྱོགས་མཐུན་ནི་སྙན་པ་ལྟར་སྨྲས་ཀྱང་གཞན་དེའི་ཡིད་མི་བདེ་བའི་རྐྱེན་དང་སྤྲོད་པའོ། །ཡིད་ཀྱི་ལས་བཤད་པ་ལ་གསུམ་ལས། དང་པོ་བརྣབ་སེམས་ནི་ཡན་ལག་གཉིས་ཀྱིས་རྫོགས་ཏེ། གཞན་གྱི་འབྱོར་པའི་དཔལ་ཡིན་པ༡་དང༌། བསམ་པ་དེ་ལ་བརྔམས་ཤིང་ཆགས་ནས་འཁུ་སེམས་ཀྱིས་བདག་གིར་བྱེད་པའོ། །ཕྱོགས་མཐུན་ནི་ཕ་རོལ་པོའི་རྫས་དང་ཐོས་སོགས་ཀྱི་ཡོན་ཏན་ལ་བརྐམ་ཞིང་བདག་ལ་ཡོད་ན་ཅི་མ་རུང་སྙམ་དུ་ཡང་ཡང་དེའི་རོ་མྱོང་བའོ། །གཉིས་པ་གནོད་སེམས་ཀྱང་ཡན་ལག་གཉིས་ཀྱིས་རྫོགས་ཏེ། གཞན་སེམས་ཅན་ཡིན་པ་དང༌། བསམ་པས་དེ་ལ་ཁོང་འཁྲུག་ཅིང་ལུས་སེམས་ལ་སྡུག་བསྔལ་བྱེད་འདོད་ཀྱི་འཚེ་བ་གཏིང་ནས་སློང་བའོ༢། །དབྱེ་ན་དགུ་སྟེ་བདག་ལ་གནོད་པ་སྔར་བྱས་སོ། །ད་ལྟ་བྱེད་དོ། །མ་འོངས་པར་བྱེད་པར་འགྱུར་རོ་སྙམ་པ་དང༌། བཤེས་ལ་དེ་བཞིན་གསུམ་དང༌། དགྲ་ལ་ཕན་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །རྗེས་དཔྱོད་སྡང་སེམས། ཁྲོ་སེམས། ང་རྒྱལ། འཁུ་སེམས། གཏི་མུག་སྟེ་ལྔའོ། །ཕྱོགས་མཐུན་ནི་ཚེ་སྲོག་འབྱོར་པ་སོགས་ཕན་པས་འབྲེལ་པ་ལ་མི་དགའ་ཞིང༌། ངན་པ་འདུ་བ་དང་བཟང་པོ་འབྲལ་བར་བསྒོམ་པའོ། །གསུམ་པ་ལོག་ལྟ་ལ་ཡན་ལག་གཉིས་ཏེ། བསླུ་མེད་ཀྱི་རྒྱུ་འབྲས་ལ་མེད་པར་ལྟ་བ་དང༌། བདག་དང་འཇིག་རྟེན་ལ་རྟག་པའམ་ཡང་ན་ཆད་པར་ལྟ་བའོ། །ཕྱོགས་མཐུན་ནི་གང་ཟག་ཁྱད་པར་ཅན་ལ་སྡང་སེམས་སོགས་ཀྱིས་སྐྱོན་མེད་པ་ལ་ཡོད་ཞེས་སྒྲོ་འདོགས་པ་དང༌། ཡོན་ཏན་ཡོད་པ་ལ་མེད་དོ་ཞེས་སྐུར་པ་འདེབས་ཤིང་ཐེ་ཚོམ་བསྐྱེད་པ་སོགས་སོ། །མི་དགེ་བ་བཅུ་པོ་ཀུན་རེ་རེ་ལ་འབྲས་བུ་བཞི་བཞིར་སྨིན་པའི་ཚུལ་ནི། རིམ་པ་བཞིན་རྣམ་སྨིན་རྒྱུ་མཐུན་དབང་དང་བྱེད་པ་སྟེ་བཞི་ལས། དང་པོ་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པའི་ཚུལ་ནི། །འདི་ལྟར་དགེ་མི་དགེའི་ལས་དེ་དག་ཀུན་ནས་སློང་བའི་སེམས༡་དང༌། རྗེས་སུ་སྤྱོད་པའི་སྦྱོར་བ༢་དང༌། སྦྱོར་བའི་གཞི་བསམ་པ་དེ་ཉིད༣་དང༌། སྦྱོར་བའི་འབྲས་བུ་དངོས་གཞི་ཉིད་སྤྱད་པ༤་དང༌། མཇུག་རྗེས་སུ་ཡི་རང་བ༥་སྟེ་ཆོས་ལྔ་ལྡན་ནམ་ལྡན་པ་མིན་ཀྱང་རུང་སྟེ། ཀུན་སློང་གསུམ་གྱིས་གཏི་མུག་སྡིག་སེམས་མ་ཤེས་པའི་སྲོག་གཅོད་ལྟ་བུ་ཆུང་ངུས་དུད་འགྲོ་དང༌། ཤ་པགས་རྭ་རུས་མུ་ཏིག་སོགས་ལ་ཆགས་པས་བསད་ན་འབྲིང་འདོད་ཆགས་ཀྱི་དབང་གིས་ཡི་དྭགས་དང༌། ཁྲོས་ནས་དགྲ་གསོད་པ་སོགས་ཞེ་སྡང་ཆེན་པོས་དམྱལ་བར་འཕེན་ནོ། །རྒྱུ་མཐུན་གྱི་འབྲས་བུ་ནི་རྣམ་པ་གཉིས་སུ་གྲུབ་སྟེ། བྱེད་པ་རྒྱུ་མཐུན་ནི་ཚེ་སྔ་མའི་མི་དགེ་བའི་ལས་གོམས་འདྲིས་བྱེད་ཅིང་ཀུན་ཆུབ་བྱས་པས་ཕྱིས་ཀྱང་ལས་དེ་དང་མཐུན་པར་སྐྱེ་ནས་སྤྱོད་ངན་ལ་འཇུག་པར་གསུངས་སོ། །མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་སྔོན་གྱི་དགེ་བས་འཕངས་ནས་མཐོ་རིས་ཀྱི་ལུས་རྟེན་ཐོབ་པར་གྱུར་ཀྱང་སྡིག་པ་དེའི་དབང་གིས་རིམ་བཞིན་མི་དགེ་བཅུ་ལ་སྡུག་བསྔལ་གྱི་རྣམ་གྲངས་གཉིས་རེ་གཉིས་རེར་ལྡན་ཏེ་འདི་ལྟར་སྲོག་བཅད་པས་འཚོ་བའི་ཡུན་ཚེ་ཐུང་ལ་ནད་ཀྱང་མི་འདྲ་བའི་རྣམ་གྲངས་མང་པོས་མནར་ཞིང་སྡུག་བསྔལ་བར་འགྱུར་རོ། །མ་བྱིན་པ་བླངས་པས་ཕྱུགས་དང་འབྲུ་གོས་སོགས་ཡོ་བྱད་ཉུང་བས་དབུལ་ཞིང་ལོངས་སྤྱོད་ཅུང་ཟད་ཡོད་ཀྱང་དགྲ་དང་འཁོན་པ་སོགས་ཀྱིས་མི་དབང་བས་ཐུན་མོང་ཅན་དུ་འགྱུར་རོ། །འདོད་ལོག་གིས་ཁྱིམ་ཐབས་མི་མཛེས་ཤིང་ཁྱོ་དང་མི་མཐུན་ཅིང་ལྷོད་པ་དང༌། ཁྱིམ་གྱི་བྱ་བ་དོར་བའི་དགྲ་ཟླར་གྱུར་པ་གང་ཞིག་དང་མཐུན་པས་འབྲེལ་ནས་སྙིང་མི་ཉེ་བ་དང༌། རྫུན་གྱིས་རང་གིས་ཉེས་མ་ཉེས་གང་ལ་ཡང་གཞན་གྱི་སྒོ་ནས་ཁ་སྨྲས་ངན་པའི་སྐུར་པས་རང་སེམས་གདུང་ཞིང་གཞན་སུ་ལ་བློ་གཏད་ཀྱང་དེ་ཀུན་གྱིས་བསླུ་བ་མང་པོས་མགོ་བསྐོར་བ་དང༌། ཕྲ་མ་བྱས་པས་གཉེན་ཉེ་འཁོར་དང་བྲན་གཡོག་ཐམས་ཅད་མཐུ་ནུས་ངན་ཞིང་ནང་ཕན་ཚུན་རྩོད་ཅིང་འདུམ་པར་དཀའ་བ་ལ་སོགས་གནོད་པར་གྱུར་པ་དང༌། ངག་འཁྱལ་གྱིས་རང་གི་ཚིག་སྨྲས་པ་ཐམས་ཅད་གཞན་གྱི་རྣ་བར་མི་འགྲོ་ཞིང་སེམས་ལ་བཟུང་མི་འོས་པས་ཡིད་ཆེས་ཞན་ཅིང་བློ་མི་གཏད་པ་སྟེ་བདེན་དུ་མི་བརྩི་བ་དང༌། ཚིག་རྩུབ་མོ་སྨྲས་པས་དུས་དང་དུས་སུ་མི་འདོད་པའི་གཏམ་ངན་མི་སྙན་པ་མང་པོ་ཐོས་པ་དང༌། གཞན་ལ་ཕན་ཚིག་སྨྲས་ཀྱང་འཐབ་མོའི་ཚིག་ཏུ་འཁྲུལ་ནས་རྩོད་པ་ལ་སོགས་པས་མི་བདེ་བ་དང༌། བརྣབ་སེམས་ཀྱིས་ལོངས་སྤྱོད་ཡོད་པ་དང་ཐོབ་པས་ཆོག་མི་ཤེས་པ་དང༌། ད་དུང་མང་པོ་ཐོབ་ཏུ་རེ་ཞིང་འདོད་པས་མི་འགྲུབ་པའི་དོགས་པ་ལ་སོགས་པས་གདུང་བ་དང༌། གནོད་སེམས་ཀྱིས་ནད་གདོན་དགྲ་ལ་སོགས་པའི་གནོད་པ་མང་པོ་ངང་གིས་འདུ་ཞིང་གཉེན་ལོངས་སྤྱོད་སོགས་ཕན་པ་སྒྲུབ་པའི་རྐྱེན་དང་འབྲལ་བ་དང༌། ལོག་ལྟས་ཆོས་ལ་ཡིད་མི་ཆེས་ཤིང་ཆོས་མིན་གྱི་ལྟ་བ་ངན་པ་རྒྱུད་ལ་སྐྱེ་བ་དང༌། རྟག་ཏུ་བསམ་པ་མི་དྲང་ཞིང་གཡོ་སྒྱུས་རྒྱུད་འཁྲུག་པའོ། །བདག་འབྲས་སམ་དབང་གི་འབྲས་བུ་ནི་ཡུལ་སྡུག་བསྔལ་གྱི་རྐྱེན་དུ་གྱུར་པ་དང་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དྲན་པ་ཉེར་བཞག་ལས། སྣ་ཚོགས་ལུས་དང་ལོངས་སྤྱོད་དང༌། །བདེ་སྡུག་ཉིད་དུ་སྣང་བ་ནི། །སེམས་ཀྱིས་སྤྲུལ་ཞིང་སེམས་ཀྱིས་བྱས། །དཔེར་ན་རྨི་ལམ་ཇི་བཞིན་ནོ། །ཞེས་དང༌། སྤྱོད་འཇུག་ལས། ལྕགས་བསྲེག་ས་གཞི་སུ་ཡིས་བྱས། མེ་ཚོགས་དེ་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །སྲོག་གཅོད་ཀྱི་སྡིག་ཏོ་དྲག་པོའི་ཁུར་གྱི་ལྷག་མས་ནོན་ཅིང་མ་བཏང་བ་གང་ཡིན་པ་དེ། གང་དུ་སྐྱེ་བའི་ས་ཕྱོགས་ཉམས་དགའ་དང༌། །བག་ཡངས་ཆུང་ལ་མཐུན་རྐྱེན་སྨན་ཤིང་མེ་ཏོག་ལ་སོགས་པ་ཉུང་ཞིང་རྨོས་པའི་ལོ་མ་དང༌། སྐྱེ་ཤིང་གི་འབྲས་བུ་སོགས་བཟའ་བ་དང༌། བཏུང་བའི་རིགས་ཀྱང་བཀྲེས་སྐོམ་སེལ་བའི་མཐུ་ཉམས་ཤིང༌། རེས་འགའ་འཇུ་དཀའ་ལ་ནད་སྣ་ཚོགས་སྐྱེད་པའི་རྒྱུར་འགྱུར་ཞིང༌། གང་དུ་སོང་དང་སྡོད་ཀྱང་ཆུ་དང་གཡང་ས་དགྲ་གཅན་གཟན་སོགས་ཀྱིས་སྲོག་ལ་གནོད་འཚེའི་ཚོགས་མང་བས་ཡ་ངའི་གནས་སུ་ཕྱིན་ཅིང་གནས་དགོས་པར་འགྱུར་རོ། །མ་བྱིན་བླངས་པས་མྱུ་གུ་སོགས་ལོངས་སྤྱོད་ཀྱི་དངོས་པོ་མེད་པ་དང༌། ཅུང་ཟད་རེ་ཡོད་ཀྱང་འཇོམས་པ་སླ་བ་དང༌། ལོངས་སྤྱད་བྱའི་བཟའ་ཤིང་ཡོད་ཀྱང་རོ་ནུས་ལྡན་པའི་འབྲས་བུ་བཟང་པོས་རྣམ་པར་སྨད་དེ་ཉམས་པར་འགྱུར་རོ། །བ་ལང་དང་འབྲི་སོགས་ཀྱང་འོ་མ་མི་འབྱུང་ཞིང་ལོ་ཐོག་སོགས་ཡོད་པའང་སད་ཀྱིས་གདུང་ཞིང་སེར་བས་རྣམ་པར་འཐག་པར་འགྱུར་བ་དང༌། ཕྱུགས་སོགས་གོད་ཅིང་མུ་གེས་ཉེན་ནས་ཟས་སྐོམ་སྒྲུབ་པའི་རྩོལ་བ་དང་རེ་དོགས་སོགས་ཀྱིས་སྡུག་བསྔལ་སྙིང་ལ་འཕོ་བར་སྐྱེའོ། །འདོད་པས་ལོག་པར་གཡེམ་པས་ཕྱུགས་ལྷས་གྲོང་འདབས་སོགས་སུ་བཤང་བ་དང་གཅི་བའི་འདམ་རྫབ་ཀྱིས་གང་བའི་ཁྲོད་དུ་དྲི་ངའི་ཚོར་བ་རྩུབ་མོས་ལུས་སེམས་གདུང་བས་དབུགས་མི་ཕྱིན་པར། མི་གཙང་ལྗན་ལྗིན་གྱིས་བག་ཡངས་པའི་གོ་སྐབས་མེད་པར་དོག་ཅིང་ཉམས་མི་དགའ་བའི་ཡུལ་དེ་ཉིད་དུ་མི་ཡི་སྐྱེ་བའི་འཁྲི་ཤིང་སྔོན་ལས་ཀྱི་སྟོབས་ཀྱིས་དབང་མེད་དུ་འཛུགས་བཞིན་རྟག་ཏུ་གནས་དགོས་སོ། །རྫུན་གྱིས་ལོངས་སྤྱོད་དབང་ཐང་སོགས་ཀྱི་འབྱོར་པ་འཕྲལ་དུ་གཡོ་ཞིང་འགྱུར་བ་དང༌། ཡུལ་གང་དུ་གནས་ཀྱང་ཡུལ་དེར་མི་མཐུན་པ་དང༌། གཞན་དགྲ་གཉེན་བར་མ་ཀུན་གྱིས་བསླུ་ཞིང་མགོ་བསྐོར་བ་དང༌། དེ་སོགས་རྐྱེན་ངན་སྣ་ཚོགས་པས་འཇིགས་པས་བརྟབས་ཏེ་བག་མི་ཕེབས་ཤིང་སྐྲག་པར་འགྱུར་རོ། །ཕྲ་མས་ནི་གང་དུ་སྐྱེ་བའི་ས་ཕྱོགས་ཐམས་ཅད་བྲག་རི་གཟེངས་མཐོ་བ་སོགས་ངམ་གྲོག་དང་ལྟུང་གནས་གཅོང་རོང་ཅན་དང༌། གྱེན་མཐོན་པོ་དང་ཐུར་གཟར་བས་བགྲོད་དཀའ་བ། མཐོ་དམན་ཅན་གྱི་ཡུལ་ལ་གནས་ཤིང་ཉམས་མི་བདེ་བ་དང༌། བརྗོད་པ་རྩུབ་མོ་སྟེ་ཚིག་རྩུབ་མོས་ཡུལ་ཐམས་ཅད་རྡོ་དང་གསེག་མ་ལ་སོགས་པས་ཁེབས་ཤིང༌། རྩི་ཤིང་ཐམས་ཅད་ཀྱང་ཚེར་མ་ཅན་དང༌། ལྗོན་བཟང་བྲལ་ཞིང་སྡོང་དུམ་གྱིས་གང་བ། འབྲས་བུ་ཐམས་ཅད་ཀྱང་ནུས་པ་མེད་པས་ངན་པ་དང༌། ནད་སྣ་ཚོགས་སྐྱེད་པས་རྩུབ་པ་དང་དེ་སོགས་ཉམས་མི་བདེ་བ་དང༌། ཆུ་རྣམས་ཀུན་ཀྱང་དྭངས་བསིལ་དང་བྲལ་བ་རྙོག་ཅིང་ཚྭ་སྒོ་ཅན་དང༌། ས་གཞི་དག་ཏུ་རྡུལ་མང་བ་སོགས་ཉལ་ཉིལ་གྱིས་གང་བའི་ཁྲོད་དེར་རྒྱུན་དུ་ཡིད་མི་བདེ་བའི་ཚོར་བ་ཉམས་སུ་མྱོང་བར་འགྱུར་རོ། །བཀྱལ་ཀས་ཏེ་ངག་འཁྱལ་གྱིས་སོ་ནམ་ཞིང་རྨོ་སོན་འདེབས་ཕྱུགས་སྐྱོང་ཚོང་སྐྱེད་སོགས་ཀྱང་ངལ་བ་ལ་འབྲས་བུ་མེད་ཅིང༌། དཔྱིད་ཀ་སྣང་ཞིང་སྟོན་དུས་འབྲས་བུ་མེད་པ་དུས་ཀྱི་རྗེས་སུ་མི་འགྲོ་བར་ཉམས་ཤིང་མི་བརྟན་པས་ངན་པར་འགྱུར་རོ། །བརྣབ་སེམས་ཀྱིས་འབྲུ་རྣམས་ལ་སྦུན་དང་འབྲས་བུ་གོ་ལྡོག་ཅིང་སྦུན་མང་ལ་འབྲས་བུ་མེད་པ་དང༌། གང་དུ་སྐྱེ་བའི་གནས་སྔར་བཟང་ཡང་དུས་ཚིགས་ལོག་སྟེ་ངན་ཅིང་གདུག་པས་སྐབས་བཙལ་ཏེ་གནོད་པ་མང་པོ་མཐོང་ཞིང་སྡུག་བསྔལ་བར་འགྱུར་བར་དེར་སྐྱེའོ། །གནོད་སེམས་ཀྱིས་དམག་འཁྲུགས་སོགས་མངའ་འབངས་སྡུག་བསྔལ་ལ་སྦྱོར་བའི་སྡིག་སྤྱོད་རྒྱལ་པོ་དང་འབྲེལ་ནས་ཉམས་ཉེས་འབྱུང་ཞིང་སྡུག་བསྔལ་བ་དང༌། ཆོམ་རྐུན་དང་སྦྲུལ་གདུག་པ་དང་མི་རྒོད་དང་སྟག་གཟིག་སོགས་གཅན་གཟན་སྣ་ཚོགས་པས་བསམ་སྦྱོར་ངན་པས་རྩུབ་ཅིང་འཚེ་བ་དང༌། ལོ་ཏོག་དང་འབྲས་བུ་རྣམས་རོ་ཡང་མི་འདོད་པའི་ཚ་ཞིང་ཁ་བ་དང༌། ལུས་ཟུངས་ངན་པ་དང་གཞན་གྱིས་རང་བཞིན་གནོད་པའི་རྐྱེན་དུ་མས་བཀབ་ཅིང་སྡུག་བསྔལ་བའི་ཡུལ་དུ་སྐྱེའོ། །ལོག་ལྟས་ནི་རིན་པོ་ཆེ་དང་དར་གོས་ལ་སོགས་པ་ཕུན་ཚོགས་ཀྱི་དངོས་པོའི་འབྱོར་པས་དུས་ཀུན་ནས་སྤོང་པས་དབུལ་ཞིང༌། ཡིད་དུ་འོང་བའི་བཟའ་ཤིང་དང་སྨན་ཤིང་སོགས་མེད་པའམ་ཉུང་བ་དང༌། ལོངས་སྤྱད་བྱའི་མེ་ཏོག་དང་འབྲས་བུ་ལ་སོགས་པ་དག་ཀྱང་བཀྲེས་སྐོམ་སེལ་བའི་མཐུ་ཆུང་བས་ལུས་ཟུངས་སུ་མི་འགྲོ་ལ། དགྲ་གདོན་སོགས་ཀྱིས་ཉེན་པས་སྐྱབས་གནས་མེད་པ་དང་སྐྱོབ་པ་དཔུང་གཉེན་སོགས་མེད་པར་རང་གཅིག་པུར་སྐྱེའོ། །སྐྱེས་བུ་བྱེད་པའི་ལས་ཀྱི་འབྲས་བུ་ནི། སྲོག་གཅོད་པ་སོགས་གང་བྱས་པའི་ལས་དེ་དང་དེ་སྲིད་པ་ཕྱི་མར་ཉིང་མཚམས་སྦྱོར་བ་ལ་མི་ལྟོས་པར་སྐད་ཅིག་རེ་རེ་བཞིན་མང་པོར་འཕེལ་བའི་རྒྱུ་ཆུང་ངུ་ལས་ཀྱང་འབྲས་བུ་སྡུག་བསྔལ་མཐའ་དག་སྟེ་མང་པོ་བསྐྱེད་དོ། །སྡིག་པས་འདི་ལྟར་ཐོག་མེད་ནས་ཆོས་ཉིད་ཀྱི་དོན་མ་རིག་པའི་མུན་པ་སྟུག་པོས་ཁེབས་ཤིང་དེ་ལས་ཀྱང་ཐུ་བ་གཏན་མི་མཐོང་བའི་མུན་ནག་གིས་བསླད་པ་ཅན་གྱི་འཁྲུལ་སྣང་བར་མ་ཆད་པར་འཁོར་ཞིང་ཐར་དཀའ་བའི་བཙོན་ར་ཤིན་ཏུ་བརྣག་ཅིང་བསྲན་དཀའ་བར་གཟུགས་སོགས་ཉེར་ལེན་ཕུང་པོ་ལྔའི་སྟེང་དུ་སྡུག་བསྔལ་དྲག་པོ་སྤུ་གྲི་རྣོན་པོ་ལྟ་བུའི་དབལ་གྱིས་བཟོད་དཀའི་ཚོར་བ་ཡུན་རིང་པོར་མྱོང་བའི་གནས་སྐབས་ཐོབ་པར་གྱུར་པ་འདི་ནི། མི་དགེ་བ་བཅུ་དང༌། མཚམས་མེད་ལྔ། མཆོད་རྟེན། བྱང་སེམས། དགྲ་བཅོམ་སོགས་བཅོམ་པའི་སྡིག་པ་སྣ་ཚོགས་པར་བྱས་པས་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ན་འཁྲུལ་སྣང་ལ་དངོས་པོ་རང་མཚན་དུ་བཟུང་བའི་མཐོ་དམན་དུ་སྣང་བ་མ་དག་གཞན་དབང་གི་གནས་སྐབས་སོ་སྐྱེ་རང་རྒྱུད་པའི་དུས་ན། མཐོ་རིས་འཕེན་བྱེད་ཀྱི་རྒྱུ་ནི་དགེ་བའི་ལས་ལམ་བཅུ་ཡིན་ལ། མི་དགེ་བཅུ་ལས་ཕྱི་རོལ་ཕྱོགས་པ་ཡི་ཞེས་དེ་ལས་ལྡོག་པ་སྲོག་སྐྱོབ་པ་སོགས་དགེ་བའི་ལས་བཅུ་པོ་ལ་ཡང་དག་བསྙེན་པར་མཛོད་ཅིག་ཅེས་གསུངས་ཏེ། རིན་ཆེན་ཕྲེང་བ་ལས། ཆོས་འདིས་དམྱལ་བ་ཡི་དྭགས་དང༌། །དུད་འགྲོ་རྣམས་ལས་རྣམ་གྲོལ་ཞིང༌། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་ཐོབ། །བསམ་གཏན་བཞི་དང་གཟུགས་མེད་བཞི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་སོ། །དེ་ལྟ་བུའི་དགེ་མི་དགེའི་རྣམ་བཞག་ཇི་ལྟར་བསྟན་པ་བཞིན་ཤེས་ནས་དེ་རྒྱུད་ལ་བསྙེན་པ་ལས། བསོད་ནམས་ཆ་མཐུན་བཅུ་པོ་དེས་རྣམ་སྨིན་བདེ་འགྲོར་འཕེན་ཅིང༌། མི་དགེ་རྣམ་པ་བཅུས་ངན་འགྲོར་འཕེན་པས་དཀར་ནག་རྒྱུ་འབྲས་ལ་བླང་དོར་ཚུལ་བཞིན་བགྱིད་པ་ནི་སྐྱེས་བུ་ཆུང་ངུའི་ལམ་སྟེ་མདོ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང༌། །ངན་གྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །དེ་ལ་ཐར་པའི་ཆ་དང་མཐུན་པའི་དགེ་བ་ནི། ལས་དང་ཉོན་མོངས་པའི་ཟག་པ་ལྷག་མེད་དུ་དག་པའི་མྱ་ངན་ལས་འདས་པ་དམ་པའི་རྒྱུ་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་དགེ་བ་བཅུ་དང༌། བསམ་གཏན་བཞི་དང་གཟུགས་མེད་སྙོམས་འཇུག་བཞི་དང༌། སྦྱིན་སོགས་ནས་ཤེས་རབ་བར་དྲུག་པོ་བླང་དོར་བྱེད་པ་ཡིན་ལ། དེ་ཡང་ཚོགས་ལམ་ཐོས་པ་གཙོ་ཆེ་བ་དང༌། སྦྱོར་ལམ་སྒོམ་བྱུང་གཙོ་ཆེ་བ་དང༌། མཐོང་ལམ་བདག་མེད་གཙོ་ཆེ་བ་དང༌། སྒོམ་ལམ་བདག་མེད་དང་ཚུལ་ཁྲིམས་གཙོ་ཆེ་བ་བཅས་བསྒྲུབས་ནས་མི་སློབ་པའི་ལམ་སྟེ་ལྔས་བསྡུས་པའི་ཟག་མེད་ཀྱི་དགེ་ཚོགས་ཡིན་ནོ། །ཉན་རང་བཞིན་དགེ་བཅུ་སོགས་བསྒྲུབ་བྱ་དེ་ཡང་བླང་དོར་དུ་དམིགས་པ་ཅན་མ་ཡིན་པར་ཆོས་དང་གང་ཟག་གིས་བསྡུས་པའི་ཕྱི་ནང་ཐམས་ཅད་བདག་མེད་གཉིས་ཀྱི་རང་བཞིན་སྟོང་ཉིད་ཀྱི་དོན་ཤེས་རབ་ཆེན་པོས་ཚུལ་བཞིན་རྟོགས་ནས། དེ་ལྟར་སྟོང་ཉིད་དེ་སྙིང་རྗེས་ཟིན་པའི་སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་ལ་རྒྱས་ཐེབས་པའི་ཐབས་ཤེས་ཟུང་འབྲེལ་གྱི་དགེ་བ་གསེར་འགྱུར་གྱི་རྩི་ལྟ་བུ་དེས། སྲིད་པ་ལ་དོར་བྱའི་མཚན་མ་དང༌། ཞི་བ་ལ་བླང་བྱའི་མཚན་མར་བཟུང་ནས་དེ་གཉིས་མཉམ་ཉིད་དུ་མ་ཤེས་པར་འགལ་བ་ཅན་དུ་ལྟ་བའི་ལྕགས་ཁམས་ལྟ་བུ་ལ་ཐེབས་པས། སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་ཡེ་ཤེས་རྒྱལ་བའི་གཟུགས་སྐུ་ཕྲིན་ལས་རྩོལ་མེད་དུ་འབྱུང་བའི་ཁམས་མཐར་ཐུག་པ་འགྲུབ་པའི་རྒྱུ་ནི། འཇིག་རྟེན་ལས་ཤིན་ཏུ་འདས་པའི་དགེ་བ་ཡིན་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཐེག་ཆེན་སློབ་པའི་ལམ་བཞི་པོའི་དུས་སུ་སྦྱིན་སོགས་སྒྱུ་མའི་ཚུལ་དུ་དམིགས་པར་བྱས་ནས་རྣམ་པ་དང་བཅས་པ་ཉམས་སུ་ལེན་པའི་བསོད་ནམས་ཀྱི་ཚོགས་དང༌། འཁོར་གསུམ་དམིགས་མེད་ཤེས་རབ་ཀྱིས་ཟིན་པའི་ཆ་ཡེ་ཤེས་ཀྱི་ཚོགས་ཏེ་ཚོགས་གཉིས་ཟུང་འཇུག་གི་ནུས་པ་ཆེར་གོམས་པའི་སྟོབས་ཀྱིས། ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་སྦྱངས་ཏེ་འབྲས་བུ་སྐུ་གཉིས་མངོན་དུ་འཐོབ་པར་འགྱུར་ཏེ་རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །དེ་ཡང་རང་བཞིན་རྣམ་དག་ཆོས་ཉིད་བདེ་གཤེགས་སྙིང་པོ་སྤྲོས་མཐའ་བྲལ་བའི་དག་པའི་ཚུལ་ལ་རྒྱུ་འབྲས་ཐ་སྙད་དུ་བཏགས་པ་ཙམ་ལས་ཐུན་མོང་གི་ཐེག་པ་ལྟར་བསྐྱེད་བྱ་སྐྱེད་བྱེད་དུ་མ་གྲུབ་པའི་དོན་འདི་ནི་ཕལ་གྱིས་རྟོགས་དཀའ་བའི་དེ་ཁོ་ན་ཉིད་ཟབ་མོའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལགས་ཏེ། དགོངས་པ་ངེས་འགྲེལ་ལས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང༌། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ལས་རྒྱུ་འབྲས་ཀྱི་ཚོམས་ཏེ་ལེའུ་གསུམ་པའོ།། །།སྲིད་པའི་གནས་རིས་ན་མངོན་པར་མཐོ་བའི་ལྷ་མིའི་ལུས་རྟེན་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་བོ་མཆོག་ལ་བརྟེན་པ་དེ་རྣམས། རེ་ཞིག་ཚེ་འདི་ལ་ངན་སོང་གསུམ་གྱི་ཆུ་སྲིན་གདུག་པའི་ལྕེས་བཏང་བ་སྟེ་དེར་ལྷུང་ཟིན་པ་མ་ཡིན་ཡང༌། ཐར་པ་མྱ་ངན་ལས་འདས་པའི་སྐམ་སར་ཉོན་མོངས་པའི་རླན་དང་བྲལ་བར་མ་ཕྱིན་ཏེ། རྩེ་མོ་ཐོབ་པ་རྩ་མི་འཆད། །བཟོད་ཐོབ་ངན་སོང་ལྷུང་མི་སྲིད། །ཅེས་ཙམ་ཡང་མ་ཐོབ་པས་འཕགས་པའི་བདེན་པ་བཞི་ཡི་དེད་དཔོན་བསྟེན་པར་བྱ་ཞེས་གཟུགས་ཅན་རྒྱན་དུ་སྦྱར་ཏེ། དེ་ཡང་བདག་ཅག་གི་སྟོན་པས་ཝཱ་ར་ཎ་སིར་ལྔ་སྡེ་བཟང་པོ་སོགས་ལ། དགེ་སློང་དག །འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་ངོ༌། །འདི་ནི་འགོག་པའོ། །འདི་ནི་ལམ་མོ། །ཞེས་ངོ་བོའི་སྒོ་ནས་དང༌། ཡང་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་མངོན་དུ་ཐོབ་བྱ། ལམ་བསྟེན་བྱའོ། །ཞེས་རྒྱུའི་སྒོ་ནས་དང༌། ཡང་དགེ་སློང་དག་སྡུག་བསྔལ་ཤེས་ཟིན་ཤེས་པར་བྱ་བ་གཞན་མེད། ཀུན་འབྱུང་སྤངས་ཟིན་སྤང་བར་བྱ་བ་གཞན་མེད། འགོག་པ་མངོན་དུ་བྱས་ཟིན་མངོན་དུ་བྱ་བ་གཞན་མེད། ལམ་རྒྱུད་ལ་བསྟེན་ཟིན་བསྟེན་པར་བྱ་བ་གཞན་མེད། ཅེས་འབྲས་བུའི་སྒོ་ནས་བཟླས་ཏེ་ལན་གསུམ་དུ་གསུངས་པ་བཞིན་ཤེས་པར་བྱའོ། །དེ་ལ་སྡུག་བསྔལ་གྱི་རང་བཞིན་ཤེས་པར་བྱ་བ་ནི། འདི་ལྟར་འཁོར་བའི་གནས་རིགས་དྲུག་པོ་དམའ་བ་ངན་སོང་གསུམ་པོའམ་མཐོ་བ་བདེ་འགྲོ་གསུམ་པོ་ཡང་རུང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་མཛེ་ཐོག་ཏུ་ཕོལ་གྱིས་གཏུགས་པ་ལྟ་བུ། འགྱུར་བའི་སྡུག་བསྔལ་བདེ་བ་སྡུག་བསྔལ་ལ་འགྱུར་བ་སྟེ་སྤྲོ་བསངས་ལ་ཕྱིན་པ་དུག་སྦྲུལ་གྱིས་གཙེས་པའམ་ཁ་ཟས་རོ་བདའ་བ་ཟོས་པས་སྲིན་ཕོ་ལང་དུ་སོང་བ་ལྟ་བུ། ཉོན་མོངས་པས་ལྐོག་ཏུ་བྱས་པའི་ཕྱི་ནང་སྡུག་བསྔལ་གྱི་རང་བཞིན་དུ་མ་རིག་པའི་འདུ་བྱེད་པ་ཁྱབ་པ་འདུ་བྱེད་དེ་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པ་འཁོར་བའི་གནས་གང་ཡང་ཡོད་པ་མ་ཡིན་ཏེ་ངན་སོང་གསུམ་སྡིག་འབྲས་ཀྱི་སྡུག་བསྔལ། མི་དང་འདོད་ལྷར་མངོན་གྱུར་དང༌། ཁམས་གོང་མར་བསམ་གཏན་གྱི་ཚོར་བ་སོགས་ཡོད་དོ། །འདི་ལྟར་འཕྲལ་ཕུགས་ཀུན་ཏུ་ཕུང་ཀྲོལ་ཏེ་གནོད་པའི་རྒྱུ་འབྲས་བསྐྱེད་པར་བྱེད་ལ། དུག་སྦྲུལ་གདུག་པ་མགོ་འཕང་བསྟོད་པ་ཡི་གནོད་པ་ལྟར། ཤིན་ཏུ་མ་རུངས་པ་ནི་ནང་དུ་སེམས་ཆགས་སྡང་སོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་འཁྲུལ་སྣང་ལ་མངོན་པར་ཞེན་པ་འདོད་པའི་གདོན་དང༌། ཕྱི་རོལ་གཟུགས་སྒྲ་སོགས་ཡུལ་གྱི་ངོ་བོ་ནམ་མྱོང་བའི་ཚེ་བདེ་བར་སྣང་ཡང་ཕྱིས་གནོད་པས་དུག་དང་འདྲ་སྟེ། དེ་གཉིས་ཕན་ཚུན་ཡུལ་གྱི་རྣམ་པས་སེམས་བསླད་དེ་ལྕགས་བསྲེགས་ཀྱི་དུས་ཀྱི་ཚ་བ་ལྟར་འཛིངས་ཤིང་གཏུགས་ལ། འདོད་པའི་ཉེས་དམིགས་ཤེས་པའི་བློ་གྲོས་ཀྱིས་དབེན་པའི་ཕྱིར་བཙོན་ར་དེ་ཡི་ནང་ནས་ཐར་པའི་གོ་སྐབས་མེད་པར་སྡུག་བསྔལ་གྱིས་གདུངས་ཤིང་ཉམ་ཐག་པའི་རང་ཅག་འཁོར་བར་བསམ་ན་སྙིང་ནས་སྐྱོ་བ་འཕེལ་ལོ། །འཁོར་བའི་སྐྱེ་བོ་བདེ་བ་འདོད་ཅིང་དེ་སྒྲུབ་པ་ལ་མངོན་པར་སྦྱོར་ཞིང་སྒོ་གསུམ་ཚེགས་ཆེན་པོས་བརྩོན་པ་དག་ཀྱང༌། དེའི་རྒྱུ་མི་ཤེས་པས་གཏི་མུག་གི་མཐུས་ནོན་ཏེ་ལོག་གཡེམ་སོགས་སྡུག་བསྔལ་གྱི་རྒྱུ་སྣ་ཚོགས་པ་དེའི་འབྲས་བུ་སྡུག་བསྔལ་གྱི་མཚོན་ཆ་རྣོན་པོའི་དབལ་ལ་བརྟེན་པར་བྱས་པས། འཕྲལ་དང་ཡུན་གྱི་གནོད་པའི་གནས་སུ་རང་གིས་རང་ཉིད་ཡང་དག་སྦྱར་ཏེ། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང༌། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། བདག་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སོ། །ཆགས་པས་འདི་ཕྱིར་སྡུག་བསྔལ་བྱེད་པ་ནི། མར་མེའི་གཟུགས་མཛེས་པ་དང་དེར་ཕྱེ་མ་ལེབ་ཆགས་པས་བསྲེགས་ནས་འཆི་བ་བཞིན་དུ། བསྟོད་སོགས་སྙན་པའི་སྒྲ་ལ་རྣ་ཤེས་དང༌། ཐ་མ་ཁ་སྟེ་སྣ་དུད་སོགས་དྲི། ཤ་སོགས་རོ། བུད་མེད་དང་དར་གོས་སོགས་ལུས་རེག་བྱ་ལ་ཆགས་པར་བྱས་པས་བསླུས་ཏེ་ཐར་པའི་ལམ་གྱི་སྲོག་འཕྲོག་པར་འགྱུར་བ་ནི། རྣ་བ་སྒྲར་ཆགས་པས་པི་ཝཾ་སོགས་ལ་བརྟེན་ནས་རི་དྭགས་དུག་མདས་གསོད། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་འཛིན་པ་དང༌། གླང་པོ་ཆེ་དགའ་མའི་རེག་བྱ་ལ་ཆགས་པས་འདམ་དུ་རང་སྲོག་དང་བྲལ་བ་སོགས་འདོད་པའི་ཡུལ་ལྔ་དག་རེ་རེས་བསླུས་པ་དང་རྟེན་ཅིང་འབྲེལ་ཏེ། དབྱིག་གཉེན་གྱིས། སྐྱེས་བུ་དག་ནི་གཅིག་ལ་ཡང༌། །ལྔ་པོ་འདི་དག་རྟག་ལྡན་ཞིང༌། །ཉིན་མཚན་དུ་ནི་རབ་འཇོམས་ན། །བདེ་བ་ཇི་ལྟར་ཐོབ་པར་འགྱུར། ཞེས་སོ། །སྲིད་པ་འཁོར་བའི་ཡུལ་ལ་སྡུག་བསྔལ་ཐུ་བ་ནི་གང་དང་ཕྲད་པ་ཙམ་གྱིས་ཚར་གཅོད་པར་བྱེད་པ་གཏུམ་པོའི་མེ་ཡིན་ནའང་སྡུག་བསྔ་ལ། བཤེས་མེད་དུ་ཁྲོ་ཞིང་འཚེ་བའི་མངོན་སྤྱོད་རྩུབ་པ་སྟག་དང་སེང་གེ་སོགས་གཅན་གཟན་དང༌། མི་རྒོད་སོགས་ཀྱི་གནོད་པས་གཙེས་པ་དང༌། རྒྱལ་པོའི་ཆད་པས་བཙོན་དོང་དུ་བཅུག་པ་སོགས་ཀྱིས་འཚེ་བ་དང༌། དེ་ལས་ཀྱང་ཤུགས་མྱུར་ཞིང་རྒྱུན་རིང་བའི་སྡུག་བསྔལ་ནི། རྩ་བའི་སྡུག་བསྔལ་གསུམ་དང༌། སྐྱེ་རྒ་ན་འཆི་སོགས་ཡན་ལག་གི་སྡུག་བསྔལ་བརྒྱད་རྣམས་སྔ་ཕྱི་བརྒྱུད་མར་འབྱུང་བས་འགྲོ་བ་འདི་མནར་བ་ཡིན་ནོ། །ཐོག་མེད་ནས་འཁོར་བའི་གནས་འདིར་བདག་ལ་ཕ་མ་སོགས་ཕན་འདོགས་པའི་བཤེས་སམ། མཐུན་མི་མཐུན་གང་ཡང་མིན་པའི་བར་མ་དང༌། ཉེ་བའི་གཉེན་དང༌། འཁོན་པའི་དགྲ་བོ་འདི་ཙམ་ཞེས་བསམ་པར་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། མཐའ་དག་སྟེ་མ་ལུས་པའི་སེམས་ལྡན་གྱི་ནང་ནས་རེ་རེས་ཀྱང་དགྲ་དང་གཉེན་མཛའ་བཤེས་དང་བར་མའི་ཕྱོགས་གསུམ་བཟུང་ནས། ཕ་མ་སོགས་གཉེན་བཤེས་སུ་གྱུར་ན་ཕན་བཏགས་པ་དང༌། དགྲར་གྱུར་པའི་ཚེ་གནོད་པ་སྦྱིན་པ་དང༌། བར་མ་བཏང་སྙོམས་སོགས་བསམ་ལས་འདས་པ་མཆིས་ན་སེམས་ཅན་སྨོས་ཅི་འཚལ་ཏེ། འཕགས་པ་ཀཱཏྱ་ནས་བསོད་སྙོམས་བྱོན་པའི་ཚེ་སྔར་གྱི་ལས་འབྲས་གཟིགས་ཏེ། ཕ་ཤ་ཟ་ཞིང་མ་ལ་བརྡེག །ལས་ངན་དགྲ་བོ་པང་དུ་ཁུར། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་དང༌། བཤེས་སྤྲིངས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིགས་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སོ། །སྲོག་ཆགས་གྲོག་སྦུར་སོགས་ཤིན་ཏུ་ཕྲ་བ་རྡུལ་ཕྲན་ལྟ་བུའི་སེམས་ཅན་མང་པོའི་ལུས་ཀྱི་རྣམ་གྲངས་མང་པོ་སྨོས་ཅི་དགོས། བདག་གཅིག་པུའི་སྲོག་གི་རྟེན་འོས་པ་ཤིན་ཏུ་ཕྲ་བའི་གཟུགས་སུ་གྱུར་པ་དེ་དང༌། འདོད་པའི་དངོས་པོ་བསྒྲུབ་པའི་ཕྱིར། མགོ་དང་ཡན་ལག་རྣམས་མཚོན་ཆ་སོགས་ཀྱིས་བཅད་གཏུབ་བགྱིས་སོ་ཅོག་སྤུངས་ན་དཔག་ཚད་བརྒྱད་ཁྲི་རི་རབ་ལྷུན་པོའི་ཆེ་ཐང་ཡང་ཉམས་ཏེ་དེ་བས་ཀྱང་ཆེས་ལྷག་པར་འགྱུར་ཞིང༌། ཚ་དམྱལ་གྱི་གནས་སུ་ལན་གྲངས་མང་དུ་ཟངས་ཞུན་ཁོལ་མ་འཐུངས་པ་དང༌། བརྒྱ་ལ་རེས་འགའ་ཡི་དྭགས་ཀྱི་ལུས་སུ་གྱུར་ནས་རྣག་ཁྲག་དང་ཕྱི་ས་སོགས་མི་གཙང་བ་ཟོས་པ་དང༌། འཁོར་བའི་གནས་མཐོ་དམན་ཀུན་ཏུ་ལུས་སེམས་སྡུག་བསྔལ་བའི་རྒྱུ་ལས་མཆི་མ་ཟག་པ་རྣམས་ཀྱང་ཕྱོགས་མཐའ་ལ་གཏུགས་པའི་རྒྱ་མཚོར་འབབ་པའི་ཆུ་ཀླུང་དག་ལས་ཀྱང་མང་ངོ་ཞེས་དྲན་པ་ཉེར་བཞག་སོགས་ལས་གསུངས་སོ། །སྤྱིར་འཁོར་བའི་གནས་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཀྱང་ཁྱད་པར་ངན་སོང་གསུམ་དང༌། དེའི་ནང་ནས་ཀྱང་དམྱལ་བའི་སྡུག་བསྔལ་ནི་ཚད་མེད་དེ་མཐའ་ཡས་སོ། །འོན་ཏེ་ཕྱོགས་ཙམ་བཤད་ན་ལྕགས་ཀྱི་མདག་མེ་འབར་ཐར་གནས་བཞིན་ཕན་ཚུན་གཅིག་གིས་གཅིག་མཐོང་ན་དགྲ་མི་ཤ་བོ་བཞིན་ཞེ་ལྡང་གི་མཚོན་ཆ་སྣ་ཚོགས་པས་གསོད་ཅིང་ལས་ཀྱིས་སོས་ཞེས་སྒྲ་གྲགས་པའི་མོད་ལ་སླར་ཡང་སོས་པར་འགྱུར་ལ། དེ་ཡང་དྲན་པ་ཉེར་བཞག་ལས། །མི་གང་མི་ནི་གསོད་པ་དང༌། །གཞན་ཡང་བསྐྱེད་ནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །ཞེས་སོ། །ཐིག་ནག་ནི་ཐིག་ནག་པོ་བརྒྱད་དང་བཅུ་དྲུག་ནས་གྲངས་མེད་བར་སོག་ལེས་གཤོག་ལ། སླར་ཡང་ལས་ཀྱི་དབང་གིས་འབྱར་ལ་གཤོག་པ་སོགས་སྡུག་བསྔལ་རྒྱུན་མི་འཆད་པར་མྱོང་བར་འགྱུར་ཏེ། དེའི་རྒྱུ་ནི། ཕ་མ་དང་ནི་གྲོགས་དང་གཉེན། །གཉེན་བཤེས་ལ་ནི་འཁུ་བྱེད་དང༌། །ཕྲ་མ་རྫུན་ནི་སྨྲས་པའི་མི། །ཐིག་ནག་ཏུ་ནི་འགྲོ་བར་འགྱུར། །ཞེས་དྲན་པ་ཉེར་བཞག་ལས་གསུངས་སོ། །གསུམ་པ་བསྡུས་འཇོམས་ནི། ད་ལྟ་བསད་པའི་སྲོག་ཆགས་ཀྱི་མགོ་བརྙན་དུ་ཡོད་པའི་བྲག་རི་ཕན་ཚུན་འཐབ་པའི་བར་བཅར་བ་དང༌། གཏུན་དང་ཐོ་བས་འཐག་པར་བྱེད་དེ། རྒྱུ་ནི། ར་དང་ལུག་དང་ཝ་ཕག་དང༌། །རི་བོང་བྱི་བ་རི་དྭགས་སོགས། །གཞན་ཡང་བསྐྱེད་ནས་བསད་བྱས་ན། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །ཞེས་དྲན་ཉེར་ལས་སོ། །བཞི་པ་ངུ་འབོད་ནི། ངུ་འབོད་དྲག་པོའི་སྡུག་བསྔལ་གྱིས་གདུང་སྟེ་ལྕགས་ཞུན་བསྐོལ་བར་ལས་ངན་པའི་སེམས་ཅན་མང་པོ་རབ་ཏུ་འཚོད་ཅིང༌། མེ་འབར་བའི་ཐོ་བ་རལ་གྲི་སོགས་ཀྱིས་དབད་ཅིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོའི་འོ་དོད་འབོད་པ་སྟེ། རྒྱུ་ནི། འདིར་ནི་ལུས་ཅན་གང་དག་གིས། །ལུས་དང་ངག་ཡིད་ཉོན་མོངས་བྱེད། །གང་དག་ལྷད་འཇུག་གཞན་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །ཞེས་པ་ལྟར་རོ། །ལྔ་པ་ངུ་འབོད་ཆེན་པོ་ནི། སྔར་གྱི་དེ་ལས་སྡུག་བསྔལ་ཆེ་བས་འབོད་སྒྲོག་ཆེན་པོ་ལྕགས་ཁྱིམ་འབར་བ་ཉིས་རིམ་སོགས་སུ་བཙུད་ནས་བསྲེག་པས་འོ་དོད་འདོན་ཏེ། རྒྱུ་ནི། གང་གིས་ལྷ་དང་བྲམ་ཟེ་དང༌། །བླ་མའི་རྫས་འཕྲོག་སྡུག་བསྔལ་བྱས། །གང་དག་གཏམས་པའི་འཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །ཞེས་པ་ལྟར་རོ། །དྲུག་པ་ཚ་བ་ནི་ལྕགས་ཀྱི་ས་གཞི་འབར་བར་གན་རྐྱལ་དུ་བརྡུང་ཞིང་བསྲེགས་པས་ཚ་བ་དང༌། ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བས་ལུས་ཀུན་ལ་གྱེན་དུ་དྲངས་ཤིང་ཐལ་མར་འབིགས་པའོ། །བདུན་པ་རབ་ཏུ་ཚ་བ་ནི། སྔ་མ་བས་ཀྱང་མེ་མཚོན་སོགས་རབ་ཏུ་ཚ་བའི་སྡུག་བསྔལ་མྱོང་ཏེ། མདུང་ཐུང་རྩེ་གསུམ་པས་ལུས་ཀྱི་གཞུང་འབིགས་ཤིང༌། ཕྱི་ནས་ལྕགས་བསྲེག་ཀྱི་ལེབ་མས་དཀྲི་བ་དང༌། ཡང་ལྕགས་ཟངས་ཀུན་ཏུ་འབར་བའི་ནང་ཁྲོ་ཆུ་ཁོལ་མར་འཚོད་ཅིང་རུས་གོང་དཀར་ནག་སོགས་སྐྱི་གཡའ་བ་དང་བཅས་པའོ། །བརྒྱད་པ་མནར་མེད་པ་ནི། སྡུག་བསྔལ་བར་མཚམས་མེད་ཅིང་དེ་ལས་ལྷག་པར་མནར་དུ་མེད་དོ། །ཕྱོགས་མཚམས་མེད་པར་ཀུན་ཏུ་འབར་བའི་ལྕགས་ཁྱིམ་ཉིས་རིམ་དང་བཞི་རིམ་དུ་ཚུད་ནས་རབ་ཏུ་འབར་བར་སྲེག་བྱེད་ཀྱི་མེ་དང༌། བསྲེག་བྱའི་སེམས་ཅན་གཉིས་མེད་དུ་བསྲེགས་པར་འགྱུར་ཏེ། དམྱལ་བའི་རབས་ལས། ཡོན་ཏན་དག་གི་ཆེ་བ་ལ། ཆོས་སྤངས་ཤིང་སྐུར་པ་བཏབ་པ་སོགས། མཆན། །གནོད་པ་དྲག་པོ་བྱས་པ་ལས། །ཕ་མ་བླ་མ་བསད་བྱས་པ། །ངེས་པར་བསྐལ་པར་མནར་མེད་འཚེད། །ཅེས་སོ། །ཉེ་འཁོར་དུ་དམྱལ་གནས་བརྒྱད་པོའི་སྡུག་བསྔལ་ཉིད་ལས་ཅུང་སྲབ་ནས་དེ་ལས་ཐར་པའི་དབུགས་འབྱིན་པར་སྣང་ནས་བྲོས་པའི་ཀུན་རྟོག་གིས་སོང་བ་ན། སོ་སོའི་ཕྱོགས་བཞི་ན་ཡོད་པ་ཉེ་འཁོར་བཅུ་དྲུག་ཞེས་བྱ་སྟེ་གནས་སྔ་མ་དེ་དག་གི་སྒོ་འཕར་བྱེ་བ་སྣང་ཚེ། ཆུ་ཀླུང་གི་འདུ་ཤེས་ཀྱིས་བསྙེགས་པས་ལྕགས་ཁྱི་རལ་པ་ཅན་གྱིས་དེད་ནས་མདག་མེའི་འོབས་སུ་ཚུད་པ་དང༌། སླར་བསིལ་ཉམས་ཀྱི་བདེ་བར་སེམས་ནས་སོང་བས་རོ་མྱགས་རུལ་བ་དང་ཕྱི་སའི་འདམ་རྫབ་སྟུག་པོར་ལྷུང་ནས་འབུ་རྡོ་རྗེའི་མཆུ་ཅན་གྱིས་ཕུག་པ་དང༌། སླར་ཡིད་དུ་འོང་བའི་ཐང་མཐོང་ནས་སོང་བས་རལ་གྲིའི་ལོ་མའི་ནགས་ཚལ་གྱིས་དུམ་བུར་བཅད་པ་དང༌། སླར་སོང་བས་ཐལ་ཚན་གྱི་ཆུ་བོ་རབ་མེད་དུ་བྱིང་ནས་སྡུག་བསྔལ་གཤིན་རྗེའི་ཁ་བས་ཐུ་བར་འགྱུར་རོ། །འདོད་ལོག་སྤྱད་པས་རོ་མྱགས་འདམ་དུ་སྐྱེ་བ་དང༌། སེམས་ཅན་ལ་མཚོན་ཆས་སྡུག་བསྔལ་བར་བྱས་བར་བྱས་པ་རལ་གྲིའི་ནགས་ཚལ་དང༌། མ་སྨིན་པའི་གཞོན་ནུ་མ་བསྟེན་པ་དང༌། དགེ་འདུན་གྱི་རྫས་ལ་རློམ་སེམས་བྱས་པ་དང༌། ཆུ་གནས་སོགས་བསད་པ་ཆུ་བོ་རབ་མེད་དེ། དམྱལ་གནས་དེ་དག་གི་ཕྱོགས་བཞིར་ཤལ་མ་ལི་ཡི་སྡོང་པོར་མཛའ་ཞིང་ཡིད་བཅུགས་པ་དག་གིས་སྔར་ཆགས་པའི་དམ་བཅའ་དྲན་ནས་དེར་བསྙེགས་པའི་ལམ་དུ་ཁྱི་དང་ལྕེ་སྤྱང་སོགས་ཀྱིས་དེད་ནས། ལྕགས་ཀྱི་ཚེར་མ་རྣོན་པོ་གྱེན་ཐུར་དུ་བསྟན་པས་ཚབས་ཆེན་ཕུག་པའི་ལུས་དེའི་རྩེར་ཐོན་པའི་ཚེ་སྔར་གྱི་འཛའ་གཅུག་དེ་འབར་ཞིང་རྩུབ་པའི་ལྕགས་ཀྱི་བུད་མེད་ཀྱི་ལུས་སུ་གྱུར་ནས། དམ་དུ་བཟུང་ཞིང་འཁྱུད་པས་ལུས་ཚིག་ཅིང་ཤ་ཁྲག་འཐོར་ཀླད་པ་ཆིལ་གྱིས་བྱུང་བ་སོགས་མྱོང་མཐར། ཁྭ་ཏ་རྡོ་རྗེའི་མཆུ་ཅན་དང༌། བྱ་རྒོད་དུར་བྱ་སོགས་ཀྱིས་མིག་ལ་འདྲུ་ཞིང་ལྟོ་འདྲེན་པར་བྱེད་དེ། དྲན་པ་ཉེར་བཞག་ཚིག་ལེའུར་བྱས་པ་ལས། བྱི་ཕོ་བྱེད་པ་ཤལ་མ་ལིར། །འཛེག་ཅིང་ལྕགས་ཀྱི་བུད་མེད་འཚེ། །ཞེས་སོ། །ཚེ་ཚད་ནི་གོང་མར་འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་སོགས་ཤེས་པར་བྱའོ། །གྲང་དམྱལ་ནི། གཅོང་རོང་ཡ་ང་བར་ཁ་ཆར་བུ་ཡུག་གིས་སྦྲེབས་པ་དེས་ལུས་འདར་བའི་ཐག་པ་ལྟ་བུ་ཡིས་བཅིངས་ཏེ་ཕན་ཚུན་འགུལ་བསྐྱོད་བྱེད་པར་མི་ནུས་ཤིང༌། གུམ་གུམ་པོར་འགྱུར་བཞིན་སྡུག་བསྔལ་གྱི་ཚོར་བར་རྣམ་ཤེས་འཐོགས་ནས་གསོན་པའི་སྐབས་ཙམ་དེ་ཡང་ཡོལ་མི་ཐུབ་པར། དཔེས་མཚོན་དུ་མེད་པའི་རླུང་གི་མཚོན་ཆ་རྣོ་ངར་ཅན་གྱིས་རུས་པའི་གཏིང་ཕུག་པའི་སྟོབས་ཀྱིས། གྲང་རེག་གིས་ལུས་ཕྱི་ནང་ཐམས་ཅད་བཏབ་པ་ནི། དཔེར་ན་སོ་ཡི་བར་དུ་ཏིལ་འབྲུ་འཚིར་བ་ལྟར་གྲང་རེག་གིས་གདུང་བར་འགྱུར་རོ། །ཧ་ཅང་གྲང་ཆེ་བས་ལུས་ལ་ཆུ་བུར་བྱུང་བས་ཆུ་བུར་ཅན་དང༌། དེ་བརྡོལ་ནས་རྨར་གྱུར་པས་ཆུ་བུར་བརྡོལ་བ་དང༌། གྲང་ཚོར་མི་བཟོད་པའི་ཨ་ཆུའི་སྨྲེ་སྔགས་ནར་མར་འབྱིན་པ་དང༌། དེ་ཙམ་སྨྲ་མི་ནུས་པས་ཀྱི་ཧུད་ཅེས་ཤུགས་རིང་འདོན་པ་དང༌། དེའང་ཟེར་མ་ནུས་པར་སྐྲ་སྤུ་རྣམས་གཡེང་ནས་ལུས་སེམས་བློང་བློང་པོར་འགྱུར་བས། སོ་འཐམ་འཐམ་པ་ཅན་དང༌། དེ་ནས་ཨུཏྤལ་ལྟར་པགས་པ་སྔོན་པོར་གྱུར་ནས་དྲུག་ཚལ་དུ་གས་པ་དང༌། དེ་གཉིས་རིམ་སོགས་པདྨ་དང་ནི་པདྨ་ཆེན་པོ་གཉིས་ནི་རིམ་པ་ལྟར་བརྒྱད་དང་བཅུ་དྲུག་ནས་གྲངས་མེད་དུ་གས་པའོ། །དེ་ལྟར་གས་པའི་རྨ་ནང་ནས་ཁྲག་ཆུ་སེར་སོགས་འཛག་ཅིང་སྲོག་ཆགས་མཆུ་རྣོན་པོ་ཅན་མང་པོ་སྐྱེས་ཤིང་དེ་ཀུན་གྱིས་འབིགས་ཤིང་བཟའ་བ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ་བོ། །ཚེ་ཚད་ནི་ཏིལ་བྲེ་བོ་ཆེ་ཁལ་ཉི་ཤུ་ཤོང་བའི་ཚད་དེ། མངོན་པ་མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་རེར། །ཏིལ་རེ་ཕྱུང་བས་ཟད་གྱུར་ན། །ཆུ་བུར་ཅན་གྱི་ཚེ་ཡིན་ཏེ། །གཞན་གྱི་ཚེ་ནི་ཉི་ཤུ་འགྱུར། །ཞེས་སོ། །ཡན་ལག་ཉི་ཚེ་བ་ནི། མགལ་དུམ་སོགས་ལ་ལུས་སུ་འདུ་ཤེས་པས་དེ་བཅད་གཤགས་སོགས་བྱས་པས་སྡུག་བསྔལ་བ་དང༌། སྒོ་འཕར་མེད་པ་རྡོ་ཆུང་ངུ་དང༌། ཕ་ཝང་སོགས་རྡོ་ཆེན་པོ་ལ་རྟག་ཏུ་འཐུམས་ནས་སྡུག་བསྔལ་བ་དང༌། དེ་བཞིན་དུ་སྒོ་དང་ཀ་བ་དང་ཐབ་ཀ་དང༌། ཐག་པ་གང་དང་ཆབ་རོམ་ཤིང་ལོར་འཐུམས་པ་དང༌། ནམ་མཁར་གཡོ་བ་སོགས་སྔོན་དགེ་འདུན་གྱི་རྫས་དང་གཙུག་ལག་ཁང་གི་ཆ་རྐྱེན་སོགས་ལ་དབང་ཟོས་ཏེ། མི་དབང་བཞིན་ལོངས་སྤྱད་པ་ལ་སོགས་པ་སྣ་ཚོགས་པའི་མི་དགེ་བའི་ལས་ཀྱིས་མེད་བཞིན་སྤྲུལ་པའི་སྣང་བ་ལ་རང་གཟུགས་འདུ་ཤེས་ནས། དེ་ལ་ཉེ་བར་ལེན་པའི་སྡུག་བསྔལ་ཟད་མི་ཤེས་པ་རྟག་པར་རམ། ཉིན་མཚན་ཕྱེད་མའམ། ཡུད་ཙམ་སོགས་མྱོང་བ་ཡིན་ཏེ། མོངྒལ་གྱི་བུས། སྲིད་པ་ན་ནི་བདེ་བ་མེད། །ཉི་འཚེ་བ་བཞིན་འགྲོ་བ་ཀུན། །སོ་སོའི་སྡུག་བསྔལ་རྣམས་ཀྱིས་གདུངས། །འབར་བའི་ཁྲོད་ན་གནས་པ་འདྲ། །ཞེས་གསུངས་སོ། །དེ་ཡི་ཕྱིར་ན་སྐྱེ་བའི་རང་བཞིན་ཡུལ་ཕྲན་ལ་ཤྭ་འོད་དེ་ཆུ་ལོག་ཆེན་པོ་བརྡོལ་བ་ལྟར་སྡུག་བསྔལ་གྱི་རྦ་རླབས་ཅ་ཅོ་སྒྲོགས་པ་འདི་ཉིད། ད་ལྟ་ཐོས་བསམ་སོགས་ཤེས་རབ་ཀྱིས་མ་བཟློག་ན། ཆོས་སྒྲུབ་པའི་རྟེན་ལྷ་བས་ལྷག་པའི་ལུས་རྟེན་ཆུ་ལོན་ཏེ་ཆུ་བཀག་པའི་ར་བ་ཡང༌། གློ་བུར་དུ་བཤིག་ཅིང་འཚོ་བའི་བརྟན་པ་དང་བྲལ་ཏེ་སྐྱེ་བ་ཕྱི་མར་ཉིང་མཚམས་སྦྱར་བའི་དབང་གིས་མྱ་ངམ་གྱི་ཐང་གནོད་པ་དང་སྡུག་བསྔལ་དུ་མའི་རང་བཞིན་ཅན་སྲིད་པའི་གནས་སུ་ཡང་དང་ཡང་དུ་འཁྱམས་ཤིང་འཁོར་བར་འགྱུར་རོ། །མངོན་མཐོའི་གོ་འཕང་ཐོབ་ཀྱང་མི་ཕན་པར་གདམས་ཏེ། ཁམས་གོང་མའི་གཟུགས་མེད་བཞི་ནི་བདེ་སྡུག་གི་ཚོར་བ་མེད་པའི་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ལུང་མ་བསྟན་པའི་འཕེན་བྱེད་ཀྱི་ལས་དང༌། ཏིང་འཛིན་གྱི་ཤུགས་ཟད་ནས་སྔོན་གྱི་ལས་སྲེད་ལེན་གྱིས་གསོས་བཏབ་ནས་སྲིད་པ་ཕྱི་མར་སྐྱེ་བ་འདུ་བྱེད་ཅིང་སྡུག་བསྔལ་སྣ་ཚོགས་མྱོང་དགོས་པ་དང༌། ཚངས་རིས་ནས་འབྲས་བུ་ཆེ་བའི་བར་གཟུགས་ཁམས་ཀྱི་ལྷ་རྣམས་བསམ་གཏན་བཞིའི་བདེ་བ་དེ་དང༌། སྔ་མའི་འཕེན་བྱེད་ཀྱི་ལས་ཟག་བཅས་ཀྱི་བདེ་བ་ཟད་དེ། འོག་མ་དམྱལ་བ་ལ་སོགས་པར་ལྟུང་བར་འགྱུར་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །ཆགས་བྲལ་གྱི་བདེ་བ་ལ་ལོངས་སྤྱོད་པའི་ཚངས་པ་དང༌། འདོད་ཁམས་པའི་ས་གཞིར་བརྟེན་ནོ་ཅོག་གི་དཔལ་འབྱོར་ལོངས་སྤྱོད་ཆེ་བ་ལྷ་དབང་ཀཽ་ཤི་ཀ་དང༌། རིན་པོ་ཆེ་སྣ་བདུན་གྱིས་བདར་ཞིང་གླིང་བཞིར་དབང་བའི་འཁོར་ལོས་བསྒྱུར་བ་ལ་སོགས་པ་ཡང༌། དཔེར་ན་སྤྲིན་བར་ཉི་བཞིན་དཀར་པོའི་ལས་ཀྱི་རྣམ་སྨིན་སྟོབས་ལྡན་གྱིས་སྐབས་བཙལ་ཏེ། བདེ་སྐྱིད་ལ་ལོངས་སྤྱོད་མྱོང་བ་དེ་སྔ་མའི་དགེ་འབྲས་ཟད་ཅིང་སྤངས་པའི་མོད་ལ། དཔེར་ན་མར་མེའི་ལྕེས་རིམ་བཞིན་འཐུང་བའི་ཞུན་མར་ཟད་པ་ན་མར་མེའི་འོད་ཉམས་པ་བཞིན་དུ་བདེ་འབྱོར་ཐམས་ཅད་ཉམས་པར་འགྱུར་ཏེ། བཤེས་སྤྲིང་ལས། བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །ཞེས་སོ། །ཇི་ལྟར་རི་རབ་ཀྱི་སྤོ་ཁ་ཁྱེར་སྟེང་གི་གྲོང་ཁྱེར་ལྟ་ན་སྡུག་གི་ས་གཞི་ལ་རྐང་པས་མནན་ན་ནེམས་ཤིང་བཏེགས་ན་སྤར་བར་བྱེད་པའི་གནས་དང༌། ལྷ་གོས་པན་ཙ་ལི་ཀ་ལ་སོགས་པ་རེག་པ་འཇམ་པོ་དང༌། ཉེ་དབང་དང་རྒྱལ་ཆེན་རིས་བཞིའི་ལྷ་རྣམས་དང༌། ཀླུ་དང༌། མིའམ་ཅིའི་རྒྱལ་པོ་སོགས་ཀྱི་གཙུག་གི་ལ་ཐོད་དང་ནོར་བུ་མརྒད་སོགས་རིན་པོ་ཆེའི་ཐོར་ཚུགས་རྣམས་གཏུགས་པའི་འོད་ཀྱིས་རྐང་པའི་ཆུ་སྐྱེས་དམར་པོར་བྱས་པའི་ལྷའི་དབང་པོ་ཡང་ལས་ཀྱི་འཕེན་པ་ཟད་ནས་དམྱལ་བར་སྐྱེས་པས་ལྕགས་ཀྱི་གསལ་ཤིང་འབར་བའི་རྩེ་མོར་བསྐྱོན་ཏེ་གདུང་བར་འགྱུར་རོ། །འདོད་པའི་ཉེས་དམིགས་འདི་ལྟར་མཐོ་རིས་ལྷའི་བུ་མོའི་ལང་ཚོའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་མཁས་པའི་ནུ་མ་གསར་པ་ལ་རེག་པའི་བདེ་བའི་འཁྲི་ཤིང་བསྟེན་ཏེ། དཔག་བསམ་ཤིང་སོགས་གོས་རྒྱན་སྣ་ཚོགས་པའི་དགའ་ཚལ་དང༌། རིན་པོ་ཆེའི་གཞལ་མེད་ཁང་མཛེས་ཤིང་ཡིད་དུ་འོང་བའི་མུ་ཏིག་སོགས་རིན་པོ་ཆེའི་དྲྭ་ཕྱེད་དང་དྲིལ་གཡེར་གོས་རྒྱན་སྣ་ཚོགས་པའི་རྒྱན་ཆ་ཅན་དག་ཀྱང་སྤངས་ནས་མེ་མུར་གྱི་འོབས་དང༌། རལ་གྲིའི་ཚལ་སོགས་ཀྱི་ནང་སྤྱིའུ་ཚུགས་སུ་ལྷུང་སྟེ། འཆི་ལ་ཉེ་བའི་སྐབས་སྔ་ལྟས་སུ་གོས་ལ་དྲི་ཆགས་པ་དང༌། རང་གི་མལ་སྟན་དང་མེ་ཏོག་རྙིང་པར་གྱུར་པའི་ཚེ། སྔར་བསྙེན་བཀུར་བྱེད་པའི་ལྷ་མོ་དག་གིས་ཀྱང་དོར་ཏེ། སྔོན་མེད་ཀྱི་རྔུལ་གྱིས་ལྷ་དེའི་ལུས་དང་གདོང་པ་ལ་གོས་པར་གྱུར་ནས་བཀྲུ་བའི་ཟོལ་ཏེ་ཚུལ་དེ་དག་ཞིག་ནས་དྲུང་དུ་མི་ཉེ་བར་གྱུར་པ་ན། འདུ་ཤེས་ནི་འཁྲུགས་ཕྱི་མའི་སྐྱེ་གནས་རྣམས་ལྷའི་མིག་གིས་མཐོང་ཞིང་བསྡངས་ལ་བརྒྱལ་བས། མཛའ་བཤེས་རྣམས་ཀྱིས་རྒྱང་རིང་ནས་བོས་ཏེ་ལྷ་མིར་སྐྱེ་བའི་སྨོན་ལམ་འདེབས་པ་ལས་ཉེ་མི་ནུས་སོ། །དེའི་ཚེ་སྙིང་རྗེའི་སྐད་དུ་ཀྱི་ཧུད་སོགས་ཟེར་བཞིན་ཉེ་དུ་རྣམས་ལ་བལྟ་ཞིང་ངུ་བ་ཡི། གནས་དེར་འཆི་ཞིང་གཞན་དུ་འཕོ་བའི་སྡུག་བསྔལ་ལྷའི་ཞག་བདུན་དུ་མྱོང་བ་ལྟ་བུ་ནི་མི་རྣམས་ལ་གཏན་དུའང་མེད་དོ། །རི་རབ་ཀྱི་ཕྱེད་དུ་སླེབས་པའི་གཉའ་ཤིང་འཛིན་རིའི་ས་བླ་ཡི་སྟེང་དུ་འགེགས་པ་ཡི་རྒྱ་ཁྱོན་དང་ལྡན་པ་གདུགས་ལྟ་བུར་གྱུར་ཅིང་གླིང་བཞིའི་མུན་པ་སེལ་བའི་སྣང་བྱེད་ཆེན་པོ་ཉི་ཟླ་གཉིས་པོའི་རྟེན་དང་གཞལ་མེད་ཁང་གི་འོད་ཡིན་ནའང༌། སླན་ཆད་གླིང་བར་མུན་པའི་སྨག་གི་བཙོན་ར་རུ་ལག་པ་བརྐྱང་བསྐུམ་ཡང་མི་མཐོང་བའི་ལོང་བ་ཆེན་པོའི་གནས་སྐབས་འཐོབ་པར་འགྱུར་རོ། །གསེར་གྱི་ས་གཞིར་བརྟེན་པའི་ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ཀྱིས་ཁང་བཟང་གདམས་པ་ཅན་དང༌། གྲོང་ཁྱེར་གསེར་ལྡན་འདུན་ས་ནོར་བཟང་སོགས་འབྱོར་པ་དུ་མས་སྙེམས་ནའང་སུམ་ཅུ་རྩ་གསུམ་པའི་ལྷ་ཡི་རྣམ་རྒྱལ་ཁང་བཟང་དང༌། གྲོང་ཁྱེར་ལྟ་ན་སྡུག །འདུན་ས་ཆོས་བཟང་སོགས་ཆེས་ལྷག་པའི་དཔལ་འབྱོར་ལ་སྡང་བའི་ཕྲག་དོག་གི་དགྲ་སྟྭ་མ་རུངས་པས་རང་སྙིང་ཀྱི་ཤེས་རྒྱུད་ཚལ་པར་བཀས་ཏེ་ཉམས་པར་བྱས་ནས་སླར་ལྷ་རྣམས་དང་འཐབ་པའི་ཚེ། ལྷའི་དཔུང་བརྡལ་པ་ནི་ཤིན་ཏུ་གཏུམ་པོའི་མཚོན་ཆ་སྣ་ཚོགས་ཀྱིས་གཡུལ་ངོར་ལྷ་རྣམས་དབུ་བཅད་ན་མ་གཏོགས་ཕམ་པ་དང་བྲལ་ཞིང༌། ལྷ་མ་ཡིན་རྣམས་ནི་མི་བཞིན་དུ་བདག་ཉིད་ཀྱི་གནད་ཆེ་སར་ཕོག་ན་འཆི་བར་འགྱུར་བས། ལྷའི་མཚོན་ཆ་དྲག་པོ་རྣམས་ཀྱིས་མགོ་དང་ཡན་ལག་བཏུབ་པ་ལ་སོགས་པའི་སྡུག་བསྔལ་གྱིས་ལྷ་མིན་མནར་ཏེ། རྒྱུ་ནི། ལྷ་མིན་རབས་ལས། རྟག་ཏུ་གཡོ་དང་སྒྱུ་སྤྱོད་ཅིང༌། སྡིག་པ་དག་ནི་མང་བྱས་ལ། །འཐབ་ལ་དགའ་ཞིང་སྦྱིན་བྱེད་པ། །དེ་ནི་ལྷ་མིན་དབང་ཕྱུག་འགྱུར། །ཞེས་སོ། །མི་རྣམས་སྲོག་གི་འཚོ་བ་སྐད་ཅིག་གིས་མི་རྟག་སྟེ་ཆུའི་ཆུ་བུར་ལྟ་བུར་ད་ལྟ་ཡོད་ཀྱང་ད་ལྟ་ཞིག་ཅིང་གཡོ་བ་ཡི་ཚེ་ཐུང་བའི་འཛམ་བུ་གླིང་པའི་མི་དག །འདོད་དོན་མི་འགྲུབ་པས་ཡིད་མི་བདེ་དང༌། ཕན་ཚུན་འཁྲུགས་པ་སོགས་སྡུག་བསྔལ་སྔ་མས་མ་བཏང་བཞིན་ཕ་ཤི་སྟེང་མ་ཤི་བ་དང༌། མ་ཤི་སྟེང་དགྲས་དེད་པ་ལྟ་བུ་སོགས་ནད་གདོན་སྣ་ཚོགས་པའི་སྡུག་བསྔལ་སྔ་མས་ཕྱི་མ་ཉེ་བར་ལེན་ཏེ། དཔེར་ན་མཛེ་ཅན་ལ་ཕོལ་བྱུང་བའི་སྡུག་བསྔལ་གྱི་ཐོག་ཏུ་རྨས་ཟུག་རྔུ་དེ་དག་གཏུགས་ནས་སྡུག་བསྔལ་བ་བཞིན་ནོ། །མངོན་པར་མཐོ་བའི་གནས་འདི་ནི་ཡུལ་གྱི་ཡོན་ཏན་མཁོ་དགུ་ཐམས་ཅད་རྫོགས་པའི་སྐྱེད་ཚལ་དུ། འདོད་པའི་ཡུལ་ལྔ་པའི་རོ་ལ་གདུང་བས་ལོངས་སྤྱད་པ་ན། འཕྲལ་དུ་བདེ་བ་ལྟར་སྣང་ཡང་དཔེར་ན་སྦྱར་བ་ལས་བྱུང་བའི་དུག་ཅན་གྱི་བཟའ་བ་ཁོང་དུ་སོང་བས། དང་པོ་རོ་བདའ་བ་དང་ལྟོ་འགྲངས་པ་སོགས་བདེ་བར་མངོན་ཀྱང་མཐར་དུག་ནད་ཀྱིས་གཟིར་ནས་རྣམ་པར་སྨ་ཕབ་སྟེ་ལུས་མདངས་ཉམས། མིག་འཕང་སྨད་པ་སོགས་དཀའ་ཐུབ་སྟེ་སྡུག་བསྔལ་བས་ལུས་རིད་ཅིང༌། སྔོན་ལས་དང་འཕྲལ་རྐྱེན་སོགས་ཀྱིས་མིག་འཕྲུལ་ལྟ་བུར་ཐོབ་པའི་བདེ་དཔལ་འདི་སྡུག་བསྔལ་གྱི་རྣམ་པར་འགྱུར་བ་ཅན་ནོ། །ཡུལ་འོད་ལྡན་ཞེས་བྱ་བའི་རྒྱལ་པོ་རབ་གསལ་གྱིས་རྐང་པའི་རེག་པ་ལ་བརྟེན་ནས་ཁུར་དུ་མི་བཟོད་པའི་མངའ་ཐང་གིས། གླང་ཆེན་འདུལ་སྦྱོང་མཁན་ལ་འདུལ་བཅུག་པས་ལྕགས་ཀྱི་ཐོ་ལུམ་སོགས་ཀྱིས་བཏུལ་བའི་མཐར་ཅི་ལྟར་བསྒོ་བ་བཞིན་ཉན་ནུས་པར་ཐུལ་ནས། རྒྱལ་པོས་རྐང་པས་འགྲོ་བ་ནི་ངལ་བ་དང་བཅས་པའོ་སྙམ་པའི་སེམས་ཀྱིས་གླང་པོའི་གཉར་འཛེགས་ནས་བདེ་བ་ལྟར་ཕྱིན་ཀྱང༌། གླང་པོ་དེ་ཡི་བསམ་པ་ཐུབ་མཆོག་གིས་བསྟན་པའི་ཆོས་ཉོན་མོངས་འདུལ་བའི་སྡོམ་པས་མ་བཏུལ་བས། གླང་མོའི་དྲི་སྣོམ་པའི་མོད་ལ་རྩེ་དགས་ཡིད་རབ་ཏུ་རྒོད་པར་གྱུར་ནས། ས་གཞི་ཐམས་ཅད་ཤིང་རྟའི་འཕང་ལོ་བསྐོར་བ་ལྟར་རྒྱུག་པས་གཡང་སར་སྨད་པས་དེ་སྲོག་དང་བྲལ་ཉེ་བའི་སྡུག་བསྔལ་བར་གྱུར་པ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མཚོན་དཔེའོ། །དེ་ལྟར་རྩ་བའི་སྡུག་བསྔལ་ཆེན་པོའི་བདག་ཉིད་གསུམ་ནི། སེམས་ཅན་རང་གི་ལས་དང་མཐུན་པར་ཁྱབ་ཅིང་ཉམས་མི་དགའ་བར་བྱེད་པས་འབྲོག་དགོན་པ་ལྟ་བུར་གྱུར་པ་ན། མངལ་ནས་སྐྱེ་བ་དང༌། རྒ་བ་དང༌། འདུ་བ་འཁྲུགས་པའི་ན་བ་དང༌། སྲོག་འགགས་པས་འཆི་བའི་ཚོར་བ་དག་གིས་རྟག་ཏུ་དཀྱུ་ཞིང་རྣམ་པར་འཁྱམས་པ་ལྟར་སྐྱེ་རྒ་སོགས་ཀྱིས་སྡུག་བསྔལ་ལོ། །སྨོན་པ་སྟེ་འདུན་པ་མེད་པའི་མི་སྡུག་པའི་དགྲ་དང་གློ་བུར་དུ་འཕྲད་ནས་སྡུག་བསྔལ་བ་དང༌། སྙིང་དུ་སྡུག་པ་མཛའ་བཤེས་ཡིད་ལ་གོམས་པར་བྱས་པ་གནས་མིན་པ་གཞན་དུ་ཕྱོགས་ལ། ཟས་ནོར་ཡོ་བྱད་གཉེན་གྲོགས་མངའ་ཐང་ལོངས་སྤྱོད་ལ་སོགས་པ་འདོད་པའི་རྩོལ་བའི་སྒྲུབ་ཀྱང་ཡུལ་དེ་དག་ལ་འབྱོར་ཞིང་འོང་བ་ཅི་ཡང་མེད་པས་ངོ་ཚར་འགྱུར་བ་བཞིན་བྲོས་ཚུལ་དུ་བྱས་པ་དང༌། ཉེར་ལེན་ཕུང་པོའི་སྟེང་དུ་མི་འདོད་བཞིན་དཀའ་ཐུབ་སྟེ་སྡུག་བསྔལ་སྣ་ཚོགས་འདུས་ཏེ། དེ་ལྟར་རྣམ་པ་བརྒྱད་ཀྱི་སྡུག་བསྔལ་བརྟུལ་ཕོད་པ་སྟེ་སྟོབས་ཆེན་པོའི་གདུང་བ་དག་གིས་མི་ཡི་སྐྱེ་བ་སྡུག་བསྔལ་སྣ་ཚོགས་པའི་འཁྲི་ཤིང་འདི་ཉིད་རྟག་ཏུ་གཙེར་ཏེ་གདུང་བར་འགྱུར་རོ། །ཤིན་ཏུ་དྲི་ང་ཞིང་འདམ་རྫབ་ལྟ་བུ་མི་གཙང་བའི་རྙོག་མ་ཅན་རྒྱ་ཡངས་པར་མི་མངོན་པར་ཀུན་ནས་དོག་པ་སྣང་པའི་གོ་སྐབས་མེད་པ་མུན་ནག་འཐིབས་པོས་སྒྲིབ་པའི་རང་བཞིན་ཅན་གྱི་ཁྲོད། མ་ཡི་མངལ་གནས་ལྕགས་ཁྱིམ་སྒོ་འཕར་སྤངས་པ་ལྟ་བུའི་ནང་དུ་ཚུད་ནས། མ་རིག་པ་དང་མཚུངས་པར་ལྡན་པའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་འདྲེས་པའི་དབུས་ན་བརྟེན་པ་ཡིན་ལ། དེ་ཡང་བདུན་ཕྲག་དང་པོར་མེར་མེར་བ་སྟེ་གྱ་གྱུ་བ་དངུལ་ཆུའི་རྣམ་པ་ལྟ་བུ་དང༌། བདུན་ཕྲག་གཉིས་པར་ནུར་ནུར་བ་སྣབས་ཀྱི་རྣམ་པ་ལྟ་བུ་དང༌། བདུན་ཕྲག་གསུམ་པར་མཛུབ་མོའི་རྣམ་པ་ལྟ་བུ་ལྟར་ལྟར་དང༌། བདུན་ཕྲག་བཞི་པར་མཁྲང་གྱུར་སྒོ་ང་ལྟ་བུ། བདུན་ཕྲག་ལྔ་པར་གོར་གོར་ཁུར་བའི་རྣམ་པ་ལྟ་བུ། དྲུག་པར་ཁྱབ་འཇུག་ཉ་ཡི་རྣམ་པ་ལྟ་བུ། བདུན་ཕྲག་བདུན་པར་རུས་སྦལ་བཞིན་མགོ་དང་རྐང་ལག་ཅུང་ཟད་མངོན་པ་ཡིན་ཏེ་དེ་ལྟར་བདུན་ཕྲག་བདུན་སོང་བ་དེ་ནས་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་གནས་འགྱུར་ཏེ། མི་གཙང་བའི་སྲིན་བུ་བཞིན་ཡིད་དུ་མི་འོང་བའི་རྣམ་པ་ལ། མིག་ལ་སོགས་པའི་དབང་པོ་ལྔའི་རྟེན་དང༌། ཡན་ལག་རྣམས་དང༌། ཉིང་ལག་མཛུབ་སོར་དག་དང༌། སྙིང་གློ་བ་སོགས་དོན་ལྔ་དང༌། མཆིན་པ། མཚེར་པ། མཁལ་མ། ཕོ་བ་ལོང་ཀ་སོགས་སྣོད་དྲུག་དང༌། རྒྱུ་མ། མཁྲིས་པ། ལྒང་པ། བསམ་སེའུ། རྩ་དང༌། རླུང་དང༌། ཁམས་དྭངས་མ་དང༌། ཁྲག་དང༌། ཆུ་སེར་དང༌། སྐྲ་དང༌། བ་སྤུ་ལ་སོགས་པའི་སྐྱེ་མཆེད་རྫོགས་པར་འགྲུབ་ཅིང༌། དེ་ནས་བདུན་ཕྲག་སུམ་ཅུ་རྩ་བདུན་གྱི་གྲངས་སྙེད་ཚེ། མའི་བཟའ་བཏུང་གི་དྭངས་མ་ལྟེ་ཐག་བརྒྱུད་དེ་ལུས་ཟུངས་ཉམས་བརྟས་པ་དང༌། དེ་ནས་ཆེར་བསྐྱེད་པའི་སྐབས་སུ་འཕར་གཡོ་བྱེད་པས་མ་ལའང་མི་བདེ་བར་འགྱུར་ཞིང༌། དེའི་ཚེ་དོག་ཅིང་སྐྱུག་བྲོ་བ་དང༌། ནག་ཅིང་འཁུམ་པའི་ཚོར་བས་གདུང་ཞིང༌། མ་ཡི་སྤྱོད་ལམ་ལ་བརྟེན་ནས་ཚོར་བ་སྣ་ཚོགས་དང༌། མ་ཉིད་བཀྲེས་ན་གཡང་ལ་ལྷུང་བ་ལྟ་བུ། མ་ཉིད་སྐོམ་ན་ལུས་སྐམ་པ་ལྟ་བུ། ཉི་མ་སོགས་ཀྱིས་དྲོས་ཤིང་ཚ་ན་འཚིག་པ་ལྟ་བུ། གྲང་ན་འཁྱགས་རོམ་ན་རེངས་པ་ལྟ་བུ། འགྲང་ན་རི་ཡིས་མནན་པ་ལྟ་བུ། སྒུལ་བསྐྱོད་བྱས་ན་གཡང་སར་བཟློག་པ་སོགས་བཟའ་བཏུང་གི་རྣམ་འགྱུར་ལས་བྱུང་བའི་སྡུག་བསྔལ་ནི་དཔག་ཏུ་མེད་དོ། །ཟླ་བ་བརྒྱད་དང་ཞག་ཉེར་དྲུག་ནས་བཙའ་བའི་དུས་ཀྱི་རྗེས་འགྲོ་བའི་ཚེ་ལས་རླུང་གིས་དེ་ཡི་ལུས་མགོ་མཇུག་ལྡོག་སྟེ་རུས་བར་བཙིར་ཏེ། བཟོད་དཀའི་བསྡུས་འཇོམས་ཀྱི་རི་ཕན་ཚུན་བཙིར་བའི་སྡུག་བསྔལ་ཁུར་དུ་འཕོས་ཏེ་སྟེང་དུ་བབ་པ་ལྟ་བུའི་སྡུག་བསྔལ་གྱི་ཉེ་བར་སྤྱད་པས་ཐོ་བཙམས་ནས། མ་དང་བུ་གཉིས་ཀ་དེ་ཡི་མོད་ལ་སྲོག་འདོར་རམ་ཡང་ན་གཅིག་ཤོས་འཆི་བའམ་གཉིས་ཀ་ཤི་ལ་ཐུག་ཙམ་གྱི་གནོད་པ་བདོ་བའི་སྡུག་བསྔལ་གྱི་ཁུར་གྱིས་བཙའ་འོ། །དེ་ལྟར་བཙས་པའི་ལུས་དེ་མངལ་གནས་ནས་བྱུང་བའི་ཕྲུ་མ་རློན་པས་དཀྲིས་ཤིང་དྲི་ང་བ་དེ་སྟན་དུ་ལྷུང་བ་ན་ཚེར་དོང་དུ་ལྷུང་བའི་འཇིགས་སྐྲག་དང༌། ཕྲུ་མ་བཤུས་ཚེ་བསྲན་མི་བཟོད་པ་པགས་པ་བཤུས་པ་ལྟ་བུ་དང༌། ཁྲུས་དང་ཚོག་མར་བསྐུ་བ་སོགས་ལ་ཤ་རྨེན་ཏེ་ཤའུ་ཆུང་ཞིག་པ་ལྟ་བུའི་ཚོར་བས་གདུང་ངོ༌། སྔོན་མངལ་གྱི་དྲན་པའི་སྟོབས་རྣམས་ཉམས་ཏེ་བརྒྱལ་ལ་ཁད་བྱས་ཤིང༌། དེ་ལྟར་རེག་པའི་རྣམ་པས་ལུས་གཟིར་འཇིགས་ཤིང་མི་གཙང་བའི་སྡུག་བསྔལ་དང༌། ནད་དང་ཚ་གྲང་བཀྲེས་སྐོམ་སོགས་ཅི་བྱུང་ཡང་སྨྲ་མི་ཤེས་པས་སྡུག་བསྔལ་ལ་སོགས་པ་མྱོང་བར་འགྱུར་རོ། །རྒ་བའི་ཆད་པ་དྲག་པོས་ནོན་པའི་ལང་ཚོ་ལ་དཀར་དམར་གྱི་མདངས་དང༌། ཤ་ཉམས་རྒྱས་པ་སོགས་མཛེས་ཆ་ཇི་སྙེད་ཡོད་པ་ཐམས་ཅད་ཉམས་པ་དང༌། རང་དབང་མེད་ཅིང་གཞན་གྱིས་བརྙས་པ་དང་སུན་འབྱིན་པ་སོགས་ཀྱིས་ཡིད་མི་བདེ་བའི་ཁུར་སྟེང་དུ་བབས་པས། བཤང་གཅི་འདོར་བའི་སར་བསྐྱོད་པའི་མཐུ་ཡང་ཉམས་ཏེ་འཁར་བ་ལ་བརྟེན་ནས་གཡོ་འགུལ་དགོས་པའི་གཞན་དབང་ཅན། ཕར་འགྲོ་ཞིང་ཚུར་ལྡོག་པ་དང༌། འགྲེང་འདུག་སོགས་གཡོ་ཞིང་འགུལ་བའི་ཚེ་ལྷུ་ཚིགས་རྣམ་པར་འགྱུར་ནས་ས་ལ་འགྱེལ་བ་དང༌། དབང་པོ་རྣམས་རྒུད་ནས་མིག་འགྲིབ། རྣ་བ་སྲ། ལྕེ་ལྡིབ། བུད་མེད་སོགས་འདོད་པའི་ཡོན་ཏན་གྱི་བདེ་བར་ལོངས་སྤྱོད་པ་དང༌། གཟུགས་ལ་བལྟ་བ་སོགས་ཡུལ་གྱི་ལོངས་སྤྱོད་ཐམས་ཅད་ལ་མི་དགའ་ཞིང་གལ་ཏེ་ཆགས་ནའང་སྤྲིན་གྱིས་བཀབ་པ་ཡི་ཉི་མའི་ཚ་ཟེར་བཞིན་དུ་ཡུལ་མྱོང་མི་ཤེས་པར་རྨོངས་ཏེ་བདེ་བ་སྤངས་པ་དང༌། ལུས་ཀྱི་མེ་དྲོད་སོགས་མཐུ་ཉམས་པའི་དབང་གིས་བཟའ་བཏུང་འཇུ་དཀའ་ཞིང་ཚ་གྲང་མི་བཟོད་ལ་འདུ་ཤེས་འཁྲུགས་པའི་དབང་གིས་ཉིན་མཚན་གོ་ནོར། རང་གཞན་མི་ངོ་མི་ཤེས་པ་སོགས་མལ་དུ་རྣམ་ཤེས་ཤིན་ཏུ་འཁྱམས་ཞེས་བྱ་ལ། དེས་ན་རྒན་པ་ལ་བཀུར་སྟི་བྱས་པ་ལའང་ཕན་ཡོན་ཆེ་བར་བསྔགས་ཏེ། ཨོ་རྒྱན་ཆེན་པོས། རྒས་པ་ཡི་མུག་མ་འཇུག་བཀུར་སྟིས་སྐྱོང༌། །ཞེས་སོ། །འབྱུང་བ་བཞིས་བསྡུས་པའི་ལུས་ཅན་དག་ལ་རང་བཞིན་རླུང་མཁྲིས་བད་ཀན་སོགས་ཆ་སྙོམས་པ་དང་ལྡན་པའི་འདུ་བའི་རྫིང་བུ་དྭངས་པ་དང་ནི་བྲལ་ཏེ། རྙོག་པ་ཅན་དུ་བགྱིད་ཅིང་ན་བའི་ཚོར་བ་དྲག་པོ་ཡིས་གཟིར་ཞིང༌། ཕུང་པོ་ལྔ་ཡི་རང་བཞིན་ཉེར་ལེན་ནད་ཀྱིས་མནར་བས་དུབ་པར་བྱས་ཏེ། སེམས་འཁྲུགས་ནས་འཚོ་བའི་བརྟན་པ་བྲལ་ནས་འཆི་བའི་དོགས་པས་སྐྲག་ཅིང་ཡིད་མི་བདེ་བ་སོགས་སྡུག་བསྔལ་ལོ། །སྲིད་པ་འདི་ན་དཔལ་འབྱོར་ཡོད་དགུ་ཐམས་ཅད་སྤུངས་ཀྱང་སྲོག་གི་རིན་ཐང་ལ་ཐུག་པ་མེད་པས་གཅེས་ཤིང་ཤིན་ཏུ་ཕངས་ནའང་འཆི་བའི་སྡུག་བསྔལ་གྱིས་བཏང་བ་ནི་སུ་ཡང་མེད་པས་འཆི་བ་ཐོག་ཏུ་བབ་ཅིང་རྣམ་པར་གཏུགས་པའི་ཚེ་ན་ནི། སྐྱེས་བུ་དེ་ནི་མལ་ཐ་མ་རུ་འགྱུར་ཏེ་གཉེན་འདུན་དང༌། ལོངས་སྤྱོད་ཡོད་དགུ་ལས་མར་ལས་སྤུ་བཏོན་པ་ལྟར་ཐལ་ནས་ངེས་པ་མེད་པའི་གནས་སུ་ས་ཚུགས་མེད་པར་འགྲོ་དགོས་སོ། །ཀ་ནི་ཀའི་འཕྲིན་ཡིག་ལས། འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པ། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །དགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་དཔྱོད། །ཅེས་སོ། །མི་སྡུག་པའི་ཡུལ་དགྲ་གདོན་བགེགས་སོགས་དང་ཕྲད་པའི་ཚེ་ན་ལུས་སེམས་སྡུག་བསྔལ་གྱི་ཕོ་ཉས་ཏེ་ཚོར་བས་རྣམ་པར་གཟིར་ཞིང་ཉམས་སྨད་པར་གྱུར་པ་རྣམས། དཔེར་ན་ཁུར་གྱིས་དུབ་པའི་གང་ཟག་ངལ་སོས་པའི་བདེ་བའི་འབབ་སྟེགས་ལ་བསྡད་པ་ན། དེ་ཉིད་ཞིག་སྟེ་ལུས་བསྣད་པའི་སྡུག་བསྔལ་མྱོང་བའི་ངལ་གསོ་བདེ་བ་མེད་པ་ལྟར། བདེ་བའི་དབུགས་འབྱིན་ཐོབ་པ་མེད་པ་མ་ཟད་ཡིད་སྡུག་བསྔལ་ཆེན་པོས་གདུངས་པས་ལྷག་པར་ཉེན་པར་འགྱུར་རོ། །བདག་ཉིད་ལ་བྱམས་ཤིང་སྙིང་དུ་སྡུག་པ་རྣམས་དང་ལྷན་ཅིག་འདུ་ཞིང་འགྲོགས་པའི་འཕྲོ་ལ་གཞན་ཕྱོགས་ཀྱིས་འབྲལ་བའི་ངང་ཚུལ་གསར་པར་བཀོད་པ་ཡི་ཚེ་ན། ཡོན་ཏན་དང་རྣམ་འགྱུར་སོགས་བསམ་ནས་ཤིན་ཏུ་ཡིད་གདུང་བས་ཉམས་པའི་དཀའ་ཐུབ་སྟེ་སྡུག་བསྔལ་གྱི་དངོས་པོ་དེ་དག་གལ་ཏེ་གཟུགས་སུ་གྱུར་བའམ་བལྟ་རྒྱུ་ཡོད་ན། སྔོན་རྒྱལ་པོ་ནོར་ཅན་གྱི་བུ་ནོར་བཟང་ཞེས་བྱ་བ་དེ། དྲི་ཟ་ཡི་བུ་མོ་ཡིད་འཕྲོག་མ་ལ་ཆགས་པ་ཡི་དབང་དུ་གྱུར་ནས་རྗེས་སུ་བསྙེགས་ནས་སོང་བའི་ཚེ། ལམ་འཕྲང་ཐམས་ཅད་གཅན་གཟན་དང་མི་མ་ཡིན་སོགས་ཀྱི་འཚེ་བས་བཀབ་པ་ལ་བགྲོད་ནས་སོང་བ་ལས་ནི་ལས་ཀྱི་མཐའ་རིང་སྟེ་སྔ་ཕྱི་མུ་མཐའ་མེད་པར་མྱོང་དགོས་པའི་ཕྱིར་རོ། །འདོད་པའི་དངོས་པོ་རྩོལ་བས་བསྒྲུབས་ཀྱང་མི་འགྲུབ་པས་ཕོངས་པ་དང༌། རང་ལ་དབང་བའི་ལོངས་སྤྱོད་མེད་པས་དབུལ་བའི་སྐྱེས་བུ་རྣམས་ནི་དུས་ཐམས་ཅད་དུ་བཀྲེས་པ་དང༌། སྐོམ་པས་གདུང་བ་སེལ་བའི་ཐབས་སྣ་ཚོགས་བསྒྲུབས་ཀྱང་དེའི་དོན་མ་གྲུབ་པའི་རེ་དོགས་གཉིས་ཀྱིས་ཚོང་སོགས་སྡིག་ལས་སྣ་ཚོགས་ཀྱི་གཞན་དབང་ཁོ་ནར་སོང་ནས། དམ་ཆོས་སྒྲུབ་པའི་རྟེན་བཟང་ལུས་ངག་ཆུད་གསོན་པའི་ངལ་བ་དང༌། སྡུག་བསྔལ་བར་མ་ཆད་པས་དུས་འདའ་བ་དང༌། རང་ལ་ལོངས་སྤྱོད་ཡོད་པ་རྣམས་ཀྱིས་ཆོག་ཤེས་མེད་པར་ཡོངས་སུ་ཚོལ་བའི་སྡུག་བསྔལ་གྱིས་གདུང་བས་ཟས་སྐོམ་ཁོ་ན་ཡིད་ལ་བཏགས་ཏེ་ལས་དབང་གིས་དལ་ཁོམ་མེད་པར་ས་ལ་རྒྱུ་ཞིང་འགྲོ་བའི་ཡི་དྭགས་དངོས་དང་མཚུངས་སོ། །གཟུགས་རང་བཞིན་དང་བྲལ་བ་ལ་གཟུགས་ཡོད་སྙམ་ཞིང་ཞེན་པས་རྟེན་བཅས་ནས་སྡུག་བསྔལ་གྱི་ཚོར་བས་ཉམས་སུ་མྱོང་བའི་སྒོ་ནས་དེ་ཡི་རང་བཞིན་ཤེས་ཤིང་འདུ་ཤེས་ཀྱིས་དེ་མི་འདོད་པའི་མཚན་མར་བཟུང་ནས་བསལ་བའི་བསམ་པས་ལས་དེ་རྒྱུན་ཆགས་སུ་འཆིང་ཞིང༌། འདུ་བྱེད་ཀྱིས་ཕྱིན་ཆད་སྡུག་བསྔལ་མཐའ་དག་པའི་ས་བོན་ནམ་རྒྱུ་སླར་བསྐྲུན་པ་དང༌། རྣམ་ཤེས་ཀྱིས་འདི་ནི་སྡུག་བསྔལ་ལོ་ཞེས་སྡུག་བསྔལ་བདག་འཛིན་བྱས་ཏེ་ཉམས་སུ་མྱོང་བའི་ཉེ་བར་ལེན་པ་པོ་བྱེད་དོ། །དེས་ན་ཕུང་པོ་ལྔ་པོ་འདི་དག་མ་རིག་པ་དང་མཚུངས་ལྡན་གྱི་ཆ་ནས་སྡུག་བསྔལ་རྣམས་མ་ལུས་ཀུན་གྱི་འབྱུང་གནས་ཡིན་ཞིང༌། ཕུང་པོ་དེ་དག་སྡུག་བསྔལ་ཀུན་གྱི་རྟེན་དང༌། ས་བོན་དང༌། རྣམ་སྨིན་གྱི་ཆ་འཛིན་པས་སྣོད་དང༌། ཕུང་པོ་ཕྱི་མ་ཀུན་གྱི་རྒྱུ་དང་སྔ་མའི་འབྲས་བུ་དང་ད་ལྟའི་བདག་པོར་མཁྱེན་འཚལ་ཏེ་ཤེས་པར་བྱས་ནས་ཡིད་དབྱུང་སྟེ། འཁོར་བའི་སྡུག་བསྔལ་ཀུན་གྱི་འབྱུང་གནས་ལས་དང་ཉོན་མོངས་པ་སྤང་འཚལ་ལོ། །དེ་ལྟར་ཀུན་འབྱུང་གི་རྩ་བ་བདག་དང་བདག་གིར་འཛིན་པའི་མ་རིག་པ་སྤངས་ནས་སྐྱེས་བུ་འབྲིང་སྟེ་གཞན་དོན་མི་གཉེར་བའི་ཉན་རང་གི་ལམ་བདེན་པ་བཞི་ཡི་ཤིང་རྟ་ལ་ཞོན་པ་རྣམས། རྣམ་གྲོལ་གྱི་ལམ་དེ་ལ་བསླབ་པས་མཐོང་སྒོམ་གྱི་སྤང་བྱ་མ་ལུས་པ་ཟད་པའི་འགོག་པ་མངོན་དུ་གྱུར་ནས། ཟད་པ་མི་སྐྱེ་ཤེས་པ་ཡེ་ཤེས་བརྙེས་ནས་ལྷག་བཅས་དང་ལྷག་མེད་གང་རུང་གི་མྱ་ངན་ལས་འདས་ཤིང༌། ཟག་པ་མེད་པའི་ཁམས་ཐར་པ་མཆོག་གི་གོ་འཕང་ཉིད་དུ་འགྲོ་སྟེ། པདྨ་དཀར་པོ་ལས། ཉན་ཐོས་དེ་དག་ཇི་སྲིང་དུ། །སངས་རྒྱས་རྣམས་ཀྱིས་མ་བསྐུལ་བ། །དེ་སྲིད་ཡེ་ཤེས་ལུས་གཅིག་གིས། །ཏིང་འཛིན་མྱོས་པས་བརྒྱལ་ཏེ་གནས། །བསྐུལ་ནས་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་འབྱུང་ཞིང༌། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་པ་དང་མཐུན་པར་ལང་ཀར་གཤེགས་པ་ལས་ཀྱང་གསུངས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ནི། སྤྱིར་ལྔ་སྟེ། དང་པོ་དགོས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟེན་འབྱུང་སྒྱུ་མའི་སྣང་བ་ཙམ་དུ་ཤེས་ན། ལྟ་བ་ངན་པ་ལ་མི་འཇུག་ཅིང་མཐར་ཐུག་མྱང་འདས་ཐོབ་པའི་དགོས་པ་ཡོད་དོ། །དེ་ཡང་མདོ་ལས། འདི་ཡོད་པས་འདི་འབྱུང་འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་གསུངས་ཏེ། འདི་འབྱུང་ཞེས་གསུངས་པས་ཆོས་ཐམས་ཅད་ཡོད་པ་ཁོ་ན་ལས་སྐྱེ་བར་བསྟན་པ་ནི། རྒྱུ་མེད་པ་ལས་སྐྱེ་བར་འདོད་པ་རྒྱང་འཕེན་པ་ལྟ་བུ་འགོག་པའོ། །འདི་སྐྱེས་པས་འདི་སྐྱེ་ཞེས་གསུངས་པས། རྒྱུ་དེ་ཡང་རྐྱེན་ལས་སྐྱེ་བར་བསྟན་པས་རྒྱུ་རྟག་པ་ལས་སྐྱེ་བར་འདོད་པ་དག་འགོག་པའོ། །འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་གསུངས་པས། བློ་ཡི་གཡོ་བ་སྔོན་དུ་བཏང་བའི་དབང་ཕྱུག་སོགས་རྒྱུ་ལས་བྱུང་བར་འདོད་པ་དག་འགོག་པའོ། །གཉིས་པ་སོ་སོའི་ངོ་བོ་ནི། མ་རིག་པ་ནི་བདེན་བཞི་དང་ལས་འབྲས་ཀྱི་རང་བཞིན་ལ་རྨོངས་ནས་བདག་ཏུ་འཛིན་པའོ། །འདུ་བྱེད་ནི། དེ་ལྟར་བདག་ཏུ་བཟུང་བས་བདག་ལ་ཆགས་པའི་དབང་གིས་ལས་དགེ་བ་བསོད་ནམས་ཆ་མཐུན་དང༌། མི་དགེ་བ་དང༌། ཁམས་གོང་མར་སྐྱེ་བའི་རྒྱུ་མི་གཡོ་བའི་ལས་དང་གསུམ་གསོག་པའོ། །རྣམ་ཤེས་ནི། ལས་དེས་རྣམ་པར་ཤེས་པ་ཕྱི་མའི་གནས་སུ་འཕེན་པ་སྟེ་འདི་ལ་ལས་གསོག་དུས་ཀྱི་རྣམ་ཤེས་རྒྱུ་དུས་ཀྱི་རྣམ་ཤེས་དང༌། འབྲས་བུ་མྱོང་དུས་ཀྱི་རྣམ་ཤེས་འབྲས་དུས་ཀྱི་རྣམ་ཤེས་ཏེ་གཉིས་ཡོད་དོ། །མིང་གཟུགས་ནི། རྣམ་ཤེས་མ་ཡི་མངལ་སོགས་ལ་ཞུགས་པ་ནས་ཕུང་པོ་རིམ་གྱིས་འགྲུབ་པའི་གནས་སྐབས་ཏེ་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ་མིང་བཞི་དང་གཟུགས་སོ། ཞག་བདུན་ཕྲག་བདུན་བདུན་སོགས་རིམ་པར་བདུན་དང་པོར་མེར་མེར། དེ་བཞིན་དུ་ནུར་ནུར་པོ་དང༌། ལྟར་ལྟར་དང༌། མཁྲང་གྱུར། གོར་གོར། ཉ། རུས་སྦལ་གྱི་དབྱིབས་སོགས་དང༌། དེ་ནས་རིམ་པར་དབང་པོའི་རྟེན་ཡན་ལག་དང་ཉིང་ལག་སོགས་རིམ་པར་ཞག་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་གནས་འགྱུར་ཏེ་གནས་པ་དང༌། དེ་ནས་བདུན་སོ་བདུན་སོགས་ནས་ཚོར་བའི་སྡུག་བསྔལ་དང་བཅས་ཟླ་བ་བརྒྱད་དང་ཞག་ཉེར་དྲུག་བར་རིམ་པར་མིང་གཟུགས་དབྱིབས་རིམ་པར་འགྲུབ་བོ། མཆན། སྐྱེ་མཆེད་ནི། མིག་དང༌། རྣ་བ། སྣ། ལྕེ། ལུས། ཡིད་དེ་ནང་གི་སྐྱེ་མཆེད་དྲུག་གོ །རེག་པ་ནི། ཕྱིའི་ཡུལ་དང༌། ནང་གི་རྣམ་ཤེས། བར་གྱི་དབང་པོ་གསུམ་འདུས་ནས་ཡུལ་གཅོད་པའོ། །ཚོར་བ་ནི། དེ་ལྟར་ཡུལ་དང་དུ་བླངས་པས་ཚོར་བ་བདེ་སྡུག་བར་མ་གསུམ་སྐྱེས་པའོ། །སྲེད་པ་ནི། དེའི་ཚེ་ཚོར་བ་བདེ་བ་དང་ལེན་གྱི་སྲེད་པ་དང༌། སྡུག་བསྔལ་སྤོང་འདོད་ཀྱི་སྲེད་པ་སྐྱེས་པའོ། །ལེན་པ་ནི། སྲེད་པ་སྐྱེས་པས་འདོད་པའི་ཡུལ་དང་དུ་ལེན་པའི་ཕྱིར་རྒྱུག་པའོ། །སྲིད་པ་ནི། སྲེད་ལེན་གྱིས་གསོས་བཏབ་པས་ཚེ་ཕྱི་མ་འགྲུབ་ངེས་ཀྱི་ལས་འགྲུབ་པའོ། །སྐྱེ་བ་ནི། ལས་དེའི་རྒྱུས་ཡང་ཕྱི་མའི་གནས་རིགས་སུ་སྐྱེས་པའོ། །རྒ་ཤི་ནི་སྐྱེས་པའི་གནས་སྐབས་ནས་བརྩམས་ཏེ་འཆི་བའི་བར་རྒ་བ་དང༌། དེ་ནས་འཆི་བ་ནི་ཤི་བའོ། །འདི་གཉིས་ཡན་ལག་གཅིག་ཏུ་བཞག་པ་ནི་མ་རྒས་པར་འཆི་བའང་ཡོད་པས་ཐམས་ཅད་ལ་རིམ་གྱིས་འབྱུང་བར་མ་ངེས་པའོ། །གཞན་ཡང་མི་འདོད་པ་བྱུང་བས་ཡིད་གདུང་བའི་མྱ་ངན་དང༌། མྱ་ངན་དེ་སྐྱེས་པའི་སྨྲེ་སྔགས་དང༌། ལུས་ལ་སྡུག་བསྔལ་བྱུང་བའི་སྡུག་བསྔལ་བ་དང༌། སེམས་ལ་སྡུག་བསྔལ་བྱུང་བའི་ཡིད་མི་བདེ་བ་དང༌། ཕན་ཚུན་མི་མཐུན་པའི་རྩོད་པས་འཁྲུགས་པ་ལ་སོགས་པའང་ཐམས་ཅད་ལ་འབྱུང་བར་མ་ངེས་པའི་ཕྱིར་ཡན་ལག་ཏུ་མ་བཞག་ལ། འཁོར་བར་སྐྱེས་ནས་བཟུང་སྡུག་བསྔལ་ཡིན་པ་ལ་སྐྱོ་བ་བསྐྱེད་པའི་ཕྱིར་རྒ་ཤིའི་འཁོར་དུ་གསུངས་པའོ། །གསུམ་པ་རྣམ་བཞག་ལ་བཞི་ལས། དང་པོ་ནི། སྔོན་གྱི་མཐའ་མི་ཤེས་པ་དང༌། ཕྱི་མའི་མཐའ་མི་ཤེས་པ་དང༌། ད་ལྟར་བྱུང་བ་མི་ཤེས་པ་སྟེ་རྨོངས་པ་གསུམ་བཟློག་པའི་དོན་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་བཞག་སྟེ། མ་རིག་པ་འདུ་བྱེད་གཉིས་སྐྱེ་བ་སྔོན་མའི་སྐབས་དང༌། སྐྱེ་བ་རྒ་ཤི་ཕྱི་མའི་སྐབས་དང༌། བར་གྱི་བརྒྱད་ད་ལྟའི་སྐབས་ཏེ་དེ་གསུམ་ལ་རྨོངས་ཤིང་རྟེན་འབྲེལ་གྱི་རང་བཞིན་ཚུལ་བཞིན་མ་ཤེས་པ་བཟློག་གོ །གཉིས་པ་ལམ་གསུམ་དུ་རྣམ་པར་བཞག་པ་ནི། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་རྣམས་ནི་སྡུག་བསྔལ་ལོ། །ཞེས་གསུངས་པ་ལྟར་ཉོན་མོངས་པའི་ལམ་གསུམ། ལས་ཀྱི་ལམ་གཉིས། སྡུག་བསྔལ་གྱི་ལམ་བདུན་ནོ། །གསུམ་པ་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བཞག་ན། ལས་གཉིས་ཉོན་མོངས་པ་གསུམ་དང་ལྔ། རྒྱུ་དུས་ཀྱི་རྣམ་ཤེས་དང་དྲུག་ནི་རྒྱུ་ཡིན་ལ། མིང་གཟུགས་སོགས་སྡུག་བསྔལ་དྲུག །འབྲས་དུས་ཀྱི་རྣམ་ཤེས་དང་བདུན་ནི་འབྲས་བུའོ། །ཡང་རྣམ་ཤེས་རྒྱུར་བགྲངས་ནས་རྒྱུ་དྲུག་དང་འབྲས་བུ་དྲུག་ཀྱང་ཟེར་རོ། །འདི་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་ཐམས་ཅད་ལ་རྒྱུ་འབྲས་གཉིས་ཀའི་ཆ་རེ་རེ་ཡོད་ཀྱང་འདིར་སྐྱེ་བ་འགྲུབ་པའི་རྒྱུ་འབྲས་ཀྱི་དབང་དུ་བྱས་པའོ། །བཞི་པ་འཕེན་བྱེད་ཀྱི་སྒོ་ནས་བཞག་ན། མ་རིག་པ་བདག་འཛིན་མཚུངས་ལྡན་དང་བཅས་པས་ཀུན་ནས་བསླངས་ཏེ་འདུ་བྱེད་ལས་བསགས་པས། སྐྱེ་བ་ཕྱི་མར་འཕེན་པས་ན་འཕེན་བྱེད་ཡིན་ལ། རྣམ་ཤེས་རྒྱུ་དུས་ཀྱི་རྣམ་ཤེས་འཕེན་བྱེད་དང༌། འབྲས་དུས་ཀྱི་རྣམ་ཤེས་འཕངས་པ་ཡིན་ནོ། །འབྲས་དུས་ཀྱི་རྣམ་ཤེས་དེ་དང་བཅས་པ་ཚོར་བ་ཡན་ལག་ལྔ་ལས་དེས་འཕངས་པའི་འབྲས་བུ་ཡིན་པས་འཕངས་པའོ། །སྲེད་ལེན་སྲིད་པ་གསུམ་ནི་སྐྱེ་བ་ཕྱི་མ་འགྲུབ་བྱེད་དང༌། སྐྱེ་བ་རྒ་ཤི་གཉིས་ནི་གྲུབ་པ་སྟེ་འཕེན་བྱེད་གཉིས། འཕངས་པ་ལྔ། འགྲུབ་བྱེད་གསུམ། གྲུབ་པ་གཉིས་སོ། །བཞི་པ་ཚེ་དུ་ལ་རྫོགས་པ་ནི། རིང་བའི་དབང་དུ་བྱས་ན་ཚེ་གསུམ་ལ་རྫོགས་ཏེ། འཕེན་བྱེད་གཉིས་ཚེ་གཅིག །འགྲུབ་བྱེད་གསུམ་ཚེ་གཅིག །འཕངས་པ་ལྔ་དང་གྲུབ་པ་གཉིས་ཚེ་གཅིག་གོ །དེ་ལྟར་ན་སྐྱེ་བ་རེ་རེའི་སྐབས་སུའང་མ་རིག་པའི་སྒོ་ནས་ལས་གསོག་པ་ནི། ཕྱི་མའི་འཕེན་བྱེད་ཡིན་པས་རྟེན་འབྲེལ་གཞན་གྱི་མགོ་ཡིན་ལ། སྔ་མའི་འཕེན་བྱེད་ཀྱིས་ད་ལྟའི་མིང་གཟུགས་སོགས་ལྔ་པོ་འདི་འཕངས་པ་ནི་རྟེན་འབྲེལ་གཞན་གྱི་རྐེད་པ་ཡིན། ཡང་ཚེ་རབས་སྔ་མའི་སྔ་མ་དེའི་ལས་ཀྱིས་སྔ་མ་དེ་འཕངས་ནས། སྐབས་དེའི་འགྲུབ་བྱེད་ཀྱིས་ད་ལྟའི་སྐྱེ་ཤི་འདི་གཉིས་གྲུབ་པ་ནི། རྟེན་འབྲེལ་གཞན་གྱི་མཇུག་ཡིན་པས་དེ་ལྟར་ཐོག་མ་མེད་པ་ནས་འཁོར་རོ། །ཡང་ཉེ་བའི་དབང་དུ་བྱས་ན་ཚེ་གཉིས་ལ་རྫོགས་པར་འདོད་དེ། འཕེན་བྱེད་གཉིས་ཀྱིས་ལས་བསགས་པ་དེ་ཉིད་སྲེད་ལེན་གྱིས་གསོས་བཏབ་པས་སྐྱེ་བ་ཕྱི་མ་འགྲུབ་ངེས་སུ་བྱས་པ་ནི་སྲིད་པ་ཡིན་པས་རྒྱུ་དུས་ཀྱི་རྣམ་ཤེས་དང་བཅས་པ་དྲུག་ཚེ་གཅིག་ལ་རྫོགས་ལ། རྒྱུ་དེས་ཕྱི་མའི་གནས་སུ་སྐྱེས་ནས་མིང་གཟུགས་སོགས་བཞི་རིམ་པར་འགྲུབ་ནས་ཤི་བས་འབྲས་བུ་དྲུག་ཚེ་གཅིག་ལ་རྫོགས་པའོ། །དེ་ཡང་འཕེན་བྱེད་ཀྱི་ལས་ཡོད་ཀྱང་འཆི་ཁ་ཚུན་སྲེད་ལེན་གྱིས་གསོས་མ་བཏབ་ན། སྐྱེ་བ་ཕྱི་མ་མི་འགྲུབ་པས་འཕེན་བྱེད་དང་གྲུབ་བྱེད་ཚེ་གཅིག་ལ་རྫོགས་དགོས་ལ། འཕངས་པ་དེ་ཡང་སྐྱེ་དགོས་པ་དང་དེ་ལ་འཆི་བ་ཡོད་པས་འཕངས་པ་དང་གྲུབ་པ་ཡང་ལྷན་ཅིག་གོ །འཕེན་བྱེད་དང་འགྲུབ་བྱེད་གཉིས་ཀྱི་བར་དུ་ནི་ཚེ་དུ་མས་ཆོད་པ་སྲིད་ལ། འགྲུབ་བྱེད་དང་འགྲུབ་པ་གཉིས་ཀྱི་བར་དུ་ཚེ་རབས་གཞན་གྱིས་ཆོད་པ་མི་སྲིད་དོ། །དེ་ལྟར་ན་ཚེ་གསུམ་གྱིས་མ་རྫོགས་སོ་ཞེ་ན། འཕེན་གྲུབ་ཀྱི་བར་དུ་ཚེ་རབས་དུ་མས་ཆོད་ཀྱང་དེ་དག་རྟེན་འབྲེལ་གཞན་གྱི་ཚེ་ཡིན་པས་སྐྱོན་མེད་དོ། །དེས་ན་ཚེ་གསུམ་དང་གཉིས་ཀྱིས་རྫོགས་པ་གཉིས་ཀ་ཡོད་ལ། དེ་ལས་ལྷག་པ་ནི་མི་སྲིད་དོ། །དེ་དག་ནི་འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་གཅིག་འགྲུབ་པའི་དབང་དུ་བྱས་པ་ཡིན་ནོ། །འདི་དག་ལ་ལེགས་པར་དཔྱད་ནས་འཁོར་བ་འགྲུབ་བྱེད་ཀྱི་རྩ་བ་སྲེད་ལེན་ཡིན་པ་དང༌། སྲེད་ལེན་གྱི་རྩ་བ་ཆོད་ན་ལས་ཡོད་ཀྱང་སྐྱེ་བ་མི་ལེན་པ་དགྲ་བཅོམ་པ་ལྟ་བུ་དང༌། དུས་ཐམས་ཅད་དུ་སྡུག་བསྔལ་ཅི་སྐྱེས་སྲེད་ལེན་ཀུན་འབྱུང་གིས་མཚམས་སྦྱར་ནས་ཉམས་སུ་མྱོང་བ་སོགས་ལ་གོ་བའི་གཏིང་རྙེད་པར་བྱའོ། །ལྔ་པ་བསྒོམ་ཚུལ་ནི། ལུགས་འབྱུང་ལུགས་ལྡོག་གི་སྒོ་ནས་སྒོམ་པ་སྟེ། ལུགས་འབྱུང་ལྡོག་འདི་ལ་འཇུག་ཚུལ་གཉིས་ཏེ། འཁོར་བར་སྐྱེ་བའི་རིམ་པ་ལ་ལུགས་འབྱུང༌། འཁོར་བ་འགགས་པའི་རིམ་པ་ལ་ལུགས་ལྡོག་ཏུ་བཞག་པ་ཞིག་དང༌། མ་རིག་པ་ནས་རིམ་པས་བགྲང་ན་སྐྱེ་རིམ་དང༌། འགག་རིམ་གང་ཡིན་ཡང་ལུགས་འབྱུང༌། རྒ་ཤི་ནས་རིམ་མིན་དུ་ཡར་བགྲངས་ན་སྐྱེ་རིམ་དང་འགག་རིམ་གང་ཡིན་ཡང་ལུགས་ལྡོག་ཏུ་བཞེད་པ་སྟེ་ལུགས་གཉིས་སོ། །དང་པོ་ལྟར་ན། མ་རིག་པའི་རྐྱེན་གྱི་ས་འདུ་བྱེད། འདུ་བྱེད་རྐྱེན་གྱིས་རྣམ་ཤེས་ལ་སོགས་པའམ། རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས་གང་ལྟར་ཡིན་ཡང་ལུགས་འབྱུང་དུ་བཞེད། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་ཤེས་འགག་པ་སོགས་སམ། རྒ་ཤི་གང་གིས་འགག་ན་སྐྱེ་བ་འགགས་པས་འགག་པ་སོགས་གཉིས་ཀ་ལུགས་ལྡོག་ཏུ་བཞེད་དོ། །ཕྱི་མ་ལྟར་ན། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་སམ་མ་རིག་པ་འགགས་པས་འདུ་བྱེད་འགག་པ་སོགས་གང་ཡིན་ཀྱང་ལུགས་འབྱུང་དང༌། རྒ་ཤི་གང་ལས་བྱུང་ན་སྐྱེ་བ་ལས་བྱུང་སོགས་སམ། སྐྱེ་བ་འགགས་པས་རྒ་ཤི་འགག །སྲིད་པ་འགགས་པས་སྐྱེ་བ་འགག་པ་སོགས་གང་ཡིན་ཀྱང་ལུགས་ལྡོག་ཏུ་བཞེད། ལུགས་འབྱུང་ལྡོག་ཕྱི་མ་འདི་ལྟར་ལ་བདེན་བཞི་ཤེས་པའི་གོ་རིམ་དང་སྦྱར་བ་མངོན་པ་ཀུན་བཏུས་ལས་བྱུང་བ་ལྟར་ན། སྐྱེ་རིམ་ལུགས་འབྱུང་དང་སྦྱར་ན་ཀུན་འབྱུང་གི་བདེན་པ་གཏན་ལ་ཕེབས། སྐྱེ་རིམ་ལུགས་ལྡོག་དང་སྦྱར་ན་སྡུག་བདེན་གཏན་ལ་ཕེབས། དེ་བཞིན་དུ་འགག་རིམ་ལུགས་འབྱུང་ལྡོག་གཉིས་ཀྱིས་ལམ་དང་འགོག་པ་གཉིས་གཏན་ལ་ཕེབས་ཏེ། དེའང་ཀུན་འབྱུང་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་ལ། དེ་ལས་འདུ་བྱེད་ཀྱི་ལས་བསགས་པའི་ཕྱིར། དང་པོ་ཀུན་འབྱུང་ལས་ཉོན་གཉིས་ལས་བརྩམས་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་ཤེས་རབ་ཀྱིས་གཏན་ལ་འབེབས་པ་ནི། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་ཀུན་འབྱུང་གཏན་ལ་འབེབས་པ་ཡིན་ལ། ཡང་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་གཙོ་བོ་རྒ་ཤི་གཉིས་ཡིན་ལ། དེས་ན་རྒ་ཤི་ཅི་ལས་བྱུང་ན་སྐྱེ་བ་ལས་བྱུང་བ་སོགས་ལུགས་ལྡོག་དང་སྦྱར་ནས་ཀུན་ཉོན་ཕྱོགས་ཀྱི་འབྲས་བུ་སྡུག་བདེན་གཏན་ལ་འབེབས། ཡང་ཀུན་འབྱུང་མ་རིག་པའི་རྩ་བ་ལམ་བདེན་གྱི་ངོ་བོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅད་ནས། མ་རིག་པ་འགགས་པས་རྒ་ཤི་འགག་པ་སོགས་འགག་རིམ་ལུགས་འབྱུང་གཏན་ལ་ཕབ་པས། རྣམ་བྱང་ཕྱོགས་ཀྱི་རྒྱུ་ལམ་བདེན་གཏན་ལ་ཕེབས། ཡང་སྤང་བྱ་འཁོར་བའི་སྡུག་བསྔལ་གྱི་གཙོ་བོ་སྐྱེ་ཤི་གཉིས་འགག་པ་ནི་འགོག་བདེན་ཡིན་ལ། དེས་ན་སྐྱེ་བ་འགགས་པས་རྒ་ཤི་འགག་སོགས། མ་རིག་པ་འགག་གི་བར་དུ་བསམ་པས་རྣམ་བྱང་གི་འབྲས་བུ་འགོག་བདེན་གཏན་ལ་ཕེབས་པ་ཡིན་ནོ། །འདི་དག་ལ་ཞིབ་ཏུ་བརྟག་ནས་འཁོར་བའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་རྩ་བ་བདག་འཛིན་མ་རིག་པ་ལས་བྱུང་བ་དང༌། ལམ་ཐམས་ཅད་ཀྱི་རྩ་བ་བདག་མེད་རྟོགས་པའི་ཤེས་རབ་ཡིན་པ་སོགས་དོན་ཐོས་བྱུང་ལས་འདས་ནས་བསམ་བྱུང་གི་ངེས་པ་རྙེད་པ་ལ་འབད་དགོས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་རྒྱལ་བ་བདེན་པར་སྨྲ་བའི་གཞུང་གི་མཛོད་ཟབ་མོའི་མ་ཀི་ཉན་ཐོས་ཀྱི་ཐེག་པ་ནས་བཟུང༌། ཡ་ཀི་རང་བཞིན་རྫོགས་པ་ཆེན་པོའི་བར་ཐམས་ཅད་གདུལ་བྱ་ལ་སྟོན་ཚུལ་ཐ་དད་ཙམ་ལས་དོན་རྟེན་འབྲེལ་ཡིན་པ་ལ་ཐ་དད་མེད་པས། མཆན། གཅེས་པ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འཁོར་འདས་ཀུན་གྱི་རྩ་བ་མ་རིག་པ་དང༌། དེ་ལས་ལྡོག་པ་གཉིས་པོ་འདི་ཁོ་ན་ཡིན་ཏེ། དེ་ལས་འཁོར་བར་འཕེན་བྱེད་ཀྱི་ལས་དགེ་བ། མི་དགེ་བ། མི་གཡོ་བ་སྟེ་གསུམ་པོ་འདུ་བྱེད། དེས་འཕངས་པའི་རྣམ་ཤེས། དེའི་རྐྱེན་གྱིས་མིང་དང་གཟུགས། དེ་འཕེལ་བ་ལས་སྐྱེ་ཞིང་མཆེད་པའི་སྒོ་རྣམ་པ་དྲུག་རྫོགས་ཤིང༌། དེ་ལས་ཡུལ་དབང་ཡིད་བྱེད་གསུམ་འདུས་ཤིང་མངོན་དུ་གྱུར་པའི་རེག་པ་སྟེ་མིག་གིས་ལུས་རེག་པ་སོགས་ཀྱི་རྟེན་ནོ། །རེག་པ་ལས་བདེ་སྡུག་བཏང་སྙོམས་གསུམ་གྱི་ཚོར་བ་གང་རུང་སྐྱེ་བར་འགྱུར་བ་སྟེ། དེ་ལས་བདེ་བར་ལྡན་འདོད་སྡུག་བསྔལ་འབྲལ་འདོད་ཀྱི་སྲེད་པ་འབྱུང་བ་དང༌། སྲེད་པ་ལས་ཁྱད་པར་དུ་ལེན་པ་མངོན་པར་འདོད་པ་དང༌། དེ་ལས་འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པའི་སྲིད་པ་ཕུང་པོ་ལྔའོ། །སྲིད་ལས་ཡང་སྲིད་ཕྱི་མར་སྐྱེ་བ་སྟེ། སྐྱེ་བ་ཡོད་ན་འདོད་པས་ལོངས་སྤྱོད་ཀྱིས་ཕོངས་པ་དང༌། སེམས་མྱ་ངན་གྱིས་གདུང་བ་དང༌། འབྱུང་བ་འཁྲུགས་པའི་ན་བ་དང༌། འདུ་བྱེད་རྙིང་པས་རྒ་བ་དང༌། སྲོག་དང་བྲལ་བས་འཆི་བ་སོགས་ཡིད་མི་བདེ་བའི་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེ་བ་འདི་གྲུབ་པའི་ཕྱིར། དེས་ན་སྲིད་པའི་གནས་འདིར་སྐྱེ་བ་རང་མཚན་པ་ལེན་པའི་རྒྱུན་འགགས་པས། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འགགས་པར་འགྱུར་བའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་འབྲས་མུ་སྟེགས་བྱེད་ལ་སོགས་པས་ཤིན་ཏུ་རྟོགས་དཀའ་བའི་ཟབ་མོ་འདི་ནི། རྒྱལ་བ་བདེན་པར་སྨྲ་བའི་གསུང་རབ་མཐའ་དག་གི་མཛོད་ཡིན་པས་གཅེས་པར་ཟུངས་ཤིག །དེ་ལྟར་རྟེན་འབྲེལ་ཤེས་ནས་བདག་མེད་ཙམ་ཉན་རང་དང་མཚུངས་མོད་ཀྱི། ཉན་རང་རྣམས་སྲིད་པར་འདུ་བྱེད་པའི་རྒྱུ་འཇིག་ཚོགས་ལ་བདག་ཏུ་ལྟ་བའི་དབང་གིས་མཐོ་དམན་དང་བདེ་སྡུག་སྣང་བ་ལས་སུ་ཤེས་པ་དང༌། དཀར་པོ་རྣམ་བྱང་རྒྱུ་འབྲས་ལམ་འགོག་གཉིས་དང༌། ནག་པོ་ཀུན་ཉོན་ཕྱོགས་ཀྱི་རྒྱུ་འབྲས་ཀུན་འབྱུང་དང་སྡུག་བསྔལ་ཏེ། ཆོས་ལ་བླང་དོར་དང་འདུས་བྱས་འདུས་མ་བྱས་སེམས་དང་སེམས་བྱུང་སོགས་ཀུན་ལས་འདས་པ། སྲིད་པ་དང་ཞི་བ་གཉིས་ཀྱི་མཐའ་ལས་འདས་པ་དོན་དམ་པའི་བདེན་པ་མཐར་ཐུག་དངོས་གཞི་ཡིན་ལ། དེ་ནི་སྐྱེ་བ་མེད་པས་གདོད་ནས་སྤྲོས་པ་དང་བྲལ་བ་ཆོས་ཉིད་བློ་འདས་སོ་སོ་རང་རིག་གི་ཡེ་ཤེས་རྟོགས་པ་ལས་འབྱུང་བ་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། །འཁོར་བ་སྡུག་བསྔལ་གྱི་ཚོམས་ཏེ་ལེའུ་བཞི་པའོ།། །།ཐེག་ཆེན་སྐྱེས་བུ་ཆེན་པོ་མཆོག་གི་ལམ་རྣམ་མཁྱེན་གྱི་འཇུག་ངོགས་ཀྱི་ཐོག་མར་ལམ་སྒྲུབ་པོའི་གང་ཟག་དེ་གནས་པའི་ཡུལ་ནི། ཆོས་དང་མཐུན་པར་གྱུར་ཅིང་མཐུན་རྐྱེན་ཚང་བའི་དབེན་པ་དག་ལ་བསྟེན་པ་དང༌། སྡེ་སྣོད་གསུམ་གྱི་དོན་ལ་མཁས་ཤིང་བསླབ་གསུམ་གྱི་ཉམས་ལེན་ལྡན་པའི་སྐྱེས་བུ་དམ་པ་བསྟེན་པ་ལས་རང་རྒྱུད་དམན་པ་དང་ལོག་པའི་ལམ་ལས་བཟློག་ནས་ལུང་རྟོགས་ཀྱི་ཡོན་ཏན་ཅི་རིགས་པའང་འཐོབ་ཅིང༌། དེ་ཡང་དེས་ཇི་སྐད་བསྟན་པ་བཞིན་བདག་ཉིད་ཀྱིས་ལེགས་པར་སྨོན་པའི་དོན་གཉེར་བཅས་བསྒྲུབ་པ་དང༌། ཚེ་རབས་སྔོན་དང་ད་ལྟར་ཡང་བསོད་ནམས་ཀྱི་ཚོགས་བསགས་པའི་སྐྱབས་དམ་པ་ལ་འདུན་པ་སྟེ་བཞི་པོ་དེ་ལ་འཁོར་ལོ་ཆེན་པོ་བཞི་ཞེས་མགོན་པོ་ཀླུ་ཡི་དབང་པོས་བཞེད་དེ། དཔེར་ན་ཕྱུགས་དང་གླང་པོ་སོགས་ཀྱི་ཉིན་མང་པོའི་བཤུལ་ལམ་ཤིང་རྟའི་འཁོར་ལོས་ཡུད་ཙམ་ལ་བགྲོད་པ་ལྟར། བྱང་ཆུབ་སེམས་དཔས་འདི་བཞི་ལ་བརྟེན་ནས་རྣམ་མཁྱེན་མྱུར་དུ་བགྲོད་དེ། བཤེས་སྤྲིངས་ལས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བསྟེན་པ་དང༌། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུངས་སོ། །གྲོང་སོགས་ཁྱིམ་པའི་གནས་དང་སྤོང་ཀློག་གི་བྱ་བ་མེད་པའི་དགོན་གནས་ཀྱང་རུང་སྐྱེ་བོ་མང་པོའི་འདུ་ཚོགས་ཀྱི་དབུས་ན་གནས་པའི་ཉེས་དམིགས་ནི། འཕྲལ་དུ་བདེ་ཡང་སྡུག་བསྔལ་གྱི་རྒྱུར་གྱུར་པའི་དུག་ཅན་གྱི་ཟས་ལྟ་བུའི་ཡུལ་དགྲ་གཉེན་འཐབ་རྩོད། སོ་ནམ། ཚོང་དང༌། འདུ་འཛི། རྙེད་བཀུར། འདུ་ཚོགས། རྣམ་གཡེང༌། གསོག་བསྲུང་སྤེལ་བ་སོགས་ཉེ་བར་སྤྱད་པ་དང༌། རྐྱེན་གྱི་རྣམ་འགྱུར་ཤིན་ཏུ་རྒོད་དེ་དད་རྫས་གཤིན་དཀོར་སོགས་ངན་པའི་ཡུལ་དེ་ལས་ཐག་བསྲིངས་ནས། རང་ཉིད་གཅིག་པུར་དབེན་པར་ཞི་བ་མྱང་འདས་ཀྱི་ལམ་ལ་མོས་པར་བྱ་ཞིང༌། དེའི་ཚེ་ནའང་ལོངས་སྤྱོད་ཀྱི་རྙེད་བཀུར་སོགས་ལ་མ་ཆགས་པ་རླུང་ལྟ་བུ་དང༌། གནས་དང་འཚོ་བ་ལ་བདག་ཏུ་འཛིན་པ་མེད་པ་མཁའ་ལ་ལྡིང་བའི་བྱ་བཞིན་དང༌། ས་ཕྱོགས་སྟོང་པར་གནས་པའི་རི་དྭགས་བཞིན་དུ་དབེན་པ་དམ་པར་གནས་པའི་སྐལ་པ་བཟང་པོ་དེ་ནི། མ་བརྟག་པར་བབ་ཅོལ་དུ་རྣམ་གཡེང་དང་ཆོས་མིན་སྤྱོད་པས་འཁྲུག་པར་མི་འགྱུར་བས་དེ་ལ་སྙིང་ནས་སྤྲོ་བའི་བློས་བརྟེན་དགོས་སོ། །གྲོང་དང་དགོན་གནས་སོགས་གཞི་གཅིག་ལ་བརྟེན་ནས་རྟག་ཏུ་དེར་བསྡད་ན་མཛའ་བ་སོགས་གཞན་ངོ་བསྲུང་བ་དང༌། དཔལ་དང་སྙན་གྲགས་སོགས་ཀྱིས་ཕན་ཚུན་ཕྲག་དོག་ལ་རེ་ཞིང་བསྲན་ཐུབ་ཀྱང༌། ནམ་ཞིག་གི་ཚེ་ན་བཟོད་པའི་སྙིང་སྟོབས་ཀྱི་གོ་ཆ་དེ་བྲི་བར་འགྱུར་རོ། །ཡིད་ནི་གསོད་པ་སོགས་སྤྱོད་ངན་ལ་ཕྱོགས་པས་ཤིན་ཏུ་རེངས་ཏེ་གྱོང་ཞིང་རྩུབ་པའི་བདག་ཉིད་ཅན་ཡིན་པ་ནི། དཔེར་ན་བྱི་ལ་ཡང་འགྲོ་འདུག་མི་མངོན་པ་ལྟར་ཞི་ཞིང་སྤྱོད་ལམ་དེས་པ་སེན་མོའང་མེད་པ་ལྟར་བྱེད་ཅིང༌། སྐད་དལ་བུར་སྨྲ་ཞིང་བྱིའུ་བྱི་བ་སོགས་ཀྱི་སྟེང་དུ་རྩལ་གྱིས་མཆོངས་པ་ལྟར། སྡིག་པའི་གྲོགས་ཀྱིས་ཀྱང་གུས་གུས་ལྟར་བྱས་ཤིང་ལོངས་སྤྱོད་སྟེར་བ་སོགས་ཀྱིས་འཕྲལ་བདེ་གཏན་ཕུང་ནི་བརྩེ་ཆུང་ལས་དང་པོ་པས་བག་ཕེབས་བསྟེན་པའི་ཡུལ་སྣང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང༌། རང་རྒྱུད་དམ་པའི་ཆོས་ལས་འཕྲལ་དུ་ཉམས་པར་འགྱུར་རོ། །དཔེར་ན་བསྐྱོད་པ་ཡང་བའི་ཉི་ཟླ་གླིང་བཞིའི་སྐྱེ་བོ་ཀུན་དང་མཛའ་བ་ལྟར། ཆོས་སྤྱོད་ཀྱང་སྐྱེ་བོ་ཀུན་དང་འདྲིས་ཤིང་བདེ་བ་དང༌། སྡོད་གནས་གཅིག་ཏུ་གཉུག་མར་གནས་པ་དེ་ནི་ལོངས་སྤྱོད་སོགས་ཀྱི་དོན་དུ་ཁྲོ་བས་གདུང་བར་འགྱུར་ལ། གང་དུ་སོང་ཡང་ངོ་ཤེས་ཤིང་འདྲིས་པའི་མོད་ལ་གསར་པ་གསར་པར་ཕྱོགས་ཏེ་བསྐྱོད་པར་གྱུར་པའི་ཡུལ་ཁྲོ་རྩོད་ཀྱིས་དབེན་པས་འཇམ་ཞིང༌། ཕྱོགས་དེའི་སྐྱེ་བོ་ཀུན་ཀྱང་མི་མཐུན་པ་མེད་པའི་བཤེས་པར་འགྱུར་བ་མཐོང་ངོ༌། །དམ་པ་དག་ནི་སེམས་ལྡན་ཏེ་རྣམ་རྟོག་རང་རྒྱུད་པའི་དབང་དུ་སོང་བའི་སོ་སྐྱེ་ལྟ་བུར་ཆགས་སྡང་དང་འདུ་འཛིའི་གཏམ་སོགས་ཅ་ཅོ་སྒྲོགས་པ་སོགས་སུ་འགྱུར་བ་ལྟར་སྣང་ན་ཡང༌། རྐྱེན་བཟང་ངན་རོ་སྙོམས་པས་བརྗོད་པ་བཟང་ངན་ཅི་འདྲ་བྱེད་ཀྱང༌། རྗེས་སུ་གང་ཟག་དེ་ཡི་སེམས་ཞེན་ཅིང་ཆགས་པ་ཁྲོ་ཞིང་སྡང་བའི་རྣམ་པ་ཅན་དུ་འགྲོ་བ་མ་ཡིན་ཏེ། དཔེར་ན་བྲག་ཆ་ལྟ་བུར་བླང་དོར་དང་བྲལ་བ་ཡི་ཀུན་སྤྱོད་ཅན་སེམས་ཅན་དོན་ལ་བརྩོན་པས་དེ་འདྲ་བ་ལ་ཡུལ་གྱི་དམ་བཅའ་འདི་ཞེས་ངེས་པ་དང་བྲལ་བའི་ཐར་པ་དོན་དུ་གཉེར་བའི་ལས་དང་པོ་པས་སྐྱེས་བུ་ཚངས་པ་མཚུངས་པར་གྱུར་པའི་ཚུལ་ཁྲིམས་ཡང་དག་པར་བླངས་ནས་སྤྱོད་པར་འདོད་པ་དང༌། ཡང་དག་པའི་བསམ་གཏན་དོན་ལ་རྩེ་གཅིག་ཏུ་སེམས་འཇོག་པར་འདོད་པ་ཡི། གང་ཟག་བསླབ་གསུམ་གྱི་བརྟུལ་ཞུགས་རང་རྐྱ་ཐུབ་པའི་བརྟན་པར་མ་སོན་པ་གང་དང་གང་ཡིན་ཀྱང་རུང་སྟེ། ཡུལ་དབེན་པ་དང་དགེ་བའི་གྲོགས་ལ་བརྟེན་ནས་བསླབ་གསུམ་གྱི་ཡོན་ཏན་མཐོ་བ་དང༌། འདུ་འཛི་དང་སྡིག་གྲོགས་ལ་བརྟེན་ན་ཇེ་དམན་དུ་བྱེད་པས་སྤང་བླང་རེམ་དགོས་སོ། །སྟོན་པས་རིགས་གཟུགས་ལོངས་སྤྱོད་སོགས་བསྐྱུངས་པའི་སློབ་མར་བསོད་སྙོམས་གནང་བས། སྦྱོར་དངོས་རྗེས་གསུམ་དང་ལྡན་ན་གཞན་སྦྱིན་བདག་ལ་བསོད་ནམས་བསྐྱེད་ལ། བདག་ཉིད་ཀྱང་བྱ་བ་ཉུང་ཞིང་ངོ་བསྲུང་མི་དགོས་པ་དང༌། ཚོང་དང་སོ་ནམ་སོགས་ཀྱིས་དབེན་པས་བསླབ་གསུམ་གྱི་དཀའ་ཐུབ་ཉམས་པར་མི་འགྱུར་ལ། ཟས་གོས་སོགས་ཀྱིས་ཀྱང་མི་ཕོངས་པས་སློང་བ་རྣམས་ཀྱི་ཚུལ་འདི་ནི། ཡིད་བཞིན་ནོར་བུ་ལྟར་ཆོས་དང་མཐུན་པར་གྱུར་པའི་བསོད་སྙོམས་ཁོ་ན་ཡིན་ནོ། །འཚོ་བ་མ་དག་པ་མང་པོ་གསུངས་པ་ལས་དམིགས་བསལ་ཤིན་ཏུ་མ་དག་པ་ནི། འདི་ལྟར་ཡོད་སྦས་མེད་མདོག་སོགས་སྟོན་པའི་སྒོ་ནས་ཐབས་ཀྱིས་བརྐུ་བ་སྟེ་གཞོག་སློང་དང༌། རང་ལ་བྱིན་པ་ལ་བསྔགས་པ་བརྗོད་ནས་འཚོལ་བའམ། ཕར་ཅུང་ཟད་རེ་བཏང་ནས་ཚུར་མང་དུ་སྡུད་པ་རྙེད་པས་རྙེད་པ་འཚོལ་བ་དང༌། རང་གིས་དགེ་བ་སྒྲུབ་པ་སོགས་བྱས་སྐད་ཀྱི་གཡོ་ཟོབ་དང༌། གཞན་ལ་བསྔགས་བརྗོད་ཀྱི་སྒོ་ནས་འཚོལ་བའི་ཁ་གསག་དང༌། བཟང་བརྫུའི་སྤྱོད་པ་ཧྲུལ་པོས་རྙེད་པ་ཚོལ་བ་ཚུལ་འཆོས་དང༌། བདག་ཐོབ་ཐང་ཅན་ལ་འདི་ལྟར་མི་འོས་ཞེས་ཐོབ་ཀྱིས་འཇལ་བའི་འཚོ་བ་སྟེ་ལོག་འཚོ་རྣམ་པ་ལྔས། ཐར་པ་སྒྲུབ་པའི་དགེ་སྦྱོང་དྲང་སྲོང་རྣམས་ཀྱི་བརྟུལ་ཞུགས་ཐམས་ཅད་སྨ་བ་དང་བབ་ཏེ་ཉམས་པར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །དེ་དག་གཉིས་ཀ་སྡིག་ལས་ཅན། །འོ་དོད་འབོད་ལ་སོགས་པར་བཙོ། །ཞེས་དང༌། རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང༌། །མ་བསྐུལ་བ་ཡང་ཡོངས་མེད་པས། །དེ་བས་ཤ་ནི་མི་བཟའ་འོ། །ཞེས་པས་མི་ཟ་བའམ་ཟ་ནའང་སྙིང་རྗེས་གཟུངས་སྔགས་བསྔོ་སྨོན་སོགས་ཀྱིས་རྗེས་སུ་འཛིན་པར་བྱའོ། །དེ་ཕྱིར་གནས་དབེན་པ་དང༌། མལ་བཟང་རྩྭ་སོགས་སྟན་དང༌། འཚོ་བ་བསོད་སྙོམས་བཟང་པོ་ལ་བརྟེན་པ་དང༌། དགེ་བ་ལ་སྦྱོར་བའི་གྲོགས་བཟང་དང་འགྲོགས་ནས་དད་གུས་སོགས་སྦྱོར་བ་བརྩོན་འགྲུས་བཟང་པོས་ཞི་ལྷག་སོགས་དང༌། ཤེས་རབ་ཇེ་གསལ་དུ་འགྲོ་བའི་ལམ་སྒྲུབ་པར་སྙིང་སྟོབས་གོང་ནས་གོང་དུ་སློང་བར་འགྱུར་རོ། །བསླབ་པ་ཀུན་གྱི་ཡོན་ཏན་མ་སྐྱེས་པ་སྐྱེ་ལ་སྐྱེས་པ་ཡོངས་སུ་རྫོགས་པའི་ཕྱིར། མཚན་ཉིད་ལྡན་ཅིང་བསླབ་གསུམ་གྱི་གནད་མ་ནོར་བར་ཤེས་པའི་སྐྱེས་བུ་དམ་པ་དག་ལ་བསྟེན་པར་བགྱིད་ན་དོན་ཆེ་ལ། ཇི་ལྟར་སྨན་ཚལ་ཆེན་པོ་མ་ལ་ཡ་ཡི་ནགས་ཀླུང་དུ་རྣམ་པར་འཁྱམས་པའི་སྡོང་དུམ་ཕལ་པའང༌། རེ་ཞིག་ཙན་དན་དེའི་ཡལ་འདབ་ཀྱིས་བརླན་པའི་སྟོབས་ཀྱིས་ཙན་དན་གྱི་དྲི་བསུང་སྣང་བ་ལྟར། སྐྱེས་བུ་དམ་པ་གང་ལ་བསྟེན་པ་ན་རིང་པོར་མི་ཐོགས་པར་བསྟེན་བྱ་དེ་ཡི་ཡོན་ཏན་གྱི་རྗེས་སུ་འགྲོའོ། །སྔོན་ཆད་འབྲས་བུའི་བསྟན་པ་སོགས་ཀྱི་དུས་སུ་གདུལ་བྱ་རྒྱུད་དག་པས་འཕགས་པའི་གང་ཟག་དང༌། གྲུབ་པའི་སྐྱེས་བུ་མདོ་རྒྱུད་ནས་ཇི་སྐད་བཤད་པའི་དགེ་བའི་བཤེས་གཉེན་དམ་པའི་ཆོས་ཚུལ་ཏེ་མཚན་ཉིད་མཐའ་དག་རྫོགས་པ་ནི། སྙིགས་མའི་མཐུས་བྱས་ཏེ་རྙེད་པར་དཀའ་ནའང༌། སོ་ཐར་བྱང་སེམས་རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ་པོ་སོ་སོའི་གཞུང་ལྟར་གནང་བཀག་གིས་མཚམས་ཤེས་ཤིང་དགག་དགོས་ཚང་བ་དང༌། སྤྱོད་པས་རང་རྒྱུད་གཙང་མའི་ས་གཞི་བཟང་པོ་ལྟ་བུ་ལ། གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་དང་དོན་ལ་མཁས་ཤིང་ཐོས་པས་རྒྱུད་གྲོལ་བ་དང༌། གདུལ་བྱ་རྗེས་སུ་འཛིན་པའི་བརྩེ་བའི་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན་ཞིང༌། སྡེ་སྣོད་གསུམ་དང་སྔགས་རྒྱུད་སྡེ་བཞི་སོགས་རྒྱ་མཚོ་ལྟ་བུའི་ཆོ་ག་དང་ལམ་སྒྲུབ་ཚུལ་གྱི་བྱ་བ་ཐམས་ཅད་ལ་མཁས་པ་དང༌། ཚིག་ཙམ་མ་ཡིན་པར་ཉམས་ལེན་གནད་དུ་ཚུད་པས་སྤངས་པ་དང་རྟོགས་པའི་ཡེ་ཤེས་ལ་དྲི་མ་མེད་པའི་འབྲས་བུས་ཐུགས་རྒྱུད་ཡོངས་སུ་གང་བས་ཕྱུག་ཅིང༌། ཟང་ཟིང་ལ་མི་ཆགས་པའི་སྦྱིན་པ་དང༌། ཡིད་མཐུན་པའི་གཏམ་དང༌། རྣམ་གྲོལ་གྱི་དོན་ལ་སྤྱོད་དུ་འཇུག་པ་དང༌། དེ་དང་མཐུན་པར་རང་ཉིད་ཀྱང་འཇུག་པ་སྟེ་བསྡུ་དངོས་བཞི་ཡི་མེ་ཏོག་རྣམ་པར་བཀྲ་བས། ཐར་ལམ་སྒྲུབ་པའི་སྐལ་བཟང་གདམས་ངག་གི་རྩི་བཅུད་ལ་རོལ་པའི་སློབ་མའི་བུང་བ་སྡུད་ནུས་པའི་ཐབས་མཁས་ཅན་དེ་ལ་བསྟེན་དགོས་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་བླ་མ་སངས་རྒྱས་ཀྱི་སྤྲུལ་པ་དངོས་ཡིན་པར་ཤེས་པར་བྱའོ། །ཁྱད་པར་ངེས་དོན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་མན་ངག་སྟོན་པའི་བླ་མའི་མཚན་ཉིད་ནི། རྒྱུད་སྡེ་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་ལས་དབང་ཐོབ་པ༡་དང༌། དབང་དོན་རྒྱུད་ལ་གནས་པའི་སྡོམ་པ་དང་དམ་ཚིག་ལ་གནས་པས་སྒོ་གསུམ་ཤིན་ཏུ་ཞི་ཞིང་དུལ་༢བ་དང༌། གཞི་རྒྱུད་བདེ་གཤེགས་སྙིང་པོའི་གནས་ལུགས། ལམ་རྒྱུད་སྤངས་རྟོགས་སྐྱེད་བྱེད་བསྐྱེད་རྫོགས་གཉིས། འབྲས་བུའི་རྒྱུད་སྐུ་དང་ཡེ་ཤེས་ལྷུན་གྲུབ་ཏུ་འབྱུང་ཚུལ་སྤྱི་དང་བྱེ་བྲག་གི་དོན་ཁོང་དུ་ཆུད་པ་༣དང༌། བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་རྟགས་ཡོངས་སུ་རྫོགས་པ་༤དང༌། འཁོར་འདས་རོ་མཉམ་གྱི་དོན་རྟོགས་པས་ལྟ་བ་ལ་མ་རྨོངས་པ་༥དང༌། ཉམས་མྱོང་གིས་རང་རྒྱུད་གྲོལ་བ་༦དང༌། སྙིང་རྗེ་ཚད་མེད་པས་གདུལ་བྱ་ཐར་པར་འདྲེན་པ་༧དང༌། གཞན་དོན་འབའ་ཞིག་གཉེར་བ་༨སྟེ་བརྒྱད་པོ་འདི་ནི་བི་མ་ལའི་དགོངས་པ་ཡིན་ནོ། །བྱ་བ་ཉུང་ཞིང་སྒོ་གསུམ་གྱིས་ནན་ཏན་ཆོས་ཕྱོགས་ཁོ་ན་ལ་སེམས་པས་འཁོར་བར་སྐྱོ་ཤས་དང༌། ངེས་འབྱུང་གི་བློ་ཆེར་ལྡན་ཞིང༌། གཞན་གདུལ་བྱ་ཡང་སྐུ་དྲུང་དུ་བསྡད་པ་ཙམ་ནས་དེ་ལ་བསྐུལ་ནས་སྣང་བ་བསྒྱུར་འཁོར་བ་ལས་ལྡོག་ནུས་པའི་ཐབས་ཚུལ་དུ་མ་ལ་མཁས་ཤིང༌། བརྒྱུད་པ་ལ་སེལ་མེད་པའི་བྱིན་རླབས་ལྡན་པ་གཉིས་པོ་ཀུན་མཁྱེན་བླ་མའི་བཞེད་པའོ། །དེ་ལྟ་བུ་ལ་བསྟེན་ན་མཆོག་ཐུན་དངོས་གྲུབ་ཚེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་འགྱུར་རོ། །བྲམ་ཟེ་བཞིན་དུ་ཁེངས་པའི་སྒོ་ནས་སྐུ་སྐྱེ་རིགས་རུས་སོགས་ཀྱི་ཆོ་རིགས་བསྲུང་བའམ། རང་ཉིད་བསྟི་བའི་གནས་དགོན་སྡེ་བླ་བྲང་སོགས་ཀྱི་སྔར་སྲོལ་ཉམས་པར་དོགས་ནས། ཆོས་སྒྲུབ་པའི་ཟོལ་གྱིས་དཀོར་ལོངས་སྤྱོད་སྒྲུབ་པར་འདོད་པའི་ཀུན་སློང་ངན་པ། དཔེར་ན་མི་གཙང་བའི་རྫིང་བུ་རུ་ཁྲུས་བྱས་ན་སླར་ཡང་དྲི་མས་གོས་པ་དང་འདྲ་སྟེ། ཀུན་སློང་དེས་ཐོས་བསམ་ཆོས་བཤད་རྟེན་བཞེངས་སོགས་བྱས་པ་དེ་ནི་ཆོས་མིན་རྒྱུད་མ་རུངས་པར་བྱེད་པའི་འབྲས་བུ་གནས་མིན་གྱི་ཁྲུས་ལ་ཞུགས་པ་སྟེ་ཡོན་ཏན་ཆེ་རློམ་གྱི་སྟོང་འུར་ཆེ་ཡང་རྒྱུད་མི་ཐུལ་ཏེ། དཔེར་ན་ཡོས་མི་འདུལ་ཤིང་ཕྱེ་མི་འབབ་པ་ཤིང་གི་རང་འཐག་ལྟ་བུའི་ལམ་སྟོན་ལ་ངན་པ་དང༌། ཉོན་མོངས་པས་རྒྱུད་གང་བའི་སོ་སོ་སྐྱེ་བོའི་རང་བཞིན་དང་མ་འགལ་ན་ཡང༌། སྔོན་གྱི་སྦྱིན་འབྲས་ཅུང་ཟད་ལ་བརྟེན་ནས་ད་ལྟ་བླ་མའི་གོ་ས་ཐོབ་པ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་མི་ཤེས་པའི་བླུན་པོ་མང་པོས་སྒྲོ་བཏགས་ཏེ། དད་པས་བབ་ཅོལ་དུ་བདག་ནི་དེ་ལྟ་བུའོ་ཞེས་རློམ་པའི་གནས་ལ་སྦྱར་ནས། ལོངས་སྤྱོད་དང་རྙེད་པ་དང་ཡོ་བྱད་ཀྱི་ཞེ་ས་དང་བཀུར་སྟིའི་མཆོད་པས་ཁེངས་པར་གྱུར་པ་ཁྲོན་པའི་ལག་འགྲོ་སྟེ་གཏམ་རྒྱུད་དུ་སྦལ་པ་ལྟ་བུའི་བཤེས་གཉེན་དང༌། ལུང་གི་ཡོན་ཏན་གྱི་ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་ནོད་ཀྱང་གནང་བཀག་མི་ཤེས་པས་ཚུལ་ཁྲིམས་འཆལ། བསླབ་གསུམ་མི་ཤེས་ཤིང་ཉེས་པའི་གཞན་དབང་དུ་གྱུར་པས་རྒྱུད་ཚོད་དམའ་ལ། གདམས་ངག་སོགས་འབོགས་ཁུལ་འོལ་ཚོད་ཀྱིས་ཀུན་སྤྱོད་ནི་ས་བླར་གཤེགས་པ་ལྟར་སོང་ཞིང༌། གདུལ་བྱ་རྗེས་སུ་འཛིན་པའི་བྱམས་དང་སྙིང་རྗེའི་དཔྱང་ཐག་སྟེ་འཇུ་ཐག་ཆད་པ་ཡི་སྨྱོན་པའི་ལམ་མཁན་རྣམས་བརྟེན་པ་ལས། ངན་འགྲོའི་གཡང་ས་སྡིག་པའི་གཅོང་རོང་དུ་ཁྲིད་པས་སྡིག་པ་ལྷག་པར་འཕེལ་ལ། ཁྱད་པར་སློབ་མ་རང་ལས་བླ་མ་ཡོན་ཏན་ལྷག་པ་དང་བཅས་པ་ཞིག་དགོས་ཀྱི། དེ་ལྟར་མིན་པའི་བྱང་ཆུབ་སེམས་དང་བྲལ་བ་དེ་འཇིག་རྟེན་ན་སྐུ་བསོད་ཀྱི་གྲགས་པ་ཆེན་པོ་ཐོབ་པའི་མཐུས་དམ་པར་བཟུང་ནས་བསྟེན་ན་ཤིན་ཏུ་འཁྲུལ་ཏེ། དཔེར་ན་ལོང་བའི་དེད་དཔོན་གྱིས་ལོང་བར་ལམ་སྟོན་མི་ནུས་ལྟར། དེ་འདྲའི་ཤེས་རབ་ཀྱི་མིག་ལྡོང་བ་ལ་སྐྱབས་སུ་འཆའ་ན་གནས་སྐབས་དང་མཐར་ཐུག་ནོར་བ་ཆེན་པོ་སྟེ། སློབ་མས་ཆོས་བཞིན་མི་བྱེད་པ་ལ་མི་སེམས་ཤིང༌། རང་གི་ཞབས་ཏོག་དང་བསྙེན་བཀུར་ལ་དགའ་ནས་སློབ་མ་སྐྱོང་མདོག་རེ་བྱེད་ཅིང༌། སློབ་མས་ཀྱང་དེ་ལ་དགོངས་གཞི་དང༌། དགོས་པ་མེད་བཞིན་ཆོས་བརྒྱད་ཀྱི་གྲོགས་བྱས་ནས་ཞབས་ཏོག་ཡིན་རློམ་ཟོལ་གྱིས་བསྟེན་ཞིང་འགྲོགས་ན་བླང་དོར་གྱི་གནས་མཐོང་བའི་སྐབས་བྲལ་བས་ངན་སོང་མུན་པའི་སྨག་ཏུ་འཁྱམས་པར་འགྱུར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་དང་པོར་སྔར་ནས་བླ་མ་དེ་དམ་པ་ཡིན་མིན་ཤིན་ཏུ་བཏང་སྙོམ་གྱི་མ་བརྟགས་པར་བསྟེན་ན། ཆོས་སྒྲུབ་འདོད་ཀྱི་དད་པ་ཅན་གྱི་རྒྱུད་ལ་ཡོད་པ་དང་ཕྱིས་འབྱུང་གི་དགེ་ཚོགས་ལམ་གྱི་ཡོན་ཏན་ཐམས་ཅད་ཆུད་གསན་ཅིང༌། དལ་བ་ཕུན་སུམ་ཚོགས་པའི་རྟེན་བཟང་རིང་མོ་ནས་མ་ལོན་པར་ད་ལྟ་སྐབས་ཙམ་ཤིག་ལ་རྙེད་པ་འདི་དོན་མེད་དུ་འགྱུར་བ་ནི། དཔེར་ན་ཤིང་སྡོང་གི་རྩར་བསིལ་གྲིབ་ལ་རེ་བ་སྦྲུལ་གདུག་དང་ཤིང་གི་གྲིབ་མ་གཉིས་ནོར་ནས་དེ་རུ་སོང་སྟེ་ངལ་གསོས་ན་དུག་གིས་ཉེན་ཏེ་སྡུག་བསྔལ་བ་བཞིན་བསླུ་བར་འགྱུར་ཏེ། རིག་པ་འཛིན་པའི་སྡེ་སྣོད་ལས། ཐོས་ཆུང་དྲིས་ལ་ལན་མི་ཐེབ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །ཅེས་གསུངས་པ་ལྟར་རོ། །གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ལ་མང་དུ་ཐོས་ཤིང་ཤེས་རབ་ཀྱི་མིག་རྒྱས་ལ། བསླབ་གསུམ་གྱི་རྟོགས་པ་ཁྱད་པར་ཅན་གྱིས་སློབ་མའི་རྒྱུད་གྲོལ་བ་ལ་མཁས་པ་སྟེ། ལུང་དང་རྟོགས་པ་མཐའ་དག་གི་ཡོན་ཏན་རྒྱུད་ལ་འབྱོར་བའི་བླ་མ་དམ་པ་རྣམས་ནི། ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཆོས་སྐུའི་ཡེ་ཤེས་སྤྲོས་བྲལ་གྱི་ངང་དམིགས་མེད་ཐུགས་རྗེ་ཆེན་པོའི་ཁམས་རང་བྱུང་ལྷུན་གྲུབ་ཡོད་པས། གདུལ་བྱ་མཐའ་ཡས་པའི་ཡུལ་ལ་སྤྲུལ་པའི་རོལ་གར་བསམ་གྱིས་མི་ཁྱབ་པར་སྣང་བ། ད་ལྟ་བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེའི་ལྷག་ཞབས་སུ་སྐྱེས་པའི་མི་ཡི་འགྲོ་ངོར་སྐྱེས་བུ་དམ་པའི་གཟུགས་ཀྱིས་བྱོན་པ། དེ་ཉིད་མཆོག་དང་ཐུན་མོང་གི་ལམ་གྱི་ཡོན་ཏན་དངོས་གྲུབ་ཀུན་གྱི་རྩ་བ་བླ་ན་མེད་པ་ཡིན་ཏེ། སྤྱི་མདོ་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བ་ཡང་དག་ངས་མ་མཐོང༌། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་སོ། །དེའི་མཛད་སྤྱོད་ཐམས་ཅད་གདུལ་བྱ་ཐ་དད་པ་རྣམས་ཐར་ལམ་དུ་དྲང་བ་ཁོ་ནའི་དོན་དུ་འཇིག་རྟེན་པའི་སྤྱོད་པ་ཀུན་དང་ཕྱོགས་མཐུན་པར་སྟོན་ལ། ངེས་པའི་དོན་དུ་ནི་དགྲ་བཏུལ་བ་ལྟར་སྣང་ཡང་སྡང་བ་མེད་པ། དེ་བཞིན་དུ་གཉེན་བསྐྱང་ཡང་ཆགས་པ་མེད་པ། འདུ་འཛིས་བྲེལ་ཡང་རྣམ་པ་མི་གཡེང་བ། ལོངས་སྤྱོད་བསགས་ཀྱང་ཞེན་པ་མེད་པ། ཐོབ་དང་མངའ་ཐང་ཡོད་ཀྱང་མི་ཁེངས་པ། སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟར་གཟིགས་ནས་དགོངས་པ་ནམ་མཁའ་དང་མཉམ་པ། འཇིག་རྟེན་པ་ཀུན་དང་རྣམ་བཞག་འགལ་ཞིང་ཁམས་མི་མཐུན་པར་སྣང་བ་ལ་སོགས་པའི་གསུང་བྱོན་པ་དང་མཛད་པ་སྟོན་པ་ལའང་ལོག་པར་མི་ལྟ་སྟེ། དགོངས་གཞི་འགའ་ཞིག་ལ་དགོངས་ནས་འགྲོ་བ་འདྲེན་པ་སོགས་དགོས་པ་ཁྱད་པར་ཅན་དུ་མ་ཡོད་པའི་ཕྱིར། འཇིག་རྟེན་པ་ཀུན་ལས་ཁྱད་པར་འཕགས་ཤིང༌། གཞན་ཡང་གདུལ་བྱའི་ཚིག་དོན་ཉམས་ལེན་གེགས་སེལ་སོགས་ཐེ་ཚོམ་ཐམས་ཅད་གཅོད་མཁས་ཤིང༌། ཕ་རོལ་པོའི་གཤེ་སྐུར་སྤྱོད་ངན་སོགས་ལོག་སྒྲུབ་གང་ལའང་ཐུགས་མི་སྐྱོ་ཞིང་སྒོ་གསུམ་ལ་ངལ་བ་ཅི་བྱུང་ཡང་བཟོད་པར་མཛད་པ་དེ་ནི། སྲིད་པའི་གནས་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུ་ལས། མན་ངག་ཉམས་སུ་བླང་བས་ཐར་པར་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུའོ། །ལམ་སྤྱི་དང་ངེས་དོན་མདོ་རྒྱུད་མཆོག་གི་དོན་འཁྲུལ་བར་མི་འགྱུར་བར་སྟོན་པས་དེད་དཔོན་དངོས་ལྟ་བུ། ཐོག་མེད་ནས་བསགས་པའི་ལས་ཉོན་གྱི་མེ་ཚོགས་དག་གི་ཉེས་པ་ཐམས་ཅད་ཤེས་རབ་གསུམ་གྱིས་འཇོམས་པས་བདུད་རྩིའི་ཆར་ལྟར་བུ། བླང་དོར་གྱི་དོན་ལ་སྒྲིབ་པའི་མ་རིག་པའི་མུན་པ་ཐམས་ཅད་ཤེས་རབ་ཀྱི་ཡེ་ཤེས་ཆེན་པོས་སེལ་བས་ཉི་མ་དང་ཟླ་བ་ལྟ་བུར་མཚུངས་ཤིང༌། རྐྱེན་བཟང་ངན་ཐམས་ཅད་ཀྱིས་མི་བསྒུལ་བ་ཐེག་པ་ཤིན་ཏུ་ཆེ་བས་ས་གཞི་དང་འདྲ་ལ། མངོན་མཐོ་དང་ངེས་ལེགས་ཀྱི་ལམ་སྟོན་པས་མཐར་ཐུག་གི་ཕན་པ་བྱང་ཆུབ་ཀྱི་གོ་འཕང་དང༌། གནས་སྐབས་ཀྱི་བདེ་བ་མཐོ་རིས་ཀྱི་དཔལ་འབྱོར་ལ་ལོངས་སྤྱོད་པའི་འབྱུང་གནས་སུ་གྱུར་པས་དཔག་བསམ་གྱི་ཤིང་ལྟ་བུ། ལུང་གི་ཆོས་མདོ་སྔགས་ཀྱི་ཚིག་དོན་ཐམས་ཅད་ཀྱི་མཛོད་དང་ལྡན་པ་བུམ་པ་བཟང་པོ་ལྟ་བུ་སྟེ། རྟོགས་པའི་ཡོན་ཏན་ཀུན་གྱི་འབྱུང་གནས་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པ་དང༌། སེམས་ཅན་ཀུན་ལ་ཉེ་རིང་དང་བྲལ་བར་ཐུགས་སྙོམས་པར་བདེ་བ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད་འདོད་ཀྱི་བྱམས་པས་སྐྱོང་བར་མཛད་པས་ཕ་མ་ལྟ་བུ་ཡིན། སེམས་ཅན་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་བྲལ་འདོད་ཀྱི་བསམ་པ་རྒྱ་ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་དང་མཚུངས་ལ། ཕྲག་དོག་སོགས་ཀྱིས་ཀྱང་འཕོ་འགྱུར་མེད་པའི་འཇིག་རྟེན་ཀུན་ལ་དགའ་བ་རི་དབང་ལྟ་བུ་དང་འདྲ། ཆགས་སྡང་གིས་འཁྲུག་པ་མེད་པའི་བཏང་སྙོམས་སེམས་ཅན་ཀུན་གྱི་ཉོན་མོངས་ཞི་ཐབས་ལ་གཟིགས་པ་ཆར་སྤྲིན་བཞིན་ཡིན་ནོ། །དེ་འདྲ་བའི་བླ་མ་ནི་མཚན་དཔེའི་སྐུར་མི་སྣང་ཡང་སངས་རྒྱས་ཀུན་དང་མཉམ་པ་ཡིན་ལ། སྐུ་མཐོང་བ་དང༌། གསུང་ཐོས་པ་དང༌། མཛད་སྤྱོད་དྲན་པ་ཙམ་གྱིས་ཀྱང་དོན་དང་ལྡན་ལ། དེ་ལ་གནོད་པ་བྱས་ཀྱང་འགྱོད་བཤགས་དང་བཅས་ན་ཚེ་འདི་དང་མིན་ཀྱང་མཐར་བདེ་བའི་ལམ་དུ་འབྲེལ་ཏེ་གདུལ་བྱའི་ཡུལ་དུ་གྱུར་ན། གཡོ་སྒྱུ་ཟོལ་ཟོག་མེད་པའི་དད་པ་དང་མོས་གུས་བྱས་པས་ཚུལ་བཞིན་བླ་མ་ཉིད་བསྟེན་པའི་སྐྱེས་བུ་རྣམས་ལ། མངོན་མཐོ་ཚེ་རིང་ནད་མེད་སོགས་དང་ངེས་ལེགས་བྱམས་སྙིང་རྗེ་སོགས་ཡོན་ཏན་ཐམས་ཅད་རྩོལ་མེད་དུ་ཆར་བཞིན་འབབ་པར་འགྱུར་རོ། །བླ་མ་བསྟེན་པའི་ཚུལ་ཡང་འདི་ལྟར། སྡོང་པོ་བཀོད་པའི་མདོ་ལས་བྱུང་བ་ལྟར། བདག་ནི་ཐོག་མེད་ནས་ཉོན་མོངས་པའི་ནད་ཀྱིས་ཐེབས་པས་ནད་པའི་འདུ་ཤེས་དང༌། ཆོས་གདམས་ངག་ལ་སྨན་གྱི་འདུ་ཤེས། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས། ནན་ཏན་ཉམས་སུ་ལེན་པ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པ་སྟེ་བཞི་པོ་ནི་ནད་པས་སྨན་པ་ལྟ་བུ། མགྲོན་པོས་དགྲ་ལས་སྐྱེལ་མ་ལྟ་བུ་སོགས་བཞི་དང༌། འཇིགས་པའི་གནས་ལས་རམ་ཟླ་དཔའ་བོ་ལྟ་བུ་སོགས་བཞི་དང༌། ཚོང་པས་དེད་དཔོན་ལྟ་བུ་སོགས་འདུ་ཤེས་བཞི་དང༌། གྲུ་པས་མཉན་པ་ལྟ་བུའི་འདུ་ཤེས་བཞི་བཅས་འདུ་ཤེས་ཉི་ཤུ་པོ་ཚིག་ཙམ་མ་ཡིན་པར་རྒྱུད་ལ་ཇི་ལྟ་བ་བཞིན་དུ་སྦྱར་བ། སྐྱེ་ཤི་དང་ཉོན་མོངས་པའི་དགྲ་ཡིས་འཇིགས་པ་ལས་སྐྱོབ་པས། དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པར་བྱའོ། །སློབ་མའི་མཚན་ཉིད་ཀྱང་འདི་ལྟར། བླ་མ་དམ་པ་དེ་ཡི་ཐུགས་རྗེ་བྱིན་རླབས་དེ་ལ་བྱམས་སྡང་མེད་ཀྱང༌། གདམས་ངག་ཉེ་བར་ལེན་པ་སློབ་མ་སྟེ་དེ་ཉིད་ཀྱང་དད་པ་ཤེས་རབ་བརྩོན་འགྲུས་ངེས་འབྱུང་ལ་སོགས་པ་སྣོད་ཀྱི་ཡོན་ཏན་དང་བྲལ་བ་ལ། བཅུད་སེང་གེ་དཀར་མོའི་འོ་མ་སྣོད་ངན་གྱིས་མི་ཐུབ་པ་ལྟར་གདམས་ངག་གི་བཅུད་ཀྱིས་ཕན་མི་ཐོགས་ཞེས་སྤྱིར་བསྟན་ནས། བྱེ་བྲག་ཏུ་ཟབ་དོན་ལ་ཡིད་མི་ཆེས་པས་ནི། གནས་སྐབས་ཟང་ཟིང་ཙམ་གྱིས་ཚིམ་པ་ཐོབ་པར་གྱུར་ནས། དོན་ལ་མེད་པའི་རྐྱེན་བཅོས་མའི་དད་པ་ནི་སྔ་དྲོ་དད་པ་ཡོད་ཀྱང་ཕྱི་དྲོ་བྲལ་བ་དུས་བཞིའི་འགྱུར་ལྡོག་ངོམ་པ་བཞིན་འགྱུར་སླ་བས་དེ་སྤང་བར་བྱའོ། །གང་ཟག་འགའ་ཞིག་དང་པོ་དམ་པའི་ཆོས་ཀྱི་ལམ་དུ་ཐབས་སྣ་ཚོགས་པས་བཙུད་ཀྱང་མི་ཚུད་པ་གཡག་རྒོད་ར་བའི་ནང་མི་ཚུད་པ་བཞིན་དང༌། བར་དུ་ཐོས་བསམ་གྱིས་སུན་ནས་ཆོས་ཕྱོགས་ལ་བརྩོན་པ་དག་ལ་སྡང་ཞིང་ཚེ་འདི་ཁོ་ནར་གཉེར་ལ། ཐ་མར་དམ་ཚིག་དང་སྡོམ་པ་མི་སེམས་ཤིང་སྡིག་པའི་གྲོགས་པོ་རྣམས་ཀྱི་ཕྱོགས་བཟུང་ནས། ལས་མཐའ་ལོག་པ་དེ་ཉིད་བླ་མ་མཆེད་གྲོགས་སོགས་ཀྱི་ཕྱོགས་ལའང་མི་ཉེ་ཞིང་མི་དང་མི་འདྲེ་བའི་ནགས་མཐའི་མི་རྒོད་དང་འདྲའོ། །བླ་མ་དམ་པའི་དྲུང་ན་གནས་ཚེ་སྣ་ཚོགས་ཤར་ཏེ་འདི་བས་ཀྱང་དབེན་པར་དགེ་བའི་ཕྱོགས་སུ་སོང་ན་དགའ་སྙམ་པས་འབྲོས་ལ་རིངས། ཡུལ་གང་དང་གང་དུ་བགྲོད་པར་ཕྱོགས་ནའང་སྡིག་གྲོགས་ཀྱི་གང་བས་རང་ཉིད་ཆོས་ལས་ཉམས་ཏེ་སྡིག་པས་འཛིན་ལ། འོ་ན་ཁྱོད་དབེན་པར་སོང་ལ་སྒྲུབ་ཚུགས་ཟུང་ཞེས་ཆེད་དུ་བསྐུལ་ཏེ་དེར་བསྡད་ན། བླ་མས་བསྟན་པའི་གདམས་ངག་བོར་ནས་ཆོས་ཚུགས་ཞིག་ལ། སྙོམས་ལས་རྣམ་གཡེང་གིས་དུས་འདའ་བ་ཐུན་གཅིག་ཙམ་ཡང་བྲལ་ནས། དཔེར་ན་རླུང་གི་རྗེས་སུ་བསྐྱོད་འགྲོ་བའི་ཀུ་ཤའི་རྩེ་མོ་བཞིན་ནོ། །མི་གཞི་ངན་པའི་ཟོལ་ཟོག་གི་སྦྱོར་བ་ལ་མཁས་ཤིང་ཐོབ་ཐང་གྲགས་པ་སོགས་ཀྱིས་མི་ཕན་ཏེ་བླ་མ་བསླུ་བའི་བསམ་པས་ཐ་གུའི་ལྕེས་ཏེ་གླ་བ་འཛིན་པའི་རྒྱ་བྲེས། བླ་མ་སྤོས་ཀྱི་གླང་པོ་སྟེ་གླ་བ་ལྟར་དབང་ལུང་ཁྲིད་སོགས་ཀྱིས་སྙན་གྲགས་ཟོང་ལྟར་བརྐམས་ཏེ། དྲིན་མི་དྲན་པར་བསྙེན་ནས་དམ་པའི་ཆོས་དེ་ལ་གླ་རྩིའི་རྙེད་པ་ལྟ་བུའི་འདུ་ཤེས་ཀྱིས་ཐོབ་ནས་དམ་སྡོམ་རྒྱབ་ཏུ་བོར་ཏེ། སླར་རྔོན་སོད་ནས་གླ་རྩི་ཚོང་ཐབས་ལ་སེམས་པ་ལྟར་ཆོས་དེས་སྙན་གྲགས་ལ་ཡང་དག་སྤྲོ་བས་མི་སྒྲུབ་པར་བླ་མའི་དམ་ཚིག་རྒྱང་དུ་འཕེན་པའི་སློབ་མ་འདི་ཕྱིར་བཀྲ་མི་ཤིས་སོ། །བློ་སྣ་རང་སེམས་ཉམས་འོག་མ་ཆུད་པ་མཐའ་དག་ནི་བསྐྱེད་རྫོགས་ཀྱི་གདམས་པའི་གནད་འགག་དམར་ཁྲིད་སོགས་ཐམས་ཅད་ཐོབ་ནས་དོན་ཉམས་སུ་ལེན་པ་སླར་བཏང་ནས། ད་དུང་ཡོད་ཚད་ཐོས་དགོས་སྙམ་སྟེ་ཉམས་སུ་མི་ལེན་པར་སྣ་ཚོགས་པའི་ཡིག་སྣ་འཚོལ་བས་དཔེ་གཅོད་ཟིན་བྲིས་མཆན་འདེབས་སོགས་ཀྱིས་བྲེལ་ཞིང་དུབ་པའི་མཐར། གསར་པ་ངེས་གཟུང་བྱེད་རྒྱུ་མ་མཐོང་གོང་སྔོན་མ་ཚིག་དོན་ཅུང་ཟད་ཤེས་པ་མཐའ་དག་ཉམས་པར་འགྱུར་རོ། །ངེས་འབྱུང་དང་བཅས་ཤིང་དོན་གཉེར་ཆེ་ལ་དད་པའི་ཀུན་སློང་གིས་ཡང་དག་དོན་ལ་ཐོས་བསམ་སྒོམ་གསུམ་གཤའ་མས་སྦྱོར་བའི་དད་པ་དང༌། ངེས་འབྱུང་དང་བྲལ་བའི་ལྟར་སྣང་ཚེ་འདིར་ཕན་པའི་རྙེད་བཀུར་འབའ་ཞིག་བསྒྲུབ་པའི་འདོད་པ་ཅན་དུ་སོང་བས། དེ་གཉིས་ཀར་ཕྱོགས་གང་དུའང་ལུང་དུ་མ་བསྟན། བླུན་པོ་ལད་མོ་བྱེད་པ་ངན་གཡོའི་གཟུ་ལུམ་ཅན་ཏེ་བབ་བཅོལ་དུ་དད་འདོད་གང་ཡང་མེད་པར་ཆོས་སྒོར་ཞུགས་ནས་སྤྲེའུའི་མཉམ་བཞག་དང༌། ནེ་ཙོའི་འདོན་པ་བཞིན་ཆོས་ལུགས་བཞིན་བྱེད་ཀྱང་ཕྱི་ནས་ཆོས་དང་འཇིག་རྟེན་གང་ཡང་མེད་པས་ཁྱི་ལྡོམ་བྱེས་སུ་འཁྱམས་པ་ལྟ་བུ་སྟེ། སྤྱིར་གང་ཟག་རིགས་དུ་མ་ཡོད་ཀྱང་གསུམ་པོ་འདི་ཉིད་དུ་གནས་པའི་མཚན་ཉིད་ལེགས་པར་བརྟག་པ་བྱེད་པ་གཅེས་སོ། །དད་པའི་གོ་ཆ་ཆེ་ལ་བདེན་མཐོང་སྐལ་པ་ཅན་ཀླུའི་བྱང་ཆུབ་ལྟ་བུ་བློ་གྲོས་ཤིན་ཏུ་བརྟན་ཅིང༌། བླ་མ་དང་ཆོས་ཀྱི་ཕྱིར་དུ་རང་གི་ལུས་དང་སྲོག་ལ་གནོད་པ་ཅི་བྱུང་ཡང་མི་བལྟ་བ་དཔལ་གྱི་ཡེ་ཤེས་ལྟ་བུ་རིམ་གྲོ་བགྱིད་ཅིང༌། བླ་མས་ཅི་གསུང་བཀར་དཀྲི་ཞིང་བདག་ཉིད་མི་བསྲུང་བའི་རྗེ་བཙུན་མི་ལ་ལྟ་བུ་སྟེ། དེ་དང་འདྲ་བའི་སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ་ལོ། །དཀར་ཆོས་ཀྱི་ས་བོན་དད་དང་མི་རྟོག་པའི་ཤེས་རབ་གསལ་ལ། ཆོས་དང་ཆོས་མིན་ཤེས་པའི་ཐོས་པ་དང༌། ཐེག་པ་ཆེན་པོའི་སྙིང་རྗེ་ཆེ་ཞིང༌། སྡོམ་དང་དམ་ཚིག་ལ་གུས་པ། སྒོ་གསུམ་ཞི་ཞིང་དུལ་བ། མཆེད་གྲོགས་དང་ཉེ་འཁོར་ལ་བཤེས་པའི་ཁོང་ཡངས་པ་དང༌། ཞིང་དག་པ་ལ་གཏོང་ཕོད་ཆེ་བ། དག་སྣང་དང་ཁྲེལ་ཡོད་པ་དང་ལྡན་པར་བྱའོ། །བླ་མའི་ཐུགས་ཟིན་པའི་ཐབས་ཀྱིས་བླ་མ་དེའི་ཐུགས་ཤིན་ཏུ་བསྲུང་བས་བུ་མཛངས་པ་ལྟ་བུ་དང༌། དགོས་དབང་གིས་བཀའ་བཀྱོན་དྲག་པོ་ལན་མང་མཛད་ཀྱང་དེ་དག་ལ་མི་ཁྲོ་བ་རྟ་མཆོག་བཞིན་དང༌། བླ་མའི་དགོས་པ་བསྒྲུབ་ཕྱིར་གྲུ་ལྟར་ཉེ་རིང་གང་དུའང་འགྲོ་འོང་ཇི་ལྟར་བྱེད་པའི་གནས་ལ་སྐྱོ་བ་སྤང་བ་དང༌། ཟམ་པ་ལྟ་བུར་བསྟོད་སྨད་སྐྱིད་སྡུག་སོགས་རྐྱེན་བཟང་ངན་ཐམས་ཅད་ཐེག་པ་དང༌། བཟོ་སྟེགས་ཏེ་མགར་བའི་འོག་རྡོའམ་ཏི་ཚ་བཞིན་དུ་དབྱར་དགུན་གྱི་ཚ་གྲང་གང་ཡང་བཟོད་པ་དང༌། བཀའ་ཇི་ལྟར་བསྩལ་བ་བཞིན་ཟུར་མ་ཉམས་པར་ཉན་པ་བྲན་ཁོལ་ལྟ་བུ་དང༌། བླ་མ་དང་མཆེད་ལ་བཀུར་ཞིང་ང་རྒྱལ་སྤངས་པ་བཟང་ངན་ཐམས་ཅད་ཕྱགས་པས་ཕྱག་དར་ལྟ་བུ་དང༌། རང་སྐྱོན་ལ་བསམ་སྟེ་དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུས་ཁྱུ་མང་པོ་དག་གི་གྲལ་མཐར་དམན་ས་བཟུང་ནས་བླ་མ་བསྟེན་ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་དག་ལས་གསུངས། རང་ལ་ཟང་ཟིང་གི་འབྱོར་པ་ཡོད་ན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པ་ཉིད་ཡིན་པའི་ཕྱིར་དཀོན་མཆོག་བཞི་པ་བླ་མ་ལ་མཆོད་པ་ཤིན་ཏུ་གཅེས་ཏེ། སངས་རྒྱས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང༌། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་དང༌། གུ་རུ་རིན་པོ་ཆེས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་ན་མེད། །བླ་མ་དཔལ་ཆེན་ཧེ་རུ་ཀཿ ཞེས་སོ། །བར་དུ་བླ་མར་ཞབས་ཏོག་དང་སྲི་ཞུ་བསྒྲུབ་ཕྱིར་ལུས་ཀྱིས་གནས་ཁང་གི་ལས་གང་དགོས་དང༌། བཟོ་དྲུབས་སོགས་ནས་སྟན་འདིང་བ་དང་ཐལ་མོ་སྦྱར་བའི་བར་གྱི་བྱ་བ་ཐམས་ཅད་དང༌། ངག་གིས་བླ་མའི་གསུང་དོན་བཀའ་བཞིན་ཁུར་བ་སོགས་དང༌། གསུང་གི་ཕྲིན་ལས་ཆོས་བཤད་པ་སོགས་བླ་མའི་ཕྱོགས་སུ་བཀོལ་བའི་ལས་མཐའ་དག་ནམ་ཡང་ཆུད་ཟོས་སུ་འགྱུར་བ་མེད་ལ། ཐ་མ་ཟང་ཟིང༌། འབྲིང་ཞབས་ཏོག །རབ་སྒྲུབ་པ་སྟེ་མཉེས་པ་གསུམ་གྱི་ནང་ནས་སྒྲུབ་པ་ནི་མཆོག་གོ །དགེ་བའི་བཤེས་གཉེན་དམ་པ་རྣམས་ནི་རང་དོན་གྲུབ་ཟིན་ནས་གཞན་དོན་བྱེད་པའི་སྐབས་སུ་བབ་པ་ཡིན་པས། མོས་སྣང་མཛད་སྤྱོད་སྣ་ཚོགས་སྟོན་པ་གང་ལ་ཡང་རྒྱལ་བའི་མཛད་པ་བསམ་གྱིས་མི་ཁྱབ་པར་ཤེས་ནས་ལོག་པར་མི་བལྟ་སྟེ། འཕགས་པའི་ཡུལ་གྱི་དབང་ཕྱུག་ས་ར་ཧ་སོགས་ཕལ་མོ་ཆེ་རྣམས་རིགས་འཆོལ་ཤིང་གཙང་བཙོག་སོགས་གདོལ་སྤྱོད་མཁན་དུ་སྣང་བ་དང༌། གཡུང་པོ་སྟེ་བྲན་གཡོག་ཞོ་ཤས་འཚོ་བ་དང༌། གཞན་ཡང་རྔོན་པ་ཉ་པ་སོགས་སྡིག་སྤྱོད་ཕལ་པའི་ཚུལ་ལྟར། ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་སྟོན་པ་ཡོད་ཀྱང༌། དེ་དག་གི་ཐུགས་ལ་འཁྲུལ་པ་མི་མངའ་ན་མཛད་པ་རྣམས་ཀྱང་དོན་ལ་ཕྱིན་ཅི་ལོག་མི་སྲིད་དོ། །གལ་ཏེ་དེ་ལྟར་ཡིན་ཀྱང་རང་གི་ཉེར་ལེན་རྣམས་ཐར་སྒོ་གསུམ་དུ་མ་གྲོལ་ཞིང༌། སྣང་བ་དག་པ་རབ་འབྱམས་སུ་མ་གྲོལ་བས་དབང་དུ་མ་གྱུར་པར་དྷ་དུ་ར་ཟོས་པའི་སྣང་བ་ལྟར་འཁྲུལ་པ་ཆེ་བས་བླ་མ་ལ་སྐྱོན་དུ་བརྟགས་པའི་ཉེས་པ་ནི་ཚད་གཞལ་དུ་མེད་དེ། སྡེ་སྣོད་བཅུ་གཉིས་པོ་ཀུན་བློ་ལ་ཆུབ་པ་ཡི། དགེ་སློང་སྐར་བཟང་ངམ་ལེགས་པའི་སྐར་མ་ལོག་ལྟའི་སྡིག་པའི་མཐུས་བཏབ་ནས། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་ལའང་གཡོ་སྒྱུར་མཐོང་བའི་ཚུལ་ལ་ལེགས་པར་བསམ་ནས་མ་དད་པ་ཅུང་ཟད་སྐྱེས་པ་ལའང་རང་གིས་རང་ཉིད་འཆོས་ནས་བཤགས་དགོས་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། གལ་ཏེ་རྨི་ལམ་ནང་དག་ཏུ། །བླ་མའི་སྐྱོན་དག་མཐོང་གྱུར་ན། །སད་མ་ཐག་ཏུ་བཤགས་པ་བྱ། །གལ་ཏེ་བཤགས་པ་མ་བྱས་ན། །འདིར་ཡང་མནར་མེད་རྒྱུ་འཕེལ་འགྱུར། །ཞེས་སོ། །གལ་ཏེ་བླ་མ་ཐུགས་སྡང་བཞེས་པས་བཀའ་བཀྱོན། དྲག་ཤུལ་སོགས་ཀྱིས་གཤེ་བར་མངོན་པར་གྱུར་ན། བདག་རྒྱུད་ལ་རྟོག་པ་ངན་པའམ་སྤྱོད་ངན་གང་རུང་གི་སྐྱོན་གཟིགས་ནས་སྤྱོ་བའི་ཚུལ་གྱིས་འདུལ་བ་ཡི་དུས་ལ་བབ་པར་གྱུར་ཏོ་ཞེས་རིག་ཅིང་ཤེས་པར་བྱས་ནས་བཤགས་སྡོམ་དྲག་པོ་ལ་འབད་པ་ལས་བླ་མའི་སྐྱོན་དུ་བལྟ་བར་མི་བྱའོ། །བླ་མའི་མཛད་པ་ཅང་ཤེས་པའི་སྐྱེས་བུ་དེ་ནི་བདུད་ཀྱི་དབང་དུ་མི་འགྲོའོ། །སྤྱོད་ལམ་གྱིས་ཀྱང་བླ་མ་བཞེངས་པའི་ཚེ་སྟན་ལ་དེ་མ་ཐག་ལྡང་བ་ལས་འདུག་པ་མིན། བཞུགས་པའི་དུས་སུ་བསྙུན་འདྲི་དང་ཐུགས་ལ་འཐད་པའི་ཉེར་སྤྱོད་དབུལ། གཤེགས་པའི་ཚེ་ན་ཕྱག་དར་སོགས་དྲིས་ཆག་ཆག་གདབ་པ་དང༌། དར་ལམ་སོགས་བྱ་བ་དང༌། བཞོན་པ་འབུལ་བ་དང༌། རང་ཞབས་འབྲིང་ལ་འགྲོ་ཚེ་སྔོན་ནས་མིན་ལ། རྒྱབ་བསྟན་མི་རུང་ཞིང༌། རྗེས་ནས་མིན་ལ་ཞབས་རྗེས་འགོམ་པ་དང༌། གཡས་ནས་གྲལ་འགོ་ཡིན་པས་མིན་ལ་གཡོན་ཕྱོགས་ནས་འགྲོ་བར་བྱའོ། །བཞུགས་པའི་སྟན་དང་བཞོན་པ་སོགས་ལ་སྨད་པ་འགོམ་པ་དང་གསུང་ལ་མི་སྙན་སོགས་སྨྲ་བ་རྣམས་དང༌། སྐུ་གྲིབ་འགོམ་པ་སོགས་བསོད་ནམས་ཉམས་པའི་རྒྱུ་ཡིན་ལ། གཞན་ཡང་བཞུགས་པའི་སྒོ་འཕར་དབྱེ་གཅོད་སྐབས་དྲག་ཏུ་བརྡེག་པ་དང༌། རྒྱན་འདོགས་པ་སོགས་སྒེག་ཆོས་ཀྱིས་དྲུང་དུ་འགྲོ་བ་དང༌། ངོ་འཛུམ་གནག་པ་དང༌། རྫུན་དང་བབ་ཅོལ་གྱི་བྱ་བ་དང༌། བཞད་གད་འབྲེལ་མེད་ཀྱི་གཏམ་སྣ་ཚོགས་སྨྲ་བ་སྤངས་ལ། ལུས་གུས་པ་དང་སེམས་འཇིགས་པ་དང་བཅས་པས་མ་ཡིན་པར་ཕལ་པའི་དྲུང་ན་གནས་པ་ལྟར་ཇི་མི་སྙམ་དུ་ལྟ་བ་སྤངས་ལ། དམན་པ་དང་བཅས་སྒོ་གསུམ་ཉེ་བར་ཞི་ཞིང་དུལ་བས་བསྟེན་པར་བྱའོ། །བླ་མ་ལ་ངག་གིས་སྨོད་ཅིང་གཤེ་སྐུར་འདེབས་པ་དང༌། སེམས་སྡང་ཞིང་མི་དགའ་བའི་གང་ཟག་གིས་རང་ལ་ནོར་སྟེར་བ་དང༌། སྙན་སྨྲ་སོགས་ཅི་བྱས་ཀྱང་དེ་ལ་བཤེས་པར་མི་བྱ་སྟེ། བློ་དང་མཐུན་པའི་ཚིག་གིས་བཟློག་པའམ་སྐུ་དགྲ་དངོས་ཡིན་ནི་ནུས་པ་དང་དྲག་ཤུལ་གྱིས་དེ་བཟློག་ཅིང༌། གལ་ཏེ་དེ་འདྲ་མ་ནུས་ཀྱང་བག་ཕེབས་ཏེ་གཏམ་ཙམ་ཡང་མི་སྨྲ་ལ། སྨྲ་ན་བདུད་དང་སྡིག་པའི་གཞན་དབང་ནི་ལྷག་པར་མཐུ་ཆེ་བས་དམ་ཚིག་སྐྱོན་ཅན་བྱེད་དེ་ཟླས་ཉམས་ཞེས་བྱའོ། །དེ་ལྟ་བུ་དང་འགྲོགས་པའི་ཉེས་པ་ནི། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། །ཞི་བའམ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་བའམ་རྣ་ཆ་རྟག་ཏུ་དྲན་པ་དང་ལྡན་པས་ལག་པས་དགབ་པར་བྱ། །བསྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲིས་འགྱུར་ན། །ངན་སོང་དག་ཏུ་འཚེད་པར་འགྱུར། །ཞེས་སོ། །བླ་མའི་ཐུགས་དང་འཁོར་སློབ་སོགས་ལ་ཆགས་སྡང་མི་སློང་ཞིང་ཀུན་གྱི་ཁུར་དུ་མི་འགྲོ་བས་འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང༌། ཆེ་ཆུང་མཐོ་དམན་ཀུན་གྱི་ཡིད་དང་མཐུན་པར་འཇུག་པ་བདེ་བ་ལན་ཚྭ་ལྟ་བུ་དང༌། སྐྱོ་སུན་དང་ལོག་སྒྲུབ་གང་ལ་ཡང་བཟོད་སྲན་ཆེ་བ་ཀ་བ་ལྟ་བུ་ཡིས། །བླ་མའི་འཁོར་དང་སྦྱིན་བདག་དང་རྡོ་རྗེའི་སྤུན་རྣམས་ལ་བསྙེན་བཀུར་བྱའོ། །མེ་ཏོག་དང་རྩྭ་ལྡུམ་སོགས་ཀྱིས་ཁེབས་པའི་རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་རྣམས་སྤྱོད་ལམ་འཇམ་པོས་རྩྭ་ལྡུམ་སོགས་ཀྱི་རོ་མྱང་བ་དང༌། བུང་བས་མེ་ཏོག་གི་ཁ་དོག་དྲི་ལ་མི་གནོད་པར་བཅུད་ལ་རོ་མྱང་བ་བཞིན་དུ་ཆོས་ཀྱི་མཛོད་ལྡན་དགེ་བའི་བཤེས་གཉེན་རྣམས་དང་རྟག་ཏུ་འགྲོགས་ཤིང་བསྟེན་པའི་ཚེ་གོང་དུ་བཤད་པའི་སྤང་བླང་གི་སྤྱོད་པ་ལ་གནས་པ་ནི་ངོ་མཚར་ཅན་ཞེས་སྨོན་པའོ། །སེམས་ལ་སྐྱོ་ཞིང་ལུས་ལ་ངལ་བ་མེད་པའི་སྒོ་ནས་བླ་མའི་ཐུགས་ལ་མི་འཐད་པ་ཅུང་ཟད་མེད་པར་བཟུང་ནས། དེ་ཡང་དད་པའི་ཉེ་བར་ལེན་པ་ཁོ་ནའི་དབང་གིས་ཐུགས་རྒྱུད་རྟོགས་པའི་ཡོན་ཏན་གྱི་རོ་མྱང་བར་བྱའོ། །ཐེག་ཆེན་བཤེས་གཉེན་དེའི་མཛད་པ་ཐམས་ཅད་བྱང་ཆུབ་ཏུ་འཇུག་པའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ངོ་བོར་མ་གྱུར་པ་མེད་པས་ཐབས་ཤེས་ཁྱད་པར་ཅན་གྱི་ལམ་དེ་ལ་ངེས་པར་ཞུགས་པ་ཡི་སྐྱེས་བུ་དམ་པ་མཆོག་གི་བསོད་ནམས་ཀྱི་ཚོགས་མཆོད་སྦྱིན་རྟེན་བཞེངས་འཆད་ཉན་སོགས་ཐབས་ཁྱད་པར་ཅན་གྱིས་ཟིན་པ་དང༌། ཡེ་ཤེས་ཀྱི་ཚོགས་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱི་རྒྱས་ཐེབས་པའི་གནས་ལུགས་ལ་འཇོག་པ་སོགས་ཅི་དང་གང་མཛད་པ་དེ་དག་གི་ཁྲོད་དུ་ལོངས་སྤྱོད་དང༌། ལུས་ངག་གིས་གྲོགས་བྱེད་པ་དང་མཉམ་དུ་སྒོམ་པ་སོགས་གང་བྱེད་ནའང་དོན་མཐུན་གྱི་སྤྱོད་པ་ཡིན་པས་ཚོགས་མཉམ་རྫོགས་སུ་འགྱུར་བ་དང༌། ཐ་ན་མངག་གཞུག་དང་བང་ཆེན་དུ་ཕྱིན་པ་དང༌། གནས་ཁང་གི་ཕྱག་དར་བྱས་པ་ཚུན་ཆོད་ཀྱང་ངལ་བ་དོན་མེད་མིན་ལ། རྣམ་གྲོལ་གྱི་འབྲས་བུ་དང་བཅས་པ་ཚོགས་རྫོགས་ཀྱི་ལམ་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་ཡིན་པ་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང༌། ཚོགས་ཀྱི་ཞིང་ཞི་ཁྲོ་གང་གསལ་བ་ཐམས་ཅད་བླ་མའི་ཐུགས་ཀྱི་རོལ་པར་བལྟས་ཏེ་བསྒྲུབ་པའི་རྣལ་འབྱོར་ཕྱི་ལྟར་བསྒྲུབ་པ་དང༌། རྒྱུད་དག་བྱེད་སྤྱི་བོར་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་དུ་བསྒོམ་པ་ནང་ལྟར་བསྒྲུབ་པ་སྟེ་གཉིས་དང༌། བྱིན་རླབས་གཅིག་ཆར་དུ་འཇུག་ཕྱིར་སྙིང་ཁར་བསྒོམ་པ་གསང་བ་ལྟར་སྒྲུབ་པ་དང༌། གཉུག་མའི་ཕུང་པོ་སོགས་དང་བླ་མའི་གསང་གསུམ་དབྱེར་མེད་པའི་རོལ་པ་ཡི་དམ་གྱི་རྣམ་རོལ་དུ་བཞེངས་པའི་བསྐྱེད་རིམ་བསྒོམ་པ་ཡང་གསང་བ་ལྟར་བསྒྲུབ་པ་དང༌། དེ་ཐམས་ཅད་ཀྱི་རྗེས་སུ་ཐུགས་ཡིད་བསྲེ་ཞིང་ཡེ་ཤེས་ཆོས་ཉིད་འོད་གསལ་བ་བསམ་གྱིས་མི་ཁྱབ་པའི་དོན་ལ་ནམ་ཡང་འབྲལ་མེད་དུ་འཇོག་ཅིང་བླ་མའི་ཐུགས་སྤྲོས་བྲལ་གནས་ལུགས་ཀྱི་དོན་བསྒོམ་པ་དེ་ཁོ་ན་ཉིད་སྒྲུབ་པ་རྫོགས་རིམ་ཏེ། དེས་ན་བསྒྲུབ་བྱའི་ངོ་བོ་ཐམས་ཅད་བླ་མ་བསྒྲུབ་པ་འདིར་འདུས་པ་ཡིན་པས་ན། ཐེག་ཆེན་མདོ་སྡེ་ཐམས་ཅད་ནས་སྟོན་པའི་འདུ་ཤེས་བསྐྱེད་དགོས་པར་བསྟན་ཅིང༌། རྒྱུད་ཀུན་ནས་ཀྱང་སངས་རྒྱས་ཉིད་དུ་བསྟན་ཏེ། ཕྱག་རྡོར་དབང་བསྐུར་རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟར་བལྟ་བ་དེ་བཞིན་དུའོ། །ཞེས་དང༌། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། བླ་མ་བསྒོམས་ན་ཆོས་སྐུ་བསྒོམ། །ལྷ་སྐུ་འབུམ་ཕྲག་སྟོང་བསྒོམས་པས། །བསོད་ནམས་ཆར་ཡང་དེ་མི་ཕོད། །དེ་ཕྱིར་དཀར་པོའི་ཆོས་སྤྱོད་རྣམས། །ཉན་བཤད་བསྒོམ་དང་འཛིན་པ་དང༌། །མཆོད་གཏོར་ལ་སོགས་གང་བྱེད་ཀྱང༌། །སྔོན་དུ་འགྲོ་བའི་ལས་ཡིན་པས། །བླ་མ་དུས་གསུམ་སངས་རྒྱས་དཔལ། །ཞེས་སོ། །དེ་ལྟར་མི་ཤེས་པའི་རྨོངས་པ་ཕལ་ཆེར་བླ་མའི་སྐུའི་གཟུགས་བརྙན་འདྲི་ཞིང་བསྒོམ་པ་སོགས་བྱེད་ནའང༌། དངོས་སུ་བཞུགས་པ་ལ་དད་མོས་ལོངས་སྤྱོད་སོགས་ཀྱི་རིམ་གྲོ་བགྱི་བ་མེད་ཅིང༌། གཤེགས་པའི་ཚེ་གྲགས་འདོད་ཀྱིས་ཕྱི་རྟེན་གསེར་དངུལ་སོགས་ལ་བྱེད་པ་ལྟ་སྤྱོད་འཛོལ་བའི་བྱ་བ་དང་གནས་ལུགས་ཟབ་མོ་བསྒོམ་པ་ཡིན་ཟེར་ཞིང༌། བླ་མའི་ཐུགས་ཀྱི་གསང་བ་སྒོམ་ཡེངས་དང་བྲལ་བ་མི་ཤེས་པར་གླེན་སྒོམ་དངོས་ཞེན་ཅན་ལ་བློ་གཏད་འཆའ་བ་རྣམས་ཀྱིས་སྒྲུབ་བྱེད་འཇིག་རྟེན་པའི་བློ་རྟོག་དང༌། བསྒྲུབ་བྱ་བློ་ལས་འདས་པའི་ཡེ་ཤེས་སུ་བསྒྲུབ་པ་ནི་རྒྱུ་འབྲས་འགལ་བ་ཉོན་རེ་མོངས་ཏེ་དག་སྣང་དང་འདུན་པ་མོས་གུས་རྣམས་ད་ལྟ་མེད་བཞིན། ཕྱི་མ་བར་དོར་མཇལ་དུ་རེ་བ་ནི་ཤིན་ཏུ་ངོ་མཚར་བའི་གནས་སོ། །དང་པོ་བསྟེན་པར་འདོད་པའི་བླ་མ་དེ་ཐག་རིང་ནས་རྣམ་ཐར་འདྲི་ཞིང་རྟོག །དེ་ནས་ཉེ་མ་རིང་དུ་མཛད་སྤྱོད་ལ་བརྟགས། དེ་ནས་སྤྱོད་ལམ་བསྲེས་ཤིང་ཤིན་ཏུ་བརྟགས་པ་ལ་མཁས་པ་དང༌། བར་དུ་བླ་མ་དེ་བཟང་ངན་གང་ལྟར་ཡང་རང་གི་རྒྱུད་ལ་བརྟགས་ཤིང་བསྟེན་པ་ལ་མཁས་པ་དང༌། ཐ་མར་གདམས་ངག་རྙེད་ནས་དགོངས་སྤྱོད་ཐོས་བསམ་སྒོམ་གསུམ་སོགས་བསླབ་པ་ལ་མཁས་པ་ཡི། སྐྱེས་བུ་དེ་ནི་གེགས་དང་གོལ་ས་བྲལ་བའི་ཡང་དག་མྱང་འདས་ཀྱི་ལམ་དུ་འགྲོ་བར་འགྱུར་རོ། །ལམ་ཡང་དག་པ་བསྒྲུབ་པའི་དུས་གང་གི་ཚེ་ཞི་བ་མྱང་འདས་ཕྱོགས་ལ་སྡང་བའི་འབྱུང་པོ་བདུད་དང་ལྷ་མིན་གྱི་རིགས་སུ་གཏོགས་པ་ཡི་བསམ་པ་ཅན་རྣམས་སྐྱེས་བུའི་གཟུགས་གྲོགས་མཛའ་བཤེས་བཤེས་གཉེན་སོགས་སྣ་ཚོགས་སུ་འོངས་པ་དག་གིས་སྡིག་ཐབས་བསྒྲུབ་པ་དང༌། གཞན་བསླུ་འདོད་ཀྱི་གཡོ་དང་སྒྱུས་སྤྱོད་ཅིང་གནས་པ་སོགས་ནག་པོའི་ཆོས་ལ་བརྟེན་པ་དང༌། དམ་པ་དམོད་ཅིང་གཤེ་སྐུར་འདེབས་པ་སོགས་དཀར་པོའི་ཆོས་ལ་སྡང་ཞིང་དེ་ལ་ཇི་ཙམ་འགྲོགས་བཞིན་སྡིག་པ་མི་དགེ་བའི་སྤྱོད་པ་སྣ་ཚོགས་པའི་འཐོར་རླུང་འཚུབས་ནས་སྔར་ཡོད་ཐོས་སོགས་དགེ་བའི་ལོ་ཏོག་འཇོམས་ཤིང༌། ཕྱིས་དགེ་བ་མི་སྐྱེ་བར་བྱེད་པའི་སྡིག་གྲོགས་དེ་འདྲ་ལ་བསྟེན་པའི་བློ་གྲོས་བླུན་པོ་དེ། ཕྱི་མའི་གཏན་ཆུས་བརླག་པས་བདུད་སྡེས་བཅོམ་མོ། །རྒྱུ་མཚན་དེའི་ཕྱིར་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསྟེན་པ་དང༌། དེའི་ཡན་ལག་དགེ་བའི་གྲོགས་པོ་བསྟེན་པས། ལུས་སེམས་བདེ་ཞིང་ལུང་རྟོགས་ཀྱི་ལེགས་བྱའི་ཡོན་ཏན་ཐམས་ཅད་མཐོང་བའི་ཆོས་ལ་ཟིན་ཅིང༌། དེ་ལ་རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་རྟག་ཏུ་དགོངས་པ་དང༌། གནས་སྐབས་དང་མཐར་ཐུག་མངོན་མཐོ་ངེས་ལེགས་ཀྱི་ཡོན་ཏན་ཀུན་གྱིས་འབྱོར་ཞིང༌། ཚོགས་གཉིས་རྫོགས་ལ་སྒྲིབ་གཉིས་དག་ནས་དངོས་གྲུབ་རྣམ་གཉིས་འཐོབ་པ་དང༌། ས་བཅུ་ལམ་ལྔའི་ཡོན་ཏན་ཐམས་ཅད་བླ་ནས་བླར་འགྲོ་བས། དད་མོས་སོགས་སྔོན་དུ་འགྲོ་བའི་བླ་མའི་རྣལ་འབྱོར་སྒོམ་ཞིང་མཆོད་བསྟོད་བཟླས་པ་རྒྱུད་བསྐུལ་དབང་ལེན་སོགས་ཀྱི་སྒོ་ནས་བསྒྲུབ་པ་བསོད་ནམས་ཀྱི་ཚོགས་དང༌། དེ་ཐམས་ཅད་ཀྱི་མཐར་ལས་དང་པོ་པ་རྣམས་ཀྱིས་བླ་མའི་ཐུགས་དང་རང་སེམས་རྒྱུད་གཅིག་ཏུ་བསྲེ་ཞིང་དེའི་ངང་མཉམ་པར་བཞག་སྟེ་ཆོས་ཉིད་ཡེ་ནས་རོ་མཉམ་ཤེས་པའི་ངང་རྟག་ཏུ་སྐྱོང་བ་ཡེ་ཤེས་ཏེ། ཚོགས་གཉིས་པོ་དེ་ནི་འབྲས་བུ་སྐུ་གཉིས་ལམ་དུ་བྱེད་པའི་འཐུས་ཀ་ཡིན་པའི་ཕྱིར། བསྐལ་པ་མང་པོར་རྒྱལ་དང་རྒྱལ་སྲས་མང་པོ་ལ་བསྙེན་བཀུར་བྱས་ཞིང༌། བསྐྱེད་རིམ་རང་རྒྱུད་ལ་བརྒྱ་ཕྲག་བསྒོམ་པ་ལས་ཀྱང༌། བླ་མ་ནི་སྐད་ཅིག་དྲན་པ་མཆོག་ཅེས་རྒྱལ་བས་གསུངས་ཏེ། འཁོར་ལོ་བཅུ་པའི་མདོ་ལས། བླ་མ་བསྙེན་བཀུར་བྱས་ན་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་ཡོངས་སུ་འཛིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་དང་རྣམ་པར་འཕྲུལ་པ་ཐམས་ཅད་འདི་ལས་འབྱུང་བར་བལྟའོ། །ཞེས་དང༌། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་གར་ལན་སྟོང་བསྟིམ་བྱས་ན། །བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །ཅེས་པ་ལ་སོགས་པར་གསུངས་སོ། །དམ་ཆོས་ལུང་རྟོགས་བདུད་རྩིའི་རང་བཞིན་ཟབ་རྒྱས་ཀྱི་ཆུ་ཀླུང་དཔག་ཏུ་མེད་པའི་མཛོད་རྒྱ་མཚོ་ལྟ་བུ་དེ། རང་རྒྱུད་ལ་ཤེས་རབ་གསུམ་གྱི་སྒོ་ནས་འདྲོངས་པར་བྱེད་པའི་དམིགས་པ་བཟང་པོ་རྣམས་མ་འཁྲུལ་བར་སྟོན་པར་མཛད་པའི་བླ་མ་བཟང་པོ་མདོ་རྒྱུད་ཀྱི་དོན་ལ་མཁས་པ་དེར་རྟེན་ཅིང་འབྲེལ་བར་གནས་སོ། །ཐབས་བཟང་བ་སྦྱིན་སོགས་སྣང་བཅས་ཀྱི་རིམ་པ་བཀག་པ་རྒྱུད་ལ་བརྟེན་པ་ལས། འདོད་དོན་བདེ་བླག་ཏུ་ཐོབ་པའི་མན་ངག་བསྐྱེད་རྫོགས་ཟབ་མོའི་ཡེ་ཤེས་འཁྱམས་ཏེ་ཉམས་པར་མི་འགྱུར་རོ། །བསམ་པ་ངེས་འབྱུང་བཟང་པོའི་རིག་སྔགས་ནུས་པ་ཅན་དེ་ཡིས་འཁོར་བར་སྐྱོ་བ་མེད་ཅིང་སྲིད་བདེ་ཞེན་པ་མེད་པའི་གདོན་ཆེན་པོ་དེ་ལ་ཐེབས་ན་གང་སྒྲུབ་པ་ཐམས་ཅད་ཐར་པའི་ལམ་རྣལ་མའམ་ཁོ་ནར་འགྱུར་ཏེ། དེ་ལྟར་བཟང་པོ་བཞི་དང་ལྡན་པ་དམ་བཅས་བཞིན་སྒྲུབ་པའི་ལེགས་སྨོན་ཡིན་ནོ། །དེའི་ལྡོག་ཕྱོགས་ནི་རང་ཉིད་ཀྱིས་མིན་པར་དགེ་བའི་བཤེས་གཉེན་ལ་སོགས་པས་ཆོས་སྒོར་ཞུགས་བཅུག་སྟེ་དབང་མེད་དུ་ངུར་སྨྲིག་སོགས་རྟགས་བླངས་ཀྱང༌། ཐོས་བསམ་ཅུང་ཟད་བཏབ་པའི་མོད་ལ་ཆོས་ཀྱིས་སུན་པ་དང༌། གལ་ཏེ་དེ་ལྟར་མ་གྱུར་ཀྱང་རྙེད་བཀུར་སོགས་ཚེ་འདི་འབའ་ཞིག་སེམས་པའི་ཀུན་སློང་དུག་ཅན་འདྲེས་པའི་སྒོ་ནས་ལྟར་སྣང་དུ་ཐོས་བསམ་སྒོམ་པ་ཇི་ལྟར་བྱས་ཀྱང་འཁོར་བའི་རྒྱུ་འབའ་ཞིག་ལས་ཐར་ལམ་དང་འགལ་ཞིང༌། ཆོས་ལས་བློ་ཉམས་ཤིང་བླ་མ་མཆེད་གྲོགས་སོགས་ཀྱི་བཀའ་གཅོག་མ་ནུས་ནས་བསྲུང་སྡོམ་བཙན་པོའི་འུ་ལག་ལྟར་ཁུར་དུ་སོང་ཞིང༌། ཆོས་བརྒྱད་ཀྱི་རྟོག་པ་ངན་པས་བསླངས་ཏེ་བསྟན་འགྲོའི་དོན་ལྟར་སྣང་བའི་བྱ་བ་ཅི་བྱེད་ཀྱང་དྲང་སྲོང་ནུས་པ་ཅན་གྱི་དམོད་པས་ཆར་གྱི་རྒྱུན་གཅོད་པ་སོགས་དགེ་ལེགས་ཀྱི་སྣང་བ་ཉམས་པར་བྱེད་པ་བཞིན་རང་རྒྱུད་ཀྱི་ཐེག་ཆེན་གྱི་བརྟུལ་ཞུགས་འཁྱམས་ཏེ་ཉམས་པ་ཡིན་ནོ། །དེས་ན་དེ་དག་ནི་ལེགས་སྨོན་དཀའ་ཐུབ་སྟོན་ཟླ་ལྟ་བུ་བཤིག་པའི་རྙོག་པ་སྒྲ་གཅན་གྱི་གདོང་པ་ལྟ་བུ་ཡིན་ནོ། །བདག་ཅག་གི་སྟོན་པས་བློ་རིགས་གསུམ་ལ་དགོངས་ནས་སྐྱེས་བུ་གསུམ་གྱི་ལམ་བསྟན་པ་གང་ཉམས་སུ་བླངས་ཀྱང་རང་རང་གི་ཐད་ཀ་ཐད་ཀའི་ཉོན་མོངས་པའི་དུག་ཆེན་གསུམ་མམ་ལྔའི་གཉེན་པོར་ཆེ་བར་ཡིན་ཏེ། ཉོན་མོངས་པའི་གཉེན་པོར་མི་འགྲོ་བའི་ལམ་དེ་ནི་ནང་པ་སངས་རྒྱས་པའི་ལམ་མ་ཡིན་ནོ། །དེ་ལས་ལྡོག་པ་སྐྱེས་བུ་ཆུང་ངུའི་ལམ་གྱིས་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཀྱིས་ངན་འགྲོར་འཕེན་པ་ཤེས་ནས་རེ་ཞིག་ཉོན་མོངས་དྲག་པོས་མི་དགེ་བའི་ལས་བསགས་པ་སྤོང་བ་དང༌། འབྲིང་གིས་སྲིད་པའི་སྡུག་བསྔལ་གྱི་རྩ་བ་རྒྱུ་ངར་འཛིན་ཡིན་པ་ཤེས་ནས་དྲུང་ནས་འབྱིན་པའི་ཚུལ་གྱིས་ཉོན་མོངས་སྤོང་བ་དང༌། རབ་ཀྱིས་ཉོན་མོངས་རང་བཞིན་མེད་པར་ཤེས་ནས་སྦྱོང་བའམ་བསྐྱེད་རྫོགས་ཟབ་མོས་ལམ་དུ་ཁྱེར་བའམ་རང་གྲོལ་དུ་གཏོང་བ་སྟེ། དེ་ལྟར་ལམ་རྣམ་པ་གསུམ་གྱི་གང་ཉམས་སུ་བླངས་ཏེ་ཐབས་ཀྱི་ཤིང་རྟར་འཛེགས་ལ་སྔོན་བསགས་ཀྱི་རྗེས་སུ་མི་དཔྱོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་རིག་པ་རྐྱེན་ཡུལ་དུ་མ་སོང་བར་བྱ་བ་སྤང་གཉེན་མཉམ་པ་ཉིད་དུ་ལ་བཟླ་བ་སྟེ་དུས་བཞིར་རྟག་ཏུ་སྐྱོ་བ་མེད་པར་ཉམས་སུ་བླངས་པས། ཚོགས་དྲུག་གི་ཡུལ་གྱི་སྣང་བ་མཐའ་དག་ཆོས་ཀྱི་ཚིག་དོན་ལ་སེམས་པ་དང༌། བླ་མས་མན་ངག་བསྟན་པ་ལྟར་མི་རྟག་པ་དང༌། ངེས་འབྱུང༌། སྙིང་རྗེ། མོས་གུས་སོགས་ཀྱི་རྐྱེན་དུ་ཤར་ནས་རྣམ་མཁྱེན་ཡེ་ཤེས་ཀྱི་རྒྱུར་སོང་བ་ནི་ལེགས་སྨོན་གྲུབ་པ་ཡིན་ནོ། །དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང༌། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཞེས་གསུངས་པ་ལྟར་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་དགའ་བ༡་དང༌། མི་ཁོམ་པའི་གནས་བརྒྱད་ལས་དལ་བས་རྟེན་མཆོག་ཡང་དག་མཐོ་བ༢་དང༌། ལུས་ལ་ནད་མེད༣་ཅིང༌། སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་༤དང༌། ཚིག་དོན་རྣམ་འབྱེད་ཤེས་རབ༥་སྟེ་ལྔ་པོ་ཚང་བ་ནི། སྔོན་ཆད་བསོད་ནམས་ཆེན་པོ་ལ་གུས་ཤིང་བར་མ་ཆད་པའི་མངོན་རྟགས་ཚེ་འདིར་སྣང་བ་ཡིན་ནོ། །དགེ་སྡིག་གི་བླང་དོར་ཅུང་ཟད་རེ་ཐོས་བསམ་གྱིས་ཤེས་ཀྱང་རང་རྒྱུད་ལ་མ་བསྒོམ་པས་ནི་རིག་པ་དེ་འཇོམས་ཤིང་འོང་བ་དང༌། གཟུགས་རིགས་ཐོས་པ་སོགས་ཀྱིས་ཁེངས་ཤིང་རྒྱགས་པ་རྒྱས་པས་ཐོས་བསམ་དང༌། བསླབ་གསུམ་གྱི་དཔལ་འབྱོར་སོགས་རྒྱུད་ལ་མི་ཆགས་པར་དགེ་ཕྱོགས་ཐམས་ཅད་འཇོམས་ཤིང་འོང་ལ། ཁྱད་པར་དུ་རྣམ་པར་སྡང་བས་ལེགས་ཚོགས་ཐམས་ཅད་འཇོམས་ཤིང་འོང་སྟེ། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །ཆགས་པས་ཚུལ་ཁྲིམས་ཉམས་ནས་ཡང་དག་མཐོ་བ་ལྷ་མིའི་གནས་ཙམ་ཐོབ་པ་ཡང་འཇོམས་ཤིང་འོང་བ་བཤད་དོ། །རྒྱུ་མཚན་གང་གི་ཕྱིར་ལྷ་ཆོས་སོགས་ཀྱི་རྟེན་མི་ལུས་ཐོབ་པ་དེ་ཡང་ལས་དང་ཉོན་མོངས་སྒོ་གསུམ་གྱི་སྡིག་པ་ཡིས་རྒྱུད་རྣམ་པར་དཀྲུགས་པ་མ་ཡིན་པའི་བློ་གྲོས་ཏེ་རང་སེམས་བཟང་པོ་ནི། ད་ལྟ་སྤང་གཉེན་ལ་དཔྱོད་པའི་ཤེས་རབ་ཀྱི་མཐུ་རང་བཞིན་དགེ་བའི་ངང་ཚུལ་དང་དམ་པའི་ཆོས་ཀྱི་སྐལ་པ་ཐོབ་པས་སྒོ་གསུམ་ལས་སུ་རུང་བར་བཀོལ་ཐུབ་པ་ལ་སོགས་པའི་ཡོན་ཏན་ནི། སྔོན་བསོད་ནམས་བསགས་པའི་རྟགས་སུ་མདོ་སྡེ་རྒྱན་ལས་བཤད་དེ། དེ་ཡང་ཇི་སྐད་དུ། དགའ་དང་དལ་བར་སྐྱེ་བ་དང༌། །ནད་མེད་པ་དང་ཏིང་འཛིན་དང༌། །རྣམ་པར་འབྱེད་པའི་བྱེད་རྒྱུ་ནི། །སྔོན་ཆད་བསོད་ནམས་བསགས་པ་ཡིན། །ཞེས་སོ། །ཆོས་ཐམས་ཅད་ལ་དམིགས་ཏེ་སེམས་བསྐྱེད་ཅིང་དམ་བཅས་པའི་གོ་ཆ་སྲོག་ལ་བབ་ཀྱང་མི་གཏོང་བས་རྣམ་པར་སྲ་ཞིང༌། དེ་ཡང་ཟབ་རྒྱས་ཆོས་ཁམས་རྒྱ་མཚོ་ལྟ་བུའི་དོན་རྣམས་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སྒོམ་པས་ཉམས་སུ་ལེན་པར་བྱེད་པ་ལ། དཔེར་ན་དབང་པོའི་མཚོན་ཆ་གཞུ་ནི་གྱད་སྟོབས་པོ་ཆེས་ཀྱང་བདུངས་བར་བློ་ཡི་སྤོབས་སམ་མི་སྤོབས་སྙམ་པའི་ཐེ་ཚོམ་མེད་པར་སྙིང་སྟོབས་བསྐྱེད་ན་བདུངས་ནུས་པ་ལྟར། ཆོས་དེ་ཀུན་བདག་གི་ཁོང་དུ་ཆུད་ཅིང་ཤེས་པར་བྱས་ནས་ཉམས་སུ་བླང་བར་བྱ་སྙམ་པའི་སྙིང་སྟོབས་ཀྱི་དམ་བཅའ་རིས་སུ་མ་བོར་ཞིང་མེ་ལ་ཤིང་བསྣན་པ་བཞིན་འགལ་རྐྱེན་ཐམས་ཅད་ཀྱང་གཉེན་པོའི་དབང་དུ་གཏོང་བ་སྟེ། རྐྱེན་ངན་ཇི་ལྟར་བྱུང་ཡང་དམ་བཅའ་ཇེ་བརྟན། ཉོན་མོངས་ཇི་ལྟར་བྱུང་ཡང་གཉེན་པོ་ཇེ་བཙན་བྱེད་པ་རྣམས་ནི། ལམ་སྒྲུབ་པ་རྐྱེན་ཁར་མི་འཆག་ཅིང་བཏང་སྙོམས་སུ་མི་ལུས་པར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཕྱིན་དྲུག་སྟེང་དུ་སོན་ཏེ་རྣམ་མཁྱེན་གྱི་རྒྱུར་འགྲོའོ། །དེ་ལྟར་བསམ་པའི་གོ་ཆས་ལམ་སྒྲུབ་པ་དེ་ཡི་མཐུན་ཕྱོགས་སྐྱབས་འགྲོ་ཚོགས་བསགས་སོགས་སྒོ་ཐམས་ཅད་གཅིག་ཏུ་བསྡུས་པ་ཡན་ལག་བདུན་པ་བྱ་བ་དང༌། གཞན་ཡང་ཆུ་གཏོར་དང་གསུར་བསྔོ་ལུས་སྦྱིན་ལ་སོགས་དགེ་ཕྱོགས་སུ་ཡུལ་རྣམས་ལ་ཆེན་པོ་ལྟ་ཅི། ཕྲ་བ་ལའང་ཚོགས་བསགས་པ་དང༌། དེ་བཞིན་དུ་ཐ་ན་རྨི་ལམ་ཡན་ཆད་ཉེས་ལྟུང་ཆུང་ངུ་ལའང་གཉེན་པོས་སྦྱངས་པ་མཐའ་དག་བྱ་བ་ཡིན་པས། དེ་ལྟར་བག་ཡོད་དྲན་ཤེས་ཀྱིས་ལག་པ་འདེགས་ཙམ་བྱེད་པ་དང༌། ཚིག་འབྲུ་གཅིག་སྨྲས་པ་དང༌། རྟོག་པ་གཅིག་ཡན་ཆད་ངོས་ཟིན་པའི་ཐབས་ལ་འབད་དེ་སྤང་བླང་བྱས་ན་ལམ་གྱི་མི་མཐུན་ཕྱོགས་ཀྱིས་གང་ཟག་དེ་ལ་མི་བརྫི་ཞིང༌། ཅི་བྱས་ཐམས་ཅད་ཡང་དག་པའི་ལམ་དུ་འགྲོ་བ་བསོད་ནམས་ཀྱི་ཚོགས་བསགས་པ་དག་ལ་བསྟེན་པར་བྱེད་པ་འདི་ཡིན་པས་གནད་དམ་པའོ། །དེ་ལྟར་འཁོར་ལོ་བཞི་ཡི་དོན་དེ་ཚུལ་བཞིན་ཉམས་སུ་ལེན་པ་ནི་སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་བགྲོད་པའི་དངོས་གཞིའི་སྟེགས་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། འཁོར་ལོ་ཆེན་པོ་བཞིའི་ཚོམས་ཏེ་ལེའུ་ལྔ་པའོ།། །།འདི་ལྟར་སྲིད་པའི་གནས་སུ་ལས་དབང་གིས་རྒྱུ་བའི་འགྲོ་བ་རྣམས་འཇིགས་པ་དུ་མས་མནར་ཏེ། སྤྱིར་ཉན་རང་གི་ལམ་གྱི་མི་མཐུན་ཕྱོགས་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་དང༌། སྒོས་བྱང་སེམས་ཀྱི་ལམ་ཕར་ཕྱིན་གྱི་མི་མཐུན་ཕྱོགས་རང་དོན་ཡིད་བྱེད་ཀྱི་འཇིགས་པ། ཉིང་སྒོས་གསང་སྔགས་ལམ་གྱི་མི་མཐུན་ཕྱོགས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་སྟེ། འཇིགས་པ་གསུམ་གྱིས་དཀྲུགས་ཤིང་སྡུག་བསྔལ་གྱིས་རྟག་ཏུ་མནར་བ་ནི། དཔེར་ན་ཆུ་སྲིན་གདུག་པའི་གནས་ཆུ་ཡི་གཏེར་རྒྱ་མཚོ་ཆེན་པོ་རླབས་ཀྱིས་འཁྲུགས་པ་ལྟ་བུར་བྱིང་བ་ལ། དབང་ཕྱུག་སོགས་འཇིག་རྟེན་པའི་ལྷ་འགའ་ཞིག་སྐྱབས་སུ་བཟུང་ནའང༌། སྐྱབས་ཡུལ་དེ་དག་འཇིགས་པ་ལས་མ་གྲོལ་བས་སྐྱབས་ཡུལ་འཁྲུལ་ལ། དེས་ན་གནས་སྐབས་དང་མཐར་ཐུག་སྐྱོབ་ནུས་ཤིང་སྐྱབས་སུ་བསྟེན་པར་འོས་ངེས་པ་གང་ལ་ཡིད་ཆེས་ཀྱི་དད་པས་སྲོག་གམ་བློ་བརྟན་པའི་སྐྱབས་ཡུལ་གཏན་དུ་མི་བསླུ་བ་ནི། དཀོན་མཆོག་གསུམ་ཞེས་མཚན་སྙན་གྱིས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པའི་གདུགས་དཀར་པོ་ལྟ་བུ་ལ་སྐྱབས་སུ་བསྟེན་པའི་ཚུལ་ནི། སངས་རྒྱས་ཀྱི་བསྟན་ལ་འཇུག་པའི་ཐོག་མ་ཉིད་དུ་འཛིན་དགོས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །ཐར་པ་སྟེ་མྱང་འདས་སུ་འགྲོ་བའི་ལམ་བསླབ་པ་གསུམ་དང༌། སྤངས་རྟོགས་ཀྱི་ཡོན་ཏན་ཀུན་གྱི་རང་བཞིན་བརྟེན་པའི་རྟེན་དང་འཛིན་པའི་སྣོད་དུ་དམ་བཅའ་བར་བྱས་ན་མི་བསླུ་བར་ངེས་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཉིད་དེ། སྐྱབས་སུ་འགྲོ་བ་དེའི་སྔོན་དུ་དད་པ་སྐྱེ་བའི་ཐབས་སྟོན་པ་སངས་རྒྱས་དང༌། དེས་བསྟན་པའི་དམ་ཆོས་དང༌། དེ་འཛིན་པའི་དགེ་འདུན་གྱི་ཡོན་ཏན་ཤེས་པ་ནི་ཤིན་ཏུ་གཅེས་སོ། །སྤྱིར་དཀར་པོའི་ཕྱོགས་ཀྱི་ཆོས་རྣམས་ཀུན་གྱི་རྩ་བ་དད་པ་ཁོ་ན་ཡིན་ཏེ། ཆོས་བཅུ་པ་དང༌། དཀོན་མཆོག་བརྩེགས་པ་རྣམས་ལས་ཕྱོགས་མཐུན་པར། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡི་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་པ་ལྟར་ཡིན་པས་དད་པ་དེ་ནི་འཕགས་པའི་རིགས་སྐལ་པ་དགེ་བ་ཅན་གྱི་སྐྱེས་བུ་རྣམས་ལ་དང་པོ་ཡོད་ཤས་ཆེ་ཡང༌། །ལས་མ་སད་པའི་སྐྱེ་བོ་ཕལ་པའི་སེམས་ལ་མངོན་གྱུར་ལུང་དུ་མ་བསྟན་པ་ལ། མཐོང་ན་མི་མཐུན་པ་མེད་པ་སྟོན་པ་དངོས་སམ་གཟུགས་བརྙན། དགེ་བའི་བཤེས་གཉེན་སོགས་མཐོང་བ་དང༌། སྡེ་སྣོད་བཀླག་པ་ཡི་མོད་ལ་ལུས་ཀྱི་བ་སྤུའི་འཁྲི་ཤིང་གཡོ་ལ། མིག་མཆི་མ་སློང་བཞིན་དད་པ་མངོན་གྱུར་དུ་ལྡང་བ་སློབ་དཔོན་དཔའ་བོ་ལྟ་བུའོ། །དེ་ལའང་ཡུལ་དམ་པའི་ཡོན་ཏན་དང་གསུང་རབ་ཀྱི་ཚིག་དོན་ལ་སྤྲོ་བ་ནི་དང་བའི་དད་པ་དང་པོ་སྐྱེ་བ་སྟེ། དེ་བཞིན་དུ་ཡོན་ཏན་དེ་རྣམས་ཐོབ་པར་འདོད་པ་བུང་བ་མེ་ཏོག་ལ་གདུང་བ་ལྟ་བུ་དང༌། བླང་དོར་སྟོན་བྱེད་བཤེས་གཉེན་དང་བདེན་བཞི་སོགས་ལ་ཡིད་ཆེས་ཤིང༌། སྲོག་ལ་བབ་ཀྱང་བློ་ཁ་ཕྱིར་མི་ལྡོག་པ་སྟེ་དད་པ་རྣམ་པ་བཞི་པོ་དེ་དག་ལས། སྤྱིར་ཐོས་བསམ་དང་སྒོས་སུ་སྐྱབས་འགྲོའི་གནས་སྐབས་འདིར་སྲོག་ལ་བབ་ཀྱང་དཀོན་མཆོག་གསུམ་ལས་བློ་ཕྱིར་མི་ལྡོག་པའི་དད་པ་དགོས་སོ། །དད་པ་དེ་དག་རྒྱུད་ལ་མ་སྐྱེས་པ་སྐྱེ་བ་དང་སྐྱེས་པ་གོང་དུ་འཕེལ་བའི་རྒྱུ་ནི། མང་དུ་ཡོད་ཀྱང་བསྡུ་ན་བཞི་ཡིན་ཏེ། དམ་པ་མཚན་ཉིད་ལྡན་པ་བསྟེན་པ་དང༌། དམ་པའི་གྲོགས་བཟང་དང་འགྲོགས་པ། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ་དང༌། འཁོར་བ་ལ་སྙིང་པོ་མེད་པ་འདི་ཕྱི་གཉིས་ཕུང་གི་ཉེས་དམིགས་བསམ་ནས་ངེས་འབྱུང་གིས་དྲངས་པ་ལས་བཅོས་མིན་གྱི་དད་པ་སྐྱེའོ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ནི་མཐའ་ཡས་ཏེ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་བསྐལ་པ་གངྒའི་བྱེ་མ་སྙེད། །དེ་སྲིད་དུ་ནི་ཚེ་ཡི་ཚད་གྱུར་ནས། །ང་ནི་སངས་རྒྱས་ཀྱི་ཡང་ཡེ་ཤེས་ཀྱི། །སྤུ་གཅིག་བསྔགས་པ་བརྗོད་ཀྱང་མཐར་མ་ཕྱིན། །ཞེས་སོ། །མཐོང་སྒོམ་གྱི་སྤངས་པ་ཡེ་ཤེས་གཉིས་ཀྱིས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་བཅོམ་ཏེ་སྤོང་བའི་ཡོན་ཏན་མཐར་ཕྱིན་པ་ཐོབ་པར་འགྱུར་རོ། །དེ་དག་གི་རྣམ་གྲངས་ཅུང་ཟད་སྤྲོས་ཏེ་འཆད་པ་ལ། མཐོང་སྤང་བརྒྱ་དང་བཅུ་གཉིས་ནི། །ཆགས༡་ཁྲོ༢་ང་རྒྱལ༣་རྨོངས༤་ཐེ་ཚོམ༥། །འཇིག༦་མཐར༧་ལོག་ལྟ༨་ལྟ་མཆོག་འཛིན༩། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན༡༠་པ། །ལྟ་མིན་ལྔ་དང་ལྟ་བ་ལྔ། །མཐོང་སྤང་རྩ་བ་བཅུ་ཡིན་ནོ། །དེ་དག་བདེན་པོ་བཞི་པོ་ལ། །འཇིགས་མཐར་ལོག་རྨོངས་ཐེ་ཚོམ་དངོས། །ཁོང་ཁྲོའི་དབང་གིས་ལོག་པར་འཇུག །ལྷག་མ་རྣམས་ནི་བརྒྱུད་ནས་འཇུག །འདོད་པའི་ཁམས་ན་བཅུ་ཀ་སྟེ། །གཟུགས་དང་གཟུགས་མེད་ཁོང་ཁྲོ་མིན། །དེ་ལྟར་བརྒྱ་དང་བཅུ་གཉིས་སོ། །ཞེས་པས་དང་པོ་མཐོང་སྤང་རྩ་བ་བཅུ་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ་སྟེ་ལྟ་མིན་ལྔ། འཇིག་ལྟ། མཐར་ལྟ། ལོག་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལྟ་བ་མཆོག་འཛིན་ཏེ་ལྟ་བ་ལྔ་དང་བཅུའོ། །དེ་དག་བདེན་པ་བཞི་ལ་ལོག་པར་ཞུགས་ཚུལ་གྱིས་བརྒྱ་དང་བཅུ་གཉིས་ཏེ། འདོད་ཁམས་ན་བདེན་བཞི་རེ་རེ་ལ་བཅུ་ཀ་འཇུག་པས་བཞི་བཅུ། གཟུགས་ཁམས་གཟུགས་མེད་ཁམས་གཉིས་ལ་ཁོང་ཁྲོ་མ་གཏོགས་པ་དགུ་རེ་འཇུག་པས་དགུ་བཞི་སུམ་ཅུ་རྩ་དྲུག་པ་གཉིས་ཏེ་བདུན་ཅུ་རྩ་གཉིས། སྔར་གྱི་བཞི་བཅུ་སྟེ་བརྒྱ་དང་བཅུ་གཉིས་སོ། དེ་དག་ཇི་ལྟར་ལོག་པར་འཇུག་ན། ལྟ་བ་གསུམ་དང༌། ལྟ་མིན་གཉིས་ཏེ་ལྔ་ནི་དངོས་སུ་ལོག་པར་འཇུག་སྟེ། བདེན་པ་དེ་དག་ལ་དམིགས་ནས་འཇིག་ལྟས་བདག་དང་བདག་གིར་བལྟ། མཐར་ལྟས་རྟག་ཆད་དུ་བལྟ། ལོག་ལྟས་མེད་པར་བལྟ། མ་རིག་པས་བདེན་པའི་དོན་མི་ཤེས། ཐེ་ཚོམ་གྱིས་བདེན་ནམ་མི་བདེན་སྙམ་དུ་ཐེ་ཚོམ་ཟའོ། །དེ་དག་ནི་བདེན་པ་དང་བར་དུ་གཞན་གྱིས་མ་ཆོད་པར་འཇུག་པས་ན་དངོས་སུ་ལོག་ཞུགས་ཡིན་ནོ། །ལྟ་མིན་གཉིས་དང༌། ལྟ་བ་གཉིས་ཏེ་བཞི་ནི་བརྒྱུད་ནས་ལོག་པར་འཇུག་སྟེ། བདེན་པའི་དོན་ལྟ་བས་ཇི་ལྟར་བཟུང་བའི་ལྟ་ངན་དེ་ལ་འདོད་ཆགས་ཀྱིས་ཆགས། ང་རྒྱལ་གྱིས་ལྟ་ངན་དེའི་སེམས་ཁེངས། ལྟ་བ་མཆོག་འཛིན་གྱིས་ལྟ་ངན་ལ་མཆོག་ཏུ་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ལྟ་ངན་དེ་དང་འབྲེལ་བའི་སྤྱོད་ངན་ལ་དག་གྲོལ་ངེས་འབྱིན་ཏེ་ལྟ་བ་ནོར་བ་དེ་ལ་ཐར་པའི་ཐབས་ཡིན་པར་བལྟ་བའོ། །འདི་དག་ལྟ་བས་བདེན་པ་ལ་དམིགས་ཤིང༌། འདི་དག་གིས་ལྟ་བ་ལ་དམིགས་པས་བདེན་པ་དང༌། བར་དུ་ལྟ་ངན་དེས་ཆོད་པས་བརྒྱུད་ནས་ལོག་པར་ཞུགས་པའོ། །ཁོང་ཁྲོ་ནི་དབང་གིས་ལོག་ཞུགས་ཡིན་ཏེ། ལྟ་ངན་དེ་རྒྱུད་ན་ཡོད་པའི་དབང་གིས་དེ་དང་མི་མཐུན་པའི་ལྟ་བ་གཞན་ལ་ཁོང་ཁྲོ་བ་སྟེ་འདི་ནི་བདེན་པ་དང་རང་གི་ལྟ་བ་གཉིས་ཀ་ལ་མ་དམིགས་པས་དབང་གིས་ལོག་ཞུགས་ཡིན་ནོ། །འདི་དག་འགོག་ལམ་གཉིས་ལ་ཞུགས་ཚུལ་ལ་ཞིབ་ཆ་ཅུང་ཟད་རེ་ཡོད་ལ། འགོག་པར་བདག་ཆད་ལྟ་དང༌། ལམ་ལ་བདག་ཆད་བྱེད་ཀྱི་ལམ་ཡིན་སྙམ་པའི་ཚུལ་རྣམས་ཤེས་པར་བྱའོ། །སྒོམ་སྤང་བཞི་བརྒྱ་དང་བཅུ་བཞི་ནི། འདོད་ཆགས༡་ཁོང་ཁྲོ༢་ང་རྒྱལ༣་རྨོངས༤། །འཇིག་ལྟ་མཐར་ལྟ་སྒོམ་སྤང་དྲུག །འདོད་པར་དྲུག་ཡོད་གཟུགས་གཟུགས་མེད། །ཁོང་ཁྲོ་མ་གཏོགས་ལྔ་རེ་ཡོད། །དེ་ལ་ས་དང་ཆེ་འབྲིང་གིས། །ཕྱེ་བས་བཞི་བརྒྱ་བཅུ་བཞིའོ། །ཞེས་པས་སྒོམ་སྤང་རྩ་བ་དྲུག་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་ལྟ་བ། མཐར་ལྟ་དང་དྲུག་གོ །དེ་ཡང་འདོད་ཁམས་ན་དྲུག །གཟུགས་ཁམས་གཟུགས་མེད་གཉིས་ན་ལྔ་རེ་སྟེ་ཁམས་ཀྱིས་ཕྱེ་ན་བཅུ་དྲུག་གོ །ཡང་འདོད་ཁམས་ན་དྲུག །བསམ་གཏན་བཞི་རེ་རེ་ན་ལྔ་རེ་སྟེ་ལྔ་བཞི་ཉི་ཤུ། གཟུགས་མེད་བཞི་རེ་རེ་ན་ལྔ་རེ་སྟེ་ལྔ་བཞི་ཉི་ཤུ་བསྡོམས་པས་སའི་སྒོ་ནས་དབྱེ་ན་བཞི་བཅུ་ཞེ་དྲུག་གོ །དེ་དག་ས་ཆེ་འབྲིང་གི་སྒོ་ནས་དབྱེ་ན་བཞི་བརྒྱ་དང་བཅུ་བཞི་སྟེ། སའི་སྒོ་ནས་དབྱེ་བའི་ཞེ་དྲུག་པོ་དེ་རེ་རེ་ལ་དགུ་རེ་ཕྱེ་བས་སམ། ཡང་ན་ཁོང་ཁྲོ་མ་གཏོགས་པའི་ཉོན་མོངས་པ་ལྔ་པོ་ས་དགུ་དང་ཆེ་འབྲིང་ས་དགུས་ཕྱེ་བས་བརྒྱད་ཅུ་རྩ་གཅིག་སྟེ་བརྒྱད་ཅུ་རྩ་གཅིག་ལྔ་བསྡོམས་པས་བཞི་བརྒྱ་དང་ལྔར། འདོད་ཁམས་ཀྱི་ཁོང་ཁྲོ་དགུ་བསྣན་པས་བཞི་བརྒྱ་དང་བཅུ་བཞིའོ། །ཁམས་ནི་གསུམ་སྟེ་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་སོ། །ས་ནི་དགུ་སྟེ། འདོད་ཁམས། བསམ་གཏན་དང་པོ། །གཉིས་པ། གསུམ་པ། བཞི་པ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ཏེ་ཁམས་གསུམ་ས་དགུའོ། །ཆེ་འབྲིང་ནི་འདོད་པའི་འདོད་ཆགས་ལྟ་བུ་ལའང༌། ཆེན་པོའི་ཆེན་པོ། ཆེན་པོའི་འབྲིང་པོ། ཆེན་པོའི་ཆུང་ངུ༌། འབྲིང་པོའི་ཆེན་པོ། འབྲིང་པོའི་འབྲིང་པོ། འབྲིང་པོའི་ཆུང་ངུ༌། ཆུང་ངུའི་ཆེན་པོ། ཆུང་ངུའི་འབྲིང་པོ། ཆུང་ངུའི་ཆུང་ངུ་དང་དགུའོ། །མཐོང་སྒོམ་གྱི་རྟོག་པ་དེ་དག་སྤོང་ཚུལ་ནི། མཐོང་སྤང་ཀུན་བརྟགས་ཡིན་པས་བདེན་བཞི་མཐོང་བ་ཙམ་གྱིས་སྤོང་ལ། སྒོམ་སྤང་རྣམས་ལྷན་སྐྱེས་ཡིན་པས་བདེན་པ་མཐོང་བ་ཙམ་གྱིས་སྤོང་མི་ནུས་ལ། མཐོང་ཟིན་གོམས་པར་བྱེད་པའི་སྒོ་ནས་རིམ་པར་སྤང་དགོས་སོ། །དེ་ཡང་ཐེག་དམན་རྣམས་མཐོང་སྤང་ནི་འདས་ལམ་ཁོ་ནས་སྤང་དགོས་ཀྱང་སྒོམ་སྤང་ནི་འཇིག་རྟེན་པའི་ལམ་གྱིས་ཀྱང་སྤང་ནུས་པས། མཐོང་སྤང་གི་སྔོན་དུ་ཡང་འདོད་པའི་སྒོམ་སྤང་སྤོང་བ་སྲིད་པས་དེ་འདྲ་དེ་ལམ་ཐོད་རྒལ་བ་ཞེས་ཟེར་ཞིང༌། ཕྱིར་འོང་ཞུགས་པ་དང་ཕྱིར་མི་འོང་ཞུགས་པ་གཉིས་ཀ་ཡོད་པར་བཞེད་ལ། རྒྱལ་བ་རྣམས་ནི་ཐབས་མཁས་པའི་དབང་གིས་འཇིག་རྟེན་པའི་ལམ་གྱིས་སྒོམ་ལམ་གྱི་སྤང་བྱ་སྤོང་རྒྱུ་མདོར་བསྟན་པས་ལམ་ལ་བྲོད་པ་སྐྱེ་བའི་དོན་དུ་བསྟན་གྱི། དོན་ལ་འཕགས་ལམ་གྱི་སྤང་བྱ་དྲུངས་ནས་འབྱིན་བའི་གཉེན་པོ་མེད་ཕྱིར། ཐེག་ཆེན་ལྟར་ན་སྒོམ་སྤང་ཡང་འཇིག་རྟེན་པའི་ལམ་གྱིས་སྤང་མི་ནུས་ཏེ་འཇིག་རྟེན་པའི་ལམ་གྱིས་སྤང་བྱ་མགོ་ནོན་པ་ཙམ་ལས། རྩ་བ་དྲུངས་ནས་འབྱིན་མི་ནུས་ཞེས་བཞེད། དེ་ལ་འཇིག་རྟེན་པའི་ལམ་ཞེས་པ་ནི་ཤེས་རབ་ལྷག་མཐོང་དང་མ་འབྲེལ་བའི་བསམ་གཟུགས་ཀྱི་ཏིང་ངེ་འཛིན་རྐྱང་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་ལམ་ནི་བདག་མེད་རྟོགས་པའི་ཤེས་རབ་དང་འབྲེལ་བའི་ཞི་ལྷག་ཟུང་འཇུག་གོ །མཐོང་སྤང་སྤོང་ཚུལ་ཡང་ཐེག་དམན་ལྟར་ན། མཐོང་ལམ་སྐད་ཅིག་མ་བཅུ་དྲུག་ཡོད་པ་ལས། དཔེར་ན་སྡུག་བདེན་མཐོང་བའི་མཐོང་ལམ་སྐད་ཅིག་བཞིའི་དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་འདོད་ཁམས་པའི་སྡུག་བསྔལ་མཐོང་སྤང་བཅུ་སྤངས་བར་ཆད་མེད་ལམ། ཆོས་ཤེས་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ་རྣམ་གྲོལ་གྱི་ལམ། རྗེས་བཟོད་ཀྱི་སྐབས་སུ་གཟུགས་དང་གཟུགས་མེད་ཀྱི་སྡུག་བསྔལ་མཐོང་སྤང་བཅོ་བརྒྱད་སྤངས། རྗེས་ཤེས་ཀྱི་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ། དེ་ལྟར་བདེན་པ་གཞན་གསུམ་ལའང་སྦྱར་བའི་ཉི་ཤུ་རྩ་བརྒྱད་པ་ཚན་བཞི་སྤངས་པས་མཐོང་སྤང་བརྒྱ་དང་བཅུ་གཉིས་སོ། །ཐེག་ཆེན་ལྟར་ན་ཁམས་གསུམ་གྱི་མཐོང་སྤང་རྣམས་གཅིག་ཆར་དུ་དྲིལ་ནས་སྤོང་སྟེ། དེ་ཡང་བདེན་པ་རང་རང་གི་ཆོས་ཤེས་བར་ཆད་མེད་ལམ། སྐབས་ཁོ་ནར་སྤང་བར་འདོད་དོ། །དེས་ན་མཐོང་ལམ་སྐད་ཅིག་བཅུ་དྲུག་པོ་འདི་ལ། ཐེག་དམན་ལྟར་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་རྣམས་ཀྱང་བཞེད་པ་མི་འདྲ་བ་མང་དུ་ཡོད་པར་གསུངས་ལ། ཐེག་ཆེན་ལའང་སློབ་དཔོན་སེང་གེ་བཟང་པོ་ནི། སྤྱིར་ཁ་ཅིག་སོ་སོར་རྟོག་པའི་སྐད་ཅིག་ལ་ལྟོས་ནས་བཅུ་དྲུག་རིམ་གྱིས་འབྱུང་ཞིང༌། དེ་ཁོ་ན་ཉིད་ཀྱི་སྐད་ཅིག་ལ་ལྟོས་ན་སྐད་ཅིག་གཅིག་ཏུ་བཞེད་པ་དང༌། ཡང་ཁ་ཅིག་སོ་སོར་རྟོག་པའི་སྐད་ཅིག་དང་དེ་ཁོ་ན་ཉིད་ཀྱི་སྐད་ཅིག་གཉིས་ཀར་སྐད་ཅིག་མ་གཅིག་ཏུ་བཞེད་པའི་ལུགས་གཉིས་ཡོད་པར་བཤད་ཅིང༌། རང་ལུགས་ལ་སྐད་ཅིག་མ་བཅུ་དྲུག་རིམ་གྱིས་འབྱུང་བར་བཞེད། དེ་ཡང་སོ་སོར་རྟོག་པའི་སྐད་ཅིག་ཅེས་པ་ནི། གཏན་ལ་དབབ་བྱའི་ཡུལ་ལ་ལྟོས་ན། བདེན་པ་བཞི་ཀ་ལ་གཅིག་ཆར་སྒྲོ་འདོགས་ཆོད་པ་མི་སྲིད་པས། བདེན་བཞི་སོ་སོར་སྒྲོ་འདོགས་རིམ་གྱིས་གཅོད་པ་ལ་ལྟོས་ནས་སྐད་ཅིག་བཅུ་དྲུག་ཡིན་ལ། དེ་ཁོ་ན་ཉིད་ཀྱི་སྐད་ཅིག་ཅེས་པ་རྟོགས་བྱ་ཆོས་ཉིད་ལ་དབྱེ་བ་མེད་པས། བདག་མེད་མངོན་སུམ་མཐོང་བའི་སྐད་ཅིག་གཅིག་ཏུ་འདོད་པ་ཡིན་ནོ། །ཀླུ་སྒྲུབ་ཀྱི་ལུགས་མཉམ་གཞག་གི་སྐབས་སུ་ཡེ་ཤེས་སྐྱེ་ཚུལ་དང༌། ཐོག་མེད་ཀྱི་ལུགས་རྗེས་ཐོབ་ཀྱི་སྐབས་ངེས་པ་འདྲེན་ཚུལ་ཡིན་ལ་མི་འགལ་ཞིང༌། ཐེག་ཆེན་མན་ཆད་འདི་གཉིས་ཀྱི་རྗེས་སུ་འབྲང་དགོས་སོ། མཆན། འཕགས་པ་ཐོགས་མེད་ཀྱི་གཞུང་ལས། བདེན་བཞི་སྐད་ཅིག་བཅུ་དྲུག་འདི་ལྟར་བཞེད་དེ། དང་པོ་སྡུག་བསྔལ་ཆོས་བཟོད་ཀྱི་སྐབས་སུ་མཐོང་སྤང་རྣམས་སྤང༌། ཆོས་ཤེས་ཀྱི་སྐབས་སུ་གཉེན་པོ་ཡེ་ཤེས་སྐྱེ། རྗེས་ཐོབ་ཀྱི་ཆོས་བཟོད་ཆོས་ཤེས་ཀྱི་ཡེ་ཤེས་གཉིས་པོ་དེ་ཡང་འཕགས་པའི་ལམ་གྱི་རྟེན་གཞི་ཡིན་ནོ་སྙམ་དུ་ངེས་པར་བྱེད། རྗེས་ཤེས་ཀྱིས་རྗེས་བཟོད་དེ་ཡང་འཕགས་པའི་ལམ་གྱི་རྟེན་གཞི་ཡིན་ནོ་སྙམ་དུ་ཤེས་པའོ། །དེས་ན་ཆོས་བཟོད་ཆོས་ཤེས་གཉིས་ནི་ཡུལ་བདེན་པ་ལ་དམིགས་པས་བཟུང་བའི་ཡུལ་ཡིན་ལ། རྗེས་བཟོད་རྗེས་ཤེས་གཉིས་ནི་ཡུལ་ཅན་ཡེ་ཤེས་ལ་དམིགས་པས་འཛིན་པའི་ཡུལ་ཅན་ཡིན་ནོ་ཞེས་བཞེད། འདིའི་ལུགས་ཀྱིའང་བཅུ་དྲུག་ཏུ་བཞག་པ་རྗེས་ཐོབ་ལ་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱས་ནས་གཅིག་གིས་གཅིག་ལ་བཤད་པ་སོགས།བསྟན་པ་གནས་པ་སྤྲོས་པ་ལ་དགའ་བའི་ཕྱིར་རྣམ་གྲངས་སུ་བཞག་པ་ཙམ་ཡིན་གྱི་མཉམ་བཞག་རང་ངོ་ལ་ལྟོས་ནས་སྤྲོས་མེད་ཀྱི་དབང་དུ་སྐད་ཅིག་མ་གཅིག་གོ་ཞེས་བཞེད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལས་ནི། སྐད་ཅིག་བཅུ་དྲུག་ཏུ་བཞག་པ་ནི། བདེན་བཞི་ལ་སྒྲོ་འདོགས་ཆོད་ཚུལ་གྱི་ཆ་ནས་དབྱེ་བ་ཙམ་སྟེ། དེ་ཡང་ཆོས་བཟོད་ཀྱིས་བདེན་བཞིའི་ཆོས་ཉིད་ལ་ཡིད་ཆེས་ནས་མི་སྐྲག་པའི་བཟོད་པ་ཐོབ། ཆོས་ཤེས་ཀྱིས་བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་མཐོང༌། རྗེས་བཟོད་ཀྱིས་ལམ་རྗེས་ཐོབ་ཀྱི་ཚེ་ཡང་ཆོས་ཉིད་ལ་མི་སྐྲག་པའི་ནུས་པ་ཐོབ། རྗེས་ཤེས་ཀྱིས་ལམ་རྗེས་ཐོབ་ཀྱི་ཚེ་ན་བདེན་བཞིའི་ཆོས་ཉིད་ཇི་ལྟ་བར་ཤེས་པའི་ནུས་པ་ཐོབ་པ་ལ་ལྟོས་ནས་བཞག་པ་ཡིན་ལ། དོན་དུ་ཤེས་བྱའི་ཆོས་ཐམས་ཅད་སྐྱེ་མེད་སྤྲོས་བྲལ་དུ་མཐོང་བའི་སྐད་ཅིག་མ་ལ་དབྱེ་བ་མེད་དེ། མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ཏེ། །བྱིས་པ་རྣམས་ནི་བདེན་པ་བཞི་ཞེས་སྨྲ། །བྱང་ཆུབ་སྙིང་པོར་བཞུགས་ན་བདེན་གཅིག་ཀྱང༌། །གྲུབ་པ་མེད་ན་བཞི་ལྟ་ག་ལ་ཡོད། །ཅེས་གསུངས་སོ། །དེས་ན་མཉམ་བཞག་དང་རྗེས་ཐོབ་ཀྱི་སྐད་ཅིག་གཅིག་ལ་ལྡོག་ཆས་དབྱེ་བ་ཙམ་དུ་བཞེད་དོ། །སྒོམ་སྤང་རྣམས་ནི་ལམ་གོམས་པའི་སྟོབས་ཀྱིས་གཉེན་པོ་སྒོམ་ལམ་ཆུང་ངུའི་ཆུང་ངུ་ནས་རིམ་གྱིས་སྐྱེས་པས། སྤང་བྱ་ཆེན་པོའི་ས་བོན་ནས་རིམ་གྱིས་སྤང་བར་འདོད། དེ་ཡང་མཐོང་སྤང་ཀུན་བརྟགས་དང༌། སྒོམ་སྤང་ལྷན་སྐྱེས་ཞེས་པའི་དོན་ཀུན་བརྟགས་ནི་བདག་ཏུ་ལྟ་བ་དང༌། རྟག་ཆད་དུ་ལྟ་བ་དང༌། ལོག་པར་ལྟ་བ་སོགས་གྲུབ་མཐའ་ངན་པས་བཏགས་པ་རྣམས་ཡིན། དེ་ཡང་ལམ་ངན་པ་ལ་ཞུགས་པའི་གང་ཟག་རྣམས་ལ་མངོན་གྱུར་དུ་ཡོད་ལ། གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ལའང་ས་བོན་ཡོད་དོ། །ལྷན་སྐྱེས་ནི་ཡེ་ནས་རང་རྒྱུད་ལ་ཡོད་པའི་བདག་ལྟ་དང་ཆགས་སོགས་ཉོན་མོངས་པ་རྣམས་ཡིན་ཏེ། ཡུལ་ལ་དམིགས་པའི་ཆགས་པ་སོགས་སོ། །དེ་ནས་མཐོང་སྤང་གྲུབ་མཐའི་དབང་གིས་བཞག་པའི་རྣམ་བྱང་དང༌། ཀུན་ཉོན་ཕྱོགས་ཀྱི་དབྱེ་བས་རྒྱུ་འབྲས་ཀྱི་ཐ་སྙད་ལ་སྒྲོ་བཏགས་པའོ་ནི་བདེན་པའི་ཆོས་ཉིད་ལ་ལོག་པར་ཞུགས་ལ། སྒོམ་སྤང་བདེན་བཞིའི་ནང་མཚན་མིན་པའི་གཟུགས་མེད་ཀྱང་གྲུབ་མཐས་བཞག་པ་ལྟ་བུ་མ་ཡིན་པར་གང་སྣང་བའི་ཡུལ། མཆན། ནི་གཟུགས་སོགས་དབང་པོའི་ཡུལ་ན་ལོག་པར་ཞུགས་པ་ཡིན་ནོ། །དེས་ན་ཡུལ་ལ་དམིགས་པའི་ཞེ་སྡང་དྲག་པོ་ལྟ་བུ་སྒོམ་སྤང་ཡིན་ཡང༌། མཐོང་ལམ་སྐྱེས་པའི་ཡེ་ཤེས་ཉིད་མཐུ་ཆེ་བའི་དབང་གིས་ཉོན་མོངས་དེ་དག་ས་བོན་རུལ་བ་ལྟར་བྱས་པས་འཕགས་པ་ལ་མེད་པས་སྒོམ་སྤང་ཡིན་ཀྱང་འཕགས་ལམ་ཐོབ་པ་ནས་རྒྱུད་ལ་མེད་པར་བཞེད་དོ། །མཐོང་སྤང་ནི་དེ་ལྟར་གྲུབ་མཐས་གསར་དུ་བཏགས་པའི་སྤང་བྱ་ཡིན་པས། མཐོང་ལམ་སྐྱེས་པའི་གང་ཟག་དེ་ནི་སྐྱེ་བ་ཐམས་ཅད་དུ་གཞན་ཕྱི་རོལ་པ་ལ་སོགས་པས་བློ་གཏན་ནས་བསྒྱུར་མི་ཐུབ་པ་ཞིག་དགོས་པ་ཡིན་ནོ། །རྟོགས་པའི་ཡོན་ཏན་ལ། དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ཤའི་སྤྱན་སོགས་སྤྱན་ལྔ་དང༌། བསམ་གཏན་གྲུབ་པའི་ཏིང་ངེ་འཛིན་གྱི་སྟོབས་ལས་ཐོབ་པའི་རྫུ་འཕྲུལ་གྱི་མངོན་ཤེས་སོགས་དྲུག་དང༌། རང་གིས་ཇི་ལྟར་འདོད་པ་བཞིན་མཛད་པ་ལ་མཐུ་ཐོགས་པ་མེད་པས་ཚེ་ལ་དབང་བ་སོགས་དབང་བཅུ། དྲན་པ་དང་ཤེས་རབ་ཁྱད་པར་ཅན་གྱི་རང་བཞིན་གཟུངས་ཀྱི་སྒོ་ནི་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་ཕེབས་པ་བཟོད་པ་ཐོབ་པ་སྒོའི་གཟུངས། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་མཐུས་གྲུབ་པའི་སྔགས་ཀྱི་གཟུངས། ཆོས་ཀྱི་ཚིག་དོན་ཐམས་ཅད་མི་བརྗེད་པར་འཛིན་པ་ཚིག་གི་གཟུངས། ཆོས་ཐམས་ཅད་ཀྱི་དོན་མི་བརྗེད་པར་འཛིན་པ་དོན་གྱི་གཟུངས་ཏེ་བཞི་དང༌། ཤེས་བྱ་ཐམས་ཅད་མཁྱེན་པ་ལ་ཐོགས་པ་མེད་པའི་མོས་སོགས་སྟོབས་བཅུ་དང༌། རང་གཞན་གྱི་དོན་དུ་དམ་བཅའ་བ་ལ་ཕས་ཀྱི་རྒོལ་བས་མི་འཇིགས་པ་བཞི་དང༌། གདུལ་བྱའི་དོན་བྱེད་པའི་ཐབས་ཐམས་ཅད་སོ་སོ་ཡང་དག་པར་རིག་པ་བཞི་དང༌། སྐུ་ལ་འཁྲུལ་པ་མེད་པ། གསུང་ཅ་ཅོ་མེད་པ། ཐུགས་དྲན་པ་ཉམས་པ་མི་མངའ་བ། མཉམ་པར་མ་བཞག་པ་མི་མངའ་བ། ཐ་དད་པའི་འདུ་ཤེས་མི་མངའ་བ། སོ་སོར་མ་བརྟག་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང༌། གཞན་དོན་ལ་དགྱེས་པའི་འདུན་པ། འགྲོ་དོན་མི་འདོར་བའི་དྲན་པ། མི་ངལ་བའི་བརྩོན་འགྲུས། ཐམས་ཅད་མཁྱེན་པའི་ཤེས་རབ། རྩེ་གཅིག་པའི་ཏིང་འཛིན། སྒྲིབ་གཉིས་བག་ཆགས་ལས་གྲོལ་བའི་རྣམ་གྲོལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ་རྟོགས་པ་དྲུག །དུས་གསུམ་ལ་ཆགས་ཐོགས་མེད་པར་གཟིགས་པ་སྟེ་ཡེ་ཤེས་ཀྱི་གསུམ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ལ་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་གསུམ་སྟེ། ཉན་རང་དགྲ་བཅོམ་པ་རྣམས་དང་ཡང་ཐུན་མོང་དུ་མ་གྱུར་པ་མ་འདྲེས་པའི་ཆོས་བཅོ་བརྒྱད་རྫོགས་པ་ནི་སངས་རྒྱས་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། མ་རིག་གཉིད་ལས་སངས་ཕྱིར་དང༌། །ཤེས་བྱ་ལ་ཡང་བློ་རྒྱས་པས། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། །ཞེས་སོ། །ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་ཟག་མེད་ཆོས་སྡེ་ཚན་ཉེར་གཅིག་གི་ཡེ་ཤེས་དམ་པ་འཁོར་འདས་རོ་གཅིག་པ་དང་ལྡན་པ་ནི་ཆོས་ཀྱི་སྐུའོ། །གཞིའི་གནས་ལུགས་ཀྱི་སྣང་ཆ་སྟོང་གཟུགས་ཀྱི་སྐུར་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱི་འཁོར་ལ་སྣང་བའི་ངེས་པ་ལྔ་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཐུན་མོང་གདུལ་བྱའི་ངོར་སྟོན་པ་སྤྲུལ་པའི་སྐུའོ། །ཆོས་ནི་བསོད་ནམས་སྦྱིན་སོགས་ཐབས་ཀྱི་ཆ་དང༌། ལམ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཆ་དང༌། མྱ་ངན་འདའ་བ་ནི་ལམ་གྱི་མཐུས་སྤང་བྱ་དང་བྲལ་བའི་ཆ་སྟེ་གསུམ་ནི་ལུང་གི་ཆོས་བརྗོད་བྱའི་དོན་ཉིད་དེ། དེ་ལའང་གང་དྲི་མ་བྲལ་བ་འབྲས་བུའི་རང་བཞིན་དང༌། གང་གིས་དྲི་མ་འབྲལ་བྱེད་བྱ་བ་དང་ལྡན་པའི་རང་བཞིན་གཉིས་སུ་གནས་པ་ལ། རྣམ་པར་བྱང་བའི་བདེན་གཉིས་ཞེས་བྱ་སྟེ་འགོག་ལམ་རྣམ་གཉིས་ཡིན་ཞིང༌། བསོད་ནམས་ནི་ལམ་གྱི་གྲོགས་ཡིན་ནོ། །བརྗོད་བྱ་བསླབ་པ་གསུམ། རྗོད་བྱེད་སྡེ་སྣོད་གསུམ་ལ་ལྟོས་ཏེ་ལུང་རྟོགས་ཆོས་གཉིས་སུ་བཞག་ལ། ལུང་གི་ཆོས་ནི་དབྱེ་ན་མདོ་སྡེ་དབྱངས་སྙན་སོགས་གསུང་རབ་ཡན་ལག་བཅུ་གཉིས་དང༌། དུག་གསུམ་གྱི་གཉེན་པོའི་སྒོ་ནས་བསྡུ་ན་འདུལ་བའི་སོགས་སྡེ་སྣོད་གསུམ་དུ་གདུལ་བྱའི་ངོར་དེ་བཞིན་གཤེགས་པའི་བདག་རྐྱེན་ལས་ཤར་བ་ཡིན་ལ། དེ་ལས་ཀྱང་ཐབས་མང་བ་དང་ཟབ་པ་སོགས་ཀྱི་ཆེ་བ་དུ་མ་དང་ལྡན་པ་རིག་འཛིན་སྡེ་སྣོད་ཡིན་ཏེ། ཀུན་བྱེད་ལས། ཉོན་མོངས་འདོད་ཆགས་འདུལ་བའི་གཉེན་པོ་རུ། །འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་ཞེ་སྡང་འདུལ་བའི་གཉེན་པོ་རུ། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཉོན་མོངས་གཏི་མུག་འདུལ་བའི་གཉེན་པོ་རུ། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་དང༌། ཁྱད་པར་རིག་པ་འཛིན་པའི་སྐབས། །ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། །སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། །ཞེས་སོ། །སྡེ་སྣོད་དེ་རྣམས་གང་ལས་རྩོམ་པའི་གཞི་ཡི་གེ་དང༌། དེ་འདུས་པ་ལས་མིང་དང༌། མིང་འདུས་པ་ལས་ཚིག་དང༌། ཚིག་འདུས་པ་ལས་ཤྭ་ལོ་ཀ་དང༌། ལེའུ། བམ་པོ་ནས་གླེགས་བམ་རྣམས་གྲུབ་སྟེ་ཡི་གེར་གནས་པ་ནི། སྐྱབས་སུ་འགྲོ་བར་དམ་བཅའ་བའི་དམ་ཚིག་གི་རྟེན་ཡིན་ནོ། །རྟོགས་པའི་ཆོས་ནི་ཚོགས་ལམ་ཆུང་ངུར་དྲན་པ་ཉེར་བཞག་བཞི་ནས་བཟུང༌། འབྲིང་ཡང་དག་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། རིམ་པ་བཞིན་ལམ་ལྔའི་ཡོན་ཏན་མཐའ་དག་དང༌། དེ་ལྟར་འཕགས་རྒྱུད་ཀྱིས་བསྡུས་པའི་སྤངས་པ་དང་རྟོགས་པའི་ཡེ་ཤེས་དེ་རྣམས་སྙིང་པོའི་ཁམས་མངོན་དུ་གྱུར་པ་ལས་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཅན་མིན་ཏེ་སྒྲིབ་པ་བྲལ་སྟོབས་ཀྱིས་ཆོས་ཉིད་མངོན་དུ་གྱུར་པ་ལས་གཞན་མ་ཡིན་ནོ། །དེའི་དྲི་མ་སེལ་བྱེད་ཀྱི་མན་ངག་ཟབ་མོ་སྒོ་གསུམ་གནད་དུ་བསྣུན་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བྱེད་གདན་གསུམ་ལྷར་བསྒོམ་པའི་མཚན་བཅས་བསྐྱེད་རིམ་དང༌། མཚན་མེད་རྫོགས་རིམ་གྱིས་ཡེ་ཤེས་བསྐྱེད་པ་དང༌། མི་བརྗེད་པའི་གཟུངས་དང༌། ཟད་པར་གྱི་སྐྱེ་མཆེད་བཅུ་དང༌། མཐར་གྱིས་གནས་པའི་སྙོམས་འཇུག་དགུ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོ་ནི་རྟོགས་པའི་ཆོས་ཏེ་དེ་དག་ཀྱང་སློབ་ལམ་ཚོགས་སྦྱོར་མཐོང་སྒོམ་བཞི་དང༌། མི་སློབ་ལམ་གྱི་དངོས་གཞིར་གནས་པའི་གང་ཟག་རྣམས་ཀྱི་རྒྱུད་ལ་ལྡན་པའི་ཡོན་ཏན་གྱི་བྱེ་བྲག་དག་ལ་བྱའོ། །ལམ་དེ་དག་གི་ཡོན་ཏན་གྱི་རྟེན་དུ་གྱུར་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡི་ས་བཅུ། འབྲས་བུ་སྔགས་ཀྱི་ཐེག་པའི་ས་བཅུ་གསུམ་ནི་མདོ་ཡི་ས་བཅུའི་ཐོག་བཅུ་གཅིག་ཀུན་ཏུ་འོད་སྤྲུལ་སྐུའི་ས། བཅུ་གཉིས་མ་ཆགས་པདྨ་ཅན་ལོངས་སྐུའི་ས། བཅུ་གསུམ་འཁོར་ལོ་ཚོགས་ཆེན་ཆོས་སྐུའི་ས་དང༌། འདུན་པ་སེམས་དང༌། རིགས་ཆེན་འབྱིན་པ་ལ་སོགས་པ་རྡོ་རྗེ་ཐེག་པའི་ས་ཡི་རིགས་དབྱེ་རྒྱུད་སྡེ་སོ་སོ་ནས་གསུངས་པ་དཔག་ཏུ་མེད་དོ། །དེ་ལྟ་བུའི་ས་ལམ་གང་གི་གནས་སྐབས་སྤངས་རྟོགས་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པའོ། །སྤྱིར་དགེ་འདུན་གྱི་ངོ་བོ་ནི། རྟོགས་བྱ་ཡང་དག་པའི་དོན་ཅི་རིགས་པ་རིག་པ་དང༌། སྤང་བྱ་སྒྲིབ་གཉིས་ཀྱི་དྲི་མ་ཅི་རིགས་པ་ལས་གྲོལ་བའི་རིག་གྲོལ་གཉིས་ལྡན་ཏེ། ཉན་རང་ཞུགས་གནས་གཅིག་ཏུ་བྱས་ཏེ་སྐྱེས་བུ་ཟུང་བཞིའམ། རེ་རེ་ལ་ཞུགས་གནས་གཉིས་རེ་སོ་སོར་ཕྱེས་ན་གང་ཟག་ཡ་བརྒྱད་དེ་ཐེག་དམན་བརྒྱད་དོ། །ཐེག་ཆེན་རྒྱལ་སྲས་སར་གནས་པའི་གང་ཟག་མཐའ་དག་པའི་རང་རང་གི་སའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང༌། མྱང་འདས་སུ་བགྲོད་པའི་ལམ་དང་སྲིད་ཞི་གཉིས་ཀྱི་མཐའ་ལས་སྐྱོབ་པའི་ངོ་བོ་ནི་དམ་པའི་ཆོས་སོ། །ཆོས་ནི་སྟོན་པ་ལས་བྱུང་ཞིང༌། དེ་ཉིད་རང་རྒྱུད་ལ་སྒྲུབ་པར་བྱེད་པའི་གྲོགས་སམ་བསླབ་པ་རིན་པོ་ཆེ་གསུམ་པོའི་རྟེན་གནས་སུ་གྱུར་པ་ནི། དགེ་འདུན་དཀོན་མཆོག་ཡིན་པའི་ཕྱིར། དཀོན་མཆོག་གསུམ་ཞེས་གྲངས་ངེས་པར་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་སྐྱབས་ཀྱི་ཡུལ་དུ་གྲུབ་སྟེ། སྐྱབས་འགྲོ་བདུན་ཅུ་པར། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་སོ། །དེ་ལ་བསྟན་བཅོས་འདི་ཉིད་ཀྱི་སྐབས་སུ་ཐེག་ཆེན་སྐྱབས་འགྲོ་ལ་རྒྱུ་མདོ་ཡི་སྐྱབས་འགྲོ་དང༌། གསང་སྔགས་འབྲས་བུའི་སྐྱབས་འགྲོ་ཡི་རྣམ་བཞག་ཁ་ཙམ་མིན་པར་སྙིང་ཐག་པ་ནས་དམ་བཅའ་བ་ཞིག་དགོས་པ་དེ་ལ་གཉིས་ལས། དུས་གཞན་གྲངས་མེད་གསུམ་ལ་སོགས་པའི་མཐར་མཆོག་གསུམ་རང་རྒྱུད་ལ་འགྲུབ་པར་འདོད་ནས་སྒྲུབ་པར་དམ་བཅའ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐྱབས་འགྲོ་མཆོག་གསུམ་ཀུན་ཚང་སངས་རྒྱས་ཉག་གཅིག་ཡིན་པས་འབྲས་བུ་དོན་དུ་གཉེར་བྱ་དེ་ཁོ་ན་ཉིད་དུས་མ་འོངས་པར་མི་ལྟོས། འབྲས་བུ་གཞན་ནས་མི་འཚོལ་བར་ད་ལྟར་མཆོག་གསུམ་གྱི་ངོ་བོར་གྲུབ་ཟིན་པ་རང་གི་སེམས་ཉིད་མངོན་དུ་བྱ་བར་དམ་བཅའ་བ་ནི་འབྲས་བུའི་སྐྱབས་འགྲོ་སྟེ། རྡོ་རྗེ་ཐེག་པ་དག་གི་ཁྱད་ཆོས་ཡིན་ཏེ་ལྟ་བའི་དབང་གིས་སོ། །མདོ་སྔགས་གཉིས་ལས་དང་པོ་རྒྱུ་མཚན་ཉིད་ཐེག་ཆེན་པ་ཡི་ཡུལ་ནི། དཀོན་མཆོག་རྣམ་པ་གསུམ་སྟེ་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས། ལུང་རྟོགས་ཀྱི་བདག་ཉིད་དམ་ཆོས། སར་གནས་འཕགས་པའི་དགེ་འདུན་ཏེ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་རྒྱུ་ཡི་སྐྱབས་འགྲོ་དང་མ་འོངས་པར་མཆོག་གསུམ་རང་རྒྱུད་ལ་འབྱོན་པར་སྨོན་པ་འབྲས་བུའི་སྐྱབས་འགྲོའོ། །གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་དེ་ཡི་ངོ་བོ་བླ་མར་འདུས་ཏེ་རྩ་བའི་བླ་མ་སངས་རྒྱས་ཀུན་དངོས་དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་ཀུན་འདུས་སུ་ཤེས་ཤིང་བསྐྱབ་བྱ་དང་སྐྱོབ་བྱེད་ཀྱང་ཐ་དད་དུ་མི་འཛིན་པར་གཉིས་མེད་ཀྱི་ངང་ནས་སྐྱབས་སུ་འགྲོ་བ་ནི་རྒྱུ་ཡི་སྐྱབས་འགྲོ་དང༌། རང་སེམས་འོད་གསལ་བའི་ཡེ་ཤེས་སྐྱོན་ཡེ་ཟད་དུ་གནས་པས་དག་བྱ་དང་བྲལ་ཞིང༌། ཡོན་ཏན་ཡེ་ལྡན་དུ་གནས་པས་གསར་ཐོབ་དང་བྲལ་བ་ནི་སངས་རྒྱས་དང༌། ཡེ་ནས་འགྱུར་བ་མེད་པའི་ཆོས་ཉིད་དྲི་བྲལ་གྱི་ངོ་བོ་ནི་ཆོས། ཡོན་ཏན་དབྱེར་མེད་པར་འདུས་པ་ནི་དགེ་འདུན་ཏེ། ད་ལྟ་ཉིད་ནས་རང་སེམས་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་ཤེས་པ་ནི་འབྲས་བུའི་སྐྱབས་འགྲོའོ། །སྐྱབས་སུ་འགྲོ་བ་པོའི་སྐྱེས་བུ་ལའང་བློ་རིགས་གསུམ་སྟེ། རང་དོན་ཉི་ཚེ་བ་བསྒྲུབ་པར་འདོད་པ་དང༌། རང་དོན་མཆོག་བསྒྲུབ་པར་འདོད་པ་དང༌། གཞན་དོན་བསྒྲུབ་པར་འདོད་པ་བླ་ན་མེད་པ་ཡི་ཀུན་སློང་སྟེ་རྣམ་པ་གསུམ་ལས། དང་པོ་སྐྱེས་བུ་ཆུང་ངུ་ནི་ངན་འགྲོ་ལ་འཇིགས་ནས་མངོན་མཐོ་ལྷ་མིའི་བདེ་འབྲས་ཐོབ་ཀྱི་བར་དུ་མཆོག་གསུམ་ལ་སྐྱབས་སུ་འགྲོ། འབྲིང་དུ་གྱུར་པ་ཉན་རང་གཉིས་ཀྱི་སྲིད་པའི་སྡུག་བསྔལ་དེས་འཇིགས་ནས་རང་གཅིག་པུ་ཐར་པ་མྱང་འདས་ཀྱི་གོ་འཕང་དོན་དུ་གཉེར་ནས་གནས་སྐབས་ཇི་སྲིད་འཚོ་ཡི་བར་དང༌། མཐར་ཐུག་ནི་ཉན་རང་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་བར་དུ་མཆོག་གསུམ་ལ་སྐྱབས་སུ་འགྲོ། ཐེག་པ་ཆེན་པོ་ནི་གཞན་དོན་སྤངས་ཏེ་རང་གཅིག་པུ་དོན་དུ་གཉེར་བའི་ཞི་བདེའི་བློ་ཐ་ཆད་པ་དེས་འཇིགས་ཏེ། འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་མ་ལུས་པར་དབུགས་འབྱིན་ཆེན་པོས་སངས་རྒྱས་ཀྱི་ས་ལ་བསྒྲལ་བའི་ཕྱིར། བྱང་ཆུབ་ཆེན་པོ་ཐོབ་ཀྱི་བར་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་ཡང་ཁྱད་པར་ངེས་དོན་གྱི་མདོ་སྡེ་དང་སྔགས་ཀྱི་བརྗོད་དོན་ཟབ་མོ་ཁོང་དུ་ཆུད་པ་རྣམས་ཀྱིས། རང་གི་སེམས་ཀྱི་གཤིས་ལུགས་ལ་འཁོར་བའི་སྐྱོན་རང་མཚན་པ་བྲལ་བ་དང༌། མྱང་འདས་ཀྱི་ཡོན་ཏན་རང་མཚན་པ་ཐོབ་པ་དང་བླང་དོར་གྱི་སྒོ་ནས་རྒྱུ་འབྲས་སྔ་ཕྱི་ཅན་དུ་འབྱུང་བའི་ཀུན་རྫོབ་འདུས་བྱས་པ་བསླུ་བ་ཐམས་ཅད་ཡེ་ནས་སྤངས་པ་བདེ་གཤེགས་སྙིང་པོའི་རང་ཞལ་ལྟ་བ་ནི་འབྲས་བུའི་སྐྱབས་འགྲོ་བླ་ན་མེད་པའོ། །རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་སྟེ་ལམ་རྒྱུད་ལྔར་འགྲོ་བ་རྣམས་བརྒྱུད་ཅིང་འཁྱམས་པའི་དུས་སུ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ནི་ཆགས་ཐོགས་མེད་པར་སེམས་ཅན་གྱི་ཁམས་ལ་ཐུགས་རྗེ་དུས་ལས་སྐད་ཅིག་ཙམ་ཡང་ཡོལ་བ་མེད་པའི་ཚུལ་ནི། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་པའི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མང་བ། །གསུངས་པ་ལྟར་ལ། ཡོན་ཏན་རྒྱ་ཆེ་བའི་ངོས་ནས་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་ཀྱང་ཆ་ཤས་ཙམ་ལས་མཐའ་དག་ནི། སྤོབས་པའི་གཏེར་ཆེན་གྲོལ་བ་བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་ཆེན་པོས་བརྗོད་པར་བྱས་པས་ཀྱང་མཐར་མ་ཐུག་སྟེ། དཔེར་ན་ནམ་མཁའ་ལྡིང་གི་བྱ་ལམ་སྟེ་ནམ་མཁའི་མཐའ་གཞལ་ཕྱིར་ཕྱིན་ཡང་གྲུབ་པ་སྟེ་ཐུག་པའི་མཐའ་མ་གཏུགས་པར་སླར་ས་ལ་འབབ་པ་དང་འདྲ་སྟེ་བརྗོད་མི་ནུས་སོ། །འདི་ན་འཁོར་བའི་རང་བཞིན་ཟོ་ཆུའི་འཁྱུད་མོ་བཞིན་སྲིད་པའི་རྩེ་ནས་མནར་མེད་པར་རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོར་ཡང་ནས་ཡང་དུ་བརྒྱུད་དེ། ཚུལ་མིན་ཡིད་བྱེད་དང་ཉོན་མོངས་དྲག་པོས་ལས་ངན་བསགས་པའི་སྐྱོན་མཚང་ཆེན་པོ་ཅན་རྣམས་ནི། འཇིག་རྟེན་ན་ཆེ་དགུ་འཁོར་ལོས་སྒྱུར་རྒྱལ་དང༌། དབང་ཕྱུག་དང༌། ཚངས་པ་ལ་སོགས་པ་རྣམས་རང་ཉིད་འཁོར་བར་འཁོར་ཞིང་ཆོས་ཉིད་ཀྱི་བདེན་པ་ཡང་དག་མ་མཐོང་བ་གནས་སྐབས་ཙམ་དུའང་ཕན་གནོད་འདྲེས་མར་སྦྱིན་པའི་རང་བཞིན་ཅན་གྱི་སྐྱབས་གཞན་དེ་དག་གང་གིས་ཀྱང་གནས་སྐབས་མཐར་ཐུག་ཀུན་ཏུ་བསླུ་བར་མཐོང་ནས་ནི། སྲིད་པའི་སྡུག་བསྔལ་གྱིས་འཇིགས་པ་དང༌། དཀོན་མཆོག་ལ་དད་པ་དང༌། སྐྱབས་སུ་འགྲོ་མི་ཤེས་པའི་འགྲོ་བ་རྣམས་ལ་སྙིང་རྗེའི་ཀུན་སློང་རྣམ་པ་གསུམ་གྱིས་ཀུན་ནས་བསླངས་ཏེ། རང་དོན་ཡལ་བར་དོར་ནས་གཞན་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་སྐྱེས་བུ་ཆེན་པོའི་བློས། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་ནས་རང་རྒྱུད་ལ་བསྒྲུབ་པར་འདོད་པས་ཚོགས་ཞིང་སྤྱན་སྔར་ཡན་ལག་བདུན་པ་དང་བཅས་སྐྱབས་སུ་འགྲོའོ། །དཔེ་ཇི་ལྟར་ན་ནམ་མཁའ་ལ་སྟེང་འོག་ཕྱོགས་ཆས་གཞལ་ཏེ་འདི་ཙམ་ཞེས་ཚད་བཟུང་མེད་པ་ལྟར། སྤྱིར་དཀོན་མཆོག་ལ་བརྟེན་པའི་དཀར་པོ་དགེ་བ་དང་ནག་པོ་མི་དགེ་བའི་ལས་གང་ཡིན་ཀྱང་ཡུལ་གཉན་པའི་ཕྱིར་འབྲས་བུ་ཕན་ཡོན་དང་ཉེས་དམིགས་ཀྱི་ཕ་མཐའ་མི་དཔོགས་ལ། བྱེ་བྲག་སྐྱབས་སུ་སོང་བའི་བསོད་ནམས་ནི་ཚད་མེད་དེ། དེ་གཟུགས་སུ་གྱུར་པ་ཞིག་ཡིན་ན། ནམ་མཁའི་ཁམས་ཐམས་ཅད་ཀྱིས་སྣོད་བྱས་ན་དེ་ཉིད་ཀྱིས་ཀྱང་བརྟེན་པར་ནུས་པ་མ་ཡིན་ཏེ། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོ། །མདོར་བསྡུ་ན་དེ་ལྟར་སྐྱབས་སུ་སོང་བ་ཙམ་ནས་ནང་པ་སངས་རྒྱས་པའི་ཁྱུར་འགྲོ་ལ་ཕྱི་ནང་གི་ཁྱད་པར་ཕྱེད་ཅིང༌། སོ་བྱང་སྔགས་ཀྱི་སྡོམ་པ་མཐའ་དག་གི་རྟེན། རང་བཞིན་དང་བཅས་པའི་སྡིག་སྒྲིབ་ཐམས་ཅད་ཀྱང་འཛད་ཅིང་དག་པར་འགྱུར་ལ། མི་དང་མི་མ་ཡིན་ལ་སོགས་པའི་གནོད་པའི་ཕྱོགས་ཀྱིས་འཚེ་བ་སྤོང་ལ། ངན་འགྲོའི་གཡང་སར་ལྟུང་བའི་རྒྱུ་ཡོད་ཀྱང་བསྲུང་ཏེ་གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་ཞིང་བྱིན་གྱིས་བརླབས་པ་དང༌། སྲིད་ཞིའི་ཕུན་སུམ་ཚོགས་པ་ཐམས་ཅད་མཐོང་བའི་ཆོས་ཚེ་འདི་ལ་འོང་བ་དང༌། རྒྱུ་དམིགས་བཅས་བསོད་ནམས་ཀྱི་ཚོགས་རྫོགས་ནས་མཐར་ཐུག་ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་ཀྱི་སྐུ་གཉིས་འགྲུབ་བོ། །འབྲས་བུ་གཉུག་མའི་ངང་དུ་ངོ་འཕྲོད་པའི་སྐྱབས་འགྲོ་དོན་དམ་བསླུ་བ་མེད་པ་ནི་སེམས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ངོ་བོ་གང་དུའང་མ་གྲུབ་པས་སྟོང་པ་ཉིད་དང༌། རྩལ་སྣང་མ་འགགས་ཀྱང་ངོས་བཟུང་དང་བྲལ་བས་དག་མ་དག་སོགས་ཀྱི་མཚན་མ་མེད་པ་དང༌། དེས་ན་དགག་སྒྲུབ་བླང་དོར་དང་བྲལ་བས་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་འཁོར་འདས་ཐམས་ཅད་རོ་མཉམ་དུ་རྟོགས་ནས། སྐྱབས་གནས་གཞན་ལ་བརྟེན་ནས་འབྲས་བུ་ཕྱི་དུས་སུ་རེ་ཞིང་སྨོན་པ་མེད་དེ། རང་བཞིན་རྣམ་པར་དག་པའི་དབྱིངས་སེམས་ཀྱི་གནས་ལུགས་གཟུང་འཛིན་གྱི་རྟོག་པས་མི་ཕྱེད་པའི་འོད་གསལ་རྡོ་རྗེ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་ངང་དུ་མཉམ་པར་འཇོག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འཁོར་གསུམ་ཞེན་པ་དང་བྲལ་བས་ཡེ་ཤེས་ཀྱི་ཚོགས་རྫོགས། རང་བཞིན་ཡེ་དག་དང་གློ་བུར་འཕྲལ་དག་སྟེ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ཐོབ་བོ། །བསླབ་བྱ་རྒྱུ་ཡི་བསླབ་བྱ་དང་འབྲས་བུའི་བསླབ་བྱ་གཉིས་ལས། དང་པོ་རྒྱུ་ཡི་སྐྱབས་འགྲོའི་བསླབ་བྱ་ནི། དགོན་སྡེའི་དཔོན་དུ་བསྐོ་བ་ལྟ་བུའི་མངའ་རིས། གསེར་དངུལ་སོགས་སྦྱིན་པའི་བྱ་དགའི་སླད་དུ་མི་གཏོང་བར་སྨོས་ཅི་དགོས་ཏེ། ཁྱད་པར་དུ་གྱུར་པ་སྲོག་གི་ཕྱིར་ཡང་དཀོན་མཆོག་གསུམ་གཏོང་བ་མིན་ནོ། །ཁྱད་པར་དུ་དཀོན་མཆོག་གསུམ་པོ་དེ་ཡི་ངོ་བོ་བླ་མ་ཡིན་པས་དེར་སྐྱབས་སུ་སོང་ནས་རང་གི་བླ་མ་ལ་ལྟ་ཅི་སྨོས། དམ་པ་གཞན་རྣམས་ལའང་མི་སྙན་པ་བརྗོད་པ་སོགས་དང༌། དེའི་ཕྱོགས་མཐུན་ཡིན་པས་བཤེས་གཉེན་དམ་པ་ལ་རྫུན་དང་གཡོ་སྒྱུས་བསླུ་བ་དང༌། ངན་སྨྲས་དང་སྐྱོན་བརྗོད་ཀྱི་མི་སྙན་པ་སྒྲོགས་པ་སྤང་དགོས་སོ། །དེ་བཞིན་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་རིམ་པ་བཞིན་དུ་གཞན་སྐྱོབ་པའི་ནུས་པ་མེད་པར་མ་ཟད་བདག་ཉིད་ནི་ལས་ཀྱི་དབང་གིས་འཁོར་བར་དབང་མེད་དུ་འཁྱམས་ཤིང་འཁོར་བའི་ལྷ་ཚངས་པ་ཁྱབ་འཇུག་སོགས་ལའང་ཕྱག་མི་འཚལ་ན་མཁའ་ལ་རྒྱུ་བའི་ཡི་དྭགས་རྫུ་འཕྲུལ་ཅན་སོགས་ལ་སྨོས་ཅི་དགོས། སེམས་ཅན་གཞན་ལ་སྲོག་གཅོད་བརྡུང་བརྡེག་གཞོན་འགེལ་སོགས་ཀྱི་གནོད་པས་མི་འཚེ་ཞིང༌། གྲོགས་མུ་སྟེགས་ཅན་ནམ་དཀོན་མཆོག་ལ་ཡིད་མི་ཆེས་པ་དང་མི་འགྲོགས་ཤིང་དེ་དག་ལ་བློ་ཕྱོགས་པར་མི་བྱའོ། །དཀོན་མཆོག་གསུམ་གྱི་རྟེན་ལ་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་སྐུ་གཟུགས་བྲིས་འབུར་བཟང་ངན་གསར་རྙིང་གང་ཡང་རུང་བ་དང༌། གསུང་རྟེན་ཡིག་འབྲུ་གཅིག་ཡན་ཆད་ཟོང་འཚོང་དུ་གཏའ་མ་སོགས་ལྟ་ཅི་འགོམ་ཡུག་མཇུག་གཏད་དང་ཐ་ན་སོ་དྲེག་བསྐུ་བ་ཙམ་ཡང་སྤང་ལ། དགེ་འདུན་སྤྱི་ཐ་ན་ཚུལ་འཆལ་ཅན་ཡན་ལ་གཤེ་སྐུར་སྤོང་བ་དང༌། ན་བཟའ་ལྷན་པ་དམར་སེར་ཡན་སྤྱི་བོར་གཏུགས་ཤིང་དད་པས་བསྙེན་བཀུར་བྱ་ཞིང༌། ཉིན་མཚན་དུས་དྲུག །གསུམ། ཐ་ན་ཐུན་རེ་ཙམ་དཀོན་མཆོག་གསུམ་གྱི་ཡོན་ཏན་བརྗེད་པ་སྤངས་ནས་རྗེས་སུ་དྲན་བཞིན་རང་སྐྱབས་སུ་འགྲོ་ཞིང་གཞན་དེར་དགོད་པར་བྱའོ། །འབྲས་བུའི་བསླབ་བྱ་སེམས་ཀྱི་ཆོས་ཉིད་ཐུབ་པ་ཆོས་ཀྱི་སྐུ་ཡི་ངོ་བོ་ཡིན་པས། སེམས་དང་སེམས་བྱུང་ཉི་མ་དང་འོད་ཟེར་བཞིན་མཚུངས་པར་འཇུག་པའི་རྩལ་སྣང་ཐམས་ཅད་བྲལ་ཐོབ་སྤངས་པའི་དབྱིངས་ལ་ཐིམ་སྟེ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཚེ་བྱང་ཆུབ་པ་ཡིན་པས། མཆོག་གསུམ་ལ་སྐྱོབ་བྱེད་དང་བདག་ལ་བསྐྱབ་བྱར་མི་འཛིན་ཅིང༌། ཆོ་གའི་སྒོ་ནས་བླངས་པ་ལ་སོགས་ཐ་སྙད་ལས་འདས་ཕྱིར་སྡོམ་པ་གཏོང་རྒྱུ་ཞེས་པའང་བཏགས་པ་ཙམ་དུ་ཟད་པ་བླ་དྭགས་ཡིན་ནོ། །རྒྱུ་ཡི་སྐྱབས་འགྲོའི་གཏོང་མཚམས་སྐྱབས་འགྲོ་མཚན་ཉིད་པ་དག །སྐྱབས་སུ་འགྲོ་བའི་ཡུལ་དཀོན་མཆོག་གསུམ་ལ་ཐེ་ཚོམ་དང༌། ལོག་ལྟ་སྐྱེས་པ་དང༌། བསླབ་པ་ཕུལ་བས་གཏོང་ལ། གཞན་སྤང་བསྒྲུབ་ཀྱི་བསླབ་བྱ་རྣམས་ལས་གང་རུང་ཉམས་ན་དམན་པར་འགྱུར་ཞིང་ངན་སོང་དུ་ལྟུང་བའི་ཕྱིར། དཔེར་ན་ལུས་ཀྱི་རྨ་ཡི་བག་བྱེད་པ་བཞིན་བསྒྲིམས་ཏེ་བསླབ་བྱ་ཕྲ་མོ་ཙམ་ཡང་བསྲུང་བར་བྱའོ། །སྔོན་ལས་ཀྱི་རྒྱུ་མཐུན་ད་ལྟ་ཡང་སྟེང་དུ་སླེབས་ནས་ལྕེ་སྤྱང་གདུག་པ་ལྟ་བུའི་སེམས་བཞིན། ཕྱིན་ཅི་ལོག་གི་རྟོག་པ་ངན་པས་སྐབས་བཙལ་བ་རྣམས་ཀྱིས་ཚིག་ཙམ་དུ་སྐྱབས་འགྲོ་སོགས་སྒྲོག་ནའང་དོན་ནི་དེ་དང་འཛོལ་བའི་ཕྱིར་བློ་གཏད་གཅིག་ཏུ་མི་འཁེལ་བས་ཡིད་གཉིས་སུ་གྱུར་པ་དེ་ལ་ནི། མཆོག་གསུམ་གྱི་ཐུགས་རྗེ་དང་བྱིན་རླབས་གང་ཡང་མི་འཇུག་སྟེ། སྣོད་ངན་པ་ཞེས་སེམས་རྒྱུད་དུ་དཀོན་མཆོག་གསུམ་གྱིས་འཕྲལ་ཡུན་དུ་བསླུ་བ་མེད་ཅིང་སྐྱོབ་ངེས་པའི་ཚུལ་ལ་ངེས་ཤེས་བྲི་བའི་རྟགས་སུ། འཇིག་རྟེན་ན་ལྷ་དང་གཞི་བདག་སོགས་ཀྱི་མིང་བཏགས་ཀྱང་དོན་ལ་མཁའ་རྒྱུ་ཡི་དྭགས་ལས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་ཐོབ་པ་རྣམས་ལ་བརྟེན་ནས་ཚེ་འདི་ཉིད་ལ་དབང་ཐང་ཉམས་པ། གྲི་ཁར་ཤི་བ་སོགས་ཀྱིས་ཉམས་སོ། །འཇིག་རྟེན་འདི་ན་ས་གཞི་དང་ནམ་མཁའ་རི་རབ་གླིང་བཞི་ལ་སོགས་པ་རྣམས་ཀྱང་ད་ལྟ་ཡན་མན་དུ་གནས་པ་རྣམས་ཀྱང་སྟོང་ཞིང་གནས་འགྱུར་བ་དང༌། གོ་ལ་ཞིག་པའི་ཚེ་ན་ཉི་ཟླ་ཐང་ལ་ལྷུང་བ་སོགས་གོ་ལྡོག་པར་སྲིད་ཀྱི། དཀོན་མཆོག་གསུམ་གྱིས་བསླུ་བ་ནམ་ཡང་མི་སྲིད་པའི་ངེས་ཤེས་བརྟན་པ་འཕྲལ་ཡུན་ཀུན་ཏུ་དོན་ཡོད་པ་ཡིན་ནོ། །རྨི་ལམ་ནའང་ཆུར་ལྷུང་བ་དགྲ་དང་གཅན་གཟན་སོགས་ཀྱིས་དེད་པ་སྣང་ན་དེ་མ་ཐག་ཏུ་རྩེ་གཅིག་པས་དཀོན་མཆོག་མཐོང་བའམ་དྲན་ནས་གསོལ་བ་བཏབ་པ་ཙམ་གྱིས་འཇིགས་པ་དེ་དག་ཞི་བ་དང༌། བག་ཡོད་དྲན་ཞིང་བསླབ་པ་གསུམ་གྱི་ཡོན་ཏན་ཀུན་གྱིས་འབྱོར་བ་དང་ཚེ་རབས་སྔ་མ་རྣམས་སུ་དཀོན་མཆོག་ལ་དད་པ་སོགས་ཀྱི་ཡོན་ཏན་དྲན་ཞིང་བར་དོ་ནའང་སངས་རྒྱས་བྱང་སེམས་སོགས་ཞལ་མཐོང་ཞིང་ཐར་པར་བགྲོད་པར་སླ་བ་དང༌། མཐར་ཐུག་དཀོན་མཆོག་གསུམ་གྱི་ངོ་བོར་བཞུགས་ནས་ལུས་ཅན་འགྲོ་བ་ཀུན་གྱི་ཉེས་ཚོགས་འཇོམས་པའི་དཔུང་དང༌། མངོན་མཐོ་ངེས་ལེགས་ལ་འགོད་པའི་གཉེན་དུ་འགྱུར་རོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྐྱབས་སུ་འགྲོ་བའི་ཚོམས་ཏེ་ལེའུ་དྲུག་པའོ།། །།ཞི་བ་ཕྱོགས་གཅིག་པ་བསམ་སྦྱོར་རྒྱ་ཆུང་བས་ཐེག་དམན་འཁྱིལ་ཆུ་རྙོག་མ་ཅན་གྱི་རྫིང་བུ་ལྟ་བུར་བྱང་ཆུབ་སེམས་ཀྱི་ཁམས། ཐེག་པ་ཆེན་པོའི་རིགས་ལས་ཉམས་པའི་ཉན་རང་སྐྱེས་བུའི་སེམས་ཞི་བ་ཕྱོགས་ཅིག་པར་ཞུགས་པ་དེ་ཉིད་མཐར་ཐུག་སངས་རྒྱས་རྣམས་ཀྱིས་བསྐུལ་ནས། སྟོང་ཉིད་ཤེས་པའི་ཤེས་རབ་དང་སེམས་ཅན་ལ་དམིགས་པའི་སྙིང་རྗེའི་དེད་དཔོན་ལྟ་བུ་ལ་སྦྱར་བའི་མཐུས་རིགས་སད་ནས་ཐེག་ཆེན་གྱི་ཆོས་ཟབ་རྒྱས་རྒྱ་མཚོ་ལྟ་བུ་ལ་བསླབ་ནས་ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་ནོར་བུའི་གླིང་དུ་འགྲོའོ། །དེ་ཡང་སྦྱིན་སོགས་ཐབས་ཀྱི་ཆ་ཤེས་རབ་ཀྱིས་མ་ཟིན་པ་དེ་སྲིད་དུ་ཕ་རོལ་ཕྱིན་པ་རྣམ་པ་ལྔའི་ངོ་བོ་བྱང་ཆུབ་ཆེན་པོའི་རྒྱུར་ལུང་དུ་མ་བསྟན་པས། དངོས་པོ་དམན་པ་ལྕགས་ཁམས་སུ་ཡོད་པ་ལྟར་དགེ་རྩ་དམན་ཅིང་རྣམ་པར་ཉམས་པ་དེ་ཉིད་ལ། ཐབས་ཤེས་ཟུང་དུ་འབྲེལ་བའི་གསེར་འགྱུར་གྱི་རྩི་ལྟ་བུས་རྒྱས་ཐེབས་པའི་མོད་ལ། རིན་ཐང་ཆེན་པོའི་གསེར་གྱི་དངོས་པོ་ལྟ་བུར་བྱང་ཆུབ་ཆེན་པོའི་རྒྱུར་བསྒྱུར་བར་བྱེད་དོ། །གང་ལའང་མི་གནས་པའི་མྱང་འདས་ཐོབ་པའི་ཕྱིར་དུ་སྙིང་རྗེའི་ཐབས་དང་སྟོང་ཉིད་ཀྱི་ཤེས་རབ་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་དེ་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ་ནི། སྦྱོར་བ་ཚད་མེད་བཞི་ཡིས་བློ་ཡང་ཡང་སྦྱངས་ན་བསམ་སྦྱོར་ཐམས་ཅད་ཐེག་ཆེན་གྱི་ལམ་དུ་འགྱུར་བས་ན་ས་མཁན་གྱི་ཆོས་དང་མཚུངས་པ་དེས་བློ་སྦྱངས་ནས་སྨོན་འཇུག་གཉིས་དང༌། བསླབ་བྱ་སློབ་པ་ལས་ཐབས་ཤེས་ཟུང་དུ་འཇུག་པའི་བྱང་ཆུབ་ཀྱི་སེམས་དེ་ཚོགས་སྦྱོར་དུ་རྗེས་མཐུན་ཙམ་དང༌། མཐོང་ལམ་དུ་ཇི་བཞིན་པ་སྐྱེ་བ་ཡིན་ནོ། །བྱམས་པའི་ངོ་བོ་གང་ལ་དམིགས་པ་ནི། གཞན་སེམས་ཅན་མངོན་མཐོའི་བདེ་བ་མེད་པས་སྡུག་བསྔལ་བའི་འགྲོ་བ་པ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་བར་དང་ལྡན་པར་འདོད་པ་ཡིན་ལ། བྱང་ཆུབ་སེམས་དཔའི་བྱམས་པ་ནི། དཔེར་ན་སྙིང་དུ་སྡུག་པའི་མ་ཡིས་བུ་ལ་བརྩེ་བ་ཇི་བཞིན་དུ། ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཀུན་གཅིག་ཏུ་སྤུངས་ནས། གཞན་སེམས་ཅན་དེ་དག་ལ་གནས་སྐབས་དང་མཐར་ཐུག་གི་ཕན་འདོགས་ཤིང༌། སེམས་ཅན་དེ་དག་གིས་གནོད་པ་ཇི་ལྟར་བྱས་ཀྱང་བརྩེ་བས་བཟོད་ཅིང་ཕན་འདོགས་པ་ལ་བསླབ་པ་ཡིན་ནོ། །སྙིང་རྗེའི་ངོ་བོ་ནི་མཐའ་ཡས་པའི་སེམས་ཅན་གཞན་ཐམས་ཅད་ཀུན་གྱི་རང་བཞིན་སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་དམ་ལ་བཞག་པ་རྣམས་ལ། སྙིང་ཁུང་རུས་པའི་གཏིང་ལས་བཟོད་བླག་མེད་པར་རང་གར་འཇོག་མི་ཕོད་པ་དཔེར་ན་བུ་སྡུག་པ་མི་གཙང་དོང་ནང་ལྷུང་ན་ཕ་ཚམ་ཚོམ་མེད་པར་འཇུག་པ་ལྟར་སྡུག་བསྔལ་དེ་ཐམས་ཅད་དང་བྲལ་བར་འདོད་པའི་སེམས་སྟོབས་དྲག་པོ་དང༌། འགྲོ་དྲུག་གི་སེམས་ཅན་མཐའ་དག་སྡུག་བསྔལ་རྒྱུ་བདག་འཛིན་དང༌། འབྲས་བུ་སྡུག་བསྔལ་དངོས་ཀྱི་ཡོ་ལང་ལ་སྤྱོད་ཅིང་དཔེར་ན་རི་དྭགས་མཐའ་ལ་གཅུར་བ་བཞིན་ཐར་པའི་ཐབས་དང་བྲལ་བ་མཐོང་ནས་ཐར་པའི་དུས་མེད་པ་ལ་སྙིང་བརྩེ་བས་མིག་མཆི་མ་སློང་བཞིན་འདོན་པའི་ཐབས་ལ་བརྩོན་པ་ཡིན། དགའ་བའི་ངོ་བོ་ལ་དམིགས་པ་ནི། སེམས་ཅན་གཞན་དག་ཐམས་ཅད་བདེ་སྐྱིད་ཕུན་ཚོགས་དང་ལྡན་པ་ཡིན་ལ། རྣམ་པ་ནི་དེ་ལ་ཕྲག་དོག་དང་འགྲན་སེམས་བྲལ་ཞིང་སྙིང་ནས་སྤྲོ་བའི་སེམས་ཀུན་ཏུ་འཇུག་ཅིང་སེམས་ཅན་ཀུན་ལ་བདེ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་ན་ཅི་མ་རུང་སྙམ་དུ་ལེགས་སྨོན་བསྒོམ་ཞིང་སེམས་ཅན་རང་རང་གི་སྔོན་བསགས་མཐུ་ཡིས་ཐོབ་པ་དེ་ལ་དགའ་བར་བྱེད་ཅིང༌། ཕྱིན་ཆད་ཀྱང་སེམས་ཅན་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་དེ་དང་མི་འབྲལ་བར་སྨོན་པ་ཡིན་ནོ། །བཏང་སྙོམས་ཀྱི་ངོ་བོ་ལ་དམིགས་པ་ནི། ཕ་མ་ཉེ་འབྲེལ་མཛའ་གྲོགས་སོགས་བྱམས་ཡུལ་དང༌། རང་ཕྱོགས་ལ་གནོད་པའི་དགྲ་ཡི་ཕྱོགས་སུ་གཏོགས་པ་སྡང་ཡུལ་དང༌། བར་མ་སོགས་ལ་རྣམ་པ་ནི་ཇི་མི་སྙམ་དུ་འཇོག་པའི་སེམས་འབྲལ་བ་སྟེ། དེ་ཡང་རང་ཕྱོགས་དང་གཞན་ཕྱོགས་རིས་སུ་ཆད་པ་སེམས་ཅད་ཐམས་ཅད་མཉམ་པ་ཉིད་ཀྱི་ངོ་བོར་བརྡལ་ཞིང་ཁྱབ་པར་བྱས་ནས། དགྲ་དང༌། གཉེན་དང༌། བར་མའི་འདུ་ཤེས་གསུམ་ཕན་འདོགས་པའི་ཡུལ་ལ་མཉམ་པར་རབ་ཏུ་སྤྱད་དེ། མདོར་ན་ལྡན་འདོད། བྲལ་འདོད། མི་འབྲལ་འདོད། ཞི་བར་འདོད་པ་བཞིའི་སྒོ་ནས་དབྱེ་བས་ཚད་མེད་བཞིའི་རྣམ་པས་བསྒོམ་ཚུལ་དམིགས་པ་དང་བཅས་པ་ཐམས་ཅད་ལ་དམིགས་མེད་འཁོར་གསུམ་དག་པའི་རྩི་ཡིས་སྦྱར་རོ། །ཉེ་དུ་སོགས་མཛའ་བཤེས་ཕྱོགས་ལ་འདོད་ཅིང་ཆགས་པའི་སེམས་ཀྱིས་བདེ་བར་འདོད་པའི་བྱམས་པ། འོག་རྟ་འགེལ་ཁལ་སོགས་པ་སེར་སྣའི་དབང་གིས་བཀོལ་མི་བྲ་བའི་སྙིང་རྗེ་དང༌། རང་ཕྱོགས་ལ་འབྱོར་པ་གཞན་ལས་ལྷག་ན་ང་རྒྱལ་གྱིས་དེ་ལ་དགའ་བ། ཕན་འདོད་གནོད་སྒྲུབ་གང་ཡང་མི་སེམས་པའི་གཏི་མུག །ལུང་མ་བསྟན་བཟང་ངན་མེད་པའི་བཏང་སྙོམས་དང༌། བཞི་པོ་དེ་ནི་ཐར་པ་མྱ་ངན་ལས་འདས་པའི་ལམ་མིན་ལ་ཚངས་པའི་གནས་པ་བཞིའི་ཕྱོགས་དང་ཉེ་བ་བྱམས་སོགས་དེ་འདྲ་ཁམས་གོང་མ་གཉིས་སུ་སྐྱེ་བའི་རྒྱུ་དང༌། དམིགས་པ་རིས་སུ་ཆད་པ་དང༌། མངོན་པར་ཞེན་པ་དང་བཅས་པའི་ཕྱིར་ཐེག་ཆེན་ལམ་གྱི་ཚད་མེད་བཞིའི་གོལ་ས་ཡིན་པས་རྣམ་པར་སྤང་བར་བྱའོ། །ཐེག་ཆེན་གྱི་སྐབས་འདི་ན་མཐའ་གཉིས་ཞི་བའི་ལམ་དང་འབྲེལ་བ་ཡི། ཚད་མེད་བཞིའི་དམིགས་པའི་ཡུལ་ནི་ཕྱོགས་རེ་བ་མ་ཡིན་པས་སེམས་ཅན་ཐམས་ཅད་ཀྱང༌། དོན་ལ་ཡེ་ནས་སྤྲོས་པ་དང་བྲལ་བ་སྣང་ལ་རང་བཞིན་མེད་པའི་ཆོས་ཉིད་ཀྱིས་ཟིན་ནས་ཐབས་ཤེས་ཟུང་དུ་འཇུག་པའི་རྣམ་པའི་སྒོམ་ཚུལ་ཡང་ཡང་གོམས་ནས་སྟོབས་སུ་གྱུར་པ་ལས། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་གཉིས་སྐྱེ་བའི་རྒྱུར་འགྲོ་བས། འཇིག་རྟེན་པ་དང་ཉན་རང་རྣམས་དང་ཐུན་མོང་མ་ཡིན་པ་ཐབས་ཤེས་གཉིས་ཀའི་ཕྱོགས་ནས་ཁྱད་ཆོས་ལྡན་པའི་ཚད་མེད་བཞི་རུ་འདོད་དོ། །ཚད་མེད་བཞི་པོ་དེ་དག་གི་བསྒོམ་ཚུལ་གོ་རིམ་གྱི་ངེས་པ་ཅན་ནི་དཀྱུས་སུ་བཤད་པ་བཞིན་དང༌། ངེས་པ་མེད་པ་ནི་བཏང་སྙོམས་ཐོག་མར་བསྒོམ་པ་སོགས་སོ། །དེས་ན་དམིགས་པའི་ཡུལ་གང་ལ་ཚད་མེད་པའི་བློ་སྐྱེ་བར་སླ་བ་དེ་ལ་ཐོག་མར་གཏད་ནས་བསྒོམ། འོན་ཀྱང་གོ་རིམ་ལ་ཞེན་པའི་གཉེན་པོར་འདི་ལྟར་ཡིད་འོང་གི་བྱམས་པ་ཡང་ཡང་བསྒོམ་པས་བྱམས་པའི་ཡུལ་དེ་གཉེན་བཤེས་ལྟ་བུའི་རིས་ཅན་དུ་མཐོང་སྟེ་ཆགས་པའི་རྟེན་དུ་གྱུར་ན། ཉེ་རིང་དང་བྲལ་བའི་བཏང་སྙོམས་སྒོམ་པར་སྤོས་པས་ཆགས་པའི་རྣམ་པ་དེ་ཉིད་འགོག་པར་འགྱུར་ལ། བཏང་སྙོམས་བསྒོམ་པའི་བློ་དེ་ཉིད་ཕན་འདོགས་པའི་སེམས་མེད་པར་རྨོངས་ནས་ལུང་མ་བསྟན་དུ་གྱུར་ན། སྙིང་རྗེར་སྤོས་ནས་བསྒོམས་པས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་ཅིང་འབྲས་བུས་གཟིར་བའི་ཚུལ་ཡང་ཡང་བསམ་པའི་སྟོབས་ཀྱིས་བཏང་སྙོམས་ཐ་ཤལ་བ་དེ་འགོག་གོ །སྙིང་རྗེ་བསྒོམས་པ་ན་སེམས་ཅན་གྱི་སྡུག་བསྔལ་ཤིན་ཏུ་ཆེ་བས་སེམས་སྟོབས་ཞན་ཏེ་ཧ་ཅང་ཞུམ་ནས་རིས་སུ་ཆད་པ་ན། བདེ་ཞིང་འབྱོར་པ་ལྡན་པའི་སེམས་ཅན་ལ་དམིགས་ནས་དགའ་བར་བསྒོམ་པ་སྤོས་པས་ཞུམ་ཞིང་དམན་པའི་སེམས་སྐྱེ་བ་དེ་ཉིད་འགོག་ལ། དགའ་བ་བསྒོམས་པས་སེམས་ཧ་ཅང་རྒོད་དེ་སྤྲོས་པའི་ཡུལ་དུ་གཡེང་བར་གྱུར་ན། བྱམས་པ་སོགས་མཐའ་དབུས་བརྗེས་ནས་བཞི་པོ་སྤེལ་མར་བསྒོམ་པར་བྱའོ། །དེ་ལྟར་ཚད་མེད་བཞི་པོ་བསྒོམས་པས་འབྲས་བུ་བཞི་ཐོབ་པར་འགྱུར་ཏེ། དེ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི། སྲིད་པ་ན་མངོན་པར་མཐོ་བའི་གནས་འདོད་པར་ལྷ་དང་མིའི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པ་དང༌། དེས་ཚོགས་གཉིས་རྫོགས་པར་བྱས་ནས་མཐར་ཐུག་ངེས་པར་ལེགས་པའི་འབྲས་བུ་སློབ་པ་དང་མི་སློབ་པའི་ས་མངོན་དུ་བྱེད་པ་སྟེ་གཉིས་དང༌། རྒྱུ་མཐུན་ལ་གཉིས་ལས། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཚེ་རབས་ཐམས་ཅད་དུ་དེ་འདྲ་བའི་ཚད་མེད་བཞི་པོའི་བློ་བསྒོམ་པར་འགྱུར་ལ། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི། རང་རང་གི་མི་མཐུན་ཕྱོགས་གནོད་སེམས། རྣམ་པར་འཚེ་བ། ཕྲག་དོག་ཆགས་སྡང་སྟེ་བཞི་དང་བྲལ་ཞིང༌། དེ་དག་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་འཐོབ་པ་དང༌། དབང་གི་འབྲས་བུས་ནི། འདི་ལྟར་བྱམས་པས་གནས་གྲོགས་དང་ལོངས་སྤྱོད་སོགས་ཡིད་དུ་འོང་བ་དང་འཕྲད་པ་དང༌། སྙིང་རྗེས་ལུས་སེམས་བདེ་བའི་རྐྱེན་དང་ལྡན་པ་དང༌། དགའ་བས་ས་ཕྱོགས་སྨན་ཤིང་དང་མེ་ཏོག་ལ་སོགས་པས་བརྒྱན་པ་ཡིད་དགའ་བའི་རྒྱུར་འགྱུར་བ་དང༌། བཏང་སྙོམས་ཀྱིས་སྐྱེ་དགུ་མཛའ་ཞིང་མི་མཐུན་པ་མེད་པའི་ཡུལ་ལ་ལོངས་སྤྱོད་པར་འགྱུར་རོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི། ཚད་མེད་པ་བཞི་པོའི་བྱེད་པ་ཆེས་ཆེར་སྟོབས་སུ་གྱུར་པ་དེ་ཡིས་རང་གཞན་དོན་གཉིས་ཕུན་སུམ་ཚོགས་པ་འབྱོར་པའི་ཡོན་ཏན་མཐའ་དག་འཐོབ་པར་འགྱུར་ཏེ། བྱམས་པ་ཚད་མེད་གོམས་ཤིང་འབྱོངས་པས་འགྲོ་བ་ཀུན་ལ་བུ་གཅིག་པའི་མ་ལྟར་བརྩེ་བར་འགྱུར་བས། ཞེ་སྡང་མེད་ཅིང་བྱམས་པའི་མཐུས་སེམས་ཅན་གཞན་གྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་རོ། །བྱམས་པའི་ངོ་བོ་གང་ཡང་མ་གྲུབ་པའི་གཤིས་བཀག་བྱ་དང་བྲལ་བ་སྟོང་ལ་རང་བཞིན་མེད་པ་གོམས་པས། མཐར་ཐུག་མཁྱེན་ཆ་མ་འགག་པ་མེ་ལོང་ཡེ་ཤེས་མངོན་དུ་གྱུར་ནས་མཚན་དཔེ་རྒྱ་མཚོའི་བདག་ཉིད་ལོངས་སྤྱོད་རྫོགས་པ་འཐོབ་སྟེ། ཇི་སྐད་དུ། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །དེ་བཞིན་དུ་སྙིང་རྗེ་ཚད་མེད་གོམས་ཤིང་རྒྱུད་ལ་འབྱོངས་པས་གཞན་གྱི་སྡུག་བསྔལ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང༌། བདག་གི་ཁུར་དུ་འགྲོ་བ་སྟེ་བདག་ལ་བབ་པ་བཞིན་མི་བཟོད་པའི་བློས་སྡུག་བསྔལ་ལས་གདོན་པའི་ཐབས་འབའ་ཞིག་སེམས་པ་ལས། གཞན་ལ་འཚེ་བ་སྐད་ཅིག་ཙམ་ཡང་བྲལ་བའི་སེམས་དང༌། གཉེན་བཤེས་ལྟར་སེམས་ཅན་ལ་འདོད་ཅིང་ཆགས་པ་དང་བྲལ་བ། རང་བཞིན་མེད་པའི་སྟོང་ཉིད་ཀྱི་གདངས་སྙིང་རྗེར་ཤར་ཏེ་ཟུང་དུ་འབྲེལ་བས་འཁོར་བའི་ཆོས་ཐམས་ཅད་རྒྱུ་འབྲས་མ་འདྲེས་པར་རྟོགས་ནས་གཞན་རྒྱུད་སོ་སོར་འབྱེད་པས་ཤེས་བྱའི་ཆོས་ཐམས་ཅད་མ་འདྲེས་པར་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ནས། དཀར་ཆོས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་ཆོས་ཀྱི་སྐུ་རུ་འགྲུབ་སྟེ། སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །ཞེས་སོ། །དགའ་བ་ཚད་མེད་ནི་རྒྱུད་ལ་གོམས་ཤིང་འབྱོངས་པས། གཞན་གྱི་བདེ་འབྱོར་ལ་མི་དགའ་བའི་ཕྲག་དོག་གི་རྩ་བ་ཆོད་ཅིང༌། གཞན་གྱི་བདེ་སྐྱིད་ལ་དགའ་བ་ཁྱད་པར་ཅན་སྐྱེས་པའི་རྒྱུས་རང་གི་ཡོན་ཏན་གྱི་འབྱོར་པ་ཕུན་ཚོགས་ཀུན་བརྟན་ཅིང༌། ཕྲག་དོག་གི་ཟུག་རྔུ་ཞི་བའི་བདེ་བ་རྒྱུན་མི་འཆད་པས་བསམ་གཏན་ལ་ཚེར་མ་མེད་པ་དང༌། དགའ་བའི་ངོ་བོ་གཟུང་འཛིན་དུ་དམིགས་པའི་རྩོལ་བ་མེད་པ་དང་ཆོས་མཐུན་པར་མཐར་ཐུག་གཞན་དོན་རྩོལ་མེད་དུ་མཁྱེན་པའི་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་ནས་གདུལ་བྱ་ཐམས་ཅད་ཀྱི་དོན་མཛད་པའི་སྤྲུལ་པའི་སྐུ་མཆོག་ཐོབ་སྟེ། དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །ཞེས་སོ། །བཏང་སྙོམས་ཚད་མེད་འབྱོངས་པས། བདག་གཞན་དགྲ་གཉེན་སོགས་ཕན་འདོགས་ཡུལ་དུ་མཉམ་པས་བདག་གཅེས་པར་འཛིན་པའམ། གཞན་དོན་ལ་རློམས་སེམས་དང༌། བདག་ཉིད་གཟེངས་བསྟོད་པའི་ང་རྒྱལ་མེད་ཅིང༌། དངོས་པོར་འཛིན་པ་དང༌། དངོས་མེད་དུ་ཞེན་པའི་མཐའ་གཉིས་སུ་ལྷུང་ནས་སེམས་ཀྱི་ཆོས་ཉིད་དབུ་མར་མི་སྙོམས་པའང་རང་བཞིན་གྱིས་སྟོང་ཞིང་ཟབ་པ་དང༌། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་དབྱིངས་སུ་བཏང་སྙོམས་པའི་རྟོགས་པ་ཁྱད་པར་བ་སྐྱེ་ཞིང༌། བཏང་སྙོམས་ཀྱི་ངོ་བོ་ཐ་དད་དུ་འཛིན་པའི་གཏི་མུག་གི་རང་བཞིན་རྨོངས་པ་མེད་ཅིང་མཐར་འཛིན་ཞི་བ་ཡིན་པས། མཐར་ཐུག་ཆོས་ཐམས་ཅད་དབྱེར་མེད་བླང་དོར་དང་བྲལ་བར་མཁྱེན་པ་ཆོས་དབྱིངས་ཡེ་ཤེས་དང༌། རང་བཞིན་རྣམ་དག་དབྱིངས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ངོ་བོ་ཉིད་སྐུ་མངོན་དུ་འཐོབ་པར་འགྱུར་ཏེ། བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་དང༌། །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་པ་རྣམས་པདྨ་རྩེ་མོ་ལས་བཤད་དོ། །དེ་ལྟ་བུའི་ཐེག་ཆེན་ཐུན་མིན་ལམ་གྱི་ཚད་མེད་བཞི་པོ་ཡི་ཡོན་ཏན་ནི། སྐུ་གཉིས་སྐྱེད་བྱེད་དང༌། སྒྲིབ་གཉིས་དག་བྱེད་ཀྱི་རྒྱུ་ཚོགས་གཉིས་དང་ཆོས་ཉིད་གཞིའི་ངང་དུ་གཅིག་པས། དེ་མངོན་དུ་འགྱུར་བྱེད་རྒྱུའམ་ལམ་ཚོགས་གཉིས་དང་ཐབས་ཤེས་གཅིག་ལ། འབྲས་བུ་སྐུ་གཉིས་ཀྱང་ངོ་བོ་ཐ་མི་དད་པས་དེ་ལྟར་གཞི་ལམ་འབྲས་བུ་ཤིན་ཏུ་ཟབ་པའི་དོན་རྟོགས་ནས། ཡོན་ཏན་མཐའ་ཡས་ཤིང་མཐར་ཐུག་པའི་དོན་ལ་བསླུ་བ་མེད་དེ། དཔལ་ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམས་པ། །དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་ཏུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་སོ། །ཚད་མེད་བཞི་པོ་དེ་དག་དང་མི་ལྡན་པ་ནི་ལམ་ངན་གཞན་ཕྱི་པ་མུ་སྟེགས་པ་རྣམས་ཀྱི་གྲུབ་མཐའ་སྲིད་པ་འཁོར་བའི་རྒྱུ་སྟེ། སའི་སྟོད་འགྲེལ་ལས། ཚད་མེད་བཞི་ནི་ཐར་པར་འགྲོ་བའི་ལམ་སྟེ་གཞན་དུ་ན་ལོག་པའོ། །ཞེས་སོ། །དེས་ན་ཆོས་ཐམས་ཅད་རང་གི་ངོ་བོ་གདོད་ནས་སྟོང་པ་ཉིད་ཤེས་པའི་ཤེས་རབ་དང་སྙིང་རྗེར་ཟུང་དུ་ཚུད་པའི་འགལ་བ་གཞན་ལ་མི་བསྟེན་པར། ཐར་པ་སྒྲིབ་གཉིས་ཀྱི་དྲི་མ་མེད་པ་རྒྱལ་སྲས་དམ་པའི་ལམ་གྱིས་རང་དོན་ཡིད་བྱེད་དང༌། བདེན་ཞེན་གྱི་བློའི་རྙོག་པ་ཞི་བའི་དགེ་བ་ལ་གོ་ཡུལ་ཙམ་དུ་མ་ལུས་པར་གོམས་འཚལ་ལོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། ཚད་མེད་བཞིའི་ཚོམས་ཏེ་ལེའུ་བདུན་པའོ།། །།སྲིད་ཞིའི་ཁམས་ཐམས་ཅད་ན་གོང་ན་མེད་པའི་རྙེད་པ་མཆོག་རྫོགས་བྱང་གང་གི་དོན་ལ་དམིགས་ནས་ལམ་བསྒྲུབ་པ་ལ་དེ་ཐོབ་བྱེད་ཀྱི་རྒྱུའམ་ཡོན་གྱི་མཆོག་གམ་སྙིང་པོ་ནི། ཚད་མེད་རྣམ་བཞི་ལ་ཡང་ཡང་གོམས་པའི་སྟོབས་ཀྱིས་ཐོབ་པ་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཡང༌། དང་པོ་སྨོན་འཇུག་གི་སེམས་གཉིས་བསྐྱེད་ནས་བསླབ་བྱ་ལ་ཚུལ་བཞིན་བསླབ་པས་འདུན་པ་ས་ལྟ་བུ་དང་ལྷག་བསམ་གསེར་ལྟ་བུ་ནས་སེམས་བསྐྱེད་སྟོབས་གོང་དུ་འཕེལ་ནས་བགྲོད་པའི་ཤིང་རྟའི་སྒྱུ་འཕྲུལ་གྱི་ཐབས་ལ་དྲངས་པས། རང་ཉིད་གཅིག་པུ་ཞི་བདེའི་ལྟ་བ་ངན་པ་ཉམས་ཏེ་དོན་གཉིས་ཕུན་སུམ་ཚོགས་པར་བྱེད་དོ། །རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་གྱི་ཚོགས་མང་པོས་མནར་བའི་འཁོར་བའི་གནས་རྒྱལ་པོའི་བཙོན་ར་ལྟ་བུར་ཚུད་དེ་བཅིངས་པའི་གང་ཟག་ཐ་ཆད་རྣམས་ཀྱང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མོད་ལ་མིང་གནས་འགྱུར་ཏེ། རྒྱལ་སྲས་ཀྱི་མིང་གི་ཅོད་པན་ཐོབ་ཅིང༌། དོན་གནས་འགྱུར་ཏེ་ཚུལ་དེ་ལ་རབ་ཏུ་དགའ་ཞིང་དད་པར་གྱུར་ནས། འཇིག་རྟེན་ན་དཀར་ཕྱོགས་པ་རྣམས་ཀྱིས་བསྔགས་ཤིང་མཆོད་ལ་རིགས་དྲུག་གི་གཙོ་བོ་ལྷ་མིར་བཅས་པའི་འགྲོ་བ་མཐའ་དག་གིས་ཀྱང་ཕྱག་མཆོད་བསྟོད་པ་སོགས་བསྟི་སྟང་བྱེད་པར་འགྱུར་རོ། །རང་བཞིན་ཡེ་ནས་དག་ཀྱང་མ་རིག་པས་བསྒྲིབས་པའི་ལས་ཀྱི་ཀུན་ནས་སློང་བའི་ཉོན་མོངས་པ་དཔེར་ན་ཉི་ཟླའི་སྣང་བ་མེད་པའི་མུན་ནག་སྟུག་པོ་འཁྲིགས་པའི་ནམ་མཁའ་ལ་སྤྲིན་བར་ནས་གཏུམ་པོའི་གློག་འོད་འཁྱུགས་པ་ལྟ་བུ་འགྲོ་བའི་དགེ་བ་ལ་བརྟན་པོ་མ་ཡིན་པས། སྐབས་འགར་གོམས་ཤིང་བསགས་པའི་ལས་ནི་བསོད་ནམས་ཙམ་པོ་བ་ཡིན་ཏེ། དཔེར་ན་ཆུ་ཤིང་ཨེ་རན་དྲ་འདམ་བུ་སྨྱིག་མ་བཞིན་དུ་འབྲས་བུ་ལན་གཅིག་སྨིན་ཟིན་ནས་རྩ་བ་སྐམ་པ་ལྟར། ལྷ་མིའི་བདེ་འབྱོར་ལན་གཅིག་སྤྱད་ཟིན་ནས་སླར་ཟད་པས་སྨད་དོ། །བྱང་ཆུབ་སེམས་ཀྱི་ཟིན་པའི་དགེ་བ་ནི་དཔེར་ན་ས་གཞི་བཟང་པོ་འགྲོ་བ་མང་པོས་བསྟེན་པའི་ཞིང་ས་ལ། ས་བོན་ཅི་བཏབ་ཀྱང་དགེ་བའི་ལོ་ཏོག་ཕུན་སུམ་ཚོགས་པ་རྒྱས་ཤིང་འཕེལ་བ་ལྟར། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བའི་ལྗོན་ཤིང་ནི། སྲིད་པ་ན་འབྲས་བུ་ལྷ་མིའི་བདེ་སྐྱིད་ལོངས་སྤྱོད་མང་ཞིང་ཞི་བ་མྱང་འདས་བྱང་ཆུབ་ཆེན་པོའི་བར་དུ་འཕེལ་བར་འགྱུར་རོ། །འདི་ལྟར་ལས་དང་ཉོན་མོངས་པའི་མེ་འོབས་ཆེན་པོས་བསྐོར་ཞིང་འདུ་བྱེད་ཀྱི་སྡུག་བསྔལ་ཆུ་བོ་ཆེན་པོ་ཀུན་གྱི་སྣོད་དུ་གྱུར་པ་འཁོར་བའི་རྒྱ་མཚོ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པའི་རྦ་རླབས་དྲག་པོས་ཐར་པའི་གྲུ་གཟིངས་བཤིག་པ་ཅན་འཇིགས་སུ་རུང་བ་དེ། སེམས་ཅན་རྣམས་ཀྱིས་མ་ཤེས་ནས་དགའ་ཞིང་ཞེན་ནས་ཁྱིམ་ལྟར་རབ་ཏུ་བཟུང་ནས་ཐར་པ་དང་བྲལ་བ་རྣམས། དེ་ལས་གདོན་པའི་སྙིང་སྟོབས་ཆེན་པོའི་གོ་ཆ་བགོ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ཡིན་ཏེ། སྤྱོད་འཇུག་ལས། སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང༌། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང༌། །བདེ་མང་བརྒྱ་ཕྲག་སྤྱད་པར་འདོད་པས་ཀྱང༌། །བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ། །ཞེས་གསུངས་པ་ལྟར་རོ། །འདིར་སྐྱེས་བུ་ཆེན་པོ་གང་ལ་ནི་སྐྱེས་བུ་ཆུང་འབྲིང་ལྟ་བུའི་རང་དོན་ཡིད་བྱེད་ཀྱི་སེམས་པ་ཡོད་པ་མ་ཡིན་ཏེ། མཁའ་མཉམ་སེམས་ཅན་ཀུན་ལ་སྙིང་རྗེ་ཆེན་པོ་ནི། དཔེར་ན་བཀྲེས་པ་ཟས་ལ་གདུང་བ་དང་སྐོམ་པ་ཆུར་གདུང་བ་བཞིན། སེམས་ཅན་འབའ་ཞིག་སྡུག་བསྔལ་ལས་བསྒྲལ་བའི་དོན་དུ་སེམས་པ་ནི་སྙིང་རྗེས་གཞན་དོན་ལ་དམིགས་པ་ཡིན་ལ། སེམས་ཅན་ཀུན་རྣམ་མཁྱེན་གྱི་གོ་འཕང་དོན་དུ་གཉེར་བའང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཡིན་པས། དེ་ལ་བྱང་ཆུབ་སེམས་ཞེས་གྲགས་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེའང་འབྲས་བུ་རྫོགས་བྱང་ལ་དམིགས་ནས་དེ་བསྒྲུབ་པར་དམ་འཆའ་བ་ནི། སྨོན་པའི་སེམས་བསྐྱེད་ཡིན་ལ། དེའི་བསླབ་པར་བྱ་བ་ནི། བདག་གཞན་མཉམ་པ་དང༌། བདག་གཞན་བརྗེ་བ་དང༌། བདག་བས་གཞན་གཅེས་པར་འཛིན་པ་སྟེ་གསུམ་དུ་བཞག་པ་དེའང་སྨོན་པ་སེམས་བསྐྱེད་ཀྱི་བསླབ་པའི་གནད་མདོར་བསྡུས་ཡིན་གྱི། སྨོན་སེམས་དེའི་ངོ་བོ་ནི། བྱམས་པ་སོགས་སྙིང་རྗེ། དགའ་བ། བཏང་སྙོམས་ཏེ་ཚད་མེད་བཞི་ལ་ཡང་དག་པར་གནས་ཤིང༌། རྒྱུ་ཕར་ཕྱིན་དྲུག་བསྒྲུབ་པ་ལ་དམ་བཅའ་བ་དང༌། དེ་ལྟར་དམ་བཅས་པ་བཞིན་འཇུག་པ་ནི་འཇུག་པའི་སེམས་བསྐྱེད་ཡིན་ཏེ། དེ་ཡི་བསླབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་དང༌། འགྲོ་དྲུག་ལ་སོགས་པའི་སྤྱོད་ཡུལ་ལུང་མ་བསྟན་པ་རྣམས་ཀྱང་གཞན་དོན་དུ་སྨོན་ལམ་གྱིས་ཡོངས་སུ་དག་པའི་དགེ་བར་བསྒྱུར་བའི་ཚུལ་རྣམས་ལ་བསྟེན་པར་བྱའོ། །གནས་སྐབས་ཀྱི་དབྱེ་བའི་སྒོ་ནས་གཉིས་ནས་དྲུག་གི་བར་ཏེ། ཚོགས་གཉིས་ལ་ལྟོས་ནས་གཉིས་སམ། བདེན་གཉིས་ལ་ལྟོས་ནས་གཉིས་ཏེ་སོ་སོའི་སྐྱེ་བོའི་ཀུན་རྫོབ་དང༌། འཕགས་པའི་དོན་དམ་སྟེ་སེམས་བསྐྱེད་གཉིས། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ཏེ་བསླབ་པ་གསུམ་ལ་ལྟོས་ཏེ་གསུམ་དང༌། ཡང་ན་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དེ་གསུམ་ལ་ལྟོས་པའི་སེམས་བསྐྱེད་གསུམ་མོ། །ལམ་གྱི་ཁྱད་པར་ཚོགས་སྦྱོར་གྱི་ལམ་ན། ཁམས་ཀྱི་སྒྲིབ་པ་ཕྱོགས་གཅིག་ཀྱང་མ་དག་པས་ཆོས་ཉིད་མངོན་སུམ་མ་མཐོང་བ་དོན་སྤྱིའི་ཚུལ་དུ་འཇལ་བས་མོས་པས་སྤྱོད་པའི་སེམས་བསྐྱེད༡་དང༌། དང་པོའི་ས་ནས་བཟུང་ས་བདུན་པའི་བར་ལ་བདག་གཞན་མཉམ་པ་ཉིད་དུ་རྟོགས་ཤིང༌། ཁམས་ཀྱི་སྒྲིབ་པ་ཕྱོགས་གཅིག་དག་ནས་ཡེ་ཤེས་མངོན་དུ་མཐོང་བས་ལྷག་བསམ་དག་པའི་སེམས་བསྐྱེད༢་དང༌། དག་ས་གསུམ་ན་ཁམས་ཀྱི་སྒྲིབ་པ་སྔར་བས་ཀྱང་དག་སྟེ་ས་བརྒྱད་པར་ཉོན་ཡིད་ལོག་སྟེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང༌། དགུ་པར་ཡིད་ཤེས་དང་སྒོ་ལྔ་ལོག་པས་སོ་སོ་ཡང་དག་རིག་པ་བཞིའི་ཡེ་ཤེས་དང་ཞིང་དག་པ་གཉིས་དང༌། བཅུ་པར་ཡིད་ཤེས་ཀྱི་བྱེད་ལས་དག་ནས་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ་དེ་ལྟར་བཞི་པོ་ལ་དབང་འབྱོར་བས་རྣམ་པར་སྨིན་པའི་སེམས་བསྐྱེད༣་པ་དང༌། ས་བཅུའི་རྒྱུན་མཐར་ཁམས་ཀྱི་སྒྲིབ་པ་སེམས་སེམས་བྱུང་གི་བག་ཆགས་ཀུན་གཞི་དང་བཅས་པ་དག་པས་སངས་རྒྱས་ཀྱི་ས་ན་སྒྲིབ་པ་ཐམས་ཅད་སྤངས་པའི་སེམས་བསྐྱེད༤་པ་སྟེ་བཞིའོ། །དེ་བཞིན་ལམ་ལྔའི་ཁྱད་པར་ལྔ་རུ་དབྱེ་ན། ཚོགས་ལམ་ན་ལས་དང་པོ་པའི་སེམས་བསྐྱེད། སྦྱོར་ལམ་ན་ཡོངས་སུ་སྦྱང་བ་བྱས་པའི་སེམས་བསྐྱེད། མཐོང་ལམ་ན་མཐོང་བའི་སེམས་བསྐྱེད། སྒོམ་ལམ་ན་རྣམ་པར་གྲོལ་བའི་སེམས་བསྐྱེད། མི་སློབ་ལམ་ན་བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་དེ་ལམ་ལྔའི་རྗེས་འགྲོ་སེམས་བསྐྱེད་ལྔ་དང༌། དེ་བཞིན་ཕ་རོལ་ཕྱིན་པ་དྲུག་ལ་ལྟོས་ཏེ་དེ་སྙེད་ཀྱི་གྲངས་དྲུག་དང༌། ས་བཅུ་པོ་སོ་སོའི་མཚམས་དབྱེ་བ་ཉི་ཤུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་གསུམ་ཚོགས་ལམ་མེ་སྦྱོར་ལམ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང༌། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །དེ་ཡང་དང་པོ་གསུམ་ཚོགས་ལམ། །སྦྱོར་བ་མེ་ལྟ་བུ་སྦྱོར་ལམ། །དེ་ནས་ཕར་ཕྱིན་བཅུ་ས་བཅུ། །མངོན་ཤེས་སོགས་ལྔ་དག་ས་གསུམ། །ཆོས་ཀྱི་དགའ་སྟོན་སོགས་གསུམ་ས་བཅུ་པ་ཁོ་ན་ལ་ཡོད་དོ། །དེ་ལ་སོགས་རྒྱལ་བའི་དགོངས་སྤྱོད་ཐམས་ཅད་བསམ་པས་སྨོན་པའི་ཆ་དང༌། འཇུག་པས་ལག་ལེན་ཁྱབ་པར་བྱེད་པ་ལ་ཐམས་ཅད་འདུའོ། །གང་ཟག་གང་ཞིག་རང་ཉིད་ཁོ་ན་མཐོ་རིས་ཀྱི་ལེགས་པའི་ཡོན་ཏན་དོན་དུ་གཉེར་ནས། རྟག་ཏུ་གཅོད་པ་མེད་པའི་སྒོ་འཕར་ཏེ་རྒྱུན་དུ་མི་གཅོད་པའི་ལོངས་སྤྱོད་ཁང་པའི་ནང་ནས་སློང་མོ་བའི་ཡིད་ལ་འཁྲུགས་པ་མི་སྟེར་བ་གང་འདོད་སྟེར་བར་བྱེད་པ་དེ་ལ། གཏན་པ་མེད་པའི་མཆོད་སྦྱིན་བྱས་སོ་ཞེས་བསྔགས་པར་འོས་ཏེ་འདོད་ཁམས་པའི་མངའ་བདག་ཏུ་འགྱུར་ན། མཐའ་དག་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ཏེ་ཕན་པའི་ཕྱིར་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་སྨོན་པའི་སེམས་རྒྱུན་ཆགས་སུ་ཡོད་པ་ལྟ་ཅི། ཐ་ན་ཐང་གཅིག་ཙམ་སྐྱེས་པས་ཀྱང་གནས་སྐབས་ངན་སོང་གི་སྒོ་གཅོད་ཅིང༌། མཐོ་རིས་ལྷ་མིའི་གནས་རིགས་སུ་སྐྱེས་ནས་ཚེ་རིང་ནད་མེད་སོགས་བདེ་བ་བསྟེན་པས། རྒྱུ་མཐུན་གྱི་འབྲས་བུའི་ཡོན་ཏན་ཟད་མི་ཤེས་པ་འབྱུང་ལ། སྨོན་སེམས་དེ་ལས་ཀྱང་ཁྱད་པར་དུ་འཇུག་པའི་སེམས་ཀྱི་ཡོན་ཏན་ནི་མཐའ་ཡས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སྨོན་པའི་སེམས་ལས་ནི། །འཁོར་ཚེ་འབྲས་བུ་ཆེར་འབྱུང་ཡང༌། །ཇི་ལྟར་འཇུག་པའི་སེམས་བཞིན་དུ། །བསོད་ནམས་རྒྱུན་ཆགས་འབྱུང་བ་མིན། །ཞེས་སོ། །གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱིས་དངོས་སུ་སྦྱོར་བས་ཁྱབ་པའི་སེམས་དེ་ཆོ་ག་ལ་བརྟེན་ནས་བླངས་པ་གང་ནས་བཟུང་སྟེ། ཕྱིར་ལྡོག་པ་མེད་པའི་སེམས་ཀྱིས་སངས་རྒྱས་ཀྱི་སར་འགྲོ་བ་སྒྲོལ་བར་དམ་བཅའ་ཤིན་ཏུ་ཡིད་བརྟན་པ་རྒྱུད་ལ་ཐོབ་པའི་སྟོབས་ཀྱིས། དུས་དེ་ནས་བཟུང་སྟེ་བག་མེད་ཀྱིས་རྣམ་པར་གཡེང་བ་དང༌། གཉིད་ལོག་པ་སྤྱོད་ལམ་ལུང་མ་བསྟན་པར་གྱུར་ཀྱང༌། བསོད་ནམས་ཀྱི་ཤུགས་བར་མ་ཆད་པར་རྒྱུན་ཆགས་ཉིད་སེམས་བསྐྱེད་པ་པོ་དེའི་སེམས་རྒྱུད་དུ་འབྲེལ་བར་འགྱུར་བ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པའི་ས་སྤྱོད་འཇུག་ལས་ཀྱང་འཐད་པ་དང་བཅས་བཤད་དེ། ཇི་སྐད་དུ། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་བསྒྲལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང༌། །འདི་ནི་འཐད་པར་དང་བཅས་པར། །ལགས་བཟང་གིས་ནི་ཞུས་པ་ལས། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །ཞེས་བཤད་དོ། །ཐབས་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པའི་སྟོབས་ཀྱིས་དུས་ཐུང་ངུ་ལ་སྤྱོད་པའི་སྒོ་རེ་རེར་བསླབ་པས་ཀྱང༌། ཐབས་ཤེས་དེ་ལྟ་བུ་དང་མི་ལྡན་པ་རྣམས་ཀྱིས་བསྐལ་པ་མང་པོ་ལ་བསྒྲུབ་དགོས་པའི་ཚོགས་ཀྱང་འདུམས་པར་འགྱུར་ལ། དབྱེ་ན། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། དཔེ་ལྔའི་སྒོ་ནས་བསྟན་པའི་ཚུལ་ནི། ཕྱུགས་དང༌། གླང་པོ་ཆེའི་ཤིང་རྟ་དང༌། ཉི་ཟླ་ལྟ་བུ་དང༌། སོགས་ཀྱིས་ཉན་ཐོས་ཀྱི་རྫུ་འཕྲུལ་དང༌། སངས་རྒྱས་ཀྱི་རྫུ་འཕྲུལ་ཏེ་དེ་དག་གི་བགྲོད་པའི་བརྟུལ་ཞུགས་མྱུར་བུལ་མཐའ་ཡས་པ་ལྟར། གང་ཟག་སོ་སོའི་སེམས་བསྐྱེད་པའི་བློ་སྟོབས་ཆུང་འབྲིང་ཆེན་པོའི་དབྱེ་བའང་གསུམ་སྟེ་འོག་ཏུ་འཆད་དོ། །དེ་ཡང་བློ་སྟོབས་ཆེན་པོས་ཐབས་ལ་མཁས་པ་དང༌། བརྩོན་འགྲུས་ཕུལ་དུ་བྱུང་བ་དང༌། ཤེས་རབ་ཟབ་ཅིང་རྣོ་བའི་སྟོབས་ཀྱིས་མྱུར་བའི་ཚད་གྲངས་མེད་གསུམ་གྱི་སྒྲིབ་གཉིས་ཀྱི་དམ་ལ་བཞག་པ་མཐའ་དག་འཇིག་པའི་ཚུལ་གྱིས་འཚང་རྒྱ་བར་འགྱུར་བ་ཡིན་ནོ། །དཔེ་ཇི་ལྟར་ན་འབྲས་བུ་སྨིན་པ་ལ་ས་བོན་དགོས་ཀྱང༌། ས་བོན་དེ་ས་ལ་ལྷུང་བ་གཙོ་མི་ཆེ་ལ། རྐྱེན་རྣམས་ཚོགས་པ་གཙོ་ཆེ་བ་བཞིན་དུ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་དང་པོ་བཅོས་ནས་སྐྱེ་དགོས་ཀྱང༌། བྱང་ཆུབ་ཀྱི་སེམས་མཆོག་དེ་བསྐྱེད་པ་མི་གཙོ་ལ། བཅོས་མིན་སྐྱེས་པ་གཙོ་ཆེ་བ་ཡིན་ནོ། །སྟོབས་གསུམ་ལས་ནི་བྱང་ཆུབ་སེམས་ཡང་དག་རྒྱུད་ལ་སྐྱེ་བར་འགྱུར་བས་ན། དེ་ལྟར་གོམས་པས་སྙིང་རྗེ་ཆེ་བར་གྱུར་པ་ནི་བྱང་ཆུབ་སེམས་ཀྱི་རྩ་བ་དང༌། ཡན་ལག་བདུན་པ་ལ་སོགས་པའི་ཚོགས་བསགས་གནད་དུ་སྨིན་པར་བྱས་ཤིང༌། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སྡིག་པ་ཟིལ་གྱིས་གནོན་པས་རྟེན་གྱི་སྟོབས་དང༌། དེ་དག་གོ་རིམ་བཞིན་དུ་སྙིང་རྗེ་བསམ་པའི་སྟོབས་དང༌། ཚོགས་བསགས་སྦྱོར་བའི་སྟོབས་དང༌། སྐྱབས་འགྲོ་རྒྱུ་ཡི་སྟོབས་སུ་བཤད་པ་ཡིན་ནོ། །སེམས་བསྐྱེད་སྐྱེ་བའི་རྟེན་གྱི་གང་ཟག་ནི། སེམས་ཙམ་པའི་ལུགས་དང༌། དབུ་མ་པའི་ལུགས་ཏེ་རྣམ་པ་གཉིས་སུ་བསྟན་ཏེ། དང་པོ་ལྟར་ན་སྨོན་སེམས་ཙམ་ལ་མ་ངེས་ཀྱང་འཇུག་སྡོམ་མ་ཐོབ་པ་ཐོབ་པའི་རྟེན་སོ་ཐར་རིགས་བརྒྱད་ལས། བསྙེན་གནས་ནི་དུས་ཁྲིམས་ཡིན་པས་མི་རུང་ལ། གཞན་དགེ་བསྙེན། དགེ་ཚུལ། དགེ་སློང་གསུམ་རེ་རེར་ཕ་མ་གཉིས་སུ་ཕྱེ་བས་དྲུག་དང༌། དགེ་སློབ་མ་སྟེ་བདུན་གང་རུང་གི་སྡོམ་ལྡན་ནི་ནམ་ཡང་དགོས་ལ། དབུ་མ་པ་ལྟར་ན། དཀོན་མཆོག་ཏཱ་ལར། ཇི་སྐད་དུ། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང༌། །བྱང་ཆུབ་བླ་མེད་ལའང་དད་གྱུར་ནས། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོགས་བསམ་པའི་རྟེན་གཙོ་བའི་ཚུལ་སྡོང་པོ་བཀོད་པ། བསྐལ་བཟང༌། ནམ་སྙིང་མདོ་སོགས་ལས་གསུངས་པས། དེའི་རྗེས་སུ་ཕྱོགས་ནས་རྟེན་མ་ངེས་པར་བཤད་པ་ཐལ་འགྱུར་དབུ་མའི་ལམ་སྲོལ་ལ། བསམ་པ་ཕུན་སུམ་ཚོགས་པ་རྟེན་གང་རུང་རུང་ལ་འཇུག་པ་སེམས་ཙམ་པའི་ལུགས་ལས་ཀྱང་ཡངས་པ་ཡིན་ནོ། །སྲོལ་གཉིས་ཀ་ལ་ཚོགས་བསགས་པ་ནི་ལྷག་པར་སེམས་བསྐྱེད་སྐྱེ་བའི་ཐབས་སུ་གསུངས་སོ། །སེམས་བསྐྱེད་སྐྱེ་བའི་རྒྱུ་ཐུན་མིན་ནི། སེམས་ཅན་ཀུན་ཀྱང་སེམས་ཀྱི་རང་བཞིན་འོད་གསལ་བ་བདེ་བར་གཤེགས་པའི་ཆོས་ཁམས་རྒྱ་མཚོ་ལྟ་བུ་སྨིན་རུང་གི་ཚུལ་དུ་ཡོད་པ་པས་ས་བོན་ལ་མྱུ་གུ་བཞིན་དེའི་སྙིང་པོ་ཅན་ཏེ། ཟླ་བ་སྒྲོན་མེའི་མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །ཞེས་སོ། །སེམས་བསྐྱེད་སྐྱེ་བས་བདག་རྐྱེན་ནི་ཐེག་ཆེན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལ་རབ་ཏུ་བསྟེན་པས། སློབ་མ་ལ་ཇི་ལྟར་རེ་བ་ལྟར་སྦྱིན་ནུས་པས་ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་སྡོམ་ལྡན་ཐེག་ཆེན་གྱི་དོན་ལ་མཁས་པའི་ཡོན་ཏན་མཆོག་མངའ་ཞིང༌། བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་གང་བ་ནི་ལེན་པའི་ཡུལ་ཏེ། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་སོ། །དེ་ལྟ་བུའི་བླ་མ་དེས་ཐོག་མར་དགེ་བ་སྲིད་པའི་མཐའ་ལ་སྐྱོ་བ་བསྐྱེད། བར་དུ་དགེ་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ་དང༌། མཐའ་མར་དགེ་བ་མཐའ་གཉིས་ལ་མི་གནས་པའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པའི་ཆོས་རྣམས་དང༌། གཞན་ཡང་རྒྱན་དང༌། སྡོང་པོ་བཀོད་པ། མ་སྐྱེས་དགྲའི་ལེའུ། འོད་སྲུང་གི་ལེའུ། རིན་པོ་ཆེའི་ཕུང་པོའི་མདོ་སོགས་ལས་ལེགས་པར་གསུངས་པའི་བྱང་ཆུབ་སེམས་ཀྱི་ཡོན་ཏན་དཔག་ཡས་བརྗོད་དོ། །དྲི་བཟང་སྣ་ཚོགས་ཀྱི་ཁུ་བས་སྐྱང་ནུལ་བྱེད་པ་ལ་སོགས་མཛེས་ཤིང་སྙིང་དུ་སྡུག་པ་ངོམ་པའི་སྒོ་ནས་གནས་ཁང་བརྒྱན་པའི་ཚུལ་ཡང༌། དང་པོ་བྱི་དོར་ལེགས་པར་བྱས་ཤིང་གུར་གུམ་དང༌། དྲི་བཟང་པོའི་སྤོས་ཆུ་དང༌། བ་བྱུང་ལ་སོགས་པས་བྲན་ཞིང་ཆག་ཆག་གདབ་པ་དང་བཅས། སྒེག་ཆོས་མ་ཡིན་པར་གུས་པ་བསྐྱེད་ཕྱིར་ཡན་ལག་གདོང་སོགས་ཐམས་ཅད་བཀྲུ་ཞིང༌། གོས་གཙང་མ་བགོས་ལ་གྲགས་འདོད་དང་བྲལ་བར་དཀོན་མཆོག་གསུམ་གྱི་ཡོན་ཏན་འབའ་ཞིག་ཡིད་ལ་སེམས་པ་ཡི། དད་དང་ངེས་ཤེས་དྲག་པོས་འཕན་གདུགས་རྒྱལ་མཚན་བླ་བྲེ་སོགས་དང༌། མཆོད་ཡོན་སོགས་དང༌། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད་སོགས་མཆོད་པའི་ཚོགས་མ་ཚང་བ་མེད་པ་མང་པོའི་ཕྲུ་མ་འདེབས་པ་སྟེ་བཀྲམ་པ་ལ་སྙིང་ཐག་པ་ནས་དགའ་ཞིང་དགེ་བ་ཆུད་མི་ཟ་བའི་སྤྲོ་བ་དང་བཅས་པས་དགོད་ཅིང་ཡི་རང་བར་བྱའོ། །མཆོག་གསུམ་ལ་སོགས་པའི་བདེན་པ་བརྗོད་པས་ས་གཞི་ཐམས་ཅད་དག་པའི་ཞིང་ཁམས་ཀྱི་བཀོད་པ་ལྟར། རྒྱ་དཔང་ཚད་ལས་འདས་པར་རྣམ་པར་དག་པའི་དབུས་སུ་གནས་ཁང་དེ་ཉིད་སྟོང་གསུམ་ལས་རྒྱ་ཆེ་བའི་གཞལ་མེད་ཁང་དང༌། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རྒྱན་བཀོད་སོགས་ཕུན་སུམ་ཚོགས་པའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨ་ཉི་ཟླ་དར་ཟབ་ཀྱི་ཁྲི་སོགས་ལྟ་ན་སྡུག་པ་མང་པོས་མཛེས་པར་བསམ་ལ། དམ་ཚིག་གི་རྟེན་རྒྱལ་བ་སྲས་དང་བཅས་པའི་གཟུགས་བརྙན་དང༌། ཐེག་ཆེན་གྱི་གླེགས་བམ་སོགས་སྐུ་གསུང་ཐུགས་རྟེན་རབ་གནས་ཅན་ཇི་སྙེད་ཡོད་པ་མཐའ་དག་གནས་དེར་བོས་ནས་ཏེ། ཟླ་བ་སྒྲོན་མའི་མདོ་ལས་བྱུང་བ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །སོགས་དང༌། རིག་པ་མཆོག་གི་རྒྱུད་ལས་བྱུང་བ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ལ་སོགས་པའི་ཚིག་གིས་སྤོས་རོལ་དང་བཅས་དབྱིངས་ནས་ཡེ་ཤེས་སེམས་དཔའ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དགུག་ཅིང་དྲངས་ནས་དམ་ཚིག་གི་རྟེན་རྣམས་ལ་གཉིས་མེད་དུ་གཞུག་པའི་ཆོ་ག་ནི། མས་བུ་གཅིག་པུ་སྟོར་ཚེ་རྒྱུག་པ་ལྟར་རམ་མཛའ་ཕོ་མོ་གཅུགས་དུས་བཏབ་པའི་དམ་བཅའ་དྲན་པ་ལས་ཀྱང་མྱུར་བས་རྒྱལ་རྣམས་ཕྱོགས་བཅུའི་ཞིང་ཁམས་གཞན་དུ་གཟིགས་པ་ཡོལ་བ་སྟེ་དེ་མ་ཐག་ཏུ་འདི་ཁོ་ནར་བྱོན་པའི་ཐ་སྙད་བཏགས་པའོ། །དཀོན་བརྩེགས་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས་སོ། །འདིར་སྤྱན་འདྲེན་པའི་ཚིག་ནི། གང་ཞིག་འཁོར་བ་ན་གནས་པའི་གདུལ་བྱ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་ཀུན་གྱི་སྡུག་བསྔལ་ལས་སྐྱོབ་པའི་མགོན་དང་ཕན་གདགས་པའི་དཔུང་གཉེན་མཆོག་ཏུ་གྱུར་ཀྱང་བདུད་ཀྱི་སྡེ་དཔུང་དང་བཅས་པའི་ཚོགས་མ་ལུས་པ་འཇོམས་པར་མཛད་པའི་དགྲ་རུ་གྱུར་ཅིང༌། ཇི་ལྟ་བ་ཆོས་རྣམས་ཀྱི་ཆོས་ཉིད་དང༌། ཇི་སྙེད་པ་ཆོས་ཅན་ཤེས་བྱ་མཐའ་དག་ཆགས་ཐོགས་མེད་པར་མཁྱེན་ཅིང་གཟིགས་པ་ཡི་ཕྱོགས་བཅུའི་བཅོམ་ལྡན་འདས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་གི་སྡུམ་པར་ཏེ་གནས་ཁང་འདིར་ཚོགས་བསགས་པའི་ཞིང་དང༌། སྐྱབས་ཡུལ་དུ་མཆིས་ཏེ་གཤེགས་སུ་གསོལ། བསྙེན་བཀུར་གྱི་ཁྲུས་གསོལ་བ་ནི། དང་པོ་འདི་ལྟར་འཇིག་རྟེན་ཕལ་པའི་ལས་ཀྱི་སྤྲུལ་པ་དངོས་པོ་བཅོས་མ་མ་ཡིན་པར་ལྷ་ཚོགས་རྣམས་འབྱོན་པའི་ཤུལ་ཏེ་ལམ་དུ་ཁྲུས་གསོལ་བའི་གནས་ཀྱི་ཁང་བུ་བརྩེགས་པ་རིན་པོ་ཆེ་ལས་གྲུབ་པ་དྲི་བསུང་ཞིམ་པོས་ཕྱོགས་མཐར་ཁྱབ་པའི་རང་བཞིན་ཅན། ཤེལ་དང་ནོར་བུ་སོགས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་ཁོད་སྙོམས་ཞིང་མིག་མང་རིས་སུ་བྲིས་ཤིང་བཀྲ་བ་དང༌། རིན་པོ་ཆེ་འོད་འབར་བའི་ཀ་བ་ཡིད་དུ་འོང་བར་ལྡན་ཞིང༌། གཡུ་དམར་དང་མུ་ཏིག་རིན་པོ་ཆེ་འོད་ཆགས་པའི་བླ་བྲེ་སོགས་རྒྱན་གྱི་རྣམ་པ་མང་པོ་དཔྱངས་ཤིང་མཛེས་པར་བྱས་པ་དེར། བདེ་བར་གཤེགས་པ་སངས་རྒྱས་རྣམས་དང༌། རིགས་ཀྱི་བུ་མཆོག་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བྱོན་ནས་བཞུགས་པ་ལ། སྤོས་འདག་ཆལ་གྱི་ཆུས་སུམ་ཉིས་གང་བའི་བཻ་ཌཱུརྻ་ལ་སོགས་པའི་ནོར་བུ་རིན་པོ་ཆེའི་བུམ་པ་ནས། ཁྲུས་ཀྱི་རིམ་གྲོ་བགྱིད་པའི་ཕྱིར་རང་ལས་སྤྲུལ་པའི་སྨིན་ལེགས་མ་སྟེ་མཆོད་པའི་ལྷ་མོ་རྣམས་ཀྱིས་བསྟོད་པའི་གླུ་དང་གར་སོགས་མཛེས་པ་དང་སྙན་པའི་རོལ་མོའི་རྣམ་པར་འགྱུར་བ་དཔག་ཏུ་མེད་པས་ཕན་ཚུན་གཅིག་གིས་གཅིག་ལ་འགྲན་པ་ལྟ་བུར་ཁྲུས་ཀྱི་བྱ་བ་ལ་བརྩོན་བཞིན་སྐུ་ཕྱི་བ་དང༌། ན་བཟའ་དང༌། རྒྱན་གསོལ་བ་སོགས་ཉེ་རེག་གི་ཆོ་ག་སྟེ་བྱ་བ་རྣམས་གུས་པའི་རྣམ་འགྱུར་གྱིས་བྱེད་པ་ལ་མཁས་པའི་རི་དྭགས་མིག་ཏེ་མཆོད་པའི་ལྷ་མོ་རྣམས་ཀྱིས་དྲི་བཟང་གི་ཕྱེ་མ་དར་གོས་སྣ་ཚོགས་པས་ཐུམ་པོར་དྲིལ་བ་མང་པོས་ཁྲུས་གསོལ་བའི་རླན་གྱི་ཆ་ཐམས་ཅད་ཕྱིས། བསྐུ་མཉེའི་རྫས་སྣ་ཚོགས་པས་སྲི་ཞུའི་ལས་བྱེད་པས་གཡེང་ཞིང་གོས་རྒྱན་སོགས་འབུལ་བ་ཡང༌། འདི་ལྟར་ཁ་དོག་གཅིག་ཏུ་མི་གནས་པ་དབང་པོའི་མཚོན་ཏེ་འཇའ་ཚོན་ལྟ་བུ་ལ་ཕལ་པའི་ལས་ཀྱིས་ཐགས་སུ་བཏགས་པ་མེད་པའི་ཡོན་ཏན་བསོད་ནམས་ཀྱི་སྟོབས་ལས་བྱུང་བའི་ལྷ་རྫས་ཀྱི་གོས་རང་སྣང་དགེ་བའི་རིན་གྱིས་ཉོ་བ་དང་འདྲ་ལ། འབད་རྩོལ་མེད་པར་དགོས་འདོད་ཐམས་ཅད་འབྱུང་བའི་ཡོན་ཏན་ནི་དཔག་བསམ་ལྗོན་པ་ལས་བྱུང་བས་བཙོང་པ་ལྟ་བུའི་གོས་པཉྩ་ལི་སྟེ་ཁ་དོག་ལྔ་པ། དབྱིབས་ནི་དར་གྱི་ཆས་གོས་ལྔ་དང༌། གཞན་ཡང་ཆགས་བྲལ་གྱི་ཚུལ་མཛད་པ་རྣམས་ལ་ཆོས་གོས་རྣམ་གསུམ་སོགས་དང༌། གོས་དེ་དག་ཀྱང་ལྕིད་ཀྱིས་ནོན་པ་སྤངས་ཤིང་ཤ་མི་སྒྲིབ་པས་སྲབ་ལ་རེག་བྱ་འཇམ་ཞིང་ལྗིད་མེད་པས་ཡང་བའི་གོས་ཏེ་བྱང་གླིང་པའི་གོས་སྲང་གཅིག་ལ། རྒྱལ་ཆེན་རིགས་བཞིའི་སྲང་ཕྱེད་ཡིན་པ་ནས། འཕྲུལ་དགའི་གོས་སྲང་གཅིག་གི་དྲུག་ཅུ་རྩ་བཞིའི་ཆ་གཅིག་ལས་མེད་པའི་བར་ཇེ་ཡང་དུ་སོང་བ་དང༌། ཚངས་རིས་ཀྱི་གོས་ལ་སྲང་གིས་ཚད་གཞལ་དུ་མེད་དོ། །དེ་ལྟ་བུའི་གོས་བཟང་པོ་དེ་དག་དྲི་བཟང་སྣ་ཚོགས་དང༌། སྤོས་ཀྱི་ཆུས་བགོས་ཤིང་བྱུགས་པ་ལོངས་སྤྲུལ་གྱི་རྣམ་པ་ཅན་སོ་སོ་ལ་འོས་ཤིང་འཚམས་པ། རྣམ་གྲངས་རེ་རེ་ལ་ཆ་ཤིན་ཏུ་མང་པོ་དང༌། རིན་ཐང་གི་ཚད་བརྗོད་པ་བྲལ་ལ་བརྗོད་ན་ཁྲེལ་བའི་གནས་སུ་གྱུར་པ་ལྟ་བུའི་རིན་ཆེན་རྒྱན་གྱི་བྱེ་བྲག་གདུ་བུ། དཔུང་རྒྱན། སྙན་ཆ། ཅོད་པན་སོགས་རིན་པོ་ཆེའི་རྒྱན་བརྒྱད་པོ་རེ་རེའང་གྲངས་ཚད་བརྗོད་པ་དང་བྲལ་བ། དེ་རྣམས་འབུལ་བའི་ཡུལ་འདོད་པའི་ཡོན་ཏན་ལ་འཛིན་ཞེན་གྱི་བག་ཆགས་ཕྲ་བའང་སྤངས་ཤིང་སྤངས་པ་དང་རྟོགས་པའི་ཡོན་ཏན་མཐའ་དག་མངའ་བའི་ཐུབ་དབང་སངས་རྒྱས་རྣམས་ལ་དགོས་པ་བྲལ་ཡང༌། བདག་གིས་ཚེ་རབས་དུ་མར་བསོད་ནམས་ཀྱི་ཚོགས་མ་བསགས་པས་དབུལ་ཞིང་བཀྲེན་པ་དང་ལྡན་པས་བདག་ཏུ་བཟུང་བའི་ལོངས་སྤྱོད་མེད་པས་ན་བསོད་ནམས་ཀྱི་ཚོགས་རྫོགས་པའི་སླད་དུ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི་རྣམས་བདག་གིར་བཞེས་པར་མཛོད་ཅིག་ཅེས་མཁའ་ཁྱབ་ཏུ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཚོགས་རྫོགས་ཤིང༌། ཉེས་སྤྱོད་ཀྱིས་གདུང་བ་ལས་སྐྱོབ་པའི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་ཀྱི་གོས་དང༌། གཟུངས་སྤོབས་ཏིང་འཛིན་མཚན་དཔེ་སོགས་ཡོན་ཏན་གྱི་རྒྱན་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག་སྙམ་པ་དང༌། དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས་བརྒྱད་དང༌། ངན་སོང་ཀུན་འདྲེན་ལ་སོགས་ཏེ་བྱམས་པ། མཐོང་བ་དོན་ཡོད། མྱ་ངན་མུན་འཇོམས། སྤོས་ཀྱི་གླང་པོ། དཔའ་བར་འགྲོ་བ། ནམ་མཁའ་མཛོད། ཡེ་ཤེས་ཏོག །འོད་དཔག་མེད། ཟླ་འོད། བཟང་སྐྱོང༌། དྲྭ་བ་ཅན་གྱི་འོད། རྡོ་རྗེའི་སྙིང་པོ། བློ་གྲོས་མི་ཟད་པ། སྤོབས་པ་བརྩེགས་པ། ཀུན་ཏུ་བཟང་པོ་སྟེ་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་པའི་ཚུལ་བྱང་ཆུབ་སེམས་དཔའ་ཆོས་འཕགས། རྟག་ཏུ་ངུ་དང༌། ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་སོགས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལའང་དབུལ་བར་བགྱིའོ། །གཞན་ཡང་གླིང་བཞིར་རི་རབ་ཚངས་པ་དང་བཅས་པ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ་དེ་ཐམས་ཅད་གཅིག་ཅར་ཁྱབ་པའི་དྲིའི་བཞོན་པར་འཁྱུད་པ་སྟེ་རླུང་དང་འགྲོགས་པའི་ཙནྡན་སོགས་སྤོས་ཀྱི་བསུང་ཞིམ་པོའི་དྲིས་ནི། བསོད་ནམས་བྱེ་བ་སྟེ་དཔག་མེད་བསྐྲུན་པའི་འབྱུང་གནས་མཚན་དང་དཔེའི་བྱད་བཟང་པོས་བརྒྱན་པའི་གསེར་སྦྱངས་པ་རབ་ཏུ་མཛེས་པའི་བརྟན་པ་འཕྲོག་སྟེ་མོག་མོག་པོར་བྱེད་པའི་སྐུ་འོད་ལ་བྱུག་པར་བགྱིའོ། །དཔེར་ན་དག་པའི་ཞིང་ཁམས་ཀྱི་བཀོད་པ་ནི། སངས་རྒྱས་དེའི་སྨོན་ལམ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་རང་སྣང་ལས་གཞན་མ་ཡིན་པ་ལྟར། ཚད་མེད་བཞིའི་ཐུགས་དང་ལྡན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རང་སྣང་དང་མཐུན་པར་ཚད་མེད་བཞིས་བློ་སྦྱངས་པའི་གང་ཟག་ཚོགས་གསོག་པ་པོའི་ཡིད་ངོར་དམིགས་ཤིང་སྣང་བ་ནི། དམིགས་པ་རྒྱ་ཆེ་ཤིང་ཉེ་འཁོན་མེད་པའི་བཏང་སྙོམས་ཀྱི་རང་བཞིན་ཤིན་ཏུ་རྒྱ་ཁྱོན་ཡངས་པའི་ཤེལ་གྱི་ས་གཞི་ལ། ཕན་པའི་རླན་དང་ལྡན་པའི་ཡིད་འོང་གི་བྱམས་པའི་རང་བཞིན་པདྨོ་གེ་སར་དང་བཅས་པའི་འདབ་མ་སྟོང་བརྡལ་བའི་སྟེང་དེར། འགྲོ་བའི་སྡུག་བསྔལ་གྱི་གདུང་བ་ཞི་བའི་བསིལ་ཟེར་ཅན་སྙིང་རྗེ་དང༌། རྨོངས་པའི་མུན་པ་སེལ་བའི་ཤེས་རབ་ཟུང་དུ་འཇུག་པའི་རང་བཞིན་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར་ལེགས་པའི་གདན་ལ། ཟག་པ་མེད་པའི་དགའ་བ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་འཁོར་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས། བསྐལ་པ་རྒྱ་མཚོ་ལྟ་བུའི་བར་བཞུགས་ནས་རྗེས་སུ་བཟུང་དུ་གསོལ། རང་བཞིན་དུ་ལུས་ཀྱི་རྣམ་འགྱུར་ལས་སེམས་ཀྱི་མངོན་རྟོགས་གསལ་ཕྱིར་སེམས་ལ་དད་གུས་གང་ཡང་མེད་བཞིན་གྲགས་འདོད་དང་ཚུལ་འཆོས་སམ་བབ་ཅོལ་གོམས་པ་ལུང་མ་བསྟན་གྱི་བྱ་བ་ལ་འཇུག་པའི་ཚུལ་མིན་པས་ལུས་བཏུད་པའི་རྟགས་ཀྱི་རྣམ་འགྱུར་སྙིང་ཁར་ཐལ་མོ་སྦྱར་ལ་དད་ཅིང་གུས་པ་དང༌། འཇིགས་ཤིང་བག་ཡོད་ཁྲེལ་དང་ངོ་ཚ་ཤེས་པ་དང་བཅས་པའི་སེམས་ཀྱི་མངོན་རྟོགས་ངོམ་པ་ལ་མེ་ཏོག་གི་དོག་པས་རབ་ཏུ་བཟུང་བ་སྟེ་གང་བའི་སྙིམ་པའི་སྣོད་ནི་པདྨ་ཁ་འབུས་པའམ་གའུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡི་དབྱིབས་ལྟ་བུ་དགོས་པ་ཡིན་ནོ། །ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟིགས་པས་སྤྱན་ལྟ་བུ་རིག་པ་དང༌། སྙིང་རྗེས་གཞན་དོན་ལ་གཤེགས་པས་ཞབས་སུ་ལྡན་པ་སོགས་གཞན་ཡང་ལམ་བདེ་བ་བྱང་ཆུབ་སེམས་དཔའི་ཐེག་པ་ནས་འབྲས་བུ་བདེ་བ་སངས་རྒྱས་ཀྱི་སར་གཤེགས་པས་ན་བདེ་གཤེགས་ཀྱི་ཡོན་ཏན་དང༌། གཞན་ཡང་དམ་པའི་ཆོས་དང༌། འཕགས་པའི་དགེ་འདུན་རྣམས་ཀྱི་ཡོན་ཏན་མཐའ་དག་གནས་ཀྱིས་ཐག་རིང་པོར་བསྐལ་པ་བཞིན་འཕགས་ས་མ་ཐོབ་བར་མངོན་དུ་མི་མཐོང་ཡང༌། དད་པ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་སྐྱེད་མོས་ཚལ་དུ་མགྲོན་དུ་ཁུག་པ་ལྟར་འོངས་པའི་མོད་ལ། འཇིགས་སྐྲག་དང་སྐྱོ་བ་ལ་སོགས་པའི་ཤུགས་ཀྱིས་མིན་པར། དད་པའི་གདུང་ཤུགས་དྲག་པོས་བ་སྤུ་གཅིག་ཏུ་ཟིང་པའོ། །དེ་ལྟར་དད་པས་མདུན་བསུས་ཏེ་ཡན་ལག་བདུན་པ་འབུལ་བའི་ཚུལ་ཡང༌། དཔེར་ན་སྤྲིན་བྲལ་གྱི་སྟོན་ཟླ་གཞོན་ནུ་ཁྲུས་ལ་འཇུག་པ་དང་འདྲ་བར་གཟུགས་བརྙན་འཛིན་ནུས་པ་ཤིན་ཏུ་དྭངས་པའི་རྫིང་བུའི་ནང་དུ་གཟུགས་བརྙན་ཅི་ཤར་ཡང་ཤིན་ཏུ་གསལ་བས་ན། དེའི་ཁར་རྨ་བྱའི་བུ་མོ་ཡིད་འཇོ་ཞིང་སྒེག་པའི་གཟུགས་ཅན་གྱིས་ཟློས་གར་རྩེད་འཇོ་ལ་རོལ་ན། རྫིང་བུ་དྭངས་པ་དེའི་ནང་དུ་དེ་དག་གི་གཟུགས་བརྙན་ཤར་བ་དེ་དང་གཟུགས་དངོས་གཉིས་ཤིན་ཏུ་འབྱེད་དཀའ་བར་སྣང་ལ། དེ་ལྟ་བུའི་རང་གི་ལང་ཚོའི་གྲངས་མེད་པར་སྤྲུལ་པའི་རྣམ་གྲངས་ཇི་སྙེད་པ་ནི་ས་ཆེན་པོའི་རྡུལ་གྱི་རྣམ་གྲངས་དང་སོ་སོར་མི་འབྱེད་པ་ཤིན་ཏུ་འཁྲུལ་པ་བསྐྱེད་པར་བྱེད་པ་དཔག་ཏུ་མེད་པར་སྤྲུལ་ཏེ་ཕྱག་གི་ལས་ཁོ་ན་ལ་སྒོ་གསུམ་ཆིག་དྲིལ་དུ་འཇུག་པའི་བྱ་བས་བྲེལ་ལོ། །སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདོག་རྒུའི་དངོས་པོ་ཐམས་ཅད་གཏོང་བ་སྦྱིན་སོགས་ཕར་ཕྱིན་དྲུག་གི་ཆགས་བདུན་སྤོང་བ་དང་ཁྱད་ཆོས་བཞི་ལྡན་ཡིན་མོད། སྐབས་འདིར་ལས་དང་པོ་པའི་སེམས་བསྐྱེད་དང་རྗེས་མཐུན་བསམ་པ༡། དངོས་པོ༢། མཆོད་རྫས༣་བཅས་མཆོག་གསུམ་ལ་དམིགས་ཏེ། དག་པ་གསུམ་དང་ལྡན་པས་གཏོང་བའི་ཡན་ལག་ཁྱད་ཆོས་བཞི་ལྡན་རྫོགས་པའི་དངོས་འབྱོར་དང༌། དེས་ཀྱང་མཚོན་པར་མི་ནུས་པས་དཔེ་ཟླར་རུང་བ་མེད་པ་ཡིད་ཀྱིས་མཆོད་རྫས་མ་ཚང་བ་མེད་པར་སྤྲུལ་ཏེ་རྒྱ་དཔང་ཚད་གྲངས་བླ་ན་གཞལ་བྱ་མཆིས་པ་མ་ཡིན་པས། མཆོད་པའི་སྤྲིན་རབ་འབྱམས་སུ་སྤྲོ་བར་བྱེད་པ་སྟེ། དཀོན་མཆོག་ཏཱ་ལར། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང༌། །མེ་ཏོག་བཀོད་པའི་འོད་ཟེ་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ལག་པའི་མཐིལ་ན་ཡོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར། །རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་པ་ལྟར། འཕགས་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་མཆོད་པའི་ཡོན་གྱིས་རྒྱལ་བ་རྣམས་ལ་མཆོད་པ་དེ་ལ་དོ་ཟླར་སྤོབས་པ་ཙམ་དུ་འབུལ་བར་ཕྲག་དོག་བགྱིད་པའི་ཐ་སྙད་བཏགས་པའོ། །ངག་གི་སྒོ་ནས་མུ་ཅོར་ཏེ་ཚིག་འཆལ་ཅི་རུང་རུང་སྨྲ་བ་མི་དགེ་བའི་ལས་དང༌། ལུས་ངག་གི་བདུན་པོའི་སོགས་དང༌། བག་ཆགས་སོགས་སྒོ་ཀུན་ནས་ཉེས་ཚོགས་སྡིག་པ་ཐམས་ཅད་ཀུན། དགེ་འབྲས་ཀྱིས་ཟིལ་གྱིས་མནན་ཏེ་དེ་ལ་འཇིགས་ཤིང་སྐྲག་ནས་གཞན་དུ་བྲོས་པའི་ཚུལ་གྱིས་སྡིག་པའི་རང་གཟུགས་ངན་སོང་དུ་མྱོང་དགོས་པ་ཡིན་ཀྱང༌། གཏན་མེད་མིན་ཏེ། སྲིད་པའི་རྩ་བ་གནས་ལུགས་ཀྱི་དོན་ལ་སྒྲིབ་པའི་མུན་ནག་སྟུག་པོར་ཀུན་གཞིའི་ཁམས་ལ་འཆབ་པ་སྟེ་བག་ཉལ་གྱི་ཚུལ་དུ་ཡོད་པ་ཀུན། སྦྱོང་བྱེད་ཐབས་གཉེན་པོ་སྔར་བྱས་ལ་འགྱོད་པ། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས། གཉེན་པོ་དགེ་ལ་འབད་པ། ཡུལ་མཆོག་གསུམ་སྟེ་སྟོབས་བཞི་དང་ལྡན་པའི་ཉིན་བྱེད་འབར་བས་དྲུང་ནས་སྦྱངས་ཤིང་བཤགས་སོ། །སྒོ་གསུམ་དགེ་ལ་སྦྱོར་བ་གང་གིས་བདག་ཉིད་མ་འཁྲུགས་བཞིན་དུ། བསམ་པ་བཟང་པོའི་ཁྱད་པར་གཅིག་གིས་གཞན་སངས་རྒྱས་བྱང་སེམས་ཉན་རང་དག་པའི་རྣམ་དཀར་ཡུད་ཙམ་ལ་འཕྲོག་པའི་ཆོམ་རྐུན་གྱི་བརྟུལ་ཞུགས་ཏེ་ཚུལ་ནི་རྗེས་སུ་ཡི་རང་བ་ཁོ་ནས་བྱས་སོ། །དམན་པ་ལ་དགག་སྒྲ་སྦྱར་ཏེ་ཐར་མེད་འཁོར་བའི་སེམས་ཅན་རྣམས་ཀྱི་ཉེས་ཚོགས་སྤྱོད་པ་ནི་གཉེན་པོས་མ་དུལ་བ་རང་བཞིན་དུ་མ་ཞི་ཞིང་གཡོ་སྒྱུས་བསླད་པ། ཆོས་ཕྱོགས་སུ་ཡོ་བྱད་གཏོང་བའི་དོན་དུ་ལྕགས་ཀྱི་ཕ་གུ་བཞིན་རྣམ་པར་སྲ་བ། ལས་ངན་བག་ཆགས་ལ་གོམས་པ་ནི་རྡོ་རྗེའི་འདག་པ་ལྟར་མཁྲེགས་པ། ངེས་འབྱུང་གི་རླན་དང་བྲལ་ཞིང་དད་སོགས་དགེ་བའི་ལོ་ཏོག་གང་ཡང་སྐྱེ་མི་བཏུབ་པས་ཐ་བ་ལྟར་གྱུར་པ། དམ་པའི་ཆོས་མ་ཡིན་པ་གཞན་གང་གིས་ཀྱང་འདུལ་ཐབས་བརྟན་པ་དང་བྲལ་བ་གང་ཡིན་པ་དེ་ལ་དགོངས་ནས། དུག་གསུམ་སོགས་འདུལ་བའི་གཉེན་པོ་དྲང་ངེས་ཀྱིས་དོན་རྗོད་བྱེད་སྡེ་སྣོད་གསུམ་དང་བརྗོད་བྱ་བསླབ་པ་གསུམ་གྱི་ངོ་བོ་ཆོས་འཁོར་གྱི་རིམ་པ་གསུམ་དུ་བསྡུ་བའི་རྩིབས་རྣོན་པོས། བདག་དང་བདག་གིར་འཛིན་ཞེན་སྒྲིབ་གཉིས་བག་ཆགས་དང་བཅས་པ་གཅོད་པར་བྱེད་ཅིང་མངོན་མཐོ་དང་ངེས་ལེགས་ཀྱི་མུ་ཁྱུད་ལས་འདའ་བ་མེད་པར་འཛིན་པ་དེ་བདག་གཞན་སེམས་ཅན་གྱི་མོས་པ་དང་འཚམས་པར་བསྐོར་བར་མཛད་དུ་གསོལ་ཞེས་བསྐུལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་རྣམས་དང༌། དེ་ཡི་ཐུགས་སྲས་ཁྱེད་རྣམས་མྱ་ངན་ལས་འདས་ན། རྣམ་པར་གྲོལ་བའི་ཐབས་ཀྱིས་སྤངས་པར་གྱུར་པའི་འགྲོ་བ་འདི་ཐམས་ཅད་ཀྱིས་ཆོས་དང་ཆོས་མིན་ལམ་དང་ལམ་མིན་མི་ཤེས་པས། སྡུག་བསྔལ་རྒྱུ་འབྲས་ཀྱི་གནས་སྐབས་བསྟེན་པ་ལས་ཐར་པའི་དུས་མེད་པའི་ཚུལ་འདི་ལྟ་བུ་མཐོང་ནས། བསྐལ་པ་རྒྱ་མཚོའི་བར་དུ་མྱ་ངན་ལས་འདའ་བ་མིན་པའི་ཞབས་པད་རྡོ་རྗེའི་གདན་ཁྲི་ལ་བཞུགས་པར་མཛད་སླད། ལུས་དང་ལོངས་སྤྱོད་དགེ་བའི་དངོས་པོ་ཀུན་གྱི་རིན་ཐང་ཐམས་ཅད་གཅིག་ཏུ་བསྡུས་ཏེ་སྤུངས་ནས་ཕུལ་བ་ཡིན་པས་བཞུགས་པར་མཛད་དུ་གསོལ། །ཞེས་གསོལ་བ་གདབ་བོ། །འདི་ལྟར་བདག་ཏུ་བལྟ་བ་དང་བཅས་པས་སྲིད་པའི་བདེ་འབྲས་ལ་དམིགས་པའི་དགེ་བ་ནི་བསོད་ནམས་ཆ་མཐུན་ཏེ་ཐབས་ཤེས་ཁྱད་པར་ཅན་གྱིས་མ་ཟིན་པས་ཁོང་ཁྲོ་སོགས་ཀྱིས་ཟད་པར་འགྱུར་བས་འདར་བའི་རང་བཞིན་ཏེ། གལ་ཏེ་རྐྱེན་གྱིས་མ་ཟད་དུ་ཟིན་ཀྱང༌། དེ་འདྲ་བའི་རྣམ་པར་དཀར་བའི་འབྲས་བུ་ཡང༌། སྲིད་པར་ལན་གཅིག་ཙམ་མངོན་པར་མཐོ་བའི་ལྷ་མིའི་གནས་ཐོབ་ཀྱང༌། དེ་མྱོང་སྟོབས་ཀྱིས་ཟད་ནས་སྲིད་པ་ཕྱི་མར་ལྷུང་བའི་སྡུག་བསྔལ་དང་ཆོ་ངེ་སྟེ་སྨྲེ་ངག་འདོན་པ་དང་བཅས་པའི་རང་བཞིན་ལས་མ་འདས་ལ། ཆེད་དུ་དམིགས་ནས་དུས་གསུམ་གྱིས་བསྡུས་པའི་དགེ་རྩ་བསགས་དང་བྱེད་འགྱུར་ཐམས་ཅད་འགྲོ་ཀུན་རྫོགས་པའི་བྱང་ཆུབ་འབའ་ཞིག་ཐོབ་པའི་ཆེད་དུ་བསྔོ་བ་དམིགས་མེད་སྒྱུ་མ་ལྟ་བུའི་ཚུལ་དུ། ངོ་བོ་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་འདུན་པས་སྦྱོར་བ་འདི་ནི། སངས་རྒྱས་རྣམས་ཐབས་ལ་མཁས་པའི་ཁྱད་ཆོས་ལས་སྟོན་པ་གཞན་གྱི་ལུགས་ཕྱི་རོལ་པ་ལ་གྲགས་པ་མེད་དོ། །དེ་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང༌། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་གང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སོ། །སྤྱིར་ལོངས་སྤྱོད་རང་ལ་ཡོད་པ་དེས་ཆོག་ཤེས་པར་བྱེད་པ་བརྐམ་ཆགས་ཀྱི་གདུང་བ་ཞི་བའི་བདུད་རྩིའི་བཏུང་བ་ལྟ་བུ་ཡིན་པས་དེ་དང་ལྡན་ན་བདག་ཏུ་བཟུང་བའི་དངོས་རྫས་རྒྱ་ཆེ་བ་མཆོད་རྒྱུ་མེད་ནའང༌། ཅུང་ཟད་ཙམ་དམིགས་པའི་རྟེན་བྱས་ཏེ་བདག་པོས་མ་བཟུང་བ་དང་ཡིད་ཀྱིས་སྤྲུལ་པས་མཆོད་ན་རང་གི་ལོངས་སྤྱོད་མཆོད་པ་དང་འདྲ་བར་ཚོགས་རྫོགས་པར་འགྱུར་གྱི། དགོས་པའི་ཡོ་བྱད་ཅུང་ཟད་ཙམ་གྱིས་མ་ངོམས་པར་ནོར་ལོངས་སྤྱོད་སྣ་ཚོགས་པ་གསོག་བསྐྲུན་བྱེད་པ་ལ་འབད་ཅིང་མང་པོ་ཡོད་བཞིན་དུ་སེར་སྣས་བཅིངས་ནས་འབུལ་མི་ནུས་ན། སྐྱེས་བུའི་ཡིད་ལ་མ་བཟུང་བའི་ལྷ་ཀླུ་མི་ཡི་ཡུལ་ན་ཡོད་པའི་མཆོད་པའི་སྤྲིན་ཏེ་མང་པོ་ཡང་གཏོང་བའི་དངོས་པོ་དང་འབྲེལ་ཆད་པས། ཚིག་ཙམ་དག་གི་ཕ་མཐར་འཁྱམས་ནས་མཆོད་ཡུལ་རྫུན་གྱིས་བསླུ་བའི་ཉེས་པ་དེ་ལ་སྐྲག་པར་གྱུར་ནས། བདག་གི་ལུས་མཆོད་ཡུལ་རྣམས་ཀྱི་སྟན་དུ་དབུལ་བ་དང༌། དུས་གཏན་དུ་རྒྱལ་བ་སྲས་དང་བཅས་པར་བདག་ལུས་དབུལ་བ་ལའང་བརྩོན་འགྲུས་ཆེན་པོས་དོ་གལ་བགྱིད་དེ། དེའི་དགོས་པ་ནི་དཀོན་མཆོག་གསུམ་གྱི་བྲན་དང་འབངས་སུ་དམ་བཅས་པའི་གང་ཟག་དེ་དཀོན་མཆོག་གསུམ་གྱི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ནས། དཔེར་ན་སོ་ཀའི་དུས་སུ་ཚ་བས་གདུང་བ་ན་ལྗོན་ཤིང་མེ་ཏོག་གིས་བརྒྱན་པ་ལོ་འདབ་རྒྱས་པའི་འཇོ་སྒེག་ཅན་གྱི་གྲིབ་མར་བསྡད་པས་དབུགས་འབྱིན་ཐོབ་པ་ལྟར། ཚེ་འདིར་སྡུག་བསྔལ་ལས་སྐྱོབ་ཅིང་ལེགས་དགུའི་དངོས་པོ་འབྱུང་བར་མ་ཟད་འཆི་བའི་ཚེ་ནའང་རྒྱལ་བ་སྲས་དང་བཅས་པས་དག་ཞིང་དུ་འཁྲིད་པར་མཛད་ཅིང༌། གལ་ཏེ་ཚུལ་འཆལ་སོགས་ལས་ངན་གོམས་པའི་དབང་གིས་རྣམ་པ་ཀུན་ཏུ་སྡང་ཞིང་འཁྲུགས་པའི་ཁྲོ་གཏུམ་ཅན་གཤིན་རྗེའི་ཕོ་ཉའི་མདུན་སར་སོན་ན་ཡང༌། དཀོན་མཆོག་དྲན་པའི་མོད་ལ་དེ་དག་གི་ཁྲོ་གཉེར་རྩུབ་མོས་འཇིགས་པས་སྡུག་བསྔལ་བ་ལས་ཐར་པའི་བསོད་ནམས་ཀྱི་རིན་ཐང་ངམ་དོན་ཆེན་པོ་ཟད་མི་ཤེས་སོ། །དེ་ལྟར་སེམས་སྦྱངས་ཤིང་ཚོགས་བསགས་པ་དེས་ནི་གཏི་མུག་གི་མཐུས་ནོན་ཏེ་དེ་ཁོ་ན་ཉིད་ཀྱི་དོན་ལ་རྨོངས་ཤིང་ལས་འབྲས་མ་ཤེས་ནས་སྡིག་པའི་ལས་དུ་མ་གོམས་ཤིང་བསགས་པའི་སྒྲིབ་པ་དང་ལྡན་པ་བདག་གི་རྒྱུད་ཀྱི་སྒྲིབ་པའི་དྲི་མ་སེམས་ཅན་གྱི་དོན་དུ་སྦྱང་བའམ། བྱི་དོར་ཤིན་ཏུ་བསྟེན་པའི་དྭངས་ཤེལ་ལ་གཟུགས་བརྙན་འཆར་རུང་བ་ལྟར། བསོད་ནམས་མ་ཡིན་པའི་རྒྱུད་རྙོག་པ་ཅན་དེ་ཉིད་དྭངས་ཤིང་གཙང་ལ་དག་པའི་སེམས་ཀྱི་ནང་དུ། རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཆོ་གའི་སྒོ་ནས་བླངས་པ་ཇི་བཞིན་ཐོབ་པས་བླ་ན་མེད་པའི་སྡོམ་པ་དེའི་གཟུགས་བརྙན་དངོམ་པ་ཡིན་ནོ། །བདག་ཅག་རྣམས་ལས་ངན་པའི་དབང་དུ་གྱུར་པའི་སྟེང་འདོད་ལྷ་བདུད་སྡིག་ཅན་དང་ཆུང་མ་དང་པདྨའི་ཕྲེང་བ་བཅས་ཀྱི་སྤྱི་བོ་ན་མེ་ཏོག་གི་མདའ་ལྔ་ཡོད་པ་འདི་ལྟ་སྟེ། ཐར་ལམ་བསྒྲུབ་པའི་བར་ཆད་དུ་ཆོས་དང་འཇིག་རྟེན་གྱིས་ཁེངས་ཤིང་དྲེགས་པར་བྱེད་པ༡་དང༌། བླང་དོར་གྱི་ཕྱོགས་ལ་རྨོངས་པར་བྱེད་པ༢་དང༌། ཕྱིན་ཅི་ལོག་ལྟ་བས་ཀུན་ནས་རྨོངས་པར་བྱེད་པ༣་དང༌། བརྗེད་ངས་ཀྱིས་དྲན་པ་ཉམས་པས་བརྒྱལ་བར་བྱེད་པ༤་དང༌། འཇིག་རྟེན་ཆོས་བརྒྱད་ཀྱིས་གཡེང་བར་བྱེད་པ༥་སྟེ་མེ་ཏོག་གི་མདའ་བསྣུན་པས་ཉོན་མོངས་པ་ལྔ་གང་ཤས་ཆེ་བ་དེ་ལ་ཕོགས་པས་དེ་རབ་ཏུ་འབར་བར་གྱུར་ཏེ་དེའི་དབང་དུ་སོང་ན་ཐར་པ་དང་མངོན་མཐོ་ལས་ཉམས་པར་གྱུར་པའི་ཉེས་པ་བརྒྱ་ཕྲག་མང་པོའི་གཡང་སར་ཐར་དཀའ་བའི་གནས་སུ་ལྷུང་བ་ཡི་རྒྱུད་ལ་རིམས་ནད་ཀྱི་རྣམ་གྲངས་མི་འདྲ་བ་མང་པོས་དུས་རིང་པོ་ནས་ཤིན་ཏུ་བཏབ་པའི་ནད་དེ་རྩ་ཉོན་ཉེ་ཉོན་ལ་སོགས་པ་རྣམས་ནད་ཀྱི་རྣམ་གྲངས་དེ་དག་གསོ་བའི་ཐབས་ཀྱང་འདུ་བའི་ནད་ལ་དཔྱད་བྱེད་པའི་གསོ་དཔྱད་ཕལ་པ་རྣམས་ཀྱིས་ཇི་ལྟར་བཟང་ཡང་དེའི་མདུན་སར་ནད་བཞི་བརྒྱ་རྩ་བཞི་རྣམས་ལས་འཚོ་བའི་ཐབས་མི་ཤེས་པ་ལྟར་གཞན་གྱི་ཉོན་མོངས་པའི་ནད་ལས་གྲོལ་བའི་དབུགས་མི་ཕྱིན་ཏེ། འོ་ན་སུས་ཕྱིན་ཅེ་ན། སྨན་པ་མཆོག་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་ལྷག་པར་དོང་བས་མྱང་འདས་སུ་གྲོལ་བར་འགྱུར་རོ། །བདག་གི་མོས་པ་བརྟན་པོས་གསོལ་བ་བཏབ་པ་གང་གིས་སླད་དུ་སེམས་བསྐྱེད་ལེན་པའི་གནས་འདིར་གཤེགས་ནས། མཐའ་ཡས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་རྟག་ཏུ་སྒྲིབ་མེད་དུ་གཟིགས་ཤིང་མཁྱེན་བརྩེའི་ཡེ་ཤེས་ཀྱིས་ཆགས་ཐོགས་མེད་པར་དགོངས་པའི་སྟོན་མཆོག་སངས་རྒྱས་རྣམས་ནི། ཐེག་པ་ཆེན་པོའི་ལམ་ལས་ཕྱིར་མི་ལྡོག་པའི་སར་གནས་པའི་སྐྱེས་བུ་བྱང་སེམས་འབའ་ཞིག་པའི་ཚོགས་ཀྱི་དབུས་ན་ཟླ་བ་རྒྱུ་སྐར་གྱི་དབུས་ནའམ་རི་རྒྱལ་རི་ཕྲན་གྱི་དབུས་ན་འཕགས་པ་ལྟར་སྐུ་གསུང་ཐུགས་ཀྱི་གཟི་བྱིན་མཆོག་ཏུ་འབར་ཞིང་མཐོང་ན་མི་མཐུན་པ་མེད་པར་ལྷམ་མེར་མཛེས་པར་བཞུགས་པ་ལ། དད་གུས་ཀྱི་གདུང་ཤུགས་དྲག་པོས་དཔང་པོར་གསོལ་བ་གདབ་པར་བྱའོ། །ཆོ་ག་དངོས་ལ། སྤྱིར་རྒྱ་ཆེན་སྤྱོད་པའི་སྲོལ་ལ་སྨོན་འཇུག་གི་སྡོམ་པ་འབོགས་ཆོག་སོ་སོར་ཡོད་ལ། ཟབ་མོ་ལྟ་བའི་ལུགས་སློབ་དཔོན་ཆེན་པོ་ཀྲིཥྞ་པའི་སྤྱོད་འཇུག་དཀའ་འགྲེལ་ལྟར་སྨོན་འཇུག་གི་སྡོམ་པ་ལེན་ཚུལ་དབྱེ་ན། སྨོན་སེམས་ལ་ཇི་ལྟར་སྔོན་གྱི་སོགས་ཤླཽ་ཀ་གཅིག་པོ་ལན་གསུམ་དང༌། འཇུག་སྡོམ་ནི་དཀྱུས་སུ་བསྟན་པ་བཞིན་ནོ། །གང་ལྟར་ཡང་སྐྱབས་འགྲོ་བདུན་ཅུ་པར། །སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་ལྟར་སོ་ཐར་སོགས་ཀྱི་སྡོམ་པ་གང་བླངས་ཀྱང་སྐྱབས་འགྲོ་དངོས་གཞིའི་རྟེན་དུ་དགོས་ལ། ཁྱད་པར་བྱང་སྡོམ་སྔོན་དུ་ཐེག་ཆེན་ཐུན་མིན་ཚུལ་གྱིས་སྐྱབས་སུ་འགྲོ་བ་ལ་ལན་གསུམ་གྱིས་སྒོ་ནས་སྐྱབས་སུ་འགྲོ་བར་བྱས་པས་གཞི་བཅས་ལ། སྐབས་འདིར་སྨོན་འཇུག་སྟབས་གཅིག་ལེན་པ་ལ། བླ་མ་ལས་ལེན་ན་བློ་བཅོས་པ་སྔར་བཤད་པ་ལྟར་བླ་མ་ཉིད་ཀྱིས་བྱས་ལ་བླ་མ་མེད་ན་རང་གི་བློས་སེམས་ལ་ངེས་པར་བྱས་ཏེ་ཕྱག་འཚལ་མཎྜལ་ཕུལ། པུས་བཙུགས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དགོངས་སུ་གསོལ། ཞེས་དགོངས་སུ་གསོལ་བ་གསུམ་གྱིས་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག་པ་ལས་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོའི་ངོ་བོར་སད་པར་བྱས་ནས། སྐབས་འདིར་རྒྱལ་བ་སྲས་དང་བཅས་པའི་ཚོགས་ཀྱིས་གཞན་དོན་དུ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། དེ་རྣམས་ཀྱིས་ལམ་བསླབ་པ་གསུམ་གྱིས་བསྡུས་པའི་ཕྱིན་དྲུག་དང༌། བསྡུ་དངོས་བཞིའི་དོན་ལ་རིམ་པ་བཞིན་དུ་བསླབ་པར་མཛད་པའི་བརྟུལ་ཞུགས་ལ་གནས་པ་དེ་བཞིན་དུ། བདག་གིས་ཀྱང་མཐའ་དག་བསྒྲུབ་པར་བྱ་སྙམ་པས་བླང་བ་ཡིན་ནོ་ཞེས་སྤྱིར་དམ་བཅས་ནས། བྱེ་བྲག་ཏུ་ཐར་པ་ལ་སྒྲིབ་པའི་ཉོན་སྒྲིབ་ཟུག་རྔུའི་དུམ་བུ་གང་ཟག་གི་བདག་མེད་རྟོགས་པའི་སྟོབས་ཀྱིས་བཅད་པར་གྱུར་ཀྱང༌། ཐམས་ཅད་མཁྱེན་པ་ལ་སྒྲིབ་པའི་ཤེས་སྒྲིབ་ནི་ཆོས་ཀྱི་བདག་མེད་ཡོངས་རྫོགས་མ་རྟོགས་ཤིང་གོམས་པ་མེད་པས་འཁོར་འདས་བླང་དོར་དུ་བལྟ་བ་སོགས་ཡུལ་གྱི་རོ་ལ་བཅགས་པ་ཡི་གཉེན་པོས་དྲུངས་ནས་འབྱིན་མ་ནུས་པས། ཉན་རང་དགྲ་བཅོམ་རྣམས་ཤེས་སྒྲིབ་དུམ་བུ་ལས་མ་བསྒྲལ་བ་དེ་ལས་བསྒྲལ་བར་བྱ་སྙམ་པ་དང༌། སྒྲིབ་པ་གཉིས་ཀའི་འཆིང་བས་ཀུན་ནས་དཀྲིས་པ་ཡི་སྟེང་དུ་ལྟ་བ་མ་རུངས་པ་ཚངས་པ་ལ་སོགས་ཕྱིན་ཅི་ལོག་པ་མུ་སྟེགས་བྱེད་རྣམས་དང༌། གྲུབ་མཐར་མ་ཞུགས་པ་ཕལ་པ་སོ་སོའི་སྐྱེ་བོ་ནས། སློབ་པ་འཕགས་པ་ས་བཅུ་པའི་བར་ལ་གནས་པ་ཡི་སེམས་ཅན་སྒྲིབ་པ་དེ་དག་ལས་མ་གྲོལ་བ་རྣམས་དགྲོལ་བར་བྱ་སྙམ་པ་དང༌། ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་ཀྱིས་གཟིར་བས་བཟོད་དཀའ་ཞིང་ཡུན་རིང་བ་ལས། དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ་ན་གནས་པའི་སེམས་ཅན་རྣམས། དབུགས་འབྱིན་ཆེན་པོའི་གནས་ཏེ་གནས་སྐབས་མངོན་མཐོ་དང༌། མཐར་ཐུག་ཐར་པ་མཆོག་གི་གོ་འཕང་ལ་སྦྱར་བ་དང༌། མདོར་ན་སྲིད་པའི་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི་རང་བཞིན་བར་མ་ཆད་པར་འཁོར་བའི་འཁོར་ལོའི་རྒྱར་ལས་ཀྱིས་དབང་མེད་དུ་ཆུད་པའི་སྡུག་བསྔལ་དངོས་སུ་མྱོང་བའི་སེམས་ཅན་ཕལ་པ་ནས། ལས་ཀྱི་དབང་གིས་མི་འཁོར་ཡང་རྟེན་འབྲེལ་བག་ཆགས་གཉིས་སྣང་འཁོར་བའི་ཆོས་སུ་ཤར་བ་ཙམ་དབྱིངས་སུ་མ་ལྡོག་པའི་ས་བཅུའི་བྱང་ཆུབ་སེམས་དཔའི་བར་སེམས་ཅན་ཡོད་དོ་ཅོག་ཐམས་ཅད་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཆེན་པོར་བདག་ཁོ་ནས་དགོད་པར་བྱེད་དོ་ཞེས་སྙིང་ཐག་པ་ནས་དམ་བཅའོ། །སྨོན་འཇུག་སྟབས་ཅིག་ལེན་ཚུལ་ཆོ་གས་ཇི་ལྟར་བཟུང་བའི་མཚན་ཉིད་བརྗོད་པ་ནི། སྔོན་བྱོན་དྲང་སྲོང་ཀླུ་སྒྲུབ་ཡབ་སྲས་རྗེས་འབྲངས་དང་བཅས་པ་རྣམས་ཀྱི་ལུགས་ལ་བརྟེན་ཞེས་ཐེག་ཆེན་དབུ་མའི་ལུང་འབོགས་ཆོ་ག་རྒྱས་བསྡུས་གང་རུང་ལ་བརྟེན་པར་གསུངས་ལ་གཞུང་ཚིག་ལན་གསུམ་བརྗོད་པས་ཀྱང་རུང་ངོ༌། །དང་པོ་བླངས་ནས་བཟུང་དུས་རྟག་ཏུ་ཉིན་དང་མཚན་མོ་ལན་གསུམ་དུ། སྤྱོད་འཇུག་ལྟར་བྱང་སྡོམ་ལེན་ཆོག་གི་སྒོ་ནས་སྨོན་འཇུག་བྱང་ཆུབ་ཀྱི་སེམས་གཉིས་ལེན་ཞིང༌། དེ་ཡང་ཁ་ཁྲལ་ལྟར་མ་ཡིན་པར་སེམས་རྣམ་པ་དེ་གཉིས་ཀྱི་ངོ་བོར་བསྐྱེད་ཅིང་གོམས་པར་བྱ་བ་ལ་ནན་ཏན་བྱའོ། །ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པས་རྐྱེན་ལ་རག་ལས་ཤིང་ཁྱད་པར་རང་གི་འདུན་པ་གང་ལ་བཞག་པའི་རྩེ་ལ་སྒོ་གསུམ་གྱི་བྱ་བའི་ཆོས་རྣམས་དགེ་མི་དགེ་གང་དུ་འགྱུར་བའི་རྐྱེན་ཆགས་པས། སྐབས་འདིར་སེམས་གཉིས་སྟབས་གཅིག་ལེན་པའི་ཆོ་ག་ལན་གསུམ་དུ་སྟེ་བརྗོད་པ་དང་པོས་སྨོན་པ་དང༌། གཉིས་པས་འཇུག་པ་དང༌། གསུམ་པས་སྨོན་འཇུག་གཉིས་ཀ་ཆེས་བརྟན་པར་ཐོབ་པ་ནི། སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་བཞེད་པ་བླ་ན་མེད་པའོ། །བདག་སོགས་འཁོར་བའི་སེམས་ཅན་ཕལ་པ་རྣམས་ཀྱིས་སྔོན་ཆད་སྐྱེ་བ་དུ་མར་ཕ་མ་དང་དྲང་སྲོང་ཚངས་པ་སོགས་གྱུར་པའི་ཚེའང་སེམས་ཅན་གཞན་གྱི་དོན་ལ་ལྟ་ཅི་སྨོས། རང་དོན་ཉིད་ཀྱི་དོན་དུ་མངོན་སུམ་དུ་མི་སྐྱེ་བ་མ་ཟད་རྨི་ལམ་དུ་རྨི་བའང་མ་མྱོང་བའི་རིན་པོ་ཆེ་ཐམས་ཅད་ཀྱི་ནང་ནས་རིན་ཆེན་དབང་གི་རྒྱལ་པོ་རིན་ཆེ་བ་ལྟར། དགེ་བའི་སེམས་ཀྱི་ཁྱད་པར་གསར་པ་འདིས་བདག་གི་མི་ཡི་སྲིད་པ་འདིར་དོན་ཆེན་འབྲས་བུ་རྙེད་པས་རིན་ཐང་གཞལ་དུ་མེད་པར་བྱས་སོ། །དཔེ་ཇི་ལྟར་ན། རྒྱལ་བུ་དྭའུ་རྒྱལ་རིགས་ལས་ཉམས་ནས་གདོལ་པ་དང༌། དམངས་རིགས་སུ་འཁྱམས་ཏེ་དེ་དག་གི་བྱ་བ་ཡང་བྱས་པ་གང་ཞིག །ཕྱིས་རྒྱལ་བུ་ཡིན་པ་ངོ་ཤེས་ནས་ཆོ་རིགས་ཀྱི་ལྷག་པར་བཙུན་པ་རང་གི་ཕའི་རྒྱལ་སྲིད་ཀྱི་གནས་གསར་དུ་ཐོབ་པ་ཇི་བཞིན་དུ། སེམས་ཀྱི་རང་བཞིན་ཆོས་སྐུའི་གདུང་ངམ་དེ་བཞིན་གཤེགས་པའི་རིགས་སུ་ངོ་ཤེས་ནས། རྒྱལ་བའི་མཛད་པ་བསྒྲུབ་པ་ལ་ཞུགས་པས་རྒྱལ་བ་ཀུན་གྱི་སྲས་སུ་དེང་གྱུར་པས། ཐེག་ཆེན་གྱི་རྒྱལ་སྲིད་ལ་དབང་བའི་བྱང་ཆུབ་སེམས་དཔའི་མིང་གི་ཅོད་པན་ཐོབ་བོ། །ས་འོག་ས་སྟེང་ས་བླ་སྟེ་སྲིད་གསུམ་བདག་པོ་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོ་དང༌། ཚངས་པ་ལ་སོགས་པ་དང༌། འཇིག་རྟེན་གསུམ་པོ་རང་རང་གི་གནས་ན་ཆེ་བའི་ལྷ་ཀླུའི་མིའི་རྒྱལ་པོ་བྱས་ཏེ། འཇིག་རྟེན་ན་ང་ལས་ཆེ་བ་མེད་དོ་སྙམ་པ་དང༌། ཆེ་བར་རློམ་པ་དེ་ཉིད་ཀྱིས་འཇིག་རྟེན་རྨོངས་པའི་དབང་གིས་མཆོག་ཏུ་འཛིན་པའི་རྒྱལ་ཕྲན་དང༌། བློན་པོ་སོགས་འཐོབ་དང་མངའ་ཐང་གི་བླ་དྭགས་དཔྱངས་ཏེ་མིང་བཏགས་པ་དེ་དག་ནི་འཁོར་བའི་རང་བཞིན་ལ་མཐོ་དམན་ངེས་པ་མེད་པའི་འཕྲལ་སྣང་ཉམས་དགའ་བ་ཙམ་ལས། རྟག་པ་མེད་པ་དེ་ཙམ་ལའང་རང་ཉིད་དྲེགས་ཤིང་གཞན་དག་དགའ་བར་བྱེད་པའི་གནས་སུ་ལྟ་ན། དེ་འདྲ་ལན་བརྒྱ་ཕྲག་དུ་མར་བྱས་ཀྱང་སྙིང་པོ་མེད་ལ། ད་རེས་ཐེག་ཆེན་གྱི་རྒྱལ་སྲིད་དང་བྱང་ཆུབ་སེམས་དཔའི་མིང་གི་གནས་ཐོབ་སྟེ་འགྲོ་བའི་མགོན་དུ་གྱུར་པ་ནི་དེ་རིང་ཙམ་ཡིན་ལ། རྒྱུ་དེ་ལས་སེམས་ཅན་གྱི་ཁམས་མཐའ་ཡས་པ་དག་ཀྱང་དབུགས་དབྱུང་བའི་སེམས་མི་འདོར་ཞིང༌། ཕན་སེམས་ཁོ་ནས་བདེ་བའི་ལོངས་སྤྱོད་ལ་མགྲོན་དུ་བོས་ནས་ཚིམ་པར་བྱས་ནུས་པ་ཡིན་པས་དགའ་བའི་འཁྲི་ཤིང་སློང་བ་ལ་ལྷ་ཡང་སྟེ་ཡང་གི་སྒྲས་ལྷ་མིན་ལ་སོགས་པ་དག་ཀྱང་ཕྱོགས་ཤིག་ཅེས་གཞན་གྱི་སེམས་གཟེངས་བསྟོད་དོ། །བྱང་ཆུབ་སེམས་དཔའ་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས་དེ་ལ་གནས་སྐབས་དུས་མ་ཡིན་པའི་འཆི་བ་དང༌། འཕགས་ས་ཐོབ་ན་སྐྱེ་འཆི་རང་མཚན་པ་བྲལ་ཞིང་མཐར་ཐུག་བསམ་གྱིས་མི་ཁྱབ་པའི་འཆི་བདག་གི་བདུད་ཀྱི་རྒྱུ་བ་རྩད་ནས་འཇོམས་ཤིང༌། མི་གནས་པའི་མྱང་འདས་ཐོབ་པའི་ཕྱིར་བདུད་རྩི་དང་ཚོགས་གཉིས་ཀྱི་མཛོད་དང་ལྡན་ཞིང་ཟང་ཟིང་གི་ལོངས་སྤྱོད་མི་ཟད་པའི་གཏེར་དུ་གྱུར་པས་འགྲོ་བ་རྣམས་ཀྱི་བཀྲེན་པ་མཐའ་དག་གི་དབུལ་བ་སེལ་བའི་ཡིད་བཞིན་གྱི་ནོར་བུ་དང༌། ཉོན་མོངས་པ་དང་དེས་སྐྱེད་པའི་འདུ་བའི་ནད་ཐམས་ཅད་ཞི་བའི་སྨན་མཆོག་དང༌། འགྲོ་ཀུན་ཕན་བདེའི་གནས་སུ་གྱུར་བས་སྲིད་པའི་ལམ་དུ་སྡུག་བསྔལ་སྣ་ཚོགས་ཀྱིས་དུབ་ཅིང་བདེ་བ་དོན་དུ་གཉེར་བར་བྱེད་པའི་མགྲོན་པོའི་སེམས་ཅན་རྣམས་ལ་དབུགས་འབྱིན་སྟེར་བའི་ངལ་སྟེགས་སོགས་ཡིན་པའི་ཕྱིར། བདག་ནི་དེང་གི་དུས་འདི་ནས་བཟུང་སྟེ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་ཉེར་འཚོར་གྱུར་པ་ཡིན་ནོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བའི་ཚོམས་ཏེ་ལེའུ་བརྒྱད་པའོ།། །།འཇིག་རྟེན་གྱི་བྱ་བ་འགའ་ཞིག་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང༌། སྔོན་ཆད་བྱ་བ་དེ་བསྒྲུབ་དཀའ་སླ་དང༌། ལེགས་ཉེས་ཅི་ཡོད་སོགས་ལེགས་པར་ཏེ་ཞིབ་ཏུ་མ་བརྟགས་པར་བབ་ཅོལ་གྱི་སྒོ་ནས། བདག་གིས་འདི་བྱའོ་ཞེས་དམ་བཅའ་བཟུང་ནས་བྱ་དཀའ་བ་སོགས་མཐོང་ན། དེ་སླར་གཏོང་བ་ལའང་ཡིད་གཉིས་སུ་གྱུར་ཏེ་གཞན་གྱིས་ཁྲེལ་བ་ལ་སོགས་པའི་གནས་མཆི་ན། རྒྱལ་བ་སངས་རྒྱས་རྣམས་དང་དེ་སྲས་བྱང་སེམས་རྣམས་ཀྱི་ཐོས་བསམ་སྒོམ་པའི་ཤེས་རབ་ཆེན་པོའི་མཐུས། བསྐལ་པ་གྲངས་མེད་པ་མང་པོར་གདོན་མི་ཟ་བར་བརྟགས་པ་ཡིད་ཆེས་ཤིང་དོན་དང་ལྡན་པའི་བླང་དོར་ཚུལ་བཞིན་བྱེད་པའི་གནས་དམ་བཅས་ཏེ་སླར་བཏང་ན་བདག་གིས་སེམས་ཅན་ཀུན་བསླུས་པས། ཕྱི་མར་བདེ་འགྲོ་དང་བྲལ་བའི་གནས་མུ་མཐའ་མེད་པའི་ངན་འགྲོར་འཁྱམས་པར་འགྱུར་ཏེ། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ནས། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་ན་ཉེས་པའི་ཚོགས་ཆེན་པོ་ལྟ་ཅི། སེམས་ཅན་གཅིག་གི་སྲོག་འཚོའི་བདེ་བའམ་ལོངས་སྤྱོད་སོགས་ཀྱི་བདེ་བའང༌། གསོད་པ་དང་ལོངས་སྤྱོད་འཕྲོག་པ་སོགས་བདེ་བ་བཤིག་ན། ལས་དེས་བདག་ཉིད་བདེ་འགྲོ་ལས་ཉམས་ཏེ་ངན་འགྲོར་འཕེན་པའི་ཕྱིར་དང་ཐ་ན་སེམས་ཅན་གཅིག་ལ་གནོད་པ་ཆུང་ངུའི་ལས་དེ་ཙམ་ཡང་མི་བགྱིད་དོ། །བྱང་སྡོམ་འདི་སོར་སྡོམ་ལྟ་བུ་མ་ཡིན་པས་སླར་གསོ་རུང་ཞེ་ན། དེ་ལྟར་ལྟུང་བ་སྟོབས་དང་ལྡན་པ་དང་བྱང་ཆུབ་སེམས་སྟོབས་གཉིས་ཀར་ལྡན་ནའང༌། ཕན་ཚུན་འཁོར་བར་རེས་མོས་ཀྱིས་འདྲེ་བར་བྱེད་པ་གང་ཡིན་པ་མོས་སྤྱོད་ཀྱི་ས་ཐོབ་པ་ལ་ཡང་ཡུན་རིང་པོར་འཐོགས་པར་འགྱུར་ན་རབ་དགའ་སོགས་ལ་སྨོས་ཅི་དགོས། དེས་ན་ཤེས་བཞིན་དུ་བླང་དོར་གྱི་བསླབ་བྱ་རྣམས་གཏོང་བར་བྱེད་པའི་སྐྱེས་བུ་ནི། རང་ཉིད་རླག་པར་བྱེད་པའི་སྐྱེས་བུ་སྨྱོན་པ་བཞིན་ཡིན་པས་བསྲུང་བར་བྱའོ། །ཉོན་མོངས་པ་ལ་འཁོན་དུ་བཟུང་བའི་ཚུལ་འཇིག་རྟེན་འདི་ན་གང་ཟག་གང་ཞིག །གནོད་པའི་རྒྱུ་མངའ་ཐང་དང་ལོངས་སྤྱོད་འཕྲོག་པ་ཙམ་ལ་གནོད་པར་བྱེད་པ་དང༌། དེའི་འབྲས་བུ་ཟས་གོས་ལོངས་སྤྱོད་ཆུང་དུ་ལའང་ཁྲོས་པའི་དབང་གིས་བདག་རྒྱལ་བར་འདོད་པའི་ང་རྒྱལ་ཤིན་ཏུ་བདོ་བ་རྣམས་ལ། ཕ་རོལ་པོས་མདའ་མདུང་ལ་སོགས་པའི་མཚོན་གྱིས་རང་ལ་ཆད་པ་རྩུབ་མོ་ཅི་བྱུང་ཡང་བཟོད་པར་བྱས་ནས། རང་གི་བསམ་རྒྱུའི་དོན་མ་གྲུབ་བར་ཁ་ཕྱིར་ཕྱོགས་ཏེ་འབྱེར་བར་མི་བྱེད་ན། ཡུན་རིང་ཐོག་མ་མེད་པ་ནས་རྣམ་པ་ཀུན་ཏུ་ཕན་མི་འདོགས་ཤིང་བཏང་སྙོམས་ཙམ་ཡང་མི་གནས་པར་བདག་ལ་དགྲར་གྱུར་པའི་ཉོན་མོངས་སྟོབས་ཆེན་གྱི་ཚོགས་འདི་དང་གཡུལ་སྤྲད་ནས་གཉེན་པོ་བསྟེན་པའི་ཚེ་ན། བསླབ་པ་གསུམ་ལས་ཚུལ་ཁྲིམས་ཀྱིས་སུན་འབྱིན། ཏིང་ངེ་འཛིན་གྱིས་མགོ་གནོན། ཤེས་རབ་ཀྱིས་དྲུངས་ནས་ཕྱུང་སྟེ་འཁོན་དུ་བཟུང་བའི་ཆོ་ག་ཉོན་མོངས་སྤོངས་བའི་ཕྱོགས་ལ་ཆེད་དུ་བརྩོན་པའི་གཉེན་པོའི་སྒོ་ནས་བྱ་བ་མ་ཞིག་པ་དགོས་ལ། འཕགས་ས་མ་ཐོབ་ཀྱི་བར་དུ་བསླབ་པ་བསྲུང་བའི་བརྟུལ་ཞུགས་སུ་ཞིག་གིས་གཏོང་སྟེ། སྤྱོད་འཇུག་ལས། བསླབ་པ་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། །སེམས་འདི་བསྲུང་བར་མ་བྱས་ན། །བསླབ་པ་བསྲུང་བར་ཡོངས་མི་ནུས། །ཞེས་སོ། དེ་ཡང་འཁྲུལ་སྣང་གི་བག་ཆགས་ཤིན་ཏུ་བརྟན་པའི་སྐབས་འདི་ན་ཉོན་མོངས་པའི་བཙོན་རར་བདག་ཏུ་འཛིན་པའི་འཆིང་བ་དམ་པོས་བསྡམས་པ་ཡི་རང་བཞིན། བདག་གི་རྒྱུད་ཀྱི་ཉོན་མོངས་སྤོང་བར་བྱེད་པའི་ཚོད་ཀྱང་རིག་པར་མི་འགྱུར་ན། མཐའ་དག་པའི་འགྲོ་བ་ཐམས་ཅད་ཉོན་མོངས་པ་བག་ཆགས་དང་བཅས་པ་དེ་ལས་དབུགས་འབྱིན་ཞིང་སངས་རྒྱས་ཀྱི་སར་སྒྲོལ་བའི་ཕྱིར་དམ་བཅའ་བརྟན་པ་མི་ཉམས་པ་ག་ལ་ཞིག་སྟེ། དེའི་ཕྱིར་ན་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་བསལ་བའི་དོན་དུ་དང་པོ་རང་གི་ཉོན་མོངས་སྤོང་བྱེད་ཀྱི་ཐབས་འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་དང༌། བསླབ་པའི་གནས་མི་བརྗེད་པའི་དྲན་པ་དང༌། སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ལ་བརྟགས་པ་ཤེས་བཞིན་ཏེ་འདི་གསུམ་དང་ལྡན་པའི་གང་ཟག་གི་རྒྱུད་ས་གཞི་གཤིན་པ་དང་འདྲ་བ་ལ། བྱང་ཆུབ་སེམས་ཀྱི་ས་བོན་བཞག་པ་ཙམ་མ་ཡིན་པར་ལྷག་བསམ་དག་པའི་མྱུ་གུ་བསྐྱེད་སླ་བས། འདི་དག་ནི་ཤིན་ཏུ་གནད་གལ་པོ་ཆེ་ཡིན་པས་དབྱེ་འབྱེད་སེམས་ཐོག་ནས་ཤེས་པར་བྱའོ། །དེ་ལྟར་སེམས་བསྐྱེད་དང་བྱང་སེམས་བསླབ་པ་མི་ཉམས་པར་བཟུང་ཞིང་འདི་མ་བཏང་བ་ཙམ་གྱིས་མི་ཆོག་སྟེ། མི་མཐུན་ཕྱོགས་ལྟུང་བའི་དྲི་མ་སྦྱོང་བ་དང༌། མཐུན་ཕྱོགས་སེམས་བསྐྱེད་དང་བསླབ་པ་སྤེལ་བའི་ཐབས་ཐོས་བསམ་སོགས་དགེ་བའི་བཤེས་གཉེན་བསྟེན་པ་དང༌། ཚོགས་བསགས་སྒྲིབ་སྦྱོང་སོགས་ཐེག་ཆེན་བསླབ་བྱ་ལ་ནན་ཏན་བགྱིད་འཚལ་ལོ། །དེ་ལ་ལྟུང་བའི་རབ་དབྱེ་སྡེ་སྣོད་རྣམས་ལས་དུ་མ་གསུངས་པ་བསྡུ་ན། ནམ་སྙིང་མདོ་ཡི་བཅོ་བརྒྱད། གསང་ཆེན་ཐབས་ལ་མཁས་པའི་མདོ་དང༌། དཀོན་བརྩེགས་ལས་གསུངས་པ་རེ་རེ་སྟེ་ཉི་ཤུ་ནི། དཀོན་མཆོག་དཀོར་འཕྲོག་ལ་སོགས་རྒྱལ་པོའི་ལྔ་དང༌། གྲོང་དང་གྲོང་བརྡལ་འཇོམས་པར་བྱེད་པ་ལ་སོགས་བློན་པོའི་ལྔ་སྟེ་བཅུ། བློ་མ་སྦྱངས་པ་ལ་སྟོང་ཉིད་སྟོན་པ་སོགས་ཕལ་པའི་བརྒྱད་དེ་བཅོ་བརྒྱད་དང༌། ཉན་རང་ཡིད་བྱེད་ཀྱིས་སྨོན་པ་དང༌། སྦྱིན་སོགས་དམ་བཅའ་ཉམས་པས་འཇུག་སེམས་གཏོང་བ་སྟེ་ཉི་ཤུ་པོ་རྣམས་སྤང་དགོས་སོ། །མདོར་ན་རྨི་ལམ་དུ་ལྟུང་བ་འབྱིན་པ་སོགས་སྡིག་པ་བྱས་པ་མཐོང་ན་ཡང༌། སད་དུས་བག་ཆགས་ཀྱི་མཐུས་ཡིན་པས་ཕྱི་བཤོལ་མེད་པར་དེ་མ་ཐག་ཏུ་ཕྱག་འཚལ་བ་དང༌། བཤགས་པ་དང༌། བསྔོ་བ་སྟེ་ཕུང་པོ་གསུམ་པ་ཚང་བའི་མདོ་འདོན་པ་ལ་སོགས་པས་བཤགས་པ་བྱ་དགོས་ན། སད་དུས་ཀྱི་ཉེས་ལྟུང་བསམ་བཞིན་བྱས་པ་ལ་ལྟ་ཅི་སྨོས། བྱང་སེམས་ཀྱི་བསླབ་པ་དང་ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཐ་ན་སེམས་ཅན་གཅིག་ཙམ་བློས་བཏང་ནས་སྨོན་སེམས་ཤོར་བ་དང༌། འགལ་ཟླ་མི་མཐུན་ཕྱོགས་རྩ་ལྟུང་གང་རུང་བྱུང་བ་དང༌། སྡོམ་པ་རྩ་བ་ནས་སྤོང་བའི་རྐྱེན་བསླབ་པ་ཕུལ་བ་གསུམ་པོ་དག་ལས། ཉིན་མཚན་སོ་སོའི་ཆ་ཐུན་གསུམ་གསུམ་དུ་བཅད་པའི་སྔ་དྲོ་ལྟ་བུ་དྲུག་ཆའི་དང་པོ་ནས་ལྟུང་བ་བྱུང་ནས་གཉིས་པའི་ཐུན་ཚོད་བཤགས་ཚད་དེ་ལས་ཉམས་ཤོར་ན། གཏུགས་པ་ཞེས་ཕྱིར་བཅོས་ཀྱིས་སོར་ཆུད་པ་མ་ཡིན་པས་འགྱོད་སེམས་ཀྱིས་སྐྱ་རེངས་འཆར་དུ་ཉེ་བ་ན། གཙང་སྦྲ་དང་བཅས་ཁ་ཤར་དུ་ཕྱོགས་ནས་པུས་མོ་བཙུགས་ཏེ་མདུན་དུ་ནམ་མཁའི་སྙིང་པོ་ཡིད་ལ་བོས་ནས་ཡན་ལག་བདུན་པ་འབུལ་བའམ་ཡང་ན། ཡི་དམ་གྱི་ལྷ་ཡི་མདུན་དུ་ཐུན་མིན་གྱི་ཡན་ལག་བདུན་པ་བྱས་ལ་བཤགས་པས་ལྟུང་བ་ལས་ལྡང་ངོ༌། །དབང་པོ་རབ་ཏུ་གྱུར་པས་ལྟུང་བ་བཤགས་པའི་ཚུལ། ཐར་པ་ཆེན་པོའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་པ་ལྟར་རོ། །བདག་གི་བདེ་བ་དང་ཡོན་ཏན་ཐམས་ཅད་དབུགས་དང་ལྷན་ཅིག་ཏུ་གཞན་སེམས་ཅན་རྣམས་ལ་ཡང་དག་པར་སྨིན་པར་བསམ་ནས་སྤོ་བ་དང༌། དབུགས་ནང་དུ་རྔུབ་པའི་ཚེ་གཞན་སེམས་ཅན་གྱི་སྡུག་བསྔལ་དང་སྐྱོན་ཐམས་ཅད་བྲལ་ནས་བདག་གི་རྒྱུད་ལ་སྨིན་པའི་ཁུར་དང་དུ་བླང་ནས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མ་ལུས་པ་རྣམས་བདག་ཁོ་ནས་བཟོད་པར་བྱའོ་སྙམ་པའི་གོ་ཆ་བགོས་ཏེ་དེ་ལྟར་གཏོང་ལེན་སྙིང་སྟོབས་རྨད་དུ་བྱུང་བ་རང་རྒྱུད་ལ་འདུ་བྱེད་ཅིང༌། ཇི་སྲིད་བྱང་ཆུབ་ཀྱི་གོ་འཕང་མ་ཐོབ་བར་དུ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཏེ་བདེ་བ་དེ་དག་དང་མི་འབྲལ་བ་ཕྱི་ཕྱིར་ཏེ་ཡང་ཡང་སྨོན་ནོ། །དེ་ལྟར་སྨོན་བའི་བསླབ་བྱ་ནི་བསམ་པ་བཟང་པོའི་ཚད་མེད་བཞི་པོའང་བདག་གཞན་མཉམ་བརྗེ་བསྟན་པ་དེ་ལ་བློ་ལེགས་པར་སྦྱང་བ་དང༌། སེམས་ཅན་འདི་རྣམས་ཐོག་མེད་ནས་ཕ་མ་བྱས་ཏེ་དྲིན་ཆེན་པོས་བསྐྱངས་པའི་སྒོ་ནས་ཕན་འདོགས་པར་བྱས་པ་དེ་དྲན་ནས། དྲིན་དུ་གཟོ་བར་འདོད་པ་ལས་བྱམས་པ་སྐྱེ་ཞིང༌། བྱམས་པ་ལས་སྙིང་རྗེ་དང༌། སྙིང་རྗེ་དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཐེག་ཆེན་པོའི་སྡེ་སྣོད་རྣམས་ལས་གསུངས་པའི་དོན་བྷཾ་ག་ལའི་པཎྜི་ཏས་རྒྱུ་འབྲས་མན་ངག་བདུན་ལྡན་དུ་བཞེད་པས་ན་ཚད་མའི་ལུང་གིས་ཡང་དག་པར་གྲུབ་སྟེ། རྒྱུ་འབྲས་མན་ངག་བདུན་ནི། མར་ཤེས་པ་དང༌། དྲིན་དྲན་དང༌། དྲིན་གཟོ་བ་དང༌། ཡིད་འོང་གི་བྱམས་པ་དང༌། བརྩེ་བའི་སྙིང་རྗེ་དང༌། ལྷག་བསམ་རྣམ་དག་དང༌། རང་འབྲས་བླ་ན་མེད་པའོ། །དང་པོ་མར་ཤེས་པ་ནི། མར་མ་གྱུར་པ་སེམས་ཅན་གཅིག་ཀྱང་མེད་ལ། མགོན་པོ་ཀླུས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་སོ། །གཉིས་པ་དྲིན་དྲན་པ་ནི། བཙས་མ་ཐག་པའི་སྐྱེས་བུ་མི་གཙང་བའི་སྲིན་བུ་དང་འདྲ་བ་བཞིན་ངན་ལ་གདོན་དང༌། གྲུལ་བུམ་གྱི་བྱད་དང་འདྲ་བ་དེ། མ་ཡི་ཚམ་ཚོམ་མེད་པར་པང་པར་བླངས་ནས་ནི་ཁྲུས་ཁང་ལྟར་བྱས་ཏེ། དེ་ནས་མི་གཙང་བ་མཐའ་དག་གོས་ལ་སོགས་པས་རྩུབ་ཀྱི་དོགས་ནས་ལག་པས་ཉེ་རེག་བྱས་ཏེ་ཕྱི་བར་བྱེད་དོ། །ཁ་ཟས་ལ་བརྟེན་མི་ནུས་པས་ནུ་ཞོས་བསྙེན་བཀུར་ལུས་ཀྱི་རེག་བྱ་འཇམ་པོས་གཡོགས་ཏེ་མི་སྐྱོ་བར་བྱས། ཆེ་སྟེ་ཤི་ཡི་དོགས། འབྲིང་སྟེ་ན་ཡི་དོགས། ཆུང་སྟེ་ལྟོགས་ཀྱི་དོགས། སྐོམ་གྱི་དོགས། འཁྱགས་ཀྱི་དོགས་ནས་མི་མཐུན་པའི་ཕྱོགས་སྤང་ལ་བརྩོན་པ། བུ་ཆུང་ཅུང་ཟད་ན་བ་ལས་བདག་ཉིད་འཆི་བར་འདམ་ཤིང༌། བུ་དེའི་དོན་དུ་གཞན་ལ་ཁོང་ཁྲོ་བ་སོགས་སྡིག་དང་དཀའ་ཚེགས་ཚ་གྲང་སོགས་སྡུག་བསྔལ་དང༌། གཏམ་ངན་མཐའ་དག་བསྲན་ཅིང་བཟོད་ནུས་པའི་མ་དེའི་དྲིན་དང་རིམ་གྲོ་དེ་ཙམ་བྱས་པ་ལ་ཅི་ཡང་མི་སེམས་པར་ཁྱད་དུ་གསོད་པར་བྱེད་ན། དེ་ལས་ཆོ་ག་སྟེ་བྱ་བ་འཁྲུགས་པའམ་ངན་པ་བསམ་སྦྱོར་ཉམས་པ་སུ་ཞིག་ཡོད་དེ་མེད་དོ། །དེས་ན་ས་འདིའི་རི་རབ་དང་རྒྱ་མཚོ་ནས་ལྕགས་རིར་བཅས་པ་བདག་གིས་ཁུར་ན་ཡང་ཁུར་ཆེན་པོ་མ་ཡིན་ཏེ། བྱས་པ་དྲིན་དུ་མི་གཟོ་བའི་སྡུག་བསྔལ་གྱི་ཁུར་ཆེན་པོ་ཤིན་ཏུ་བཟོད་དཀའ་བ་ཟད་མཐར་ཐུག་པ་མེད་པ་ནི། དབྱིག་དུག་གྱུར་དུག་ལ་ནུས་པ་ཆེས་ཆེར་བྱེད་པའི་བཙན་དུག་བསྲེས་པ་ལྟ་བུ་དུག་ལྡན་གྱི་བཟའ་བ་ཁོང་དུ་ཆུད་པའི་སྐྱེ་བོ་བཞིན་ཉམས་པར་མི་འགྱུར་སྙམ་ཡང་ཉམས་པར་འགྱུར་ཏེ། ལུང་རྣམ་འབྱེད་ལས། ས་རྣམས་དང་ནི་རི་རྣམས་དང༌། །རྒྱ་མཚོ་བདག་གི་ཁུར་མིན་ཏེ། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་གྲངས་ཕ་མཐའ་ཡས་པའི་སེམས་ཅན་མ་ལུས་པ་ཀུན། མ་རུ་ལན་མང་དུ་གྱུར་ནས་ཕན་ཆེན་པོ་བཏགས་པ་དེ་ལྟ་བུ་ནི་གཞན་སུས་ཀྱང་མི་ནུས་པས་དམ་པ་མཆོག་ཏུ་གྱུར་པའི་དྲིན་ཆེན་དེ་ཡང་ཡང་དྲན་པས་སུ་མཐོང་དྲིན་ཅན་དུ་ཤེས་པར་བྱའོ། །གསུམ་པ་དྲིན་གཟོ་བ་ནི། འདི་དག་ལ་དྲིན་ལན་དུ་ཕན་གདགས་དགོས་པས་ཕན་ཆེན་པོ་ཇི་ལྟར་གདགས་སྙམ་ནས་ཐབས་ལ་བརྩོན་པའོ། །བཞི་པ་ཡིད་འོང་གི་བྱམས་པ་ནི། དེ་ལྟར་གོམས་པས་སེམས་ཅན་གྱིས་རང་ལ་དགྲ་བྱེད་པ་མཐོང་ནའང༌། མས་བུ་ལ་བརྩེ་བ་ལྟར་དེ་ལ་ཁོང་མི་ཁྲོ་བར་མ་ཟད་སྙིང་ནས་བརྩེ་ཞིང་ཡིད་དུ་འོང་བའི་སྒོ་ནས་བདེ་བ་དམ་པ་དང་འཕྲད་པའི་ཐབས་ལ་སྦྱོར་བར་འདོད་པའོ། །ལྔ་པ་བརྩེ་བའི་སྙིང་རྗེ་ནི། བྱམས་སེམས་དེ་ལས་སྙིང་རྗེ་སོགས་ཚད་མེད་ལ་བློ་ངང་གིས་འབྱོང་ཏེ་བྱམས་ཡུལ་དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་བྱུང་བ་དེ་ལ་མི་བཟོད་པར་སྤང་འདོད་པའོ། །དེའི་ཚེ་སེམས་ཅན་གྱིས་བདེ་སྐྱིད་མྱོང་ན་རང་ལ་བྱུང་བ་ལས་ཀྱང་བླ་ལྷག་ཏུ་སྤྲོ་ཞིང་དགའ་བ་དེ་ཡང་ཉེ་རིང་ཆགས་སྡང་དང་བྲལ་བ་མཉམ་པར་ལྟ་བའི་ཚད་མེད་བཞི་པོ་གོང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །དྲུག་པ་ལྷག་བསམ་དག་པ་ནི། དེ་ལྟར་ཚད་མེད་བཞི་པོ་རྒྱུད་ལ་གོམས་པས། སྙིང་རྗེའི་སར་བཞག་པ་ཡིད་འོང་གི་སེམས་ཅན་འདི་དག་གཏན་བདེ་རྣམ་གྲོལ་དུ་དགོད་པའི་ཁུར་ལེན་གཏིང་ནས་སྐྱེ་བའོ། །བདུན་པ་རང་འབྲས་བླ་མེད་ནི། དེ་ལྟར་བྱས་པ་ཤེས་པ་དང་དྲིན་དུ་གཟོ་བ་སོགས་བསམ་པ་དང་ལྡན་པ་ཡི་སྐྱེས་བུ་གང་ཡིན་པ་དེ་ལ། དད་སོགས་འཕགས་པའི་ནོར་བདུན་གྱིས་བསྙེན་པར་འགྱུར་བ་ཆོས་ཉིད་ཡིན་ནོ། །བྱང་ཆུབ་སྨོན་པའི་སེམས་སེམས་ཅན་གྱི་ཁམས་ཡིན་ནོ་ཅོག་ཡལ་བར་མི་འདོར་བའི་བསམ་པ་བཟང་པོ་སྟོན་ཀའི་ཟླ་བ་གསར་པ་དང་འདྲ་བའི་སེམས་བསྐྱེད་པ་དེ་ལ། སྒྲིབ་བྱེད་སྒྲ་གཅན་གྱི་གདོང་བས་ཀྱང་ཐུ་བའི་མི་མཐུན་ཕྱོགས་ནི། ནག་པོའི་ཆོས་བཞི་པོ་ཡིན་པས་གཉེན་པོའི་སྟོབས་ཀྱིས་རིང་དུ་བསྐྲད་པར་བྱའོ། །དེ་ཡང་བླ་མ། སློབ་དཔོན། མཁན་པོ། སྦྱིན་གནས་ཡོན་ཏན་དང་ལྡན་པ་སྟེ་མཆོད་འོས་བསླུ་བ་དང༌། གང་ཟག་གཞན་བསོད་ནམས་ཆ་མཐུན་ཐེག་གསུམ་གང་རུང་ལ་ཞུགས་ཏེ་ཐར་པ་ཆ་མཐུན་གྱི་བསོད་ནམས་བསགས་པ་ལ། ཐེ་ཚོམ་བསྐྱེད་དེ་ཁྱོད་ཀྱིས་སྡོམ་པ་མ་ཐོབ་ཞེས་སོགས་བརྗོད་ནས་འགྱོད་པའི་གནས་ལ་སྦྱར་བ་དང༌། ཡུལ་དམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་རྣམས་ལ་དངོས་སུ་སྐུར་ཞིང་ལྐོག་ཏུ་མི་སྙན་པ་སྒྲོག་པ་དང༌། རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་པའི་གཡོ་དང༌། ཡོན་ཏན་མེད་ཀྱང་ཡོད་བརྫུའི་སྒྱུས་བྲེ་སྲང་སོགས་ཀྱི་སྒྱུ་ཐབས་ཀྱི་སྤྱོད་པ་སྣ་ཚོགས་པས་གཞན་དག་མགོ་བོ་བསྐོར་བ་སྟེ་ཆོས་བཞི་པོ་དེ་གང་རུང་ཉམས་སུ་མྱོང་ཚེ་སྨོན་སེམས་ཤོར་བ་ཡིན་ལ། ལྟུང་བ་བྱུང་བའི་ཐུན་དེའི་ཐོག་མཐའ་བར་གསུམ་གང་རུང་དུ་འགྱོད་པ་དྲག་པོ་དང་གཉེན་པོའི་བཤགས་པ་མ་སླེབས་པར་ཐུན་ཚོད་ལས་འདས་ན། དེ་ཡི་མོད་ལ་སེམས་བསྐྱེད་འཆོར་བའི་རྒྱུ་བྱེད་པ་ཡིན་ནོ། །དེ་དག་གི་གཉེན་པོར་ཆེ་བ་དཀར་པོའི་ཆོས་བཞི་ནི། སྲོག་ལ་བབ་ཀྱང་བརྡ་འཕྲོད་པ་ཐམས་ཅད་ལ་བསམ་བཞིན་རྫུན་མི་སྨྲ་བ་དང༌། རྒྱལ་སྲས་རྣམས་ལ་སྟོན་པ་དང་མཚུངས་པར་གུས་ཤིང་བསྔགས་པ་བརྗོད་པ་དང༌། གཡོ་སྒྱུ་མེད་པར་ལྷག་བསམ་དག་པས་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་སྦྱོར་དོན་དུ་གཉེར་བ་དང༌། རང་གིས་སྨིན་ནུས་པའི་སེམས་ཅན་མཐའ་དག་ལ་སྨོན་སེམས་བསྐྱེད་བཅུག་ཅིང་རིམ་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་སྙིང་ཐག་པ་ནས་དཀྲི་བའོ། །སེམས་བསྐྱེད་མི་ཉམས་ཤིང་བརྟན་པར་བྱ་བའི་སྒོ་ནས་བསྲུང་བའི་འདུ་ཤེས་བཞི་སྟེ། ཐེག་ཆེན་དགེ་བའི་བཤེས་གཉེན་བདག་ལ་ལམ་མ་ནོར་བར་སྟོན་པ་དེ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང༌། དེས་བསྟན་པའི་ཟབ་རྒྱས་ཀྱི་ཆོས་ལ་ལམ་གྱི་འདུ་ཤེས་དང༌། དེ་སྒྲུབ་པའི་བྱང་སེམས་གཞན་ལྟ་སྤྱོད་མཐུན་པ་རྣམས་ལ་གྲོགས་ཀྱི་འདུ་ཤེས་དང༌། མཐའ་ཡས་བའི་སེམས་ཅན་ཀུན་ཐམས་ཅད་ལ་བུ་གཅིག་པོའི་འདུ་ཤེས་ཏེ་འདི་དག་ཏིང་ངེ་འཛིན་རྒྱལ་པོ་ལས་བཤད་དོ། །བདེ་སྡུག་གཏོང་ལེན་ནས་འདུ་ཤེས་བཞིའི་བར་འདི་དག་སྨོན་པའི་བསླབ་བྱ་ཐེག་ཆེན་གྱི་སྡེ་སྣོད་རྣམས་ལས་བཏུས་པ་ཡང་དག་གོ །འཇུག་པའི་སྡོམ་པ་བླངས་པ་དེའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལས། དང་པོ་སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་སྟེ་ལྔ་ནི་བསོད་ནམས་དམ་པའི་ཚོགས་དང༌། ཕྱི་མ་གཅིག་པོ་ཤེས་རབ་ཕ་རོལ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཆེན་ཏེ། ཚོགས་གཉིས་ཐབས་ཤེས་ཟུང་འབྲེལ་འདི་གཉིས་ལ་མ་བརྟེན་པའི་སངས་རྒྱས་འགྲུབ་བྱེད་ཀྱི་ཐབས་གཞན་ཡོད་པ་མ་ཡིན་ལ། དེའི་སྟེང་དུ་སྦྱིན་སོགས་དེ་དག་གཞན་དོན་བྱང་ཆུབ་ཆེན་པོར་བསྔོ་བས་མི་ཟད་པར་བྱེད་པའི་ཐབས་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱི་གནོན་པའི་སྟོབས་ཀྱིས་དགེ་བ་བྱང་ཆུབ་ཏུ་ངེས་པར་བྱེད་པའི་སྟོབས་དང༌། འདུན་པས་སྐྱེ་བ་ཐམས་ཅད་དུ་སྦྱིན་སོགས་ཀྱི་ཡོན་ཏན་རྒྱུན་མི་འཆད་པར་འབྱུང་བའི་སྒོ་ནས་དགེ་བ་ལ་རྟག་ཏུ་འཇུག་པར་བྱེད་པའི་སྨོན་ལམ་དང༌། སྦྱིན་སོགས་ཀྱི་ཆོས་རྣམས་ལ་ལོངས་སྤྱོད་ཅིང་སེམས་ཅན་རྣམས་སྨིན་པར་བྱེད་པའི་ཡེ་ཤེས་སྟེ་བཞི་བསྣན་པས་བཅུ་སྟེ་རྒྱལ་སྲས་རྣམས་ཀྱི་སྤྱི་ནོར་ཡིན་ནོ། །གང་ཟག་གི་བློ་སྟོབས་ཀྱི་མཐུ་ཡིས་ལམ་དེ་སྒྲུབ་པར་བྱེད་པོ་རྒྱལ་སྲས་གསུམ་སྟེ། དབང་རྟུལ་རྣམས་ཐོག་མར་རང་ཉིད་འཚང་རྒྱ་བའི་དོན་དུ་ཚོགས་གཉིས་མཐར་ཕྱིན་པའི་བྱ་བ་སྔོན་དུ་བྱས་ནས། རྗེས་ལ་འགྲོ་བ་རྣམས་སྒྲོལ་བར་འདོད་པ་རྒྱལ་པོ་ལྟ་བུའི་འདོད་ཆེན་སེམས་བསྐྱེད་འཕགས་པ་བྱམས་པ་ལྟ་བུ་དང༌། དབང་འབྲིང་རང་དང་འགྲོ་བ་སྔ་ཕྱི་མེད་པར་སྟབས་ཅིག་སྒྲོལ་འདོད་པ་གྲུ་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས་བསྐྱེད་དང༌། དབང་རྣོན་རྣམས་ཀྱིས་འགྲོ་བ་སྔོན་དུ་བསྒྲལ་ཞིང་རང་ཉིད་ས་བཅུར་གནས་ཏེ་རྗེས་ལ་ཞི་བ་མྱང་འདས་མངོན་དུ་བྱེད་འདོད་པ། སྐྱོང་བྱེད་ལྟ་བུ་དཔེ་མེད་པའི་སེམས་བསྐྱེད་དེ་འཇམ་དབྱངས་དང་སྤྱན་རས་གཟིགས་ལྟ་བུའོ། །དེ་རྣམས་ལས་དབང་པོ་རྟུལ་པོས་ཚོགས་སྦྱོར་ལ་བསྐལ་པ་གྲངས་མེད་གསུམ་དང༌། ས་བཅུ་པོ་རེ་རེ་ལ་གསུམ་རེ་སྟེ་སུམ་ཅུ་རྩ་གསུམ་གྱིས་ལམ་མཐར་ཕྱིན་ཏེ་འཚང་རྒྱ་བ་དང༌། འབྲིང་པོས་ཚོགས་སྦྱོར་ལ་བཞི་སྟེ། མཐོང་ལམ་ལ་གཅིག །མ་དག་ས་བདུན་ལ་གཅིག །དག་ས་གསུམ་ལ་གཅིག་སྟེ་བདུན་དུ་འཚང་རྒྱ་བ་དང༌། རྣོན་པོས་ཚོགས་སྦྱོར་ལ་གཅིག །མ་དག་ས་བདུན་ལ་གཅིག །དག་པ་ས་གསུམ་ན་གཅིག་སྟེ་གྲངས་མེད་གསུམ་ན་མྱང་འདས་སུ་གྲོལ་བར་དཀོན་མཆོག་བརྩེགས་པ་ལས་གསུངས་པ་ལྟར་རོ། །སྦྱིན་པའི་ངོ་བོ་བདོག་རྒུའི་དངོས་པོ་ཐམས་ཅད་ལ་ཆགས་པ་མེད་ཅིང་ཐམས་ཅད་གཞན་ལ་གཏོང་བའི་སེམས་པ་དང་བཅས་པ་སྟེ། དབྱེ་ན་དམ་པའི་ཆོས་ཀྱི་སྦྱིན་པ་དང༌། ཟང་ཟིང་ལོངས་སྤྱོད་ཀྱི་སྦྱིན་པ་དང༌། མི་འཇིགས་པ་སྲོག་གི་སྐྱབས་སྦྱིན་ཏེ་གསུམ་ལས་ཟང་ཟིང་ལའང་རྣམ་པ་གསུམ་ཡིན་ཏེ། བློ་སྟོབས་ཆུང་བའི་དུས་སུ་གཏོང་བ་དང༌། དེ་ལ་གོམས་ནས་གཏོང་བ་ཆེ་བ་དང༌། གཏོང་སེམས་གོམས་པ་ཕུལ་དུ་བྱུང་ནས་ཤིན་ཏུ་གཏོང་བ་ལ་བསླབ་ནུས་སོ། །དེ་ཡང་གཏོང་བ་ཞེས་བྱ་བ་ནི། བློ་སྟོབས་ཀྱིས་རིམ་པར་ཁ་ཟས་དང༌། གོས་དང༌། ཤིང་རྟ་དང༌། གླང་པོ་དང༌། ཡུལ་ཁམས་སོགས་གཞན་ལ་སྦྱིན་པའོ། །གཏོང་བ་ཆེན་པོ་ནི། ཤིན་ཏུ་ཕོངས་པ་ལ་རང་གི་བུ་དང༌། བུ་མོ་དང༌། ཁྱིམ་ཐབ་རྣམས་གཏོང་བ་ཡིན་ནོ། །ཤིན་ཏུ་གཏོང་བ་ནི། བྱ་དཀའ་བའི་གནས་ཏེ་མགོ་དང༌། དབང་པོ་དང༌། ཡན་ལག་ཐམས་ཅད་ཕངས་མེད་དུ་གཏོང་བ་རྒྱལ་པོ་ཟླ་འོད་ལ་སོགས་པ་ལྟར་རོ། །དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང་ཁྱད་པར་སྦྱིན་པ་ལ་བསླབ་པའི་སྐབས་འདི་ན་ཐོག་མར་གཏོང་སེམས་ལ་གོམས་སུ་འཇུག་པའི་ལས་དང་པོ་པ་རྣམས། སེར་སྣའི་འཆིང་བ་དམ་པོས་བསྡམས་པའི་སྟོབས་ཀྱིས་ཁ་ཟས་ཙམ་ཡང་སྦྱིན་མི་ནུས་པའི་ཚེ་ན། སྐྱེས་བུའི་ལག་པ་ནི་གཅིག་གིས་དངོས་པོས་ངན་ངོན་ཙམ་བཟུང་ནས། གཅིག་ཤོས་ལ་སྦྱིན་པར་བསམ་པའི་སེམས་ཀྱིས་ཡང་ཡང་སྤོས་ཏེ་སྦྱིན་པའི་ཚུལ་ལ་བསླབ་ཏུ་བཅུག་པས་མཐར་སྦྱིན་པ་ཆེན་པོ་གཏོང་ནུས་པ་བཞིན་དུ། རང་ཅག་གིས་ཀྱང་དང་པོ་ཚོད་མ་ལ་སོགས་དངོས་པོ་ཕྲ་མོ་ཙམ་གཏོང་བ་ལ་ཡང་ཡང་གོམས་པར་བྱས་ཏེ་རིམ་གྱིས་ལོངས་སྤྱོད་ལ་བརྐམ་ཞིང་ཆགས་པའི་སེམས་འཇིག་པར་བྱེད་ཅིང་གཏོང་སེམས་སྟོབས་སུ་གྱུར་ཏུ་ཤིན་ཏུ་གཏོང་བའི་བར་ལ་བསླབ་བོ། །མི་འཇིགས་པའི་སྦྱིན་པ་ནི། གཞན་སེམས་ཅན་རྒྱལ་པོའི་ཁྲི་མུན་དུ་ཆུད་པ་དང༌། ཆད་པས་མནར་བ། རི་དྭགས་རྔོན་པས་བདས་པ། ཕྱུགས་ལུག་བཤས་རར་ཁྲིད་པ། ནད་གདོན་གྱིས་གཙེས་པ་སོགས་ཀུན་གྱི་སྲོག་བསྲུང་བ་དང༌། བདག་གིས་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཀུན་ཏུ་འཇིགས་པའི་ཡུལ་ཆེན་པོའི་འཁོར་བའི་སྡུག་བསྔལ་མཐའ་ཡས་པ་ལས་བསྒྲལ་ཏེ་དབུགས་འབྱིན་ཆེན་པོ་མྱ་ངན་ལས་འདས་པའི་གནས་ལ་དགོད་པར་བྱ་སྙམ་དུ་བློ་སྦྱང་བར་བྱའོ། །ལས་དང་པོ་པ་རྣམས་ཀྱིས་རང་གི་ནུས་ཚོད་སྦྱིན་པར་བྱ་ཡི། གཞན་བྱ་དཀའ་བ་རྣམས་མི་ནུས་བཞིན་དུ་མ་བརྟགས་པར་བབ་ཅོལ་ཆོ་ག་སྟེ་བྱ་བ་ཡིས་རྣམ་པར་སྦྱར་བའི་མཐར་འགྱོད་པ་སྐྱེ་བར་འགྱུར་བའི་ཕྱིར་དང༌། ཉན་རང་སོགས་སུ་སེམས་བསྐྱེད་ཉེན་ཡོད་པས་དེ་འདྲའི་སྦྱིན་པའང་སྨད་པའི་གནས་ཏེ། དཔེར་ན། སྨན་ཤིང་ལྗོན་པ་བལྟ་ན་སྡུག་པ་ཡི། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ནི། །འབྱིན་པ་དུས་མིན་སྤྱོད་ལས་བསྲུང་བར་བྱ། །རྫོགས་སངས་རྒྱས་ཀྱི་སྨན་ཤིང་དེ་བཞིན་ནོ། །ཞེས་པ་ལྟར་གནོད་སེམས་དང་ཕྲག་དོག་སོགས་སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་པར། ལུས་དང་སྲོག་གཏོང་བ་བསླབ་བཏུས་ཉིད་ལས་བཀག་པ་ནི་གོང་དུ་ལུང་དྲངས་མ་ཐག་པའོ། །གནོད་སེམས་དང༌། ཕྲག་དོག་དང༌། ངོམ་ཆོས་སོགས་བསམ་པ་དང༌། གཞན་ལ་གནོད་པ་བྱས་ནས་གཏོང་བ་སོགས་སྦྱོར་བ་དང༌། དུག་མཚོན་སོགས་དངོས་པོ་དང༌། ཤན་པ་ལ་མཚོན། བག་མེད་ལ་ཆང༌། གཉེན་ལ་ཞེན་པས་ནོར་གཏོང་བ་སོགས་མ་དག་པའི་བསམ་སྦྱོར་སོགས་ཁ་ན་མ་ཐོ་བས་བསྐྲུན་པའི་སྦྱིན་པ་ཡང༌། བྱང་ཆུབ་སེམས་དཔས་སྤྱད་བྱའི་གནས་མིན་པར་སྨད་པའི་གནས་ཏེ། དེས་ན་སེམས་ཀྱི་ཆ་ནས་གནས་ལུས་ལོངས་སྤྱོད་དགེ་རྩ་བཅས་བདོག་པ་ཐམས་ཅད་ལ་སེར་སྣར་ལྟ་བའི་ཞེན་པ་བཏང་བ་ནི་སྦྱིན་པའི་ཚད་དུ་བཞེད་དོ། །མཆོག་ཏུ་གྱུར་པ་ཆོས་ཀྱི་སྦྱིན་པ་ལའང་རྣམ་པ་གསུམ་སྟེ། འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པ་ལས། དེ་ལ་ཆོས་ཀྱི་སྦྱིན་པ་གང་ཞེ་ན། སྨྱུག་གུ་དང༌། སྣག་ཚ་དང༌། གླེགས་བམ་སྦྱིན་པ་ནི་ཆུང་དུའོ། །སྐལ་པ་ཇི་ལྟ་བ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་དང༌། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་སོ། །དེ་ལས་ཆོས་ཀྱི་སྦྱིན་པ་དངོས་ནི། གཞན་ལ་བློ་རིམ་བཞིན་དུ་གདམས་པར་བྱེད་པ་ཡིན་ནའང༌། མོས་པས་སྤྱོད་པ་རྣམས་རང་རྒྱུད་ལ་ཆོས་ཀྱི་ཚིག་དོན་གཉིས་ཆར་ནུས་པ་གསལ་བ་མེད་པས་ཇི་བཞིན་འདོམས་པར་དཀའ་ལ། གཞན་ཕན་གྱི་བསམ་པ་གཙོ་བོར་བཟུང་སྟེ་དགེ་བའི་བཤེས་གཉེན་གྱི་གདམས་ངག་གིས་རང་གི་རྒྱུད་ཀྱི་ཉོན་མོངས་པ་བསལ་བའི་ཆོ་ག་སྟེ་ཐབས་ལ་དྲན་པ་དང༌། སེམས་ཅན་ལ་བྱམས་པ་དང༌། སྙིང་རྗེ་ལྡན་པས་དེ་བཞིན་གཤེགས་པའི་གསུང་རབ་སྤྱི་དང་ཁྱད་པར་ཐེག་ཆེན་གྱི་མདོ་སྡེ་རྣམས་བཀླག་པ་ཡིས། ཚེ་རབས་མང་པོའི་སྡིག་སྒྲིབ་འདག་ཅིང་གཞན་ཕན་གྱི་བསམ་པ་ངང་གིས་འབྱུང་བ་སོགས་ཡོན་ཏན་མཐའ་ཡས་པ་ཡོད་པ་དང༌། དཀར་པོའི་ཕྱོགས་ཀྱི་ལྷ་ཀླུ་རྣམས་དངོས་སུ་ཆོས་ཉན་པ་ལ་འོང་བ་ཡིན་པས་དེ་དག་གི་རྒྱུད་ལས་ཉོན་སོགས་ལས་གྲོལ་ནས་རྒྱལ་བའི་བསྟན་པ་བསྲུང་བ་ལ་བརྩོན་པ་སོགས་མདོར་ན་སེམས་ཅན་ཐམས་ཅད་ཐེག་ཆེན་ཆོས་ཀྱི་སྣོད་དུ་གྱུར་ཅིང༌། བླ་མེད་ཀྱི་གོ་འཕང་ལ་གཞོལ་བའི་སྨོན་ལམ་གདབ་པ་འདི་གལ་ཆེའོ། །རང་རྒྱུད་གྲོལ་ནས་འདུ་འཛི་རྣམ་གཡེང་སོགས་ཡུལ་རྐྱེན་ཆོས་བརྒྱད་ཀྱིས་མི་གནོད་པར་གྱུར་ན། འགྲོ་བའི་ཁམས་དབང་མོས་པའི་སྐལ་བ་དང་རང་བཞིན་འཚམས་པར་ལས་འབྲས་ནས་བཟུང་མཐར་རྫོགས་ཆེན་བར་གཞན་དོན་ལ་ཆོས་སྟོན་པ་སོགས་གཙོ་བོར་བྱའོ། །ཚུལ་ཁྲིམས་ཀྱི་ངོ་བོ་ནི། བསླབ་པའི་མི་མཐུན་ཕྱོགས་སྡོམ་པའི་སྒོ་ནས་གཞན་གནོད་གཞིར་བཅས་ལ་སྤོང་སེམས་གོམས་ཤིང་བརྟན་པ་ཡིན་ནོ། །དབྱེ་ན་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་དེ་རྣམ་པ་གསུམ་དུ་བཤད་དོ། །དེ་ཡང་སྒོ་གསུམ་མི་དགེ་བའི་ཕྱོགས་ཐམས་ཅད་སྡོམ་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། དངོས་དང་བརྒྱུད་ནས་གཞན་ལ་བསྡུ་བ་རྣམ་བཞིའི་སྒོ་ནས་ཕན་གདགས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན་ནོ། །དེ་ལ་སྤྱིར་ཐེག་པ་དམན་མཆོག་གི་སྒོར་ཞུགས་བའི་གང་ཟག་རྣམས་ཀྱིས་ཉེས་སྤྱོད་སྡོམ་ཞིང་དགེ་ཆོས་ལ་གཞོལ་བ་ཙམ་འདྲ་ནའང༌། ནང་གསེས་ཐེག་དམན་གྱི་སོ་སོ་ཐར་པའི་ཚུལ་ཁྲིམས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ་ཁྱད་ཆོས་གཉིས་ཏེ་ཁྱད་གཞི་དང་བཅས་ན་ཁྱད་པར་བཞི་ཡི་སྒོ་ནས་འཕགས་པ་སྟེ། འདི་ལྟར་སོ་ཐར་ནི་རང་རྒྱུད་ལ་ཉེས་སྤྱོད་སྡོམ་པས་གཞན་གནོད་གཞི་བཅས་ལྡོག་པ་ཙམ། བྱང་སེམས་ནི་མི་འཚེ་བ་དེ་ཡི་སྟེང་དུ་སེམས་ཅན་ལ་ཕན་འདོགས་པ་སྣོན་ཏེ་ཉེས་སྡོམ། དགེ་སྡུད། དོན་བྱེད་གསུམ་དང་ལྡན་པའོ། །སོ་ཐར་ནི་རིགས་བདུན་པོ་གང་ཡིན་ཀྱང་ལྟུང་མཚམས་ལུས་ཀྱི་གསུམ། ངག་གི་བཞི་སྟེ་སྤང་བ་བདུན་བསྡུས་ལུས་ངག་གཙོ་ཆེ་ལ། བྱང་སེམས་ནི་མི་དགེ་བ་སྤང་བ་བཅུ་ཀ་གཙོ་བོར་བྱེད་དོ། །ཁྱད་པར་བསླབ་པའི་གནས་ནི་སོ་ཐར་སྐབས། རྟེན་གྱི་གང་ཟག་རང་དོན་བསྒྲུབ་པ་དང༌། དངོས་པོར་མངོན་ཞེན་ཅན་ལ་དགོངས་ནས་གཞན་གྱི་དོན་དུ་འགྱུར་ཡང་བྱེད་པར་མ་གནང་བས་ཇི་ལྟར་བཅས་པ་དེ་ལས་མི་འབྲལ་ལ། བྱང་ཆུབ་སེམས་དཔའ་ནི་གཞན་གྱི་དོན་དུ་འགྱུར་ན། ལུས་ངག་གཉིས་ཀྱི་མི་དགེ་བ་རྣམ་པ་བདུན་གཞན་དོན་དུ་འགྱུར་བ་དང༌། འགྱུར་བར་ཤེས་པ་དང༌། རང་གི་དགེ་ཚོགས་དེ་ལ་མི་སྒྲིབ་པའི་སྟེང་སེམས་ཀྱི་འཕེན་སྟོབས་ཀྱིས་འཕེལ་བར་འགྱུར་བ་ཡི་གནས་སྐབས་གསུམ་པོ་དེ་ལ་བརྟགས་ནས་གསུམ་པོ་ཚང་ན། མི་དགེ་བ་ལྟར་སྣང་བ་དེ་བྱེད་པར་གནང་བའི་སྐབས་ཡོད་དེ། ཇི་ལྟར་ཞེ་ན། འདི་ལྟར་དེད་དཔོན་སེམས་སྟོབས་ཆེན་པོས་སྡིག་ཅན་རྣམ་སྨིན་ལས་ཐར་ཕྱིར་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་བརྒྱད་ཁྲིའི་ཚོགས་རྫོགས་པ་དང༌། བྲམ་ཟེའི་ཁྱེའུ་སྐར་མ་ལ་དགའ་བས་ལོ་བཞི་ཁྲི་ཉིས་སྟོང་ལ་ནགས་ཁྲོད་དུ་ཚངས་པར་སྤྱད་པའི་མཐར་བསོད་སྙོམས་ལ་བྱོན་དུས་ཚོང་དཔོན་གྱི་བུ་མོ་དེ་ལ་ཆགས་པའི་དབང་གིས་འཆི་བར་བརྩམས་པ་ལས་ལྡོག་པའི་ཕྱིར་ཚངས་སྤྱོད་བཏང་བས་བསྐལ་པ་བརྒྱད་ཁྲིའི་ཚོགས་རྫོགས་པ་ལྟ་བུར་རྐུ་སོགས་ཀྱང་དེས་དཔེར་མཚོན་ནས། ངག་གི་བཞི་ལ་ཡང་དེ་ལྟར་དོན་དང་ལྡན་ན་གཟུགས་བརྙན་གྱི་རྣམ་པའི་ཉེས་པའང་དོན་ལ་དགེ་བ་ཡིན་པའི་ཕྱིར་དེ་འདྲ་བའི་བྱང་སེམས་ལ་གནང་བ། དེ་བས་ན་རྒྱུ་འབྲས་མཐུ་ཅན་དུ་བསམ་པའི་བྱེ་བྲག་གིས་བྱས་པའི་ཕྱིར། ཡིད་ཀྱི་མི་དགེ་བ་གསུམ་ལ་ནི་གནང་བའི་སྐབས་མེད་དོ། །ཐེག་ཆེན་ལ་གནང་བ་དེ་ལྟ་བུ་ཡིན་ནའང་རྒྱལ་སྲས་སྡོམ་པ་ལ་གནས་པའི་ལས་དང་པོ་པ་རྣམས་ཀྱིས་རང་དོན་ཞི་བདེ་ཙམ་གཉེར་ནས་དེ་ཉིད་བཟློག་པ་དང་བྱ་དཀའ་བ་རྣམས་སྤང་བ་དང༌། དངོས་བརྒྱུད་གང་རུང་དུ་གཞན་ཕྱིར་ཕན་པ་མི་བསྒྲུབ་པ་གང་དང་གང་ཡིན་ཀྱང༌། ལྟུང་བའི་རྒྱུ་རུ་ཐམས་ཅད་གཅིག་པ་ཡིན་པར་གསུངས་པ་ཡིན་ནོ། །དང་པོའི་ལས་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་ནི་རང་རྒྱུད་འདུལ་བའི་དུས་ཡིན་པས། ངེས་འབྱུང་དད་སོགས་ཡོན་ཏན་གྱི་ཚོགས་གོང་ནས་གོང་དུ་འཕེལ་བ་ལ་བསླབ་ཅིང་སྤྱོད་པ་གཙོ་ཆེ་བས་ཞག་སྐྱེད་ཟླ་སྐྱེད་སོགས་རྒྱུད་འདུལ་བ་ལ་བསླབ་དགོས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྡོམ་པ་རྣམ་གསུམ་ལས་ཐོག་མར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱིས་རང་རྒྱུད་མ་དག་པར། གཞན་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་གཉིས་གཙོ་བོར་གཉེར་ན་བསླབ་གསུམ་ལ་བར་ཆད་མང་ངོ༌། །རབ་ཏུ་བྱུང་བའི་སྡོམ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི། ཁྱིམ་པ་བྱང་ཆུབ་སེམས་དཔའ་ལས་ཁྱད་པར་ཅན་དུ་མདོ་སྡེ་རྒྱན་ལས་བཤད་དེ། རབ་ཏུ་བྱུང་བའི་ཕྱོགས་དག་ནི། །ཡོན་ཏན་ཚད་མེད་རྣམས་དང་ལྡན། །དེ་ལྟའི་སྡོམ་བརྩོན་ཁྱིམ་པ་ཡི། །བྱང་སེམས་རྣམས་ལས་མཆོག་ཏུ་བཤད། །ཅེས་སོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རང་སའི་ཐུན་མིན་གྱི་སྡོམ་པ་ཙམ་ལྷ་ཀླུ་སོགས་ལ་སྐྱེ་བར་གསུངས་པས། སོ་ཐར་མཚན་ཉིད་པའི་ཆོ་གས་སོར་སྡོམ་ལེན་དགོས་ཚུལ་ཐེག་ཆེན་མདོ་སྡེ་དག་ལས་གསལ་བ་མེད་དོ། །ཚོགས་གཉིས་ཀྱི་སྦྱངས་པ་སྔོན་དུ་སོང་ཞིང༌། ཟབ་རྒྱས་ཀྱི་དོན་ཉམས་འོག་ཏུ་ཆུད་ནུས་པའི་སེམས་སྟོབས་ཆེན་པོ་ནི། ལུས་རྟེན་ཁྱིམ་པ་དང་རབ་བྱུང་གང་ཡིན་ཀྱང་བསམ་པའི་རྟེན་གཙོ་ཆེ་སྟེ་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏི་བཞིན་དབང་དོན་ནོད་པ་ཙམ་གྱིས་སྡོམ་གསུམ་གཅིག་ཆར་ཉམས་འོག་ཏུ་ཆུད་པ་ཡིན་ནོ། །གང་ཞིག་ཁྱིམ་པའི་ཕྱོགས་ལ་བསྟེན་པ་རྣམས་ནི། དགེ་བསྙེན་གྱི་སྡོམ་པ་འཆད་པར་འགྱུར་བ་གང་རུང་དང་ནི་ཡང་ན་བསྙེན་གནས་སྡོམ་པའི་གཏན་ཁྲིམས་དང་དུས་ཁྲིམས་གང་རུང་སྟེང་དུ་སྨོན་འཇུག་བྱང་ཆུབ་སེམས་གཉིས་རྟག་ཏུ་བསྲུང་བ་ལ་དགེ་བསྙེན་བྱང་སེམས་སུ་གྲགས་ཤིང༌། རབ་ཏུ་བྱུང་བའི་ཕྱོགས་རྣམས་ལ་དགེ་སློང་དང༌། དགེ་ཚུལ་དང༌། དགེ་སློབ་མ་ཡི་སྡོམ་པ་གང་རུང་ཚུལ་བཞིན་བསྲུང་བ་དང་ལྡན་པ་དེའི་སྟེང་དུ་སྨོན་འཇུག་གཉིས་བསྲུང་བ་བྱང་ཆུབ་སེམས་དཔའི་རང་སའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན་ནོ། །དབྱེ་ན་ཡོངས་རྫོགས་བསྲུང་བ་དང༌། །ཚངས་པར་སྤྱོད་པའི་དགེ་བསྙེན་རྣམ་པ་གཉིས་ཡིན་ཏེ། སྣ་གཅིག་ནི་ཕམ་པ་བཞི་ལས་གང་རུང་བསྲུང་བ་སྟེ། སྲོག་གཅོད་ལྟ་བུ་ཁོ་ན་སྤང་བ་དང༌། དེ་སྟེང་མ་བྱིན་ལེན་སྤོང་བ་ཕྱོགས་གཅིག་ལྡན་པའམ་སྣ་འགའ་བསྲུང་བ་དང༌། དེ་སྟེང་རྫུན་སྨྲ་བ་སྤང་བ་ཕལ་ཆེར་བསྲུང་བའོ། །དེའི་སྟེང་དུ་འདོད་ལོག་སྤང་བ་བསྣན་ཏེ་ཕྱེད་བཞི་དང༌། ཆང་དང་བཅས་པ་སྤང་ན་ཡོངས་རྫོགས་སྲུང་བའི་དགེ་བསྙེན་དག་ཏུ་འདོད་དེ་ཡན་ལག་ཆང་མ་སྤང་ན་བསླབ་བ་གཞན་བསྲུང་མི་ནུས་པའི་ཕྱིར་རོ། །ཕྱེད་ཞེས་པ་མི་ཚངས་པ་སྤྱོད་པ་དངོས་མ་སྤང་བའོ། །སྲོག་གཅོད་མ་བྱིན་ལེན་རྫུན་དང་མི་ཚངས་སྤྱོད་དང་བཅས་རྩ་བཞི་ཆང་དང་ལྔ་ཀ་སྤང་བ་ལ། ཚངས་པར་སྤྱོད་པའི་དགེ་བསྙེན་ཞེས་སུ་གྲགས་པ་ཡིན་ནོ། །རབ་ཏུ་བྱུང་བའི་བསླབ་པའི་གནས་རགས་པ་བཅུར་དྲིལ་ནས་བསྟན་པ་ལས། གསེར་དངུལ་ལེན་པ་ནི་ཁྱིམ་པ་ལ་མི་དགག་སྟེ་བུ་སྨད་སོགས་གསོ་ཕྱིར་གནང་ལ། གར་སོགས་རྩེད་མོའི་རིགས་བྱེད་དང༌། ཕྲེང་སོགས་རྒྱན་གྱི་རིགས་བྱེད་གཉིས་པོ་སྐྱོན་ནམ་མཚང་ཆུང་བས་གཅིག་ཏུ་བགྲང་བ་ས་སྡེ་ལས་བཤད། དོན་དུ་གསེར་དངུལ་ལེན་པ་ལས་གཞན་དགུ་པོ་བསྙེན་གནས་པས་སྤང་དགོས་ཀྱང་ཐ་སྙད་དུ་ཡན་ལག་བརྒྱད་པའི་ཁྲིམས་ཞེས་གྲགས་པ་གང་ཞིག །ཉིན་ཞག་ལྟ་བུའི་བསྲུང་མཚམས་མེད་པར་དུས་རྟག་ཏུ་བསྲུང་བ་དེ་ཉིད་ཙནྡྲ་གོ་མི་ལྟ་བུའི་དགེ་བསྙེན་ཞེས་བརྗོད་པ་ཡིན་ནོ། །དགེ་ཚུལ་རྣམས་ཀྱིས་མིའམ་མིར་ཆགས་པ་སྲོག་གཅོད་ཡན་ལག་ཚང་བ་དང༌། །གཞན་གྱི་ནོར་རིན་ཐང་ཚང་བ་བརྐུ་ཞིང་འཕྲོག་པ་དང༌། རྨ་ཡི་སྒོ་གསུམ་གང་རུང་ལ་མི་ཚངས་པ་སྤྱོད་པ་དང༌། སྨྲ་ཤེས་པ་དང༌། དོན་གོ་བ་དང༌། ཤེས་པ་རང་བཞིན་དུ་གནས་པ་དང༌། མ་ནིང་དང་མཚན་གཉིས་པ་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པའི་མི་ལ་རྫུན་སྨྲ་བ་སྟེ་རྩ་བ་བཞི་པོ་ལ་གཞི་བསམ་སྦྱོར་མཐར་ཐུག་བཞི་ཚང་ན་ཚུལ་འཆལ་དུ་འགྱུར་ལ། སླར་གསོ་རུང་མི་རུང་གི་རྣམ་དབྱེ་ས་མཚམས་འཆབ་སེམས་མེད་པ་དང༌། ཡོད་པའི་དབང་གིས་ཏེ་དགེ་སློང་བཞིན་ནོ། །བཤགས་བྱ་ཡན་ལག་གི་ཉེས་བྱས་དྲུག་ལས། བག་ཡོད་ཀྱི་ཡན་ལག་བཅོས་པའི་ཆང་ལ་སོགས་མྱོས་འགྱུར་གྱི་རིགས་དང༌། གར་ནི་གླུ་རོལ་བརྡུང་དཀྲོལ་རིགས་སོགས། ཕྲེང་བ་ནི་མཛེས་ཆོས་ཀྱི་རྒྱན་དང༌། དྲི་དང་བྱུག་པ། དྲེགས་པའི་རྒྱུ་སོགས། རིན་པོ་ཆེ་སོགས་ལས་བཟོས་པའམ་དེས་སྤྲས་པའི་ཁྲི་ལྟ་བུ་མལ་སྟན་རིན་ཐང་ཆེན་པོ་ཅན་དང༌། ཤིང་སོགས་ཕལ་པ་ཡིན་ཀྱང་ཁྲུ་གང་ལས་མཐོ་བ་དང༌། སྐྱ་རེངས་ཤར་ནས་ཉི་མ་ཕྱེད་ཀྱི་བར་ལས་དུས་མིན་ཕྱི་དྲོའི་ཁ་ཟས་ཟ་བ་དང༌། གསེར་དང་དངུལ་སོགས་རིན་པོ་ཆེའི་རིགས་ལེན་པ་ནོར་གྱི་འདུ་ཤེས་བཅས་འཆང་བ་རྣམས་སྤོང་བ་སྟེ། བྲྀ་ཛིའི་བུ་རྣམས་བཞིན་དུ་བསླབ་པའི་གནས་མང་པོ་ལ་ཞུམ་པ་སྤང་ཕྱིར་རགས་པ་བཅུ་པོ་འདིར་དྲིལ་ནས་འཛིན་དུ་འཇུག་པ་ནི་སྔ་མ་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། ཞིབ་ཏུ་ཕྱེ་ན་བླང་འདས་སོ་གསུམ་སྟེ། རྩ་བཞི་གསོད་གསུམ་དུད་འགྲོའི་ཆར་གཏོགས་གསོད་པ་སྲོག་ཆགས་དང་བཅས་ཆུར་འདེབས་པ། ལོངས་སྤྱོད་པ་སྟེ་གསུམ་གཞི་མེད་ནས། བག་ཙམ། དབྱེ་ན། དེའི་རྗེས་ཕྱོགས། ཁྱིམ་པ། །སུན་འབྱིན་པར་ལྔ་ཤེས་བཞིན་རྫུན་བཤེས། །འཕྱ་དང་ཞལ་ཏ་བ། ཟས་ཅུང་ཆོས་སྟོན་པ་ལྷག་མས་སྐུར། ཉེར་འཇོག་བསླབ་པ་ཁྱད་གསོད་འབྲས་ཆེན་ལྷག་པོ་ལེན་ཕྱིར་འགེབས་དང་ཆང༌། །གར་སོགས་ཕྲེང་སོགས་མལ་ཆེ་མཐོ། དུས་མིན་ཕྱི་དྲོའི་ཁ་ཟས་རིན་ཆེན་བར་མ་གསུམ། ཁྱིམ་པའི་རྟགས་ལེན་པ། རབ་བྱུང་གི་རྟགས་ཉམས་པ། མཁན་པོར་གསོལ་འདེབས་ཉམས་པ་སྟེ་ཉམས་པ་གསུམ་བཅས། དེ་ལྟར་བླངས་འདས་སོ་གསུམ་མོ། །ཞེས་སོ། །དགེ་སློབ་མ་ནི་རགས་པ་བཅུ་པོ་དེའི་སྟེང་སྐྱེས་པ་ལ་རེག་པ་སོགས་རྩ་བའི་ཆོས་དྲུག རིན་པོ་ཆེ་ལ་རེག་པ་ལ་སོགས་རྗེས་མཐུན་དྲུག་སྟེ་སྤང་བྱ་བཅུ་གཉིས་ཀྱི་གཉེན་པོ་དང་བཅས། བུད་མེད་ཉོན་མོངས་པས་གདུང་བས་ལོ་གཉིས་ལ་སོགས་ཐུབ་བམ་མི་ཐུབ་བརྟགས་ནས་རིམ་གྱིས་བསྙེན་པར་རྫོགས་པར་གསུངས། དགེ་སློང་ལ་ལྟུང་བ་སྡེ་ལྔ་ལས། དང་པོ་རྩ་བའི་ཕམ་པ་བཞི་དག་ཡན་ལག་ཚང་བ་དང༌། ཁུ་བ་འབྱིན་པ་སོགས་ལྷག་མ་བཅུ་གསུམ་དང༌། འཆང་འབྲལ་སོགས་སྤང་ལྟུང་སུམ་ཅུ་དང༌། རྫུན་སྐྱོན་ཕྲ་མ་སྐྱོ་སྔོགས་སོགས་ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་དང༌། སོར་བཤགས་སྡེ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་བསྡོམས་པས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་རྣམ་གྲངས་དང་བཅས་པའོ། །དགེ་སློང་མ་ལ་སུམ་བརྒྱ་དྲུག་ཅུ་རྩ་བཞི་ཡོད་དེ། སོ་སོའི་རྩ་བ་བཞིའི་སྟེང་སྐྱེས་རེག །ལུས་བཀན། འཆབ་དང༌། བཟློག་པ་སྟེ་བརྒྱད་པོ་ཕམ་པ་དང༌། སྨྱན་བྱེད་སོགས་ལྷག་མ་ཉི་ཤུ། སྤང་ལྟུང་སོ་གསུམ། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ། སོར་བཤགས་བཅུ་གཅིག་ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ་བསྡོམས་པས་སུམ་བརྒྱ་དྲུག་ཅུ་རྩ་བཞི་པོ་དེ་དག་གི་ཡན་ལག་མ་ཚང་བ་དང༌། དེ་དག་ལ་བརྟེན་པའི་ཉེས་བྱས་སྦོམ་པོ་ལ་སོགས་པའི་ཕྱོགས་མཐུན་ཁྱད་པར་དུ་མ་ཡོད་དོ། །ཕམ་པ་བཞིའམ་བརྒྱད་པོས་སྡོམ་པ་རྩ་བ་ནས་གཏོང་བ་ཡིན་པས། ཕྱིན་ཆད་ཕྱིར་བཅོས་ཀྱིས་སོར་ཆུད་རུང་དང་མི་རུང་གི་མཚམས་ནི། འདུལ་བ་རང་གཞུང་ལས་འཆབ་སེམས་སྐྱེས་དང་མ་སྐྱེས་པ་དག་ལ་རག་ལས་པར་གསུངས་སོ། །དེ་ལྟར་ལྟུང་བ་སྡེ་ལྔ་སོགས་བསྲུང་བྱའི་རྣམ་གྲངས་ཙམ་ཡང་མི་ཤེས་པར་དགེ་སློང་དགེ་ཚུལ་སོགས་བདག་གིས་ཚུལ་བཞིན་བསྲུང་བར་རློམ་པ་མཚར་ཞེས་ཁྲེལ་བའི་གནས་ཏེ་ཆུ་མེད་སར་ཁྲོན་པར་རློམ་པ་བཞིན་ནོ། །མ་བསྲུང་ན་ཤེས་པས་ཅི་བྱེད་སྙམ་ན། དེ་ལྟར་ཡིན་ཡང་མི་ཤེས་པས་ལན་ཏེ། ལྟུང་བ་དང་བཅོས་ཚུལ་ཤེས་པ་ཙམ་གྱིས་ཉམས་པ་གསོ་ཞིང་ལྟུང་བ་སྦྱོང་སླ་བ་ཡིན་པའི་ཕྱིར། ལྟུང་བ་འབྱུང་བའི་སྒོ་བཞིའི་དང་པོའང་མི་ཤེས་པ་ཡིན་ནོ་ཞེས་ཐོགས་མེད་ཀྱིས་བཞེད་པ་ཡིན་ནོ། །བསྒྲུབ་པའི་བསླབ་བྱ་གསོ་སྦྱོང༌། དབྱར་གནས། དགག་དབྱེ་སྟེ་གཞི་གསུམ་ཆོ་ག་དང་བཅས་བསླབ་པ་གསུམ་གྱི་རྟེན་གཞིར་གྱུར་པའི་གཞི་བཅུ་བདུན་གྱི་བསླབ་བྱ་རྣམས་གསུངས་ཏེ། ལུང་གཞི་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་གནས་ཀོ་ལྤགས་གཞི། སྨན་དང་གོས་དང་སྲ་བརྐྱང་དང༌། །ཀཽ་ཤམྦཱི་དང་ཕྱེ་བའི་ལས་ཞི་བྱེད་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་གཞག་པ་དང༌། གནས་མལ་དང་ནི་རྩོད་པ་དང༌། །དགེ་འདུན་དབྱེ་ན་རྣམས་བསྡུས་པ་ཡིན། །ཞེས་པས་དེ་དག་ལ་བསླབ་པ་ནི་འཇུག་པའི་ཚུལ་ཁྲིམས་སོ། །བསླབ་པ་ལ་གཅེས་སྤྲས་བྱེད་པའི་གནས་སྐབས་འདི་ན་ཕམ་པ་བཞི་ལྷག་མ་བཅུ་གསུམ་སྟེ་བཅུ་བདུན་དང་དེ་ལས་གཞན་དུད་འགྲོ་གསོད་པ་སོགས་རང་བཞིན་ཁ་ན་མ་ཐོ་བ་དང་བཅས་པ་གཉིས་མ་གཏོགས་པའི་མི་རུང་བར་གསུངས་པ་རྣམས་ལོངས་སྤྱོད་དགོས་པ་བྱུང་ན་བྱིན་གྱིས་རློབ་པ་ནི། འདི་ལྟར་དུས་མ་ཡིན་པར་ཁ་ཟས་ལ་སྤྱོད་དགོས་པར་གྱུར་ན། སྤྱིར་རང་བཞིན་གྱི་ཚུལ་ཁྲིམས་དང༌། ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང༌། སྡོམ་པ་དང༌། སྤོང་བ་བསམ་གཏན་བསྒོམ་པའི་ཚུལ་ཁྲིམས་རྣམ་པ་བཞི་ལས། བྱང་སྒྲ་མི་སྙན་པའི་མི་རྣམས་རང་བཞིན་གྱི་ཚུལ་ཁྲིམས་ཅན་ཡིན་པས། རང་ཉིད་གླིང་དེ་ཉིད་དུ་མོས་ནས་ལོངས་སྤྱོད་དུ་རུང་བར་གནང་བ་ནི། གཞུང་དམ་པ་ལས། མཉན་དུ་ཡོད་པ་ན། ཚོང་པ་མང་པོ་དག་གིས། སངས་རྒྱས་དང༌། དགེ་སློང་གི་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་སོ། །དེ་དག་གིས་བཤོས་སྦྱར་ཏེ་བྲིན་པའི་སར་བསྐྱལ་ནས་མ་དྲངས་ཀྱི་བར་དེར། ཚོང་ཁང་མེ་ཤོར་ཏེ། དེ་དག་མེ་གསོད་དུ་སོང་བ་དང༌། གདུགས་ཚོད་ཡོལ་ལ་ཐུག་ནས་དགེ་སློང་དག་གིས་ཇི་ལྟར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་བ་དང༌། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དེའི་སེམས་ཀྱིས་ཡོངས་སུ་བཏང་བས་ན། དགེ་སློང་དག་དེ་ལ་ཐེ་ཚོམ་མ་བྱེད་པར་བཟའ་བར་བྱའོ། །ཟོས་ནས་ཀྱང་བྱང་གི་སྒྲ་མི་སྙན་པའི་དུས་སུ་བྱིན་གྱིས་རློབས་ཤིག །ཅེས་གསུངས་པ་དང༌། དེ་བཞིན་ནད་ལ་ཕན་ཕྱིར་ཟླ་ཕྱེད་སོགས་མ་སོང་ཡང་ཁྲུས་བྱེད་དགོས་པ་ལ་བདག་ནི་ནད་པའི་འདུ་ཤེས་པ་དང༌། གོས་ལྷག་གམ་ཁ་དོག་གིས་རུང་བ་མ་ཡིན་པ་བགོ་བ་དཀར་པོ་དང༌། ཀོ་པགས་སོགས་ལོངས་སྤྱོད་དགོས་པ་ན་དེ་ལ་སེམས་ཀྱི་འདུ་ཤེས་དབུལ་ཞིང་ཕོངས་པས་ཕྱིས་མི་རྙེད་པས་ཉམས་ཐག་པར་གྱུར་ཏེ། དགེ་སྦྱོར་དང་སྲོག་གི་བར་ཆད་བསྲུང་བའི་སླད་དུ་གནང་བ་ཡིན་སྙམ་པ་དང༌། རིན་པོ་ཆེར་རེག་པ་དང་བདག་གིར་བྱ་དགོས་ན། དཀོན་མཆོག་མཆོད་པ་དང༌། སེམས་ཅན་གསོ་བའི་སླད་དུ་གནང་བར་བསྒོམ་དགོས་སོ། །དེ་དག་ལས་གཞན་དངོས་སུ་གནང་བ་མེད་ལ་བཀག་པའང་མེད་པ་རྣམས་ལ། སྤང་བླང་ཇི་ལྟར་བྱ་བ་ནི་གནང་བཀག་ཕྱོགས་གཉིས་པོའི་རྗེས་སུ་མཐུན་པར་བརྩིའོ། །རྒྱལ་རིགས་སྒྲ་གཅན་འཛིན་གྱི་བརྒྱུད་པ་ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན། བྲམ་ཟེ་འོད་སྲུང་ཆེན་པོའི་བརྒྱུད་པ་ཕལ་ཆེན་སྡེ་པ་ལས་གྱེས་པ་ལྔ་དང༌། སྨྱིག་མ་མཁན་ཀཱཏྱ་ཡ་ནའི་བརྒྱུད་པ་གནས་བརྟན་སྡེ་པ་ལས་གྱེས་པ་གསུམ་དང༌། འབྲེག་མཁན་ཉེ་འཁོར་གྱི་བརྒྱུད་པ་མང་པོས་བཀུར་བ་ལས་གྱེས་པ་གསུམ་སྟེ་དྲིལ་བས་སྡེ་པ་བཅོ་བརྒྱད་དོ། །རྩ་བའི་སྡེ་པ་བཞི་ལས་བོད་འདིར་དར་ཆེ་བ་ཡོད་སྨྲ་ཡིན་ལ། སྡེ་པ་བཞི་ཀའི་བསླབ་པ་ཐམས་ཅད་ལ་མི་མཐུན་པ་ཅུང་ཟད་རེ་ཡོད་ཀྱང་རྒྱལ་པོ་ཀྲྀ་ཀའི་རྨི་ལྟས་དང་མཐུན་པར་བཀར་བསྡུས་ཤིང་རབ་བྱུང་སྡེ་ལྔའི་སྤྱོད་པ་དང་འབྲེལ་བའི་ཕྱིར་ན། སྟོན་པའི་གནང་བཀག་གི་བཅས་པས་མ་ཁྱབ་པ་མི་སྲིད་པས། དེས་ན་རང་རང་གི་སྡེ་པར་གཏོགས་པའི་བསླབ་བྱ་རྣམས་ཚུལ་བཞིན་དུ་གནས་ན་བསླབ་པ་ཀུན་ལ་དབང་ཐོབ་པར་བྱེད་པ་ཡིན་པས་ན་ཀུན་ལ་ནན་ཏན་དུ་བསྲུང་བ་གལ་ཆེའོ། །མྱ་ངན་ཞེས་འཁོར་བའི་སྡུག་བསྔལ་ལས་ཉོན་རྒྱུ་འབྲས་དང་བཅས་པ་ཡིན་ལ་དེ་ལས་འདའ་བ་ནི་སྡུག་ཀུན་གྱི་རྒྱུན་འགོག་པའི་ཞི་བ་དམ་པའི་གོ་འཕང་ཉན་རང་གི་བྱང་ཆུབ་དེར་བསྔོ་བའི་ཆེད་དུ་བླངས་པ་ཡིན་པས། མངོན་མཐོ་དོན་གཉེར་གྱིས་བསྲུང་པ་ལས་ལྷག་པའི་སོ་ཐར་གྱི་ཚུལ་ཁྲིམས་མཚན་ཉིད་པ་དང༌། དེའི་སྟེང་སེམས་ཅན་གཞན་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། རྫོགས་བྱང་ཐོབ་འདོད་ཀྱིས་སྲོལ་གཉིས་གང་རུང་གི་ཆོ་ག་ལ་བརྟེན་ནས་སྨོན་འཇུག་གི་སྡོམ་པ་བླངས་ཏེ་སེམས་ཅན་ཕན་འདོགས་པ་བྱང་སྡོམ་ཡིན་ལ། དེའི་སྟེང་གཞན་ཕན་གྱི་ཀུན་སློང་བཟང་པོས་རྒྱུད་སྡེ་ཆེན་པོའི་དགོངས་པ་མ་ནོར་བ་སྔགས་ཀྱི་ཆོ་གས་དབང་བསྐུར་ནོད་དེ། ཟབ་མོ་བསྐྱེད་རྫོགས་ཀྱི་རྟེན་རིག་འཛིན་སྔགས་ཀྱི་སྡོམ་པ་རྣལ་མ་ཞིག་ཐོབ་ན་སྔགས་སྡོམ་མཚན་ཉིད་པ་སྟེ། དེ་ལྟར་སྡོམ་པ་གསུམ་པོ་གང་ཟག་གཅིག་གི་རྒྱུད་ལ་རྫོགས་པའི་ཚེ་སྤང་བླང་གི་བསླབ་བྱ་ཡང་རང་རང་སྐབས་ནས་བཤད་པ་བཞིན་བསྲུངས་པས་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་ཐོབ་པར་འགྱུར་ཕྱིར་ཤིན་ཏུ་མང་ངོ༌། །བར་དུ་ཇི་ལྟར་གནས་ཞེ་ན། ངོ་བོ་གནས་འགྱུར་བའི་ཚུལ་གྱིས་གཅིག་ཏུ་གྱུར་པས་རྫས་ཐ་དད་མེད་ལ། ལྡོག་པ་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཡོད་པས་མ་འདྲེས་པར་ཐ་དད་དུ་གང་ཟག་གཅིག་གི་རྒྱུད་ལ་རང་རང་གི་གཏོང་རྒྱུ་མ་བྱུང་གི་བར་དུ་གནས་པ་ཡིན་ནོ། །དེ་ལྟར་ལྡོག་པ་ཐ་དད་པར་ཡོད་པའི་གནད་ཀྱིས་སོ་སོར་མ་འདྲེས་པར་བསྲུང་དགོས་ཤིང༌། གལ་ཏེ་སོ་ཐར་དུ་མི་གསོད་པ་ལྟ་བུ་དེ་བྱང་སེམས་ལ་རྗེས་སུ་གནང་བ་ཡོད་པར་གསུངས་པ་དང༌། སྔགས་བླ་མེད་ཀྱི་སྐབས། རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ་དང་དུ་བླང་བྱར་བཤད་པ་ལྟ་བུ་ནང་འགལ་བ་ཅན་དུ་བྱུང་བ་རྣམས་ཇི་ལྟར་བྱ་སྙམ་ན། གཞན་ཕན་གྱི་བསམ་པ་ཁྱད་པར་ཅན་འབྱོངས་པ་དང༌། བསྐྱེད་རྫོགས་ཀྱི་གདིང་དང་ལྡན་པ་དག་ལ་དགོངས་ནས་གོང་མ་བྱང་སེམས་དང་སྔགས་ལུགས་གཙོར་བཏོན་དགོས་པའི་ཚུལ། སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ལུགས་ལ་གྲགས་པ་ཡིན་ལ། དེའི་གནད་ཀྱང་འདི་ཡིན་ཏེ་འོག་མ་སོ་སོ་ཐར་པའི་སྐབས་བསླབ་པའི་རྣམ་པ་དང་འགལ་བ་སྲོག་གཅོད་ལ་སོགས་པ་ལྟར་སྣང་ཡང༌། སོ་ཐར་སྐབས་སྲོག་ལ་མི་འཚེ་བ་ལ་སོགས་པ་ཙམ་གྱིས་ཕ་རོལ་པོ་ལ་གནོན་པ་སྤོང་ཞིང་ཕན་འདོགས་ཀྱི་དགོས་པ་བསྒྲུབ་ལ། བྱང་ཆུབ་སེམས་དཔས་སྡིག་ཅན་གང་དག་བསད་པར་བྱས་ན། དེའི་ལས་ངན་རྒྱུན་ཆད་ནས་སྡུག་བསྔལ་ཡུན་ཐུང་བར་འགྱུར་ཏེ། དེས་ན་གནོད་པ་སྤོང་བ་དང༌། བདེ་འགྲོར་འགོད་པ་དང༌། ཐར་པའི་ས་བོན་འཇོག་པ་སོགས་ཕན་ཆེན་པོ་འདོགས་པ་ལ་དགོས་པ་མཐུན་ནོ། །འདིར་གང་ཞིག་སོགས་ཀྱི་ཚིག་རྐང་གཉིས་པོ་ཀུན་མཁྱེན་རྩོམ་གཞིར་གཏན་ནས་མི་སྣང་གསུངས། གང་ལྟར་སྟོན་པ་ཐབས་མཁས་པས་ཁམས་དབང་སྣ་ཚོགས་དང་མཐུན་པར་གསུངས་པའི་བསླབ་པའི་གཞི་གང་ཞིག །དོན་གྱི་ངོས་ནས་འགལ་ན་གནང་བར་མི་སྲིད་ལ། མི་དགེ་བ་ལྟར་སྣང་བའི་སྤྱོད་པ་རྣམས་གང་ཞིག་གནང་བ་ཡིན་ན། དོན་ལ་འགལ་བ་མི་སྲིད་དེ། ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་དྲང་ངེས་ཀྱི་ཆོས་སྣ་ཚོགས་བསྟན་པ་ཐམས་ཅད་དོན་གྱི་དགོངས་གནད་གཅིག་ཏུ་འབབ་ཅིང་གཞོལ་བའི་ཆོས་ཅན་དུ་བསྟན་པ་ཡིན་ནོ། །ཁྱད་པར་དུ་གསང་སྔགས་ཀྱི་ལྟ་སྒོམ་རྨད་དུ་བྱུང་བ་དང་འབྲེལ་བའི་སྤྱོད་པ་ནི། འདི་ལྟར་གང་ཞིག་བཏུང་ན་ཉན་ཐོས་པ་ལ་ལྟུང་བ་ཕོག་བྱེད་ཀྱི་རྒྱུ་དང༌། བྱང་ཆུབ་སེམས་དཔར་དེ་དང་ཕྱོགས་མཐུན་ཉེས་བྱས་སུ་འགྱུར་བའི་མྱོས་བྱེད་ཆང་གི་ངོ་བོ་དེ། སྔགས་ཀྱི་དམ་རྫས་སུ་མེད་དུ་མི་རུང་བར་བཤད་དོ། །གསང་རྒྱུད་ལས། མ་ཧཱ་མཾ་ས་བདུད་རྩིར་བཅས། །མེད་དུ་མི་རུང་དངོས་གྲུབ་རྫས། །བཟའ་བཏུང་བཅུད་དང་ཤིང་འབྲས་དང༌། །འདོད་པའི་ཡོན་ཏན་ཐམས་ཅད་དོ། །ཞེས་དང༌། ཁྱད་པར་ཤ་ཆང་མེད་མི་རུང༌། །ཞེས་སོ། །དེ་ལ་ལོངས་སྤྱོད་པར་བྱེད་པའི་སྐྱེས་བུའི་བསྐྱེད་རྫོགས་ཀྱི་ཐབས་ཀྱིས་རྟོག་ཚོགས་ཐམས་ཅད་ལྷར་ཤར་བས་མཚན་མའི་རྟོག་བ་ཟིལ་གྱིས་གནོན་ནུས་པར་གསུངས་ཏེ། དེ་ཡང་སྤྱིར་ཚོགས་ལམ་ན་མོས་པའི་ལྷ་སྐུ། སྦྱོར་ལམ་ན་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་ན་འོད་གསལ་གྱི་ལྷ་སྐུ། སྒོམ་ལམ་ན་ཡེ་ཤེས་ཀྱི་རང་མདངས་སློབ་པའི་ཟུང་འཇུག་གི་ལྷ་སྐུ། མི་སློབ་ལམ་ན་ཆོས་སྐུ་དང་གཟུགས་སྐུ་ཟུང་འཇུག་གི་ལྷ་སྐུ་ཞེས་བྱའོ། །ཁྱད་པར་གསང་སྔགས་ནང་རྒྱུད་པས་དག་མཉམ་གྱི་ལྟ་དགོངས་ཐམས་ཅད་ཀྱི་གྲོགས་སུ་གཟུང་འཛིན་ལ་དོར་བའི་སྤྱོད་པར། བསྐྱེད་པའི་ཐབས་ཆ་ཕུང་ཁམས་སྣོད་བཅུད་སོགས་ལྷ་སྔགས་ཕྱག་རྒྱའི་རོལ་པར་ཤར་བས། ཚོགས་རྫས་རྣམས་དམ་ཚིག་གི་བདུད་རྩིར་བྱིན་གྱིས་བརླབས་ཏེ་སྤྱོད་པའི་ཚེ་ན་གཞི་ཆང་དང་བསམ་པ་ཆགས་སྲེད་གཉིས་ཀ་རང་མཚན་དུ་མི་འཛིན་པར། གཞན་ལྷ་དང་བདུད་རྩིའི་རང་བཞིན་དུ་དག་མཉམ་ཆེན་པོར་འདུ་ཤེས་གནས་འགྱུར་བ་དེ་དང་འདྲ་བའི་རྣལ་འབྱོར་པ་དེ་ལ་ནི། རང་དོན་དུ་སྤང་བླང་ལ་དངོས་པོར་ཞེན་ནས་བདག་དགེ་སློང་ཡིན་སྙམ་པ་ཡང་ཡོད་པ་མ་ཡིན་ལ། གཞན་གྱི་དོན་དུ་སྦྱིན་སོགས་ཀྱི་སྤྱོད་པ་ལ་ཐ་སྙད་དུ་མཚན་མར་བལྟས་ཏེ་བདག་བྱང་ཆུབ་སེམས་དཔའ་ཡིན་སྙམ་པའི་མངོན་ཞེན་ཡོད་པའང་མིན་ཞིང༌། དེ་ནི་ཉོན་མོངས་འདོད་ཡོན་ལམ་དུ་བྱེད་པའི་ཐབས་དང་བྲལ་ནས་ཆགས་ཤིང་སྲེད་པ་སྤོང་བར་བྱེད་པའི་ཉན་ཐོས་ལྟ་བུ་དང༌། ཉོན་མོངས་པའི་མཐུས་ནོན་ཏེ་འཁོར་བར་འཕེན་བྱེད་ཀྱི་ལས་གསོག་པའི་སོ་སྐྱེ་ཕལ་པ་ལྟ་བུའང་མིན་པར་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་གྱིས་གང་སྣང་བ་མཐའ་དག་ལྷ་དང་དཀྱིལ་འཁོར་གྱི་འཁོར་ར་ལོར་འབྱམས་ཀླས་པ་དང༌། སྤྱད་བྱའི་དམ་རྫས་ཆང་ལ་སོགས་པའང་བདུད་རྩིའི་རང་བཞིན་དུ་འདུ་ཤེས་གནས་འགྱུར་བ་ཡིན་པས། དེ་ལྟ་བུའི་གང་ཟག་གང་ལ་གནང་བ་ཡིན་ཏེ་ཉེས་པས་མ་གོས་པར་མ་ཟད་བསོད་ནམས་འགྱུར་ཆེ་བ་ཡང༌། སོ་སོ་ཐར་པའི་ཚུལ་ཁྲིམས་ལ་གནས་པ་དང༌། དག་མཉམ་མ་རྟོགས་པར་གཞན་དོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཡི་ཉན་ཐོས་ཀྱི་དགེ་སློང་དང་ནི། བྱང་སེམས་ཀྱི་དགེ་འདུན་ལ་བྱིན་པ་ལས། རྣལ་འབྱོར་པ་རང་གིས་དམ་རྫས་བརྟེན་ན་དཀོན་མཆོག་གསུམ་དང༌། ཡི་དམ་ལ་དངོས་སུ་ཕུལ་བ་ཡིན་པས་ཚོགས་རྫོགས་པ་སོགས་ཡོན་ཏན་ཐམས་ཅད་ཀྱང་ཡར་ལྡན་དུ་འགྱུར་བ་ཡིན་པའི་ཕྱིར། ཉོན་མོངས་དང་འདོད་ཡོན་ལམ་དུ་བྱེད་པའི་བསླབ་པའི་ཆ་ཤས་གཞན་ཕྲ་རགས་ཐམས་ཅད་ལའང་དེ་ཡིས་རིགས་འགྲེ་སྟེ་ཤེས་པར་བྱོས་ཤིག །འོན་ཀྱང་སྡོམ་པ་གསུམ་ཀ་ཐོབ་པའི་གང་ཟག་ལས་དང་པོ་པ་རྣམས་ཀྱིས་ཀྱང་གསུམ་ཀའི་བསླབ་པ་ཅི་ནུས་སུ་བསྲུང་དགོས་པ་དེའི་ཕྱིར་རང་ལུགས་ཆོས་དྲུག་གི་རྣམ་པར་བཞག་པའི་ཚུལ་ནི་ངེས་པར་བྱ་དགོས་ཏེ། དེ་ལ་དང་པོ་རང་ལྡོག་མ་འདྲེས་པ་ནི། སྡོམ་པ་གསུམ་པོ་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་པའི་ཆོ་ག །རང་རང་གི་ལྡོག་པ་མ་འདྲེས་པའི་སྒོ་ནས་ཇི་སྲིད་བླངས་པའི་དུས་ཀྱང་ཐ་དད་དུ་ངེས་པ་ཁོ་ན་ཡིན་པས་ཕྱིར་ལྡོག་པ་ལ་གཞི་མཐུན་པ་མི་སྲིད་ཅིང༌། ལྡོག་པའི་མཚན་ཉིད་སོ་སོར་འཛིན་པས་རང་རང་གི་ལྡོག་པ་ནས་བསྲུང་ཞིང༌། ཉེས་པ་བྱུང་ན་ཡང་སོ་སོར་བཅོས་པའི་ཐབས་ཡོད་པ་ཡིན་ནོ། །དགག་དགོས་ཚང་བ་ནི། དགག་བྱ་ཉོན་མོངས་པའི་གཉེན་པོར་འགྲོ་བ་དང༌། དགོས་པ་རང་རྒྱུད་མི་འཆིང་བ་གཉིས་རང་ལམ་སོ་སོར་ཚང་བ་ལ་གཅིག་སྟེ། དཔེར་ན་སྐྱེད་མོས་ཚལ་ཞིག་ཏུ་ཧ་ལའི་སྡོང་པོ་སྐྱེས་པ་ན། བདག་པོ་ཐབས་ལ་མི་མཁས་པས་དེ་བཅད་ནས་རྒྱང་རིང་པོར་དོར་བ་དང༌། སྨན་པ་ཞིག་གིས་ལྡེ་གུར་སྦྱར་བས་ནད་ཐམས་ཅད་ལ་ཕན་པ་དང༌། སྔགས་ལ་མཁས་པ་ཞིག་གིས་སྔགས་ཀྱི་ནུས་པ་བགོས་པ་ཙམ་གྱིས་དེ་བས་ཀྱང་ཕན་པ་ཆེན་པོར་གྱུར་པ་ཞིག་བྱུང་ནས། དུག་གི་མི་གནོད་པ་ལ་འདྲ་ཡང་སྔ་མ་ལས་ཕྱི་མ་ཐབས་སླ་ཞིང་ཆོད་ཆེ་བ་ལྟར། ཉན་ཐོས་རྣམས་ཀུན་རྫོབ་མ་ཟད་དོན་དམ་དུ་ཡང་ཉོན་མོངས་པ་ལ་རྫས་ཡོད་དུ་བལྟས་ནས་གཙོ་བོ་ལུས་ངག་གི་ཀུན་སྤྱོད་དབང་པོའི་སྒོ་སྡོམ་པ་ལ་སོགས་པའི་ཐབས་སོ་ཐར་གྱི་སྡོམ་པས་རྒྱུད་བསྡམས་ནས་སྤོང་བ་སྟེ། སོ་ཐར་གྱི་མདོ་ལས། རྟག་ཏུ་འབད་པས་འདའ་བ་ཡི། །སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་རྒྱབ་པ་ཡི། །སྲབ་ནི་སོ་སོ་ཐར་འདི་ཡིན། །ཞེས་སོ། །བྱང་ཆུབ་སེམས་དཔས་ཉོན་མོངས་དོན་དམ་པར་མ་གྲུབ་ཀྱང་ཐ་སྙད་ཀུན་རྫོབ་ཙམ་དུ་འཆིང་བྱེད་ཡིན་པར་བལྟས་ནས། ཆོས་ཉིད་དུ་སྦྱར་ཞིང་བསྒྱུར་བའི་ཐབས་ལྷུར་བྱེད་པ་སྟེ། དེ་སྐད་དུ། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པ་ལས། ཤཱ་རིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལ་འདོད་ཆགས་སྐྱེ་བ་ཡང་དག་པར་རྗེས་སུ་མཐོང་ན། འདོད་ཆགས་དེ་གཞི་གང་ལས་བྱུང་བ་འཚོལ་བར་བྱེད་དེ། ཡོངས་སུ་བཙལ་བ་ན་དེ་དག་གི་གཞི་མི་དམིགས་སོ། །གང་ལས་འདོད་ཆགས་དེ་སྐྱེ་བ་དང༌། གང་གིས་འདོད་ཆགས་དེ་སྐྱེ་བ་དང༌། ཇི་ལྟར་འདོད་ཆགས་དེ་སྐྱེ་བ་དེ་ལྟར་ཉོན་མོངས་གང་གིས་ཀྱང་སྐྱེ་བ་དེ་མི་དམིགས་སོ། །གང་ལ་སྐྱེ་བ་དེ་མི་དམིགས། ཇི་ལྟར་སྐྱེ་བ་དེ་མི་དམིགས་ཏེ་འདོད་ཆགས་དེ་མི་དམིགས་པ་ནི། འདོད་ཆགས་ཀྱི་རྒྱུས་སྡིག་པའི་ལས་མི་བྱེད་ལ། དེའི་ཐབས་ཀྱིས་ཟིན་པར་བྱས་ན། མཆན། དཀར་པོའི་ཆོས་རྣམས་འཕེལ་བར་འགྱུར་ཞིང༌། དེ་མ་སྨད་ཅིང་བསྔགས་པར་འགྱུར་ཏེ་ཞེས་རྒྱ་ཆེར་བསྟན་ཏོ། །རྡོ་རྗེ་ཐེག་པ་ནི། སྤྱིར་ཀུན་རྫོབ་དུ་ཡང་ཉོན་མོངས་པ་ལ་སྐྱོན་དུ་མི་ལྟ་བར། ལྷ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ཆབ་རོམ་ཆུར་ཞུ་བ་ལྟར་ལམ་དུ་བྱས་ནས་འབྲས་བུ་ལ་མྱུར་དུ་སྦྱོར་ཏེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཡི། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཉོན་མོངས་དང་འདོད་ཡོན། ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་སོ། །ཁྱད་པར་ཆོས་ཉིད་རྣལ་མའི་དོན་མཐོང་བ་དག་ལ་ནི། ཡེ་ཤེས་ཀྱི་རྒྱན་དུ་ལྷག་པར་ཆེ་སྟེ། ཀུན་བྱེད་ལས། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང༌། །བྱང་ཆུབ་ཆེན་པོའི་ལམ་ལས་བྱུང༌། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང༌། །ཆོས་ཉིད་དབྱིངས་ཀྱི་རྒྱན་དུ་ཆེ། །ཞེས་སོ། །དེ་ཡང་དཔེར་ན་རྨ་བྱས་དུག་གི་མེ་ཏོག་སོགས་བླང་དོར་མེད་པར་ཟོས་པས་ལང་ཚོ་རྒྱས་ཤིང་འདབ་མ་ལྟ་ན་སྡུག་པ་བཞིན་ནོ། །དེས་ན་ཚངས་སྤྱོད་ལ་གནས་པའི་དགེ་སློང་གིས་ནུས་པ་ཡོད་བཞིན་དུ་མི་སྤྱོད་པས་འདོད་པའི་དྲིས་མ་གོས་པ་དང༌། དབང་གསུམ་པའི་ལམ་གྱི་རྣལ་འབྱོར་པས་སྤྱད་བཞིན་དྲི་མས་མ་གོས་པ་སྟེ། དེ་གཉིས་ཀའང་ཉོན་མོངས་དེ་ཉིད་ལ་བརྟེན་ནས་སྡོམ་པ་རྫོགས་པར་བྱེད་པས་དགག་དགོས་གནད་གཅིག་ཏུ་ཚང་བ་ཡིན་ནོ། །དེ་ལྟར་ནའང་དུག་སྡོང་གང་དུ་སྐྱེ་བའི་ས་གཞི་དེ་ལ་ནི་ཕན་གནོད་ཀྱི་བསམ་པ་གང་ཡང་མེད་པ་ལྟར། རང་བཞིན་རྫོགས་པ་ཆེན་པོའི་དགོངས་དོན་ལ་རྣལ་དུ་འབྱོར་པ་རྣམས་ལ་ནི་ཉོན་མོངས་པས་གནོད་པར་མི་འགྱུར་ཞིང༌། སྤོང་བསྒྱུར། ལམ་བྱེད་སོགས་ཀྱི་དགག་སྒྲུབ་དང་རྩོལ་བ་གང་ཡང་མེད་དེ། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོགས་ཆོས་སྐུའི་དགོངས་པ་ལྷུན་གྱིས་གྲུབ། །ཅེས་སོ། །ངོ་བོ་གནས་འགྱུར་ནི། བསམ་གཏན་ངལ་གསོར། གསང་བ་ཅོད་པན་ལས། །དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ཅིང༌། །གསེར་དུ་གྱུར་པར་ཟངས་མི་སྣང༌། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོ་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་རྣམས་ཀྱིས་མ་གསུངས་སོ། །ཞེས་རིག་འཛིན་སྔགས་ཀྱི་དུས་ན་སོ་ཐར་བྱང་སེམས་ཞེས་རྫས་ཐ་དད་པ་མེད་དེ། སྔགས་ཀྱི་སྡོམ་རྫས་སུ་ངོ་བོ་གནས་འགྱུར་བའི་ཕྱིར་ཞེས་དང༌། དེས་ན་གསང་སྔགས་སུ་རྫས་གཅིག་ཏུ་གཞན་གཉིས་གནས་འགྱུར་བ་ཡིན་ལ། ལྡོག་ཆ་སོ་སོར་མ་འདྲེས་ཏེ་ཁས་བླང་བའི་ཆ་ལས་ཉམས་རྐྱེན་མ་བྱུང་བར་སོ་སོར་གནས་པའི་ཕྱིར་རོ། །ཞེས་གསུངས། གནས་འགྱུར་གྱི་དོན་འདི་ལ་འགའ་ཞིག །རིག་འཛིན་ནང་གི་དགེ་སློང་ལ། །ཞེས་དང༌། གཞུང་འདིར་འོག་ཏུ། གནས་འགྱུར་ངོ་བོ་ཡེ་ཤེས་མཐུས་བྱེད་པས། ཞེས་པའི་ཚིག་གི་ནུས་པས་དཔེ་དོན་གང་རུང་གི་ཡེ་ཤེས་ཁྱད་པར་ཅན་ཞིག་མ་སྐྱེས་པར་གནས་འགྱུར་གྱི་ཐ་སྙད་ཙམ་ཡང་བཞག་ཏུ་མེད་པར་རྟོགས་ཤིང༌། བླ་མའི་ཞལ་རྒྱུན་ལས་ཀྱང་དགོས་པའི་དབང་གིས་དེ་ལྟར་བྱུང་ལ། ཡང་གཞན་དག་གི་དབང་བསྐུར་ནོད་པ་ཙམ་ཞིག་གིས་གནས་འགྱུར་དངོས་ཐོབ་པ་ཡིན་སྙམ་དུ་རྟོག་པར་འདུག་པ་འདྲ་ཡང༌། ཁོ་བོ་ནི་འདི་ལྟར་སེམས་ཏེ། གནས་འགྱུར་ཞེས་པ་དེ་རྣམ་པ་ཐམས་ཅད་དུ་འདུས་མ་བྱས་པའི་གནས་སྐབས་སེམས་ཀྱི་ལྷད་ཡོད་མེད་ཙམ་ལས། རང་བཞིན་དང་རྣམ་པ་གཉིས་ཀ་དཔེ་དོན་གྱི་ཡེ་ཤེས་མཚུངས་པས་དེ་དག་གང་རུང་གི་ཡེ་ཤེས་མཆན། ཡེ་ཤེས་ཁྱད་པར་ཅན་ལྟ་བུ་སྐྱེས་པ་ཞིག་མ་གཏོགས་ཐ་སྙད་འདོགས་མི་རུང་བའང་མ་ཡིན་ལ། དབང་གྲལ་དུ་བསྡད་ནས་དབང་རྫས་གནས་གསུམ་དུ་གཏུགས་ཤིང་ཁར་མྱོང་བ་ཙམ་གྱིས་གནས་འགྱུར་ཐོབ་པའང་མིན་ཏེ། ཞིབ་ཏུ་དཔྱད་ན་སོར་སྡོམ་གྱི་ངོ་བོ་ངེས་འབྱུང༌། བྱང་སྡོམ་གྱི་ངོ་བོ་གཞན་ཕན། སྔགས་སྡོམ་གྱི་ངོ་བོ་དག་སྣང་དུ་འཇོག་དགོས་པ་སྤྱིར་བཏང་ཡིན་ལ། དེ་ཡང་ངེས་འབྱུང་ཙམ་དང༌། གཞན་ཕན་ཙམ་དང༌། དག་སྣང་ཙམ་ཞིག་ཡོད་པས་དེ་དང་དེ་ཡི་སྡོམ་པ་མཚན་ཉིད་པར་མི་འགྱུར་ན་ཡང༌། བསམ་པ་དེ་དག་གིས་ངེས་པར་ཟིན་པ་ཞིག་དགོས་པས་དེ་སྐད་དུ་བྱའོ། །དེས་ན་སོ་ཐར་གྱི་སྡོམ་པའི་མཚན་ཉིད་ནི། ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག །འདོད་པའི་སས་བསྡུས་ཏེ། མདོ་རྩར། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཞེས་དང༌། རྟེན་གྱི་བྱེ་བྲག་མཛོད་ལས། ཟ་མ་མ་ནིང་སྒྲ་མི་སྙན། །མཚན་གཉིས་མ་གཏོགས་མི་རྣམས་ལ། །སྡོམ་མིན་སྡོམ་པའང་དེ་བཞིན་ལ། །ཞེས་དང༌། རབ་དབྱེར། གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །ཅེས་སོ། །བྱང་སྡོམ་གྱི་མཚན་ཉིད་ནི། གཞན་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་འདོད་ཀྱིས་ཟིན་པའི་ཕྱིན་དྲུག་གི་ངོ་བོ་གྱུར་པའི་སྒྲུབ་པ་ཁྱད་པར་བ་སྟེ། དེའི་མི་མཐུན་པའི་ཕྱོགས་སྒོ་གསུམ་གྱི་ཉེས་པ་མ་ལུས་སྤོང་བའི་སེམས་པ་དང་མཚུངས་ལྡན་དུ་གྱུར་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །སྔགས་སྡོམ་གྱི་མཚན་ཉིད་ནི། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་ཡེ་ཤེས་ཀྱི་མཚན་འཛིན་གྱི་རྟོག་པ་དང༌། དེས་བསྐྱེད་པའི་སྒོ་གསུམ་གྱི་ཉེས་པ་སྡོམ་པར་བྱེད་པའི་སེམས་པ་དང་མཚུངས་ལྡན་དུ་གྱུར་པའི་སེམས་ཏེ། འོད་ཕྲེང་ལས། ནམ་མཁའ་ཇི་སྲིད་གནས་བར་དུ། །ལྷན་སྐྱེས་ཡེ་ཤེས་བརྡ་དོན་སྤྲོད། རང་ལ་ཡེ་ནས་གནས་པ་དེ་བླ་མས་དབང་དུས་སུ་བརྡ་དོན་རྟགས་གསུམ་གྱི་ཚུལ་དུ་ངོ་སྤྲད་པའི་ཤེས་བྱ་ལ། ཐ་མལ་བ་ལྟ་བའི། མཆན། །རྣམ་རྟོག་དྲི་མ་ཀུན་ལས་སྡོམ། །རིག་འཛིན་སྔགས་ཀྱི་སྡོམ་པའོ། །ཞེས་དང༌། རྒྱུད་ཕྱི་མ་ལས། གང་ཞིག་ནན་ཏན་ལ་མི་འགོང༌། རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ཅེས་སོ། །དེ་དག་ཀྱང་རང་རང་གི་ཐོབ་བྱེད་ཀྱི་ཆོ་ག་ལ་བརྟེན་ནས་ཐོབ་དགོས་སོ། །དེས་ན་སོ་ཐར་གྱི་སྡོམ་པའི་སྐབས་སུ་ཡང་རང་སྡོམ་ཐོབ་བྱེད་ཀྱི་ཆོ་ག་རྣམ་པར་དག་པ་ལས་བླངས་པའི་ཁྱིམ་པའམ་རབ་བྱུང་གི་སྡོམ་པ་གང་ཡིན་ཀྱང་སྡོམ་པ་ཙམ་ཞིག་ཐོབ་པ་ཡིན་ནའང་ཀུན་སློང་གི་བྱེ་བྲག་ལས། འཇིགས་སྐྱོབ་དང༌། ལེགས་སྨོན་གྱི་ཚུལ་ཁྲིམས་སུ་སོང་ན། དེ་ནམ་ངེས་འབྱུང་གི་བསམ་པ་རྒྱུད་ལ་སྐྱེས་ཚེ་སོར་སྡོམ་མཚན་ཉིད་པར་གནས་འགྱུར་བ་འདུ་ཤེས་ན་འཕར་བའི་དབང་གིས་ཏེ་གཅུང་དགའ་བོ་ལྟར་དང༌། དེ་ཡང་བསམ་པ་རྒྱ་ཆེ་རུ་སོང་ནས་འདུ་ཤེས་གནས་འགྱུར་བ་ཡིན་ཀྱང་ཉེས་སྤྱོད་གང་སྤོང་དམ་བཅས་པ་དེ་མེད་དུ་སོང་བ་ནི་མིན་ནོ། །དེ་ལྟར་སོ་ཐར་གྱི་བསླབ་ཚིག་གསུམ་པོ་རིམ་གྱིས་ནོད་ན་སྤང་བྱ་སྤོང་བར་དམ་བཅས་པའི་བསམ་པ་གོང་འཕེལ་དུ་སོང་ཡང་འོག་མའི་ལྡོག་པའི་ཆ་མེད་པ་མིན་ཏེ། ཕྱིས་བསླབ་པ་གོང་མ་ཕུལ་ན་རིམ་པར་འོག་མ་དགེ་ཚུལ་སོགས་སུ་བབས་པར་བཤད་ལ། དེའང་བསླབ་ཚིག་གོང་མ་ཐོབ་དུས་འོག་མ་གཉིས་སྡོམ་རྫས་ཐ་དད་དུ་དེར་ཡོད་པ་མིན་ཏེ། གལ་ཏེ་ཡིན་ན་བསྙེན་རྫོགས་ཀྱི་སྡོམ་པའི་རྟེན་རབ་བྱུང་གང་ཞིག་དེ་ཁྱིམ་བའང་ཡིན་དགོས་ཏེ། དགེ་བསྙེན་གྱི་སྡོམ་རྟེན་ཡང་དེ་ཡིན་དགོས་པའི་ཕྱིར་ཏེ་དེ་དུས་དགེ་བསྙེན་གྱི་སྡོམ་པའི་ངོ་བོའི་རྫས་ཐ་དད་དུ་ཡོད་པའི་ཕྱིར་རོ། །དེ་བཞིན་སོར་སྡོམ་སྟེང་གཞན་ཕན་དོན་གཉེར་གྱི་བྱང་སྡོམ་བླང་ན་སོར་སྡོམ་གྱི་ལྡོག་པ་དེ་ལ་འདྲེས་པ་ཡོད་ཀྱང་རང་ཉིད་གཅིག་པུ་ཐར་འདོད་ཀྱི་ངེས་འབྱུང་གི་བློ་དེ་གནས་འགྱུར་ནས་དོན་གཉིས་ལྡན་པའི་བྱང་སེམས་ཀྱི་ངོ་བོར་ཐ་མི་དད་པར་ཡོད་དེ། དེ་ཡང་དཔེར་ན་ཟངས་རྡོ་ཞུ་བ་ལས་ཟངས་སུ་འགྱུར་བའི་གནས་སྐབས་ན་སྔར་གྱི་རྡོ་དེ་ལས་གཞན་པའི་རྫས་ཤིག་ཡོད་པ་མ་ཡིན་ཀྱང་དེ་དུས་རྡོའི་ཁམས་དམན་པ་དེ་ད་དུང་ཡོད་པ་ཡིན་ན། རྡོ་ཡང་ཡིན་ལ་ཟངས་ཀྱང་ཡིན་པ་ཞིག་དགོས་ན་དེ་ནི་མི་སྲིད་པ་བཞིན་དུ་ངེས་འབྱུང་གི་བསམ་པ་དེ་ཉིད་ཇེ་བཟང་དུ་སོང་བས། དེ་ལས་གཞན་པའི་བློ་རྫས་ཤིག་མེད་ཀྱང༌། དེའི་དུས་སྔར་གྱི་བློ་དམན་དེ་ཡོད་ན་རང་དོན་ཡིད་བྱེད་ཀྱང་ཡིན་ལ་གཞན་ཕན་དོན་གཉེར་ཀྱང་ཡིན་པ་དེ་ནི་མི་སྲིད་དོ། །ཚུལ་དེས་མཚོན་ནས་བྱང་སྡོམ་སྟེང་སྔགས་སྡོམ་ཐོབ་ཚེ་དབང་དོན་གྱིས་ཡེ་ཤེས་བསྐྱེད་རྫོགས་རང་རང་གི་ལམ་གྱི་གཞི་དབང་བཞི་རང་རང་གི་སྐབས་སུ་བཤད་པ་རྣམས་དངོས་སུ་སྐྱེས་ན་ལྟ་ཅི། སྤྱིར་དག་མཉམ་ཙམ་ཞིག་ལ་གོ་བའི་ངེས་ཤེས་སྐྱེས་པའི་སྟོབས་ཀྱིས་གཞན་ཕན་བློ་དེ་ན་འཕར་ཚེ། གཞན་ཕན་གྱི་བསམ་པ་དེ་ཇེ་བཟང་དུ་སོང་ནས་སྔགས་སྡོམ་གྱི་ངོ་བོར་གྱུར་ནས་རྫས་གཞན་ཞིག་མེད་ཀྱང་ཀུན་རྫོབ་ཙམ་དུ་འཁོར་འདས་བླང་དོར་འཛིན་པ་དང་བྲལ་ཞིང༌། རང་རེ་ལས་དང་པོ་པས་སྡོམ་པ་གསུམ་རྒྱུད་ལ་གནས་ཚུལ་ལ་བསམ་གཞིག་བཏང་བ་ཡིན་པས། སྔགས་སྡོམ་གྱི་ངོ་བོ་དག་སྣང་ཐོས་བསམ་གྱི་ལྟ་བ་ན་འཕར་སྟོབས་ཀྱིས་འདུ་ཤེས་གནས་འགྱུར་བ་ཙམ་ལ་བྱ་ཡི། བསྒོམས་སྟོབས་ཀྱིས་ཡེ་ཤེས་སྐྱེས་པ་ལྟ་བུ་མིན་ནོ། །སྒོམ་སྟོབས་ཀྱིས་དཔེའི་ཡེ་ཤེས་སམ་ཁྱད་པར་དོན་གྱི་ཡེ་ཤེས་མངོན་དུ་གྱུར་ཚེ་སེམས་ཡེ་ཤེས་སུ་གནས་འགྱུར་བའི་ཆོས་ཉིད་ཀུན་ཏུ་འགྲོ་བ་ལ་དབང་ཐོབ་ནས་འདོད་ཡོན་ཉོན་མོངས་ཐམས་ཅད་ཆོས་ཉིད་ཀྱི་ལྟ་བས་དབང་དུ་བསྒྱུར་ནུས་པས་ཇི་ལྟར་སྤྱད་ཀྱང་ལྟུང་བ་རང་མཚན་པས་གོས་མི་སྲིད་པས། གཞན་ངོར་དོན་མཐུན་གྱི་སྤྱོད་པ་མ་གཏོགས་རང་ངོས་ནས་སྡོམ་པ་འོག་མའི་མཚན་འཛིན་མེད་པས་ཆེད་དུ་སྤང་བླང་དང་བྲལ་ན། ངོ་བོ་གནས་འགྱུར་ཐོབ་ནས་ཐ་དད་མེད་པ་སྨོས་ཅི་དགོས་ཏེ་རང་བྱུང་དོན་གྱི་དགེ་སློང་ཡིན་པའི་ཕྱིར། དེ་སྐད་དུ་གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང༌། །ཇི་སྙེད་སྡོམ་པ་བསམ་ཡས་ཀུན། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང༌། ས་ར་ཧས། སྨྱིག་མ་མཁན་གྱི་བུ་མོ་ཕྱག་རྒྱར་བརྟེན་པའི་རྗེས་ལ། ཁ་སང་ཡན་ཆད་བྲམ་ཟེ་ཡིན། །ཁ་སང་ཡན་ཆད་དགེ་སློང་མིན། །དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་གསུངས་ནས་དེའི་རྗེས་ལ་ཀླུ་སྒྲུབ་ཀྱི་མཁན་པོ་མཛད་པ་ལྟ་བུའོ། །མདོར་བསྡུ་ན་འདུ་ཤེས་གནས་འགྱུར་སེམས་ཡེ་ཤེས་སུའམ་ཟག་བཅས་ཟག་མེད་དུ་གནས་འགྱུར་ཁྱད་པར་བ་གཉིས་སུ་ཡོད་པར་བལྟ་དགོས་པ་ཡིན་ནོ། །འོ་ན་སྔགས་བྱང་གཉིས་ཆོ་ག་ལ་བརྟེན་ནས་ནོད་པའི་ཚེ་གནས་འགྱུར་མ་ཐོབ་ན། ངོ་བོ་ཐ་དད་དུ་ཡོད་བར་མི་འཐད་པར་བཤད་པས་སྡོམ་པ་གཏན་ནས་མི་ཐོབ་སྙམ་ན། ཁམས་རང་བཞིན་རྣམ་དག་བདེ་གཤེགས་སྙིང་པོ་ལ་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་རུང་ཡོད་པས་སད་བྱེད་ཀྱི་རྐྱེན་ལ་བརྟེན་ནས་ནུས་པ་བཞག་པ་ཙམ་ལས་ཀྱང་རང་རང་གི་ལམ་གྱི་ངོ་བོ་མངོན་དུ་འགྱུར་རུང་བའི་རྟེན་འབྲེལ་ནུས་མཐུ་བསམ་མི་ཁྱབ་འདི་ནི་རྟོག་གེའི་རིག་པས་དགག་པར་མི་བྱ་སྟེ་ཕྲིན་ལས་རྨད་དུ་བྱུང་བའོ། །དེ་ལྟར་རྟེན་འབྲེལ་གྱི་རྣམ་བཞག་པ་དེ་ཙམ་ངོ་བོ་གཅིག་གམ་ཐ་དད་ཅེས་བརྟག་བྱ་མིན་ཏེ། སྤྱིར་དགེ་མི་དགེའི་བྱེ་བྲག་བག་ཆགས་བསམ་གྱིས་མི་ཁྱབ་ཅིང༌། ཁྱད་པར་ལམ་པ་རྣམས་ཀྱི་རྒྱུད་ཀྱི་དགེ་བ་ལ་ཡང་ཟག་བཅས་དང་ཟག་མེད་སོགས་དུ་མ་ཞིག་ཡོད་ན་དེ་དག་གི་བག་ཆགས་ངོ་བོ་གཅིག་ན་དགེ་མི་དགེ་གཅིག་ཏུ་འགྱུར་བ་དང༌། ཐ་དད་དུ་འདོད་ན་གཅིག་གི་རྒྱུད་དུ་མ་འགྱུར་བའམ། ཡང་ན་རྒྱུད་ལས་ཐ་དད་པའི་དགེ་མི་དགེ་ཡོད་དགོས་ན་དེ་ནི་མི་འཐད་དོ། །དེ་ཡང༌། རྟོག་གེ་བརྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །ཅེས་པ་ལྟར་རང་ལུགས་འཛིན་པ་རྣམས་ཀྱིས་དཔྱད་དེ་ངེས་ཤེས་གཏིང་ནས་རྙེད་པ་གལ་ཆེའོ། །ཡོན་ཏན་ཡར་ལྡན་ནི། སོ་ཐར་རང་ལམ་ནས་ཐབས་ཤེས་ཕྱོགས་གཅིག་གིས་བཟུང་ནས་ཉེས་སྤྱོད་སྡོམ་པ་དེ་རང་ཉིད་འཁོར་བ་ལས་ཐར་བའི་ཐབས་སུ་གྱུར་པའི་ཡོན་ཏན་ཉི་ཚེ་བ་ཙམ་ཞིག་ཐོབ་པ་དེ་བྱང་སྡོམ་གྱི་ངོ་བོར་བསྲུང་ན་ཐབས་ཤེས་རྒྱ་ཆེན་པོས་ཟིན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྲོ་བས་བྱང་སྡོམ་མ་བླངས་པའི་དུས་སུ་བསྲུང་བ་ལས་ཆེས་ཕན་ཡོན་མཆོག་ཏུ་འཕགས་པ་དེ་གཉིས་ཀ་སྔགས་སྡོམ་གྱི་ངོ་བོ་བསྲུང་ན། ཐབས་ཤེས་ཤིན་ཏུ་མྱུར་ལམ་ཟབ་ཅིང་རྒྱ་ཆེ་བས་མྱུར་དུ་ཚེགས་མེད་པར་བླ་ན་མེད་པའི་བྱང་ཆུབ་ལ་རེག་པའི་རྒྱུ་ཡིན་པའི་ཕྱིར་དེ་བས་ཀྱང་ཡོན་ཏན་ལྷག་པར་ཆེའོ། །གནད་ཀྱི་མི་འགལ་བ་ནི། ལས་དང་པོ་པའི་དུས་སུ་གཞན་ཕན་གྱི་སྤྱོད་པ་རྒྱ་ཆེན་པོ་དང་བརྟུལ་ཞུགས་ཀྱི་སྤྱོད་པ་རླབས་པོ་ཆེ་དངོས་སུ་བསྒྲུབ་པའི་ནུས་པ་མ་ཐོན་པའི་གནས་སྐབས་ན་ལུས་ངག་གི་ཀུན་སྤྱོད་ཕལ་ཆེར་འོག་མ་སོ་ཐར་གྱི་ལུགས་བཞིན་བསྲུངས་ནས་བསམ་པ་དང་ལྟ་སྒོམ་གོང་མའི་ལུགས་བཞིན་རྒྱུད་ལ་ཅི་ལོན་བྱས་ན། བྱང་སྔགས་ཀྱི་སྤྱོད་པ་ཐུན་མིན་ལ་མ་བསླབ་པས་འགལ་བ་ལྟར་སྣང་བ་དག་གིས་ཉེས་པ་མི་བསྐྱེད་ཅིང༌། རང་དོན་ཡིད་བྱེད་ཀྱི་བློ་གཏན་ནས་མེད་པའམ་ཆུང་ངུར་གྱུར་ནས་གཙོ་བོར་གཞན་དོན་སེམས་པ་དང༌། སྔགས་ཀྱི་ལྟ་སྒོམ་ནར་སོན་ནས་ཆགས་པ་རང་རྒྱུད་པ་དག་པའི་ཚེ་ན་གཞན་དོན་དུ་དངོས་གྲུབ་རྣམ་གཉིས་ཐོབ་པ་ལ་སོགས་པའི་ཕྱིར་སྦྱོར་སྒྲོལ་ལ་སོགས་པ་འོག་མའི་བསླབ་པ་དང་འགལ་བ་ལྟར་སྣང་བ་ཅི་བྱས་ཀྱང་སོ་ཐར་གྱི་སྐབས་སུ་དངོས་ཞེན་དང་བཅས་པ་ལ། ཇི་སྐད་བཤད་པའི་ལྟུང་བའི་ཡན་ལག་ཚང་བ་མི་སྲིད་པས་རྨ་བྱས་དུག་ལ་བྱ་བ་བཞིན་ཉེས་པས་མི་གོས་པའི་སྟེང་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བའི་ཕྱིར་གནད་ཀྱིས་མི་འགལ་ཏེ། ཨཱརྻ་དེ་ཝས། ཀུན་ནས་ཉོན་མོངས་སྤང་འདོད་པས། །དམ་པའི་དོན་ནི་འཚོལ་བར་བྱ། །ཞེས་སོ། །དུས་སྐབས་གང་གཙོར་སྤྱད་པ་ནི། སྤྱིར་ལས་དང་པོ་པ་ནས་རྣལ་འབྱོར་གྱི་དབང་ཕྱུག་གི་བར་རང་ཉམས་དང་དཔག་པའི་སྤྱོད་པ་དུས་ཚོད་དང་འབྲེལ་བ་ཉིད་དེ། ཚོགས་ཀྱི་དབུས་ན་ནི། ཁ་ན་མ་ཐོ་བ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་ལྔ་ལ་ཁྲེལ་བག་ཡོད་པར་བྱ་བ་ཉིད་དོ། །དེ་ཡང་གནས་དག་པ་དགོན་པ་དང་བས་མཐའ་འོ། །འཚོ་བ་དག་པ་ལོག་འཚོ་དང་མ་འདྲེས་པའི་ཆོས་དང་མཐུན་པའོ། །སྡོམ་པ་དག་པ་ལས་དང་པོ་སོ་ཐར་གཙོར་གྱུར་པ་ལས་རིམ་གྱིས་སྙིང་རྗེ་ཆེན་པོ་དང༌། ཐབས་མཁས་པ་དང༌། དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང༌། དངོས་པོ་མེད་པའི་བློ་ནུས་ནར་སོན་པ་དང་བསྟུན་གོང་མ་གོང་མའི་དགོས་པ་གཙོ་བོར་བསྒྲུབ་ཅིང་སོ་ཐར་བྱང་སེམས་རིག་འཛིན་གསུམ་ལ་ཉེས་པས་མི་གོས་པའོ། །གྲོགས་དག་པ་ཚངས་པ་མཚུངས་པར་ལྡན་པའོ། །ཆོས་དག་པ་སྟོང་ཉིད་སྙིང་རྗེའི་རྩིས་ཟིན་པའོ། །དེ་སྐད་དུ་ཡང་གསང་བ་འདུས་པ་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང༌། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་པ་དང་མཐུན་པར་རྫོགས་པའི་སངས་རྒྱས་པདྨ་སྐྱེས་ཀྱང་བཞེད་དོ། །གསང་སྤྱོད་ཀྱི་དུས་ན་ལྟུང་བ་ནང་མ་འདོམས་པ་རྣམས་ནི་འདྲེས་པ་མེད་ཅིང་མཐའ་དག་རྫོགས་པར་བསྲུང་ལ། འདོམ་པའམ་བརྟུལ་ཞུགས་ལ་སློབ་པའི་ཚེ་སྔགས་གཙོ་བོར་བྱས་ནས་འོག་མ་ཁྱད་དུ་གསོད་པ་མ་ཡིན་ཀྱང་གོང་མའི་ཐབས་ཤེས་ཀྱིས་ཟིན་པས་ཉེས་པ་མི་འབྱུང་ངོ༌། །དེ་ལྟ་ནའང་འཇིག་རྟེན་མ་དད་པར་གྱུར་པའི་ཆ་སྡོམ་པ་གཉིས་སུ་མཐུན་པ་རྣམས་དེ་ཉིད་ལྟར་བསྲུང་བར་བྱ་སྟེ། སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་དང༌། རབ་དབྱེ་ལས། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང༌། །འདོད་པས་དབེན་པའི་ལྟུང་བ་འགའ། །བྱང་ཆུབ་སེམས་པའི་ལུགས་བཞིན་བསྲུང༌། །འཇིག་རྟེན་མ་དད་གྱུར་པའི་ཆ། །གཉིས་ཀ་མཐུན་རྣམས་འབད་པས་བསྲུང༌། །ཞེས་སོ། །མདོར་ན། ལས་དང་པོ་པ་དང༌། ལམ་རྣལ་འབྱོར་པ་དང༌། གྲུབ་པ་ཐོབ་པ་དང༌། ཐམས་ཅད་མཁྱེན་པའི་གནས་སྐབས་དེ་དང་དེ་དག་གི་སྤྱོད་པ་མ་འདྲེས་པ་བླང་དོར་བྱ་བར་དུས་འཁོར་འགྲེལ་ཆེན་ལས་གསུངས་སོ། །གཉིས་པ་བཞེད་སྲོལ་གཞན་གྱི་གནད་བསྡུ་བ་ནི། དེ་ལྟར་དེ་བཞིན་གཤེགས་པའི་ཆོས་ཚུལ་རྒྱ་མཚོའི་ཉམས་ལེན་ཐམས་ཅད་སྡོམ་གསུམ་དུ་བསྡུས་ནས་གང་ཟག་གཅིག་གིས་ཉམས་སུ་ལེན་ཚུལ་བཤད་པ་ན། སྡོམ་གསུམ་རྒྱུད་གཅིག་ཏུ་ཇི་ལྟར་རྫོགས་ཤིང་གྲུབ་པའི་ཚུལ་གྱི་མཐའ་ལ་དཔྱད་པ་ཞུགས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་དྲུག་ཡོད་ལ། དེ་དག་ཀྱང་ངོ་བོ་གཅིག་ཏུ་འདོད་པ་དང་ཐ་དད་པར་འདོད་པའི་ལུགས་གཉིས་སུ་འདུའོ། །དྲུག་པོ་གང་ཞེ་ན་འདི་ལྟར། དང་པོ་ནི་རྒྱུད་ལས། བླ་མེད་ཐེག་ཆེན་རབ་ངེས་ན། །ཉོན་མོངས་ལས་རྣམས་གང་སྤྱད་ཀྱང༌། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་པའི་སྟེང་དུ་སླེབ་ཚེ་འཕགས་བོད་ཀྱི་སྐྱེས་ཆེན་ཕལ་མོ་ཆེའི་མཛད་པ་ལྟ་བུ་སྟེ། སྡོམ་པ་ཡིན་མིན་དངོས་པོར་བལྟ་བ་ལས་བྱུང་བ་ཡིན་ན། དེ་དག་ལ་ནི་མངོན་ཞེན་མི་མངའ་སྟེ། ཀུན་རྟོག་ཐམས་ཅད་ཡེ་ཤེས་སུ་གནས་འགྱུར་ཟིན་ནས་ལྡོག་པའི་ངོ་བོ་ཞེས་ཐ་སྙད་ལས་འདས་སོ། །འོན་ཀྱང་སྔོན་བོད་འདིར་ཨ་ཙ་ར་དམར་པོ་ཞེས་བྱ་བ་ཞིག་བྱུང་བ་དེས། དབང་བསྐུར་ཐོབ་ནས་སྔགས་ཁོ་ན་བསྲུང་བས་ཆོག་པར་བཤད་པའི་རྗེས་སུ་འབྲངས་ནས་ཁ་ཅིག་ངོ་བོ་དང་ལྡོག་པ་གཉིས་ཀ་གནས་འགྱུར་བས་གོང་མ་ཐོབ་ཚེ་འོག་མ་བསྲུང་མི་དགོས་པར་སྔགས་སྡོམ་གྱི་ངོ་བོ་གཅིག་ཏུ་ཡོད་ཅེས་འདོད་པའང་གོང་དུ་བཤད་པ་དེ་དང་ཚུལ་མཐུན་པར་སྣང་ཡང༌། དེ་ནི་མཉམ་ཉིད་རྟོགས་གྲོལ་ཆེན་པོའི་རྣལ་འབྱོར་པར་འཐད་ཀྱང༌། ལས་དང་པོ་པས་དེ་ལྟར་བྱས་ན་འོག་མ་ཁྱད་དུ་བསད་པའི་ལྟུང་བ་ཆར་བཞིན་འབབ་བོ། །གཉིས་པ་ནི། སོ་བྱང་གི་སྡོམ་པའི་ངོ་བོ་སྔགས་སུ་གནས་འགྱུར་ཚེ་ངོ་བོ་སྔགས་སྡོམ་གཅིག་པུ་ལ་ལྡོག་པ་གཞི་མི་མཐུན་པར་ཐ་དད་དུ་འདོད་པ་ནི་རང་ལུགས་ཏེ། འདི་སྔ་འགྱུར་གྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་སོགས་ལས་གསལ་བར་བསྟན་པ་ལྟར་འཕགས་བོད་ཀྱི་སྐྱེས་ཆེན་ཚད་མ་རྣམས་ཀྱི་བཞེད་པ་སྟེ། འོད་ཕྲེང་ལས། གཞན་ཡང་ཁ་ཅིག་སྡོམ་པ་གསུམ། །རྟེན་ས་རྟེན་འབྲེལ་ཆུ་གྲུ་འདྲ་གཞི་རྟེན་དུ། །འདོད་ཅེས་སྒྲོག་པ་འཁྲུལ་གནས་ཡིན། །བདག་ཉིད་ཆེན་པོ་རྟ་དབྱངས་དང༌། །སློབ་དཔོན་སྒེག་པའི་རྡོ་རྗེ་སོགས། །དོན་འདི་ལྡོག་པ་དུ་མས་འབྱེད། །ཅེས་དང༌། བོད་ཀྱི་རོང་ཟོམ་ཆོས་ཀྱི་བཟང་པོ་དང༌། ཟུར་ལུགས་ཀྱི་བླ་མ་ཕལ་ཆེ་བ་དང༌། ཁྱད་པར་ཀུན་མཁྱེན་གཉིས་པ་དྲི་མེད་འོད་ཟེར་དང་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་རྙིང་མའི་མཁས་གྲུབ་རྣམས་དང༌། གསར་མའི་ལོ་ཆེན་རིན་བཟང༌། འཇམ་དབྱངས་ས་པཎ་རྗེས་འབྲང་དང་བཅས་པ་སྟེ་གསར་རྙིང་གི་མཁས་གྲུབ་རྣམས་ཀྱི་དགོངས་པ་རྨ་མེད་པ་ཡིན་ནོ། །གནས་འགྱུར་གྱི་ཚུལ་ནི་བཤད་ཟིན་ཏོ། །དེ་ཡང་ངོ་བོ་གཅིག་ཏུ་འདོད་ན་ཤི་བའི་ཚེ་བྱང་སྔགས་གཏོང་བའམ། ཡང་ན་སོ་ཐར་ཀྱང་མྱང་འདས་བར་མི་གཏོང་བའི་སྐྱོན་དུ་འགྱུར་རོ། །གསུམ་པ་ནི། སྡོམ་གསུམ་གྱི་རྣམ་བཞག་དཔེར་ན་སྣོད་གཙང་མར་ཆུ་དྭངས་པ་བླུགས་པའི་ནང་རིན་པོ་ཆེ་ཨིནྡྲ་ནཱི་ལ་བཞག་ན། སྣོད་ཆུ་གཉིས་ཨིནྡྲ་ནཱི་ལའི་ཁ་དོག་ཏུ་འགྱུར་ཡང་དེ་གསུམ་རྫས་ཐ་དད་པ་ལྟར་སོ་བྱང་སྔགས་གསུམ་ཀ་རྒྱུད་གཅིག་ལ་རྫོགས་པའི་ཚེ་སོ་སོའི་རྫས་ཐ་དད་དུ་ཡོད་པས་འགལ་ཡང༌། ཡོན་ཏན་གྱི་ངོས་ནས་གོང་འཕེལ་གྱི་དབང་གིས་སོ་བྱང་གཉིས་སྔགས་སྡོམ་གྱི་ཡན་ལག་ཏུ་འདོད་པ་ཡིན་ཞིང༌། དེ་ཡང་རྟེན་དང་བརྟེན་པའི་ཚུལ་དུ་འདོད་དོ། །དེ་ཡང་གོང་མའི་ཐབས་ཤེས་ཀྱིས་འོག་མ་ཟིལ་གྱིས་གནོན་པར་མི་ནུས་པའི་བློ་ངོ་ན་ལྡོག་པ་ཐ་དད་དུ་ཡོད་པ་མི་འགལ་ཡང༌། རྟེན་བརྟེན་པ་ཐམས་ཅད་ལ་ཁྱབ་མཉམ་དུ་འདོད་ན་རྟེན་སོ་ཐར་གཏོང་ཚེ་བརྟེན་པ་སྔགས་བྱང་གཉིས་ཀྱང་གཏོང་བར་འགྱུར་བས་མི་འཐད་དོ། །བཞི་པ་ནི། སྤྱིར་བཀའ་བརྒྱུད་པ་རྣམས་ཀྱིས་སྡོམ་པ་གསུམ་གཏོང་རྒྱུ་དང་གཏོང་མཚམས་དུས་ཐ་དད་པ་དང༌། ཐོབ་བྱེད་ཀྱི་ཆོ་ག་ཐ་དད་པས་ངོ་བོ་ཐ་དད་ཡིན་ཞེས་སོ་སོའི་གཏོང་མཚམས་ཐོབ་མཚམས་ཐ་དད་པས་ངོ་བོ་ཐ་དད་པའི་རྣམ་དབྱེ་བྱེད་འདུག་པས་དེ་ལ་བཤད་ཆོག་པར་སྣང་ཡང༌། བཀའ་བརྒྱུད་པ་ལས་གཞན་ཡང་དངོས་དོན་ནི་འོག་མའི་སྡོམ་པ་གཏོང་བའི་མཚམས་གོང་མ་ཐོབ་པའི་ཚེ་ཡིན་ནོ་ཞེས་གཏོང་ཐོབ་ཀྱི་མཚམས་ནས་རྣམ་པར་དབྱེ་བ་ནི། བློ་ཆུང་དག་གྲོལ་དུ་འཛིན་པའི་གང་ཟག་ལ་དགོངས་ནས། དམ་པ་དང་པོ་ལས་དྲང་སྲོང་ཉི་མའི་ཤིང་རྟ་ལྟ་བུ་བློ་ཆུང་གསང་སྔགས་ཐོས་ན་ལོག་ལྟས་སྤངས་ཤིང་ངན་སོང་དུ་ལྟུང་བ་དེ་ལས་བསྲུང་ཕྱིར་རེ་ཞིག་གསང་སྔགས་ཐོབ་པར་མི་བྱེད་པ།ཞིང་དོན་ཟབ་མོ་རིང་དུ་སྤང་བར་འགྱུར་བ་རྣམས་ལ་རྗེས་སུ་གཟུང་ཕྱིར་ཐོག་མར་དེ་སྐད་དུ་བརྗོད་པས་གདོད་སྔགས་ལ་འཇུག་པའི་རྒྱུར་གསུངས་པ་ལྟ་བུ་དང༌། དགོས་དབང་གཞན་ཡང་རབ་བྱུང་སྤྱོད་པ་ལྷོད་པ་རྣམས་གོང་མའི་ཐབས་བསྐྱེད་རྫོགས་ཤེས་ཁྱད་པར་ཅན་གང་ཡང་མེད་པར་རབ་བྱུང་གི་ཕྱོགས་ཀྱི་བསླབ་ཁྲིམས་ཡལ་བ་འདོར་བ་ལ་དགོངས་ནས། ལམ་སྒྲོན་དུ། གསང་བ་ཤེས་རབ་དབང་བསྐུར་ནི། ཚངས་པར་སྤྱོད་པས་བླང་མི་བྱ། །ཞེས་པ་ལྟ་བུ་ཡིན་ན་ནི་འཐད་རུང་ལ། རྣམ་པ་ཐམས་ཅད་དུ་དེ་ལྟར་འདོད་ན་སུམ་ལྡན་རྡོ་རྗེ་འཛིན་པ་མི་སྲིད་པ་དང༌། དབང་བཞི་མ་རྫོགས་ན་སངས་རྒྱས་མི་ཐོབ་པ་དང་ཡང་འགལ་ལོ། །ལྔ་པ་ནི། ཨ་བྷ་ཡཱ་ཀ་རའི་ཐུབ་དབང་དགོངས་རྒྱན་ལས་བྱུང་བ་སྟེ། གསེར་གྱི་རྒྱན་གསེར་དུ་རིགས་གཅིག་ཀྱང་མགོ་རྒྱན་རྐང་རྒྱན་ལག་གདུབ་སོགས་ཐ་དད་པ་བཞིན་དུ་སྡོམ་པ་གསུམ་པོ་སྤོང་བའི་སེམས་སུ་རིགས་གཅིག་ཀྱང་རྫས་ཐ་དད་དུ་བཤད་པ་དང༌། དོང་རྩེ་བརྩེགས་པ་ནས་སོ་སོར་མ་འདྲེས་པར་ཡོད་པ་བཞིན་སྡོམ་པ་གསུམ་སོ་སོར་མ་འདྲེས་པར་རྒྱུད་གཅིག་ལ་ཡོད་པ་ཡང་འདོད་པ་ཡང་དེ་དང་གཅིག་གོ །དེ་ཡང་སྡོམ་པའི་རང་ལྡོག་མ་འདྲེས་པའི་ངོས་ནས་ཐ་དད་དུ་ཡོད་པ་འཐད་ཀྱང༌། ངོ་བོ་ལ་དེ་ལྟར་འདོད་ན་སྲོག་གཅོད་སྤོང་སེམས་ལྟ་བུའི་སེམས་བྱུང་རིགས་མཐུན་གསུམ་གང་ཟག་གཅིག་གི་རྒྱུད་ལ་གནས་པ་མི་འཐད་དོ། །དྲུག་པ་ནི། ཤཱཀྱ་ཤྲཱིའི་སློབ་མ་བི་བྷུ་ཏིཙནྡྲའི་ལུགས་འོད་ཕྲེང་ལས་བྱུང་བ་སྟེ། དཔེར་ན་ཉི་ཟླ་སྐར་གསུམ་པོ་རིམ་ཅན་དུ་ཚོགས་པ་ལྟར་ཏེ། ཟླ་བ་ཤར་བ་ན་སྐར་འོད་ཟིལ་གྱིས་མནན་ནས་བག་ལ་ཞ་བར་གྱུར་ཀྱང་རང་རང་གི་འོད་དང་བཅས་པ་མ་ཉམས་པ་སྟེ་གཏན་མེད་དུ་སོང་བ་མ་ཡིན་པར་ཐ་དད་དུ་ཡོད་པ་བཞིན། སྡོམ་པ་གསུམ་པོ་ཡང་གོང་མ་གོང་མ་ཐོབ་པས་འོག་མ་འོག་མ་ཟིལ་གྱིས་མནན་ཏེ་བག་ལ་ཞ་བར་གྱུར་པ་ནི་ནུས་པའི་ཁྱད་ཞུགས་པ་ཙམ་ཡིན་གྱི་ངོ་བོ་ཐ་དད་པར་ཡོད་དོ་ཞེས་འདོད་དོ། །དེ་ཡང་ཤེས་བྱ་གཟུང་འཛིན་ཤེས་བྱེད་ཀྱི་བློ་དང་བྲལ་ནས་གོང་མ་གཉིས་ཐབས་དང་ཤེས་རབ་ཀྱི་ངོས་ནས་ནུས་པ་ཆེ་བར་སོང་བའི་ཚེ་འོག་མ་རྣམས་སུན་འབྱིན་པ་མེད་ཀྱང་རང་བཞིན་གྱི་ཚུལ་ཁྲིམས་གང་ཡིན་པའི་རིགས་སད་ནས་འོག་མའི་ཆ་བག་ལ་ཞར་འཐད་དུ་རུང་སྟེ། སློབ་དཔོན་ཆེན་པོ་བི་མ་ལས་སེམས་ཅན་གང་གིས་ལས་དེ་བྱ་བའི་སེམས་དེ་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་ཕྱིར་རམ་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམ་ན་དེའི་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །གཞན་དུ་ན་སྡོམ་གསུམ་མཚན་ཉིད་སོ་སོར་འཛིན་བཞིན་བག་ལ་ཞ་བར་མི་འཐད་དེ། བླང་འདས་སོ་སོར་བསྲུང་དགོས་ན་ནི་བག་ལ་མ་ཞ་ལ། མི་དགོས་ན་སོ་སོར་ཡོད་པ་མི་རུང་བས་མི་འཐད་དོ། །དེ་ལ་སོགས་སྡོམ་གསུམ་གང་ཟག་གཅིག་གི་རྒྱུད་ལ་ཡོན་ཏན་ཡར་ལྡན་ལྡོག་པས་བཏགས་པ་ཙམ་དུ་གནས་ཚུལ་དཔྱད་པ་བཏང་ཚེ་བློའི་རང་བཞིན་ནི་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་ཞིང༌། ཚིག་ནི་དཔེ་དོན་དང་མཚུངས་པར་འཇུག་པས་རྣམ་པའི་ཁས་བླངས་མཐའ་ཡས་པ་ཞིག་ཡོད་ནའང༌། དེ་བཞིན་གཤེགས་པའི་བསྟན་པ་ནི་རྟོན་པ་བཞི་དང་ལྡན་པ་ཡིན་པས། དེ་དག་ཐམས་ཅད་ཀྱང་གནད་བསྡུ་ན་འདི་ལྟར་སྡོམ་པས་རྒྱུད་བསྡམས་པ་མེད་ན་བསོད་ནམས་ཁྱད་པར་ཅན་དང་ལྟུང་བ་གཉིས་ཀ་མེད་ཅིང༌། དགེ་བ་བྱས་ན་ཡང་བར་མའི་དགེ་བ་ཞེས་བྱ་སྟེ་སྲིད་པ་ལས་མི་འདའ་བས། ཞིང་ཡོད་པ་རྣམས་ཐན་པ་དང་སེར་བས་འཇིགས་དགོས་པ་ལྟར་རྣམ་གྲོལ་དོན་དུ་གཉེར་བའི་སྡོམ་པ་ཐོབ་དགོས་ཤིང༌། སྡོམ་པ་ཡོད་པ་རྣམས་ཀྱིས་ཉེས་པས་འཇིགས་ནས་ཚུལ་བཞིན་བསྲུང་དགོས་པའི་ཕྱིར་སྡོམ་གསུམ་རང་གི་ཐོབ་བྱེད་ཆོ་གའི་དུས་སུ་ཇི་སྐད་བཤད་པ་ལྟར་བཏགས་ཡོད་ཀྱི་ཆ་ནས་རང་རང་གི་ལྡོག་པ་མ་འདྲེས་པར་ཡོད་པ་དེ་བཞིན་དུ་བསྲུང་བར་བྱ་བ་དང༌། གསུམ་ཀའི་བསྲུང་མཚམས་ནང་འདོམ་པའི་དུས་ན་དགག་དགོས་གང་དུ་ཚང་བ་དེ་ལྟར་བྱས་ན་འགལ་བ་མེད་དེ་དགེ་སྡིག་རྣམ་རྟོག་གི་གཟུགས་བརྙན་ཡིན་པའི་ཕྱིར་དང༌། འདུས་བྱས་ཀྱི་སྡོམ་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཅན་དེ་དག་འདུས་མ་བྱས་པའི་ཚུལ་ཁྲིམས་སུ་གནས་འགྱུར་བའི་ངོ་བོ་ནི་ཚོགས་བརྒྱད་ཀྱི་རྟོག་པ་ཐམས་ཅད་ཆོས་ཉིད་ངོ་བོ་ཉིད་མེད་པའི་དོན་དང་འདྲེས་ཏེ་སྡོམ་སྡོམ་མིན་དུ་འཛིན་པའི་ཀུན་རྟོག་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མཐུས་བྱེད་པ་ཡིན་ཏེ་མདོ་ལས་བཤད་པ་ལྟར་རོ། །དེ་ལྟར་ལྡོག་པ་མ་འདྲེས་པ་ལ་སོགས་པའི་ཆོས་དྲུག་བརྩི་བ་སྤྱིར་བཏང་ཡིན་ལ། དམིགས་བསལ་ནི་སྡོམ་པ་ནོད་ཙམ་གྱིས་ངེས་འབྱུང་སོགས་འདུ་ཤེས་ཁྱད་པར་ཅན་མ་སྐྱེས་ན་རང་རང་གི་སྡོམ་པ་མཚན་ཉིད་པར་མི་འགྱུར་བས། ངེས་འབྱུང་སོགས་ལ་སེམས་རྒྱུད་ཇེ་བཟང་དུ་འགྲོ་བའི་ཐབས་ལ་བརྩོན་པ་དང༌། འདུ་ཤེས་གནས་འགྱུར་ཙམ་ཐོབ་ཀྱང་ལྡོག་པ་སོ་སོར་བསྲུང་དགོས་པ་དང༌། ཡེ་ཤེས་ཁྱད་པར་ཅན་དོན་གྱི་འོད་གསལ་ཇི་བཞིན་སྐྱེས་པའི་ཚེ་ན་ནི་ལྡོག་པའི་བསྲུང་བྱ་ཙམ་ཡང་ཐ་དད་དུ་མི་དམིགས་པས་ཇི་ལྟར་བྱས་ཀྱང་ཉེས་པར་མི་འགྱུར་བའི་དབྱེ་བ་ཕྱེད་པ་ཁྱད་པར་རྣམས་ཤེས་དགོས་པ་ཡིན་ནོ། །དེ་སྐད་དུ། རིན་ཆེན་ཕྲེང་བར། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ། །བསྟན་བཅོས་ཀུན་ལ་རབ་ཏུ་བསྔགས། ཞེས་སོ། །དེས་ན་ཆུ་ཕྲན་ཐམས་ཅད་རྒྱ་མཚོར་ཕྱིན་ཚེ་བ་ཚྭ་ཅན་དུ་འགྱུར་བ་ཡིན་གྱི། ལམ་དུ་སོ་སོར་མ་འདྲེས་པ་ལྟར་ལས་བྱེད་པ་པོ་དགེ་མི་དགེའི་སེམས་ལས་བདེ་སྡུག་ཐམས་ཅད་འབྱུང་བའོ། །སྡོམ་པ་སོ་སོའི་སྤང་བླང་གི་མཚམས་གླེང་བར་བྱེད་པའི་གཞི་ལྡོག་པའི་སྟེང་ནས་འཇོག་དགོས་པས་ན། ལྡོག་པ་ཡང་དང་པོ་ནས་གནས་འགྱུར་བར་འདོད་པ་དེའི་ལུགས་ལ་ནི། ལྟུང་བ་འོག་མ་ཕྱིར་བཅོས་པའི་ཐབས་མེད་དེ། དཔེར་ན་སོ་ཐར་ངོས་ནས་བྱུང་བའི་ཆོས་གོས་འབྲལ་བ་ལྟ་བུའི་ལྟུང་བ་གཅིག །སོ་ཐར་རང་ངོས་ནས་སྤང་བྲལ་སྔོན་དུ་གཏོང་བ་ལྟ་བུའི་སྒོ་ནས་འཆོས་ན། སོ་ཐར་གྱི་ལྡོག་པ་ཙམ་ཡང་གནས་འགྱུར་ཟིན་ཏེ་མེད་པས་འགལ་ལ། གོང་མ་བྱང་སྔགས་ལྟ་བུའི་ངོས་ནས་འཆོས་ན་གོང་མ་དེ་ཉིད་ལ་ལྟུང་བ་མ་བྱུང་བས་ན་ཕྱིར་བཅོས་མི་དགོས་པ་དེ་བཅོས་པའི་ཐབས་ཀྱང་མ་བཤད་དོ་ཞེས་བསྙོན་ཏེ་དེ་སྐད་བརྗོད་པར་བྱའོ། །རྒྱུད་ཚོད་དང་སྦྱར་ནས་ཉམས་སུ་ལེན་ཚུལ་བསྡུ་ན། དེ་ལ་བྱེ་བྲག་སྨྲ་བས་ལུས་ངག་གི་རྣམ་པ་རིག་བྱེད་ལས་སྐྱེས་པ་ཡིན་ཕྱིར་སྡོམ་པའི་ངོ་བོ་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་ཅན་དུ་འདོད། མདོ་སྡེ་པ་ནི། རྒྱུད་གཞན་དང་གཞན་དུ་སྐྱེ་བ་ཅན་ནམ་གོང་འོག་ཁྱིམ་པ་ནས་བཟུང་ཡོངས་སུ་འགྱུར་བ་ཅན་དུ་འདོད། སེམས་ཙམ་པ་ནི་སྤོང་བའི་སེམས་པ་རྒྱུན་ཆགས་ས་བོན་དང་བཅས་པ་ལ་འདོད་དེ། དེ་དག་ནི་དངོས་པོ་བདེན་ཞེན་དང་ལྡན་པ་ཡིན་ལ། དབུ་མ་པ་ནི། སྟོང་ཉིད་སྙིང་རྗེ་ཐབས་མཁས་ཀྱིས་ལམ་གྱི་གྲོགས་སུ་བསྒྱུར་ནུས་པ་དང༌། གསང་སྔགས་ཀྱི་ལམ་དུ་འཁྱེར་བའི་ཐབས་ཁྱད་པར་ཅན་གྱིས་མ་ཟིན་པར་ཐེག་ཆེན་ལམ་དུ་ཞུགས་པ་ཙམ་དང༌། དབང་བསྐུར་ནོད་ཙམ་རེ་བྱས་ནས་དེ་དང་དེའི་ལམ་སློབ་པར་བྱེད་ནའང༌། གནས་འགྱུར་ཁྱད་པར་བ་ཐོབ་པའི་རྡོ་རྗེ་འཛིན་པ་ད་རུང་མིན་ཏེ། སྔགས་མེད་དུག་གིས་འཆི་བ་ལྟར་ཉོན་མོངས་ཀྱིས་བར་དུ་གཅོད་པའི་ཕྱིར་རོ། །དེས་ན་སྡོམ་པ་རྣམ་པར་དག་ཅིང་མཚན་ཉིད་པར་བྱེད་པ་ནི་འདུ་ཤེས་ཏེ་འཁོར་བ་ལས་ངེས་པར་འབྱུང་བའི་འདུ་ཤེས་ཀྱིས་སོ་ཐར་དང་གཞན་དོན་རྫོགས་བྱང་བསྒྲུབ་པའི་འདུ་ཤེས་ཀྱིས་བྱང་སྡོམ་མཚན་ཉིད་པར་འགྱུར་བ་དང༌། འདུ་ཤེས་གཉིས་པོ་དེའང་ཕུང་སོགས་ཆོས་ལ་མ་དག་པའི་མཚན་མར་བལྟ་བ་བཅས་བླང་དོར་ལ་བརྩོན་པ་ཡིན་པས་དག་བྱེད་ནི་གདན་གསུམ་ལྷ་ཡི་དཀྱིལ་འཁོར་དུ་ཤེས་ནས་བསྐྱེད་རིམ་གྱི་རྣལ་འབྱོར་ལ་རང་བྱན་ཆུབ་དགོས་པ་ཡིན་ཞིང༌། བསྐྱེད་རིམ་གྱི་ལྷ་དེ་ཉིད་གྱ་ནོམ་དུ་བལྟ་བའི་ཞེན་པ་ཡོད་ན། དེ་དག་བྱེད་རྫོགས་རིམ་ངོ་བོ་ཞེན་རྟོག་དང་བྲལ་བའི་ཡེ་ཤེས་ལ་གོམས་པ་ཚད་དུ་འཁྱོལ་ན་ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་དུ་སྔར་གྱི་ཉོན་མོངས་རང་རྒྱུད་པས་བསྐྱེད་པའི་བཅས་པའི་ལྟུང་བ་ཆོས་ཅན་ཀུན་རྫོབ་ཀྱི་རང་བཞིན་སྐྱེ་འཇིག་ཅན་དེས་གནོད་པའི་རང་མཚན་མི་འཛིན་ཏེ། ཉོན་མོངས་དང་ལས་རང་རྒྱུད་པ་མེད་ཕྱིར་དེ་འདྲའི་གང་ཟག་དེ་ལ་རྟོགས་པ་བཟང་པོས་ཕན་བཏགས་ཏེ་ཡོན་ཏན་ཐོབ་པ་དང༌། ངན་པས་གནོད་པ་བསྐྱལ་ཏེ་གཉེན་པོའི་ཕྱོགས་ཤོར་བ་སྟེ་ཉམས་པར་གྱུར་པ་གཉིས་ཀ་མེད་དོ། །དེ་ཡང་འདི་ལྟར་ཐེག་པ་ལ་རིམ་ཞུགས་ཀྱི་གང་ཟག་རྣམས་ལ་དགོངས་ནས་སྟོན་པས་སྡོམ་པ་གསུམ་གྱི་བཅས་མཚམས་རྣམ་བཞག་གི་ཚུལ་ལས་དང་པོ་པའི་གནས་སྐབས་ན་ཐར་པའི་གེགས་སུ་གྱུར་པའི་ཉོན་མོངས་དང༌། དེས་བསྐྱེད་པའི་སྒོ་གསུམ་གྱི་ཁ་ན་མ་ཐོ་སྡོམ་པའི་ཕྱིར། ཐོག་མར་སོ་ཐར་གྱི་བསླབ་ཁྲིམས་གཞན་ཕན་གྱི་གེགས་རང་དོན་ཡིད་བྱེད་དང༌། དེས་བསྐྱེད་པའི་སྒོ་གསུམ་གྱི་ལས་རྣམས་སྡོམ་བྱེད་ཀྱི་ཐབས་སུ་བར་དུ་བྱང་སེམས་ཀྱི་བསླབ་ཚུལ་བསྟན་ཅིང༌། དེ་གོམས་ནས་བསམ་སྦྱོར་གཞན་དོན་དུ་འགྱུར་བའི་ཚེ་གཞན་དོན་འབད་མེད་མྱུར་དུ་བསྒྲུབ་ནུས་པའི་གེགས་རྐྱེན་སྒོ་གསུམ་ཐ་མལ་དུ་བཟུང་ནས་འཁོར་བར་འཁྲུལ་འཛིན་སྡོམ་ཕྱིར་མཐའ་མར་རིག་འཛིན་སྔགས་སྡོམ་སྟེ། ནད་པ་ལ་སྨན་ལྟར་རིམ་གྱིས་ཐོག་མཐའ་བར་དུ་འགལ་བར་མི་གནས་པའི་སྡོམ་པ་གསུམ་གྱི་ངོ་བོ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཀུན་རྫོབ་པའི་རང་བཞིན་སེམས་དང་སེམས་བྱུང་གི་ངང་ཚུལ་ཡིན་པས་གནས་སྐབས་འདུ་ཤེས་ཇེ་བཟང་དུ་སོང་བའི་གནས་འགྱུར་ཙམ་དང༌། མཐར་འདུས་བྱས་སེམས་སྣང་གི་ཆ་ཐམས་ཅད་འདུས་མ་བྱས་པའི་ཡེ་ཤེས་སུ་གནས་འགྱུར་བ་ནི་གྲུབ་པ་ཡིན་ནོ། །ད་ལྟའི་གང་ཟག་ཕལ་མོ་ཆེ་ནི་ཐོས་བསམ་སྒོམ་པ་ལེགས་པར་མི་འབྱོངས་བས་གཞི་རང་ཉིད་སོགས་ལ་དང༌། བསམ་པ་ཆང་སྲེད་སོགས་རང་རྒྱུད་ལ་ཡོད་པའི་གནང་བཀག་གི་ཕྱོགས་གཉིས་ཀ་ལ་བདེན་ཞེན་མངོན་གྱུར་དུ་ལྡན་པའི་ཕྱིར་ལྷར་སྣང་ཐབས་ཤེས་ཟུང་འབྲེལ་གྱི་ཉམས་ལེན་ལ་མོས་པ་ལམ་བྱེད་ཀྱི་སྒོ་ནས་སྤྱོད་པའི་སྡོམ་པ་གསུམ་ལྡན་གྱི་གང་ཟག་དེ་ལ། སྡོམ་པ་གསུམ་པོ་ཉམས་རྐྱེན་དང་གཏོང་རྒྱུ་མ་བྱུང་བར་སོ་སོར་གནས་པའི་ཚེ་ན། ལྡོག་པ་བྱེ་བྲག་པ་སོ་སོ་ཡོད་ལ། བསྲུང་ནའང་གསུམ་པོའི་སྤང་བླང་གནས་ཐམས་ཅད་མཉམ་དུ་བསྲེས་ནས་འཆོལ་བར་བསྲུང་དགོས་ཤིང༌། དེ་ལྟར་བསྲུང་བའི་སྒོ་ནས་སྐྱོན་མེད་པར་ལྡན་ན་འོག་མ་རང་རང་ས་ནས་བསྲུང་བས་གོང་མའི་ངོ་བོ་ཡར་ལྡན་དུ་གྲུབ་ལ། འཆོས་དགོས་ན་སྡོམ་པ་གསུམ་པོ་རང་ས་ནས་ཉམས་པའི་ལྟུང་བ་དེ་ཁོལ་བུར་ཕྱུང་བའི་རང་རང་གི་ས་ནས་ཇི་སྐད་བཤད་པའི་སྒོ་ནས་ཕྱིར་བཅོས་ན་རྣམ་པར་དག་པ་འགྲུབ་བོ། །ཅིའི་ཕྱིར་ཞེ་ན། ཉེས་པ་བསྐྱེད་ན་གཟུགས་བརྙན་སོགས་ལ་ཆགས་སྲེད་ཀྱིས་ཆང་འཐུང་ལྟ་བུ་སྐྱོན་དང༌། ཕྲག་དོག་གི་ཆོས་འཆད་པ་སོགས་ཡོན་ཏན་གང་ལྟར་སྣང་ཡང་འགོག་གོ །རྒྱུ་དགེ་བ་དང་འབྲས་བུ་ཡོན་ཏན་བསྐྱེད་པར་བྱེད་ན་གཟུགས་བརྙན་ཕན་སེམས་ཀྱིས་བརྡུང་བརྡེག་བྱེད་བ་སོགས་སྐྱོན་ལྟར་སྣང་བ་དང༌། ཕན་སེམས་ཀྱིས་སྦྱིན་སོགས་གཏོང་བ་ལྟ་བུ་གང་ཡིན་ཀྱང་སྤྱོད་པར་གནང་བའི་ཕྱིར། གནང་བཀག་གི་བྱེ་བྲག་འཚམས་པར་བྱེད་ཀྱི་ཚིག་གི་ཕྱོགས་གཅིག་ཁོ་ནའི་ལམ་ན་གནས་པ་མིན་ཏེ་གང་ཟག་རྒྱུད་མཐོ་དམན་གྱི་བྱེ་བྲག་དང་འབྲེལ་ནས་གནང་བཀག་གི་མཚམས་ལེགས་པར་གྲུབ་པའོ། །གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཚང་ལ་མ་ནོར་བ་ནི། ཕ་རོལ་ཕྱིན་པ་དྲུག་དང་ཚོགས་གཉིས་ཀྱི་ཤེས་རབ་ཏེ་དམིགས་རྣམ་དང་བཅས་བསྒྲུབ་པའི་ཆ་བསོད་ནམས་དང༌། རང་རང་གི་འཁོར་གསུམ་ལ་བདེན་ཞེན་གྱི་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་སོགས་ཉན་རང་དང་ཐུན་མིན་ཡོན་ཏན་རང་རྒྱུད་ལ་སྔར་མ་སྐྱེས་པ་ཐབས་དང་རྟེན་འབྲེལ་དུ་མས་བསྐྱེད་པར་བྱེད་པ་ནི་གལ་ཆེ་སྟེ། བྱང་སྡོམ་ལེན་སྐབས། རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལྟར་དང༌། སྔར་སྐྱེས་པ་སླར་གོང་འཕེལ་དུ་སྤེལ་བ་ལ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཞེས་བྱ་ལ། བསླབ་པ་གསུམ་གྱི་ནང་ནས་སེམས་ཀྱི་བསླབ་པས་བསྡུས་ཏེ། གཏོང་བ་སོགས་ཕྱིན་དྲུག་རང་རང་གི་ངོ་བོ་གྱུར་བའི་དགེ་སེམས་རྩེ་གཅིག་པ་ཡིན་པའི་ཕྱིར་རོ། །བྱམས་དང་སྙིང་རྗེས་ཟིན་པའི་སྦྱིན་གཏོང་དང་ཐོས་བསམ་ལ་སོགས་པའི་དགེ་བ་གཅིག་ལ་ནི་དྲུག་ཀ་ཚང་བ་ཡིན་ཏེ། གནས་སྐབས་གང་དུ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་དམིགས་ནས་བྱེད་པ་དེ་ནི་སྦྱིན་པ་ཡིན་ཏེ་འབྲས་བུ་ལ་བདག་འཛིན་དང་བྲལ་བའི་ཕྱིར་རོ། །དེ་ལ་རང་དོན་ཡིད་བྱེད་ཀྱི་འདོད་བློ་མེད་པ་ཚུལ་ཁྲིམས་ཡིན་ལ། གཞན་དོན་གང་ལའང་སྐྱོ་ངལ་དང་འཁྲུགས་པ་མེད་པ་བཟོད་པའོ། །བསྒྲུབ་བྱ་དེའི་ཡོན་ཏན་མཐོང་ནས་ལྷག་པར་སྤྲོ་ཞིང་འཇུག་པ་བརྩོན་འགྲུས་ཡིན་ཏེ་དགེ་ལ་སྤྲོ་ཕྱིར་རོ། །སེམས་ཅན་དོན་ལ་དམིགས་པ་རྩེ་གཅིག་པ་ནི་བསམ་གཏན་ཡིན་ཏེ་གཞན་དུ་མ་གཡེང་བ་དང༌། འཁོར་གསུམ་གྱི་དངོས་པོ་བདེན་འཛིན་གྱི་མཚན་མར་ཞེན་པ་སྤངས་པ་ཤེས་རབ་སྟེ། རྟེན་འབྲེལ་གྱི་ཆོས་ལ་ཁྱད་དུ་མི་གསོད་པ་བླང་དོར་ཞེན་འཛིན་བྲལ་བའི་ཕྱིར་རོ། །དེས་ན་བསྒྲུབ་བྱའི་དགེ་བ་དེའི་ངོ་བོར་ཕ་རོལ་ཏུ་ཕྱིན་པ་དྲུག་ཀ་ཚང་བ་དེ་བཞིན་དུ་རྟག་པར་ཐབས་ཤེས་དེ་ལྟ་བུས་ཟིན་ན་སྒོ་གསུམ་དགེ་ཚོགས་ཀྱི་བྱ་བ་ཐམས་ཅད་ཕྱིན་དྲུག་དང་ནམ་ཡང་འདུ་འབྲལ་མེད་ཅིང་བྱང་ཆུབ་བསྒྲུབ་པ་ལ་ཚེགས་མེད་པའོ། །དེར་མ་ཟད་བྱང་ཆུབ་སེམས་དཔའ་རྣམས་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ལུང་མ་བསྟན་པ་རྣམ་པ་བཞི་ཀུན་ལ་དྲན་ཤེས་དང་ལྡན་པས། སྤྱོད་ཡུལ་གང་ལ་འཇུག་ཀྱང་དེ་དང་རིགས་མཐུན་སྨོན་ལམ་འདེབས་པའི་སྒོ་ནས་ཡོངས་སུ་དག་པའི་དགེ་ཚོགས་ཀྱི་ནུས་པ་བརྟན་པར་གྱུར་ཚེ་ཐ་ན་གོམ་པའི་འདེགས་འཇོག་ཚུན་ཆད་སྒོ་གསུམ་གྱི་བྱ་བ་ཅི་བྱས་པ་དག་ཀྱང་ཕྱིན་དྲུག་གི་ལམ་ལ་ཆེད་དུ་རྩོལ་མེད་འཇུག་ཅིང་ཐབས་མཁས་པ་དང་ལྡན་པས་ཚོགས་རྫོགས་ཤིན་ཏུ་མྱུར་བ་ཡིན་ནོ། །དེ་དག་གི་བསླབ་ཚུལ་གཙོ་ཆེ་བའི་དབང་དུ་ནི་ལས་དང་པོ་པས་བསྲུང་བ། མོས་སྤྱོད་པས་དག་པ། མ་དག་ས་བདུན་ལ་གནས་པས་བཏང་བ། དག་ས་ལ་གནས་པས་སྤེལ་བའི་ཚུལ་ལ་བསླབ་པར་གསུངས་སོ། །རྒྱལ་སྲས་ཐབས་ལ་མཁས་ཤིང་རྫོགས་སྨིན་སྦྱངས་གསུམ་ཚད་ཕྱིན་པས་དངོས་སུ་སློང་མོ་བ་ལ་སྦྱིན་པ་གཏོང་བ་སོགས་སམ། བརྒྱུད་མ་ནས་ཆོས་བཤད་སྦྱིན་གཏོང་དགེ་བ་ལ་བསྐུལ་བ་སོགས་སེམས་ཅན་ཀུན་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་ལྷུར་བྱེད་ཅིང༌། ཟང་ཟིང་སྦྱིན་པ་དང༌། བློ་རིམ་དང་འཚམས་པར་ཆོས་སྙན་པར་སྨྲ་བ་དང༌། དོན་ནམ་མངོན་རྟོགས་ལ་སྤྱོད་དུ་འཇུག་པ་དང༌། རང་ཡང་དོན་མཐུན་པར་སྤྱོད་པ་སྟེ་བསྡུ་དངོས་བཞི་དང༌། དེའི་གྲོགས་རང་རྒྱུད་ལ་དགེ་བའི་ཆོས་མཐའ་དག་ཡོངས་སུ་སྡུད་པའི་ཚུལ་ཁྲིམས་ཀྱིས་ཕྱུག་ན་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཕྱེས་པ་ལྟར་གཞན་དོན་གོ་སྐབས་ཡངས་པ་ཡིན་ནོ། །གཞན་ལ་ཕན་པའི་གཞི་གང་ལ་བརྟག་པ་དྲུག་ཏུ་གསུངས་པ་སྟེ། བདག་དང༌། གཞན་དང༌། ཟང་ཟིང་གིས་ཕོངས་པ་དང༌། ཟང་ཟིང་གིས་འབྱོར་པ་དང༌། ཆོས་ཀྱི་ཕོངས་པ་དང༌། ཆོས་ཀྱིས་འབྱོར་པ་སྟེ་གནས་དྲུག་པོ་དེའང་བདག་གཞན་ནི་ཆོས་དང་ཟང་ཟིང་གིས་འབྱོར་རྒུད་ཀྱི་གཞི་ཡིན་པས་གཞན་བཞི་པོ་ཡང་དེའི་ཁོངས་སུ་འདུ་ལ། གཉིས་པོའང་རང་གི་ཆོས་ལ་འབྱོར་པ་དང་རྒུད་པ་བརྟག་པར་འདུ་སྟེ། རང་ཉིད་ལུང་རྟོགས་ཀྱི་ཡོན་ཏན་ཡོད་ཅིང་འདུ་འཛི་དང་རྣམ་གཡེང་སོགས་ཀྱིས་རང་ཆོས་ལམ་ལས་མ་ཉམས་པར་འགྱུར་བ་ཤེས་ན་གཞན་དོན་གཙོ་བོར་བྱ་དགོས་ལ། གཞན་དོན་བྱས་ཀྱང་གཟུགས་བརྙན་ཙམ་དུ་སོང་ནས་གཞན་ལ་ཕན་མི་ཐོགས་པའི་སྟེང་རང་དོན་བསླབ་གསུམ་གྱི་ཡོན་ཏན་ཉམས་ཏེ་ཚུལ་ཁྲིམས་འཆལ། ཏིང་འཛིན་གཡེལ། ཤེས་རབ་རྨོངས་པ་ལ་སོགས་པའི་ཉེས་པས་གནོད་པར་འགྱུར་བས། སོ་སྐྱེ་ལས་དང་པོ་པས་རང་གི་འཁྲུལ་པའི་ཀུན་རྟོག་ཉོན་མོངས་ལ་དྲན་ཤེས་ཀྱིས་བརྟགས་ནས་ཉོན་མོངས་དེ་དག་སྤོང་བྱེད་ཀྱི་གཉེན་པོའི་སྟོབས་གོང་དུ་བསྐྱེད་པའི་ཐབས་ལ་གཙོ་བོར་བསླབ་ན་གཞན་ཕན་ཐབས་ཀྱང་དོན་གྱིས་བྱས་པ་ཡིན་ནོ། །གཞན་བསྟན་འགྲོ་ལ་ཕན་པ་རླབས་ཆེན་འགྲུབ་སྲིད་ན་ནི། རང་དོན་ཙམ་དང་གཞན་དོན་ཉི་ཚེ་བ་ཙམ་ལས་མེད་པའི་འོག་མའི་བསླབ་སྡོམ་ལྟ་བུ་བཅས་པ་ཆུང་ངུ་རྣམས་བག་ཡངས་སུ་འཇོག་པར་གནང་བའི་སྐབས་ཡོད་དོ། །དཔེར་ན་ཆེན་པོ་གྲོང་ཁྱེར་གྱི་ཕྱིར་ན་ཆུང་ངུ་གྲོང་བརྡལ་ལྟ་བུ་དང༌། བདག་གི་ལུས་སྲོག་གི་ཕྱིར་སྡོད་གནས་ཀྱི་ས་གཞན་ལ་གཏོང་བ་དང༌། ལུང་རྟོགས་ཀྱི་ཆོས་རྒྱ་ཆེར་དར་ཕྱིར་བདག་ཀྱང་གཏོང་བ་སོགས་གནང་བ་ཡིན་ནོ། །བསླབ་ཁྲིམས་ལ་གནས་པའི་སྐབས་འདི་ན་གྲོགས་སམ་འཁོར་ནི་འདི་ཡིན་ཏེ། མི་མཇེད་པ་སྟེ་སྡུག་བསྔལ་སོགས་རྐྱེན་ཐམས་ཅད་ཐེག་པས་བཟོད་པའི་ངོ་བོ་ནི་ས་གཞི་བཟང་པོ་ལྟ་བུ་ལ། ཚུལ་ཁྲིམས་གསུམ་གྱི་རང་བཞིན་ཆོས་ཀྱི་མེ་ཏོག་གི་ཚལ་ལ་ཡོན་ཏན་གྱི་དྲི་བཟང་པོ་ཀུན་ནས་རྒྱས་པ་རབ་ཏུ་བསྲུང་བའི་ར་བ་ལྟ་བུ། རང་གཞན་དོན་གཉིས་གང་ཡིན་ཀྱང་དཀའ་སྤྱད་དང་སྡུག་བསྔལ་གྱི་ཁུར་ཆེན་པོ་ཅི་བྱུང་བ་དེ་ཉིད་དང་དུ་ལེན་ཤིང་བཟོད་པ་དང༌། ཕ་རོལ་པོས་གནོད་འཚེ་ཅི་བྱས་ཀྱང་ཇི་མི་སྙམ་པའི་བཟོད་པ་དང༌། སྟོང་ཉིད་སོགས་ཟབ་མོའི་དོན་ལ་མི་སྐྲག་པ་སྟེ་རྣམ་པ་གསུམ་མོ། །ཡིད་ནི་ཤིན་ཏུ་རེངས་པ་སྟེ་གྱོང་ཤིང་མ་རུངས་པར་བྱ་བའི་ཞེ་སྡང་གི་སྡིག་པའི་མངོན་རྟོགས་ནི་དགའ་བདེ་སྒྲིབ་པའི་མུན་པ་ལྟ་བུ་དང༌། གསོད་པ་དང་བརྡུང་བརྡེག་སོགས་ཉེས་པ་སྣ་ཚོགས་པའི་འཁྲི་ཤིང་ཅན་ཡིན་ལ། དེས་ནི་ཐར་དུ་མེད་པའི་དམྱལ་བར་འཕེན་ཞིང་དེར་འཛུལ་བ་ལ་སྐྲག་པ་རྣམས། ནམ་ཡང་ཁྲོ་བའི་རྣམ་རྟོག་སེམས་ལ་སྐྱེ་བའི་གོ་སྐབས་དབྱེ་བར་མི་བགྱིད་དེ། སྤྱོད་འཇུག་ལས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་ཏུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། ཞེས་སོ། །གནོད་པའི་ཡུལ་ནི་དཔག་ཏུ་མེད་དེ། དཔེར་ན་ནགས་ཀྱི་ཚེར་མ་བསལ་གྱིས་མི་ལང་ལ་དེར་མ་ཕྱིན་ན་མི་གནོད་པ་བཞིན། གནོད་པའི་ཡུལ་དེ་དག་ཐམས་ཅད་འདུལ་གྱིས་མི་ལང་སྟེ་སླར་ཡང་ཀུན་ནས་འཕེལ་བ་ཅན་དུ་ཟད་དེ། དེ་བས་ཕན་ཚུན་མི་འདོད་པའི་བསམ་པས་འཁོན་དང༌། དེའི་དབང་གིས་ཁྲོ་བའི་ཀུན་ཀུན་རྟོག་བཟོད་པར་དཀའ་བས་རང་གཞན་ཀུན་གྱི་རྒྱུད་མ་རུངས་པར་བྱེད་པ་པོ་ནི། ཐོག་མར་ཡུལ་ལ་མི་འདོད་པའི་རྣམ་པར་བཟུང་ནས་ཉེ་བར་ལེན་པའི་སེམས་ཡིད་མི་བདེ་བ་དེ་ཉིད་གཅིག་པུ་ཤེད་མ་རྒྱས་གོང་དུ་ཕག་སྣ་གཏུན་བརྡུང་དང་ཀོང་བུ་དྲོ་ཕྱིས་ཞེས་པའི་དཔེ་ལྟར་བཏུལ་བར་བྱས་ན། བཟོད་པའི་དཀའ་ཐུབ་ཅེས་མི་ཐུབ་ཁུར་ཆེན་པོ་དེ་ཡང་བདག་ལ་མཛའ་བར་འགྱུར་རོ། །ཕ་རོལ་པོས་སྐྱོན་མཚང་སྨྲས་ན། ཚིག་དེ་དང༌། རང་གི་རྣ་བའི་དབང་པོ་དང༌། ཤེས་པ་སྟེ་གསུམ་པོ་ཕྲད་ཅིང་རེག་པའི་ཚོར་བ་ཤིན་ཏུ་རྩུབ་པའི་རང་བཞིན་དུ་ཚིག་གི་རྣམ་པ་དེ་ཤར་ནས། དཔེར་ན་མདས་སྐྱེས་བུའི་གནད་ལ་བསྣུན་པ་ལྟར་སྙིང་ཚལ་པར་འགས་པ་ཙམ་དུ་སྡུག་བསྔལ་ནས་མི་བཟོད་པ་དྲག་པོ་སྐྱེ་ནའང༌། བརྟག་ནས་ཚིག་དེ་བྲག་ཅ་བཞིན་ཡིན་པས་སྙིང་ལ་ཟུག་པ་ལྟར་སྣང་བ་དེ་ལ་དངོས་སུ་ཟུག་རྔུ་ཞིག་ཅང་མཆིའམ་སྟེ་ཅང་མེད་དོ། །འོ་ན་ཅི་ཞེ་ན། ཚིག་དེ་ཉིད་རང་ལ་གནོད་པའི་ངོ་བོར་དང་དུ་བླང་བའི་ཉེར་ལེན་སྒྲ་དོན་འདྲེས་འཛིན་གྱི་རྟོག་པས་ཡང་ཡང་མྱངས་བས་ཕན་ཚུན་གནོད་བྱ་དང་གནོད་བྱེད་རྟེན་དང་བརྟེན་པར་གྱུར་ནས་ཁོང་འཁྲུགས་བཞིན་དེས་བསྐྱེད་པའི་སྡུག་བསྔལ་གྱིས་མནར་བར་འགྱུར་བས་ན། སྲིད་པའི་གནས་འདི་ན་གནོད་པའི་རྒྱུ་ལྟར་སྣང་བའི་བརྡུང་བརྡེག་འཕྲོག་བཅོམ་ངན་སྨྲས་སོགས་སྤྱིའི་འབྲས་བུ་ལུས་སེམས་སྡུག་བསྔལ་མཐའ་ཡས་སུ་སྣང་བ་ཇི་སྙེད་ཐམས་ཅད་བདག་ཉིད་ལས་བྱུང་བ་ཡིན་ཏེ། དཔེར་ན་ཅ་ཅོའི་སྒྲ་བསྒྲགས་པ་དང་བྲག་ཅ་འབྱུང་བ་བཞིན་ཡིན་ཏེ། སྤྱིར་བདག་ཉིད་མ་བྱུང་སྟེ་གཏན་ནས་མེད་ན་ཕ་རོལ་པོས་གནོད་པ་བྱ་བའི་ཡུལ་མེད་པས། རང་གིས་སྔོན་བྱས་རྐྱེན་གྱིས་བོས་ལ་ལྟོས་ཤིག །བཟོད་པ་གནོད་བྱེད་ཀྱི་རྐྱེན་ལས་གྲུབ་ཕྱིར་བརྟགས་ན་གནོད་བྱེད་འདི་ནི་གནོད་པ་ཆེན་པོ་མ་ཡིན་ལ་ཕན་ཆེན་པོ་ཡིན་ཏེ། གནོད་བྱེད་དགྲ་བོ་གང་ལ་བརྟེན་ནས་ཐེག་ཆེན་རྒྱ་མཚོར་བགྲོད་པའི་བཟོད་པའི་གྲུ་གཟིངས་དང༌། དེ་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་ནོར་བུ་རིན་པོ་ཆེ་རང་གཞན་འཕྲལ་ཡུན་གྱི་ཕན་བདེ་དམ་པའི་རྒྱུ་འཐོབ་པར་འགྱུར་བས་ན། བཟོད་པའི་རྒྱུ་དེ་དང་འདྲ་བའི་གནོད་པ་བྱེད་པའི་དགྲ་དེ་བཟོད་པའི་ཞིང་དུ་བསམ་ནས་དམ་པའི་ཆོས་ལྟར་མཆོད་པར་འོས་སོ། །ཆོས་ལ་ངེས་སེམས་ཀྱི་བཟོད་པ་བརྟགས་ཚུལ་ནི། ཤིན་ཏུ་བརྟགས་ཤིང་དཔྱད་ན་རང་ལ་གནོད་པའི་ངོ་བོ་དེ་གནོད་བྱེད་ཡུལ་གྱི་སྟེང་ན་འདུག་གམ། དེས་བྱས་པའི་ལས་ཀྱི་སྟེང་ན་འདུག་གམ། གནོད་བྱ་རང་གི་སྟེང་ན་འདུག་གམ་ཞེས་བརྟགས་ན་གཞན་གང་ནའང་མི་འདུག་སྟེ། སྔར་བཤད་པ་བཞིན་རྐྱེན་སྣ་ཚོགས་ཚོགས་པ་ན་རང་གི་ཉེར་ལེན་སེམས་ཀྱིས་གློ་བུར་དུ་བཟོས་པ་ཙམ་ཡིན་ལ། སེམས་དེ་ཡང་བརྟགས་ན་མཚན་ཉིད་རྒྱུན་ཆགས་སུ་འཛིན་པའི་ནུས་པ་མེད་དེ། དཔེར་ན་ཆུ་ཡི་རི་མོ་ནི་མོད་ལ་བྱུང་ཡང་མོད་ལ་མེད་པ་བཞིན། རྣམ་པར་རྟོག་པ་དང་བཅས་པའི་ཁྲོ་གཉེར་རྩུབ་མོ་རང་རྐྱ་མ་ཐུབ་པར་ཞིག་པའི་མོད་ལ་སེམས་ནམ་མཁའ་བཞིན་དུ་རྣམ་པར་དག་པ་རྣམ་རྟོག་ཐམས་ཅད་དང་བྲལ་བ་ཡེ་སྟོང་ཆེན་པོར་གནས་པ་ལ་ཐོབ་ཤོར་རམ་བླང་དོར་གང་ཡང་མེད་པ་དེའི་ངང་བསྐྱངས་ཏེ་རྐྱེན་དབང་དུ་མ་སོང་བར་བྱ་བ་འདི་ཡང་ཟབ་མོ་དབུ་མའི་ལམ་གྱིས་ཉོན་མོངས་ཆོས་ཉིད་དུ་སྦྱང་ཞེས་པ་དེ་ཡིན་ནོ། །གང་གི་ཕྱིར་ན་བཟོད་པའི་དཀའ་ཐུབ་ལ་གསུམ་སྟེ། ལས་དཀའ་བ་ལ་དང་ལེན་དང༌། གནོད་བྱེད་ལ་ཇི་མི་སྙམ་པ་དང༌། ཆོས་ཉིད་ལ་ངེས་པར་སེམས་པ་སྟེ་འོག་མ་འདི་མེད་ན་གོང་མ་གཉིས་ཡོད་ཀྱང་ལམ་ཙམ་ལས་འཕགས་མི་ནུས་པས་དེ་རྣམས་ཉམས་ཤིང་མེད་ན་སྦྱིན་སོགས་ཕ་རོལ་ཕྱིན་པ་གཞན་ལྔ་ཡང༌། དཔེར་ན་ཕྱི་མཐའ་ཐམས་ཅད་དགྲ་རྐུན་གཅན་གཟན་དུ་མ་ཡིས་བསྐོར་བའི་བཤུལ་ལམ་ལ་དཔུང་གཉེན་མེད་པར་ཞུགས་ཏེ་སོང་ན་རང་འདོད་པའི་སར་ཕྱིན་དཀའ་བ་དེ་བཞིན་དུ་སྦྱིན་སོགས་ལ་བརྟེན་ནས་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བསྒྲུབ་པར་འདོད་ཀྱང་ཇི་ལྟར་འདོད་པའི་དོན་དེ་ཐོབ་པའི་གནས་སུ་ཕྱིན་དཀའ་བས། རང་བསྐུལ་རང་ལ་གདབ་ནས་བློ་སྟོབས་བསྐྱེད་དེ་བསྒོམ་པར་བྱའོ། །དུས་སྐད་ཅིག་ཙམ་ཡང་ཐོས་བསམ་དང་བསླབ་གསུམ་གྱི་ཉམས་ལེན་དེ་ལས་གཡོལ་བ་མེད་པའི་བརྩོན་འགྲུས་ཀྱིས་རང་དབང་ཉིད་དུ་བསྒྲུབ་བྱ་དགེ་བའི་ཆོས་མཐའ་དག །དཔེར་ན་སྐྱེད་མོས་ཚལ་དུ་སྒོ་ང་ལ་ཡིད་གདུང་བའི་ངང་པ་ཁྱོ་ཤུག་བུའི་ནུས་པ་རྫོགས་ཚེ་ཕྱི་བཤོལ་མེད་པར་འགྲོ་བ་བཞིན་དུ། ལེ་ལོ་གསུམ་པོའི་གཡང་ས་ལ་དགེ་བའི་ཕྱོགས་བསྐྱུད་པ་སྟེ་བརྗེད་ནས་ལུས་པ་མེད་པར་འཇུག་པ་གལ་ཆེའོ། །བྱ་བ་ངན་པ་ནི་འཇིག་རྟེན་གྱི་བྱ་བཞག་སྣ་ཚོགས་ལ་ཞེན་ཅིང་སྐྱེ་བོ་མང་པོའི་འདུ་ལོང་དང་འཛི་བ་ནི་འཛིངས་པ་སྟེ། གཉེན་ལ་ཆགས་པས་འབྲེལ། དགྲ་ལ་སྡང་བས་འབྲེལ། ལོངས་སྤྱོད་གསོག་བསྲུང་སྤེལ་བའི་ལས་ཀྱིས་འབྲེལ་ཏེ་དེ་དག་གི་གསེབ་ནས་མི་ཐར་བ་ནི། དཔེར་ན་སྲིན་བུའི་ཁ་ཆུའི་ཐག་པས་རང་ཉིད་དཀྲིས་པ་ལྟ་བུ་དང༌། དཀའ་བ་ལ་སྒྱིད་ལུག་པའི་ལེ་ལོའི་མཐུས་ནོན་ཏེ་དགེ་བ་ལ་སྦྱོར་བའི་ནུས་པའང་བཏང་སྟེ་ཕྱི་བཤོལ་དུ་ལུས་པ་དང༌། བདག་ལྟ་བུས་ག་ལ་ནུས་སྙམ་ནས་བདག་ཉིད་བརྙས་ནས་སེམས་ཞུམ་པའི་བརྟུལ་ཞུགས་དང་དུ་བླངས་པ་དེས་ནི་རང་གི་ཆོས་སྐལ་རང་གིས་བཅད་པ་ཡིན་ནོ། །དེས་ན་དེ་འདྲའི་གང་ཟག་ལེ་ལོ་གསུམ་གྱི་ཉེས་པའི་རྒྱ་མཚོ་བྱིང་བ་ལས་ཐར་པའི་གོ་སྐབས་མེད་དེ། དཔེར་ན་ལྕགས་གཟེར་ཞིག་པའི་གཟིངས་ལ་ཞོན་ན་ཆུ་ངོགས་སུ་མི་ཕྱིན་པ་བཞིན་ནོ། །ཐེག་པ་ཆེན་པོའི་ལམ་གྱི་གེགས་སུ་གྱུར་པའི་བདུད་བཞི་ཡི་དཔུང་ཐམས་ཅད་འཇོམས་པར་བྱེད་པ་དཔའོ་གཡུལ་ལས་རྒྱལ་བར་བྱེད་པ་བློ་སྙིང་སྟོབས་ཀྱི་གོ་ཆ་རྐྱེན་གང་གིས་ཀྱང་མི་ཤིགས་པའི་བརྩོན་འགྲུས་དང༌། ས་བཅུའི་ངོ་བོ་མཐར་ཕྱིན་པར་བྱེད་པ་སློབ་ལམ་བཞི་པོའི་འགྲོས་ཀྱིས་ཚུལ་ཁྲིམས་གསུམ་ལ་རིམ་གྱིས་སྦྱོར་བའི་སྒོ་ནས་ལམ་ལྔ་མཐར་ཕྱིན་པར་བྱེད་པའི་བརྩོན་འགྲུས་དང༌། །སྔར་དམ་བཅས་ནས་བརྩོན་པའི་བསམ་སྦྱོར་གཉིས་པོ་དེ་སླར་ཇེ་ཞན་དུ་སོང་ནས་མི་འགོང་བ་དང༌། རྐྱེན་གང་གིས་ཀྱང་བར་མ་དོར་མི་ལྡོག་ཅིང༌། ལམ་གྱི་ཡོན་ཏན་གང་བྱུང་ཡང་ཆོག་ཤེས་མེད་པ་ཡི་བརྩོན་འགྲུས་ཅན་གྱིས་ནི། གནས་སྐབས་དང་མཐར་ཐུག་གི་སྨོན་པའི་དོན་ཀུན་འགྲུབ་པ་ཐེ་ཚོམ་མེད་དོ། །བདག་གི་ཚེ་འདི་ལ་ནི་ཉིན་མོའི་སྣང་བ་བཞིན་ད་ལྟ་གཉེན་བཤེས་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང༌། ཚེ་ཟད་ཚུལ་ནི་ཉི་མ་ནུབ་རིར་ཕྱོགས་པ་ལྟར་སྐད་ཅིག་སྐད་ཅིག་གིས་མཐར་གྱུར་ཏེ། མྱུར་བ་མྱུར་བར་གྲིབ་སོ་ལྟར་འཆི་བའི་མུན་ནག་གིས་ཚུར་ཚུར་གཏུགས་ཏེ་འཆི་བའི་ཚེ་ན། ལོངས་སྤྱོད་འདི་དག་གིས་འདི་བྱའོ་ཞེས་གཉེན་གྲོགས་རྣམས་ཀྱིས་ཡོ་བྱད་བགོ་བཤའ་བྱེད་ཚུལ་ཡད་ཡུད་ཙམ་མཐོང་བའི་འཁོར་བའི་བྱ་བཞག་འཇིག་རྟེན་གྱི་སྤྱོད་པ་མཚན་མོའི་རྒྱུ་སྐར་ལས་རྣམ་གྲངས་མང་བ་རྣམས་ཀྱིས་རང་ལ་སྔར་བསགས་མེད་ན། ཤུལ་མི་རྣམས་ཀྱིས་དགེ་ཚོགས་ཅི་བྱས་ཀྱང་དེ་ཡིས་བར་དོའི་འཇིགས་སྐྲག་སོགས་ལས་དབུགས་མི་ཕྱིན་ཏེ། སྤྱོད་འཇུག་ལས། གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །ཞེས་སོ། །ལེ་ལོའི་སྐྱོན་གྱིས་འདམ་ཆུ་ལྟ་བུའི་རྙོག་པ་དྭངས་བར་བྱེད་པའི་བརྩོན་འགྲུས་ཀྱི་གྲོགས་དང་བཅས་ནས། ལམ་གྱི་བགྲོད་ཚུལ་དལ་འབབ་སྟེ་ཁ་བབས་ཆུ་བོ་བཞི་ལྟ་བུ་ནི་ཆུ་ཕྲན་ཕྱོགས་སུ་ལྷུང་ནས་སྐམ་པའམ་འཁྱིལ་བར་སྟོན་པ་ལྟ་བུ་མ་ཡིན་པར་རྒྱ་མཚོ་ཆེན་པོར་ངང་གིས་འབབ་པ་བཞིན། རྣམ་པ་ཐམས་ཅད་ཀུན་མཁྱེན་པའི་ཡེ་ཤེས་རྒྱ་མཚོ་ཆེན་པོར་ཕྱིན་པ་དེ་སྲིད་དུ་རྟག་པར་ཐང་ལྷོད་མེད་པའི་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་དྲག་པོས་འབྲས་བུའི་སར་གཡོ་ཞིང་མྱུར་བའི་སྒོ་ནས་བགྲོད་པའི་བརྟུལ་ཞུགས་ཉམས་པར་མི་བགྱིད་དོ། །གང་དུ་གཞི་ཐམས་ཅད་རྩྭ་ལྗང་དང་ལྡུམ་བུའི་རིགས་སྣ་ཚོགས་ཀྱིས་བཀབ་པ་ལ་རྨ་བྱའི་མགྲིན་པ་ལྟ་བུའི་ཁ་དོག་ཤིན་ཏུ་ལེགས་པའི་ནགས་ཚལ་ཡལ་འདབ་མེ་ཏོག་སྣ་ཚོགས་པས་མཛེས་པར་སྤུད་ཅིང་ཉམས་དགའ་བར་འཁྲིགས་པའི་གནས་སུ་རླུང་བསིལ་བུའི་རྐྱེན་གྱིས་དྲི་བཟང་པོའི་ངད་ཕྱོགས་ཀུན་ཏུ་ལྡང་པའི་སྨན་ལྗོངས་དེར་ནི། འབབ་ཆུ་བསིལ་བའི་སྒྲ་ཧ་ཅང་མི་རྩུབ་པ་སྙན་པར་འབབ་ཅིང༌། མཚམས་མཚམས་སུ་མཚོ་ལྟེང་ཀ་ནེ་སེང་སོགས་མུ་ཁྱུད་ཅན་ལ་ངང་པ་དང༌། དུར་པ་ལ་སོགས་པས་སྐད་སྙན་སྒྲོག་ཅིང་སྤྱོད་ལམ་ཤིན་ཏུ་ཞི་བ་མང་པོས་བསྟེན་པར་བྱས་ཤིང༌། རི་ཡི་ངོས་རྣམས་སུ་ལྟ་ན་སྡུག་པ་བྲག་རིའི་ངོས་འཇམ་ཞིང་ཁ་དོག་སྣུམ་པའི་དཀྱིལ་ན་རང་བྱུང་གི་ཕུག་པ་དང༌། སྟེང་འོག་རྣམས་སུ་བྲག་ཐེམ་དང་རི་མོ་བཀྲ་ཞིང་ཁ་དོག་ཕྱེད་པའི་དབྱིབས་ལྟ་བུའི་ཕ་གུ་དང༌། རྟ་བབས་ཀྱི་རྣམ་པ་ཅན་གྱིས་མཛེས་པའི་སྤོ་ན་བྱ་དང༌། ངོས་དང་གཤམ་རྣམས་སུ་རི་དྭགས་གཞོན་ནུ་འགྲོགས་ན་བདེ་བས་མཛེས་པ་ཡོད་དོ། །རང་བཞིན་སྙིང་ལ་དགའ་བ་བསྐྱེད་པའི་ནགས་ཚལ་ལྷ་མོ་ལྟ་བུ་གཟུགས་མཛེས་པའི་རྐེད་ཆིངས་ནི། ཤིང་བལ་གཞོན་ནུས་ལུ་གུ་རྒྱུད་དུ་སྤྲེལ་བའི་དྲྭ་ཕྱེད་གཡོ་བ་ན། འཚེ་བ་ལ་དོགས་པས་སྐྲག་པ་མིན་པའི་ཁུ་བྱུག་གི་ཚོགས་རྣམས། འཁོར་བར་སྐྱོ་བའི་གཏམ་གྱི་སྤྲིང་ཡིག་གསར་པའི་སྐད་སྙན་འགྲེམས་པར་བྱེད་དོ། །དེ་ལྟ་བུའི་ཆོས་མཐུན་གྱི་དགའ་བའི་ལོངས་སྤྱོད་མང་པོས་བརྒྱན་པའི་དབེན་གནས་དེ་རུ་གཤེགས་ཤིག་སུ་ཞིག་ན་བསམ་གཏན་བསྒོམ་པར་འདོད་པ་རྣམས་སོ། །ཅིའི་ཕྱིར་ན། འཇིག་རྟེན་གྱི་ལོངས་སྤྱོད་གློ་བུར་བ་མི་རྟག་ཅིང་སྤྲིན་གྱི་བླ་རེ་ལྟ་བུའི་ནང་ཤེད་ན། སྐྱེས་བུ་རྣམས་ཀྱི་ཚེ་བརྟན་ཅིང་སྲོག་འཚོ་བའི་རྐྱེན་དུ་ཕན་པར་རློམ་ནས་རོལ་ཞིང་སྤྱོད་ནའང༌། སྣང་བ་ཙམ་ལས་མེད་པའི་གློག་གི་འགྱུར་བ་ནི་སྐད་ཅིག་གིས་གཡོ་ཞིང་འདར་ནས་ཟད་པར་འགྱུར་བ་ལས་ཡུད་ཙམ་སྡོད་ལོང་མེད་པའི་གནས་སྐབས་ལྟ་བུ་འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་གསུམ་གྱི་ཆོམ་རྐུན་ལྟ་བུ་དཀྱུ་ཞིང་འགྲོ་བས་མནར་བར་བྱེད་ཅིང༌། ཁྱད་པར་འདི་ཕྱི་གཉིས་ཀར་ཕུང་ཀྲོལ་དུ་མ་སྐྱེད་པར་བྱེད་པ་ནི་དཔེར་ན་རྦ་རླབས་འཁྲུགས་པའི་ཆུ་ཀླུང་ཅ་ཅོ་ཅན་བཟློག་ཏུ་མེད་པར་རྒྱ་མཚོར་འགྲོ་བ་ལྟར། སྐྱེ་བོ་རྣམས་ལོངས་སྤྱོད་གསོག་པ་དང༌། སྲུང་བ་དང༌། སྤེལ་བ་གསུམ་གྱི་ངལ་དུབ་སོགས་སྡུག་བསྔལ་དྲག་པོས་གདུང་བའི་ངང་ལ་འདོད་པས་ཆོག་མི་ཤེས་པའི་རྣམ་རྟོག་ངན་པས་རྒྱུད་འཁྲུགས་པ་དང༌། ལོངས་སྤྱོད་འབྱོར་པ་ཅུང་ཡོད་པས་ཁེངས་ཤིང་ཕ་རོལ་ཁྱད་དུ་གསོད་པ་དང༌། དེ་ནས་ཁ་བྲི་ཡི་དོགས་ནས་འཇུངས་པ་དང༌། རང་གི་ཁ་ཟས་རྒྱན་གོས་ཙམ་ཡང་སྤྱོད་མི་བྲ་བའི་སེར་སྣས་བདས་བཞིན་ཚེ་ཡི་མཐར་གཏུགས་ནས་རྒྱུ་དེས་འབྲས་བུ་ངན་འགྲོའི་ཆུ་གཏེར་མུ་མཐའ་མེད་པར་འཁྱམས་སོ། །རྒྱུད་མི་དྲང་བའི་བསམ་པ་གྱ་གྱུ་བའི་གཡོ་དང༌། གཞན་བསླུ་སེམས་ཀྱི་སྒྱུའི་རང་བཞིན་དཔེར་ན་དབྱར་དུས་ཀྱི་ཆར་སྤྲིན་ལྟ་བུ་བརྣག་པའི་མི་དགེ་བའི་བསམ་སྦྱོར་གྱིས་རིན་ཐང་ཅན་གྱི་ལོངས་སྤྱོད་ཀྱི་དངོས་པོ་ནོར་ནི་ཇི་ཙམ་འབྱོར་བཞིན་འདི་ཕྱི་ཀུན་ཏུ་སྡུག་བསྔལ་དཔག་ཏུ་མེད་པའི་རྒྱུ་ཡིན་ནོ། །དེས་ན་ཡོ་བྱད་བསྙུངས་བ་རྣམས་ལ་དགྲ་རྐུན་འཚེ་བས་སྤང་ཞིང༌། ཆོག་ཤེས་ཐོབ་པ་ནི་འབྱོར་པའི་རྩེ་མོར་འགྲོ་བ་ཡིན་ནོ། །སོ་སོའི་སྐྱེ་བོའི་ནང་ནས་ཕལ་བ་བླུན་པོའི་རང་བཞིན་ནི་བྱིས་པ་མ་རབས་ཞིག་སྟེ། འདི་ལྟར་བྱིས་པ་རྣམས་ཀྱི་རྒྱུད་ནི་བསམ་སྦྱོར་ཕྱི་ན་ཅི་ལོག་གི་ཉེས་པའི་སྤྲིན་གྱིས་འཁྲིགས་པ་ཡིན་ཏེ། བདག་ཉིད་བསྟོད་ཅིང་གཞན་ལ་མི་སྙན་པར་སྒྲོག་པ་དང༌། ཉོན་མོངས་པའི་དུག་གིས་ཁོག་པ་གང་ཞིང་བསམ་སྦྱོར་སྦྲུལ་གདུག་གི་ལྕེ་བཞིན་བསམ་སྦྱོར་རྩུབ་མོའི་ཉམས་བག་ལ་རྟག་ཏུ་བསྟེན་ནས་སྡིག་པ་མི་དགེ་བ་འཕེལ་བའི་འཇིག་རྟེན་པའི་དཔལ་འབྱོར་གཡོ་བ་སྙིང་པོ་མེད་པ་གང་ལའང་རྟག་པར་སེམས་ནས། དགེ་བའི་བཤེས་གཉེན་སོགས་ཀྱིས་ཕན་པ་ཅི་བྱས་པ་ལ་ཡང་དྲིན་དུ་མི་གཟོ་ཞིང༌། ཆོས་མཐུན་གྱི་བསམ་སྦྱོར་བཟང་པོ་ཅི་བྱས་ཀྱང་མགུ་བའི་གཟུགས་བརྙན་ཕྱིན་ཅི་ལོག་ཏུ་འཁྱོག་སྟེ་ཁྲོ་ནས་མི་དགའ་བའི་རྣམ་འགྱུར་སྟོན་ཏོ། །འཁོན་གྱི་ཟུག་རྔུ་མེ་ལྕེ་ལྟ་བུ་ཅུང་ཟད་ཡོད་པའང་ཕྲ་མའི་ངག་སྦྱོར་རླུང་ཆེན་དག་གིས་བསྐྱོད་དེ་འཐབ་པར་བྱེད་པ་དང༌། རང་བཞིན་མི་བརྟན་ཅིང་སྤྲེའུ་བཞིན་དུ་སྤྱོད་པ་ཐམས་ཅད་ཆོས་དང་འགལ་བས་གནོད་པའི་རྒྱུ་མི་དགེ་བ་སྣ་ཚོགས་པ་སྟེར་བ། ཆུ་སྲིན་ཁ་གདངས་པའི་ནང་སྲོག་ཆགས་སྣ་ཚོགས་རྔུབ་སྟེ་ལྟོ་བར་ཆུད་པ་བཞིན་དུ་སྡིག་པའི་ལས་སྣ་ཚོགས་བསྒྲུབ་པའི་སེམས་ཀྱི་ལྟོ་བ་ཡངས་པ། དུག་རླངས་འཐུལ་བའི་སྦྲུལ་གདུག་བཞིན་དུ་སུ་དང་ཕྲད་པ་འཇོམས་ཤིང༌། ཁོང་ཁྲོ་ལ་སོགས་པའི་དབང་གིས་མེ་ཆེན་པོ་བཞིན་དུ་རང་བཞིན་དུ་རང་གཞན་གྱི་རྒྱུད་ཀྱི་དགེ་བའི་ལྗོན་ཤིང་བཟང་པོ་ཐམས་ཅད་སྐད་ཅིག་ཡུད་ཙམ་ལ་སྲེག་པར་འགྱུར་བའི་ཕྱིར་ན། ཐ་ཆད་ཀྱི་བྱིས་པའི་གྲོགས་པོ་ངན་པ་ལས་རིང་དུ་བསྲིང་བར་བྱའོ། །འདོད་པའི་ཡུལ་གཟུགས་སོགས་དྲུག་ལ་དབང་པོ་དྲུག་གཡོ་ཞིང་སྤྱོད་པ་ནི། རྣོ་མྱུར་དུག་ལས་ཐུ་སྟེ་དུག་གིས་སྲོག་གཅིག་ཁོ་ནར་ཉེན་ཆེ་ཞིང་སྔགས་སྨན་རྣམས་ཀྱིས་མ་ཟིན་ན་འདོར་ལ། འདིས་ནི་ཚེ་རབས་སུ་ངན་འགྲོར་མནར་བའི་རྣམ་སྨིན་ཤིན་ཏུ་རྩུབ་སྟེ། དུག་ནི་སྤྱད་པའི་མོད་ལ་བདའ་བའི་རོ་མངར་བ་སོགས་བྲོ་ཞིང་མྱོང་ཟིན་ཚེ་སྡུག་བསྔལ་ན་ཡང་སྔགས་སྨན་སོགས་ཀྱིས་གསོ་རུང་ཞིང༌། ཡུལ་ལ་སྤྱད་པའི་ཉེས་པས་ནི་ཚེ་རབས་གཅིག་མིན་ལ་སྐྱེ་བ་མང་པོའི་དུས་ཐམས་ཅད་དུ་སྡུག་བསྔལ་ཞིང༌། ཉེས་པ་དེ་ནི་གསང་སྔགས་མཆོག་དང་བཞི་བརྒྱ་རྩ་བཞི་སེལ་བའི་སྨན་གྱིས་ཀྱང་གསོར་མི་རུང་བས། སོ་སྐྱེ་གང་ཞིག་ཡུལ་གྱི་འདོད་ཡོན་དུག་གིས་མྱོས་པའི་སེམས་ཀྱི་གླང་པོ་ཆེ་ལྷག་མཐོང་གིས་མ་དུལ་བར་དུ། སླུ་བར་བྱེད་པའི་ཡུལ་གྱི་ཉེས་དམིགས་མངོན་དུ་མི་མཐོང་བས་ཡོན་ཏན་དུ་བརྫུ་ཞིང་བསླུ་ཐབས་སྣ་ཚོགས་ཀྱི་རྫུ་འཕྲུལ་ལ་ཡུལ་ལས་ཆེ་བ་མེད་དེ། ནམ་ཞིག་གཟུགས་ཀྱི་ཕུང་པོའི་འདུ་བྱེད་ཞིག་སྟེ་ཤི་བས་ཁྱོགས་ལ་བཞག་ནས་མི་བཞིས་བཏེགས་པའམ། ཕྱུགས་སོགས་ལ་བཀལ་ཏེ་དུར་ཁྲོད་དུ་མ་བསྐྱལ་གྱི་བར་དེ་སྲིད་དུ་འདུ་འཛིའི་རྣམ་གཡེངས་ཞི་བའི་ནགས་མཐོང་སོགས་དབེན་གནས་དག་ལ་བསྙེན་པར་མཛོད་ཅེས་གདམས་པའོ། །རྒྱང་གྲགས་ཕྱེད་དམ་གྲོང་ཟད་པའི་མཚམས་བས་མཐའ་དང༌། གྲོང་ལས་རྒྱང་གྲགས་ཡན་ཆད་འཕགས་པའི་འབྲོག་དགོན་ནི། སེམས་བརྩེ་བ་མེད་པས་ཡིད་དུ་འོང་ཞིང་སྐྱོ་ཤས་འཕེལ་བ། ཚོང་དང་ཞིང་ལས་ལ་སོགས་སོ་ནམ་དང་བསམ་སྦྱོར་ངན་པའི་སྡིག་པའི་གྲོགས་ལ་སོགས་རྣམས་ཀྱིས་སྤངས་ཏེ་མེད་པ་དང༌། དཔྱ་འབེབས་པ་སྟེ་འུ་ལག་ཏུ་འདེད་པ་དང༌། ཁྲལ་འཇལ་བ་དང༌། བྲན་གཡོག་སོགས་གཞན་གྱི་ནུས་པ་ལ་བརྟེན་ནས་འཚོ་དགོས་པ་ཞོ་ཤས་འཚོ་བ་ལ་སོགས་པའི་བྲེལ་བས་མི་གདུང་ཞིང༌། དེ་ན་འཁོད་པའི་བྱ་དང་རི་དྭགས་རྣམས་ནི་བག་ཕེབས་པ་ལས་མི་སྙན་པ་སྒྲོག་པ་མེད་ལ། ཆུ་གཙང་དང་འབྲས་བུ་དང་རྩ་བ་སྡོང་བུ་མྱུ་གུ་ལོ་མ་ཡལ་འདབ་ལ་སོགས་པ་འཕགས་པ་དགྱེས་པའི་ཉེར་སྤྱོད་རྒྱ་ཆེ་ལ། རང་བྱུང་གི་བྲག་རིའི་ཕུག་དང༌། ལོ་མའི་སྤྱིལ་བུའི་ཁང་བཟང་སྤྱོད་ལམ་བཞི་ཤོང་བས་ཡངས་པ་དང༌། ལྗོན་པའི་ཤིང་གི་གྲིབ་བསིལ་སོགས་ཉམས་དགའ་ཞིང་འགྲོགས་ན་བདེ་བ་དེ་དང་མཐུན་པར་ནམ་ཞིག་བདག་ནི་ལྷན་ཅིག་གནས་པར་འགྱུར་ན་ཅི་མ་རུང་བསམ་མོ། །ཕུན་སུམ་ཚོགས་པའི་གནས་དེ་རུ་བསྡད་ན་ཕྱི་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ནི། དཔེར་ན་མགྲོན་པོ་སྔ་མ་སྔ་མའི་རྗེས་ལ་ཕྱི་མ་ཕྱི་མ་གསར་དུ་སླེབས་ཏེ་བརྗེས་པ་ལྟ་བུ་ཡིས་ཤིང་རྣམས་མདོག་རིམ་གྱིས་དུས་སུ་འཕོ་འགྱུར་མངོན་རྟོགས་ངོམ་པའི་ནགས་ཚལ་རྣམས་ཀྱིས། རང་ཉིད་ཉོན་མོངས་པའི་རྐྱེན་མ་ཡིན་པར་རྒྱལ་བའི་བཀའ་ལ་གཏན་ཚིགས་སུ་བྱས་ཏེ། གོམ་བདུན་ཕྱོགས་པའི་བསོད་ནམས་ཚད་མེད་དོ་ཞེས་སྒྲོག་པ་ལ་ལྟོས་ཤིག་ཅེས་རབ་བཏགས་ཀྱི་རྒྱན་དུ་སྦྱར་ནས་བསྔགས་ཏེ། ཏིང་འཛིན་རྒྱལ་པོ་ལས། གང་ལ་ལ་ཞིག་གིས་སངས་རྒྱས་ཐམས་ཅད་ལ་བསྐལ་པའི་བར་དུ་མེ་ཏོག་དང༌། བདུག་སྤོས་དང་ཞལ་ཟས་དང་བདེ་བར་སྦྱར་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པར་མཆོད་པ་བས། རབ་ཏུ་སྐྱོ་བའི་སེམས་ཀྱིས་དགོན་པར་ཕྱོགས་ཏེ་གོམ་བདུན་ཙམ་བོར་ན། འདི་དེ་བས་ཀྱང་ཆེས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་དེ། ལུས་དང་སྲོག་ལ་བལྟ་བ་རབ་སྤོངས་ལ། །སྟོང་པ་ཞི་བ་མཆོག་ཏུ་གོམས་པར་གྱིས། །⁽1498⁾བརྩོན་ཞིང་རབ་ཏུ་བརྩོན་པའི་ཡིད་ཀྱིས་ཀྱང༌། །རི་དྭགས་བཞིན་དུ་དགོན་པར་གནས་པར་གྱིས། །ཞེས་སོ། །དབེན་གནས་གང་དུ་བསམ་གཏན་ལ་མཉམ་པར་འཇོག་པ་ཤིན་ཏུ་སྟེ་སྐད་ཅིག་ཀྱང་མི་ཡེངས་པར་བསྟེན་པ་ནི། ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་དེ། རྟེན་འབྲེལ་ལུས་ལ་བསྒྲིགས་ནས་འདུག་ཚུལ་ལེགས་ན་རྩ་དང་རླུང་དྲང་བའི་གནད་ཀྱི་རྟེན་ཅིང་འབྲེལ་འབྱུང་ལས་རྟོགས་པ་སེམས་ལ་འཆར་བར་འགྱུར་བས་ལུས་ཀྱི་ཆོ་ག་སྟེ་འདུག་ཚུལ་གྱི་བྱ་བ་ནི། སྟན་བདེ་བ་ལ་རྣམ་སྣང་ཆོས་བདུན་གྱིས་འདུག་པར་བྱ་སྟེ། རྐང་པ་སྐྱིལ་ཀྲུང་ངམ་སྐྱིལ་ཀྲུང་ཕྱེད་པ་བཅའ། མིག་འབྱེད་འཛུམ་རན་པར་སྣ་རྩེར་གཏད། ལུས་དགྱེ་སྒུར་དང་གཡས་གཡོན་རྣམས་སུ་མ་ཡོ་བར་དྲང་པོར་བསྲང༌། ཕྲག་པ་མཐོ་དམན་མེད་པ་ཉིད་དུ་མཉམ་པར་བཞག །མགྲིན་པ་ཅུང་ཟད་བཀུག་ལ་སྣ་དང་ལྟེ་བ་དྲང་པོར་བསྟུན། ལྕེ་ཡང་སོ་ཡི་དྲུང་དུ་བཞག །དབུགས་འབྱིན་འཇུག་རང་བབས་སུ་དལ་བར་བྱ་བ་སྟེ། དེ་ནི་སེམས་ཀྱི་སྲོག་ཤིང་ཅན་ཞེས་སྲོག་ཤིང་བཙུགས་པ་བཞིན་གཞན་དུ་མི་འཕྲོ་བའི་ཐབས་སོ། །དམིགས་ཡུལ་གང་ལ་སེམས་འཛིན་པ་དེ་གཅིག་པུ་ལས་མི་དགེ་བ་དང་ལུང་མ་བསྟན་ལྟ་ཅི་དགེ་བའི་དམིགས་པ་གཉིས་པ་ལའང་གཏད་པ་མ་ཡིན་པར་དམིགས་ཡུལ་དེ་ཁོ་ན་ལ་སེམས་ཆ་མཉམ་པར་བཞག་པ་ལ་བརྩོན་དགོས་ཏེ། དེ་ཡང་འདི་ལྟར་གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པའི་དམིགས་པ་གང་ཡང་རུང་བའི་དོན་ལ་རྩེ་གཅིག་ཏུ་འཛིན་པ་དང༌། སྐབས་སྐབས་སུ་དཔྱད་པའི་སྟོབས་ཀྱིས་ཡིད་ནི་དགེ་བའི་དོན་ལ་རྣམ་པར་བཅིང་ཞིང་དཔྱད་འཇོག་སྤེལ་མར་བྱ་སྟེ། ལས་དང་པོ་པས་རྟེན་སྐུ་གཟུགས་སོགས་ལ་བློ་གཏད་ཅིང་འདས་འོང་སོགས་མཚན་ཉིད་གཞིག་ལ། དེ་ནས་རིམ་པར་ཡུན་བསྲིངས་ཏེ་བསྒོམས་པས་མཐར་རྣམ་པར་རྟོག་པའི་འཛིན་སྟངས་ཀྱི་སྤྲོས་པའི་སྣང་བ་ཐམས་ཅད་ཆོས་ཉིད་སྟོང་པའི་རང་བཞིན་གཅིག་ཏུ་ནུབ་ཅིང༌། དེ་ཡང་སྣང་ཆ་འགག་པས་ཕྱང་ཆད་དུ་མ་ཡིན་པར་ཡུལ་སྣང་གཟུགས་སོགས་མ་འགགས་ཀྱང་དངོས་པོ་མེད་པའི་ལྟ་བ་མཚན་ཉིད་མ་གྲུབ་པ་ལྟར་དཀའ་བའི་ཕྱིར་དེར་འཛིན་མེད་པ་ཡིན་ནོ། །དེ་ལྟ་བུའི་ངང་ལ་བྱིང་རྒོད་སྐྱོན་གྱིས་མི་འཕྲོག་པའི་ཤེས་པ་ཡུལ་ལ་མི་རྟོག་པར་རྩེ་གཅིག་ཏུ་གནས་པའི་ཆ་མཉམ་བཞག་གམ་ཞི་གནས་ཡིན་ལ། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་རང་བཞིན་ཡོངས་སུ་ཤེས་པའམ། ནང་སེམས་ཉིད་ཙམ་ལའང་མ་ཞེན་པའི་ཆ་ནི་རྗེས་ཐོབ་བམ་ལྷག་མཐོང་སྟེ། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་པའོ། །དེ་ལ་ནང་གསེས་ཀྱིས་དབྱེ་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལམ་ལ་ཉེ་བར་སྤྱོད་པའི་བསམ་གཏན་དང༌། དོན་རབ་ཏུ་རྣམ་པར་འབྱེད་པ་མཐོང་ལམ་གྱི་རྒྱུར་གྱུར་པའི་ལམ་ཞུགས་འཇིག་རྟེན་པའི་རྒྱུད་ཀྱི་བསམ་གཏན་དང༌། འཕགས་པའི་ལམ་ལ་ཞུགས་པའི་རྒྱུད་ཀྱི་དེ་བཞིན་གཤེགས་དགེའི་བསམ་གཏན་སྟེ་རྣམ་པ་གསུམ་དང༌། ཡང་རྟོག་པ་དང་དཔྱོད་པ་དགའ་བདེ་རྣམས་ཡོད་མེད་ཀྱི་མུ་བཞིའི་དབྱེ་བས་བསམ་གཏན་དང་པོ་སོགས་བཞི། དེ་བཞིན་ནམ་མཁའ་མཐའ་ཡས་སོགས་གཟུགས་མེད་བཞི་སྟེ་རྣམ་པའི་གྲངས་སྙོམས་འཇུག་བརྒྱད་རྣམས་ཡོད་པ་ཡིན་ནོ། །ཐེག་གསུམ་གང་རུང་གི་ལམ་ལ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་དང༌། གཟུགས་མེད་བཞི་སྟེ་བརྒྱད་པོ་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱ་བ་ཡིན་ནོ། །བསམ་གཏན་བཞི་པོ་འདི་དག་གི་དོན་ཅུང་ཟད་ཕྲལ་ཏེ་བཤད་ན། བསམ་གཏན་བཞི་དང༌། གཟུགས་མེད་བཞི་ལས། དང་པོ་བསམ་གཏན་ལ་ཉེར་བསྡོགས་དང་དངོས་གཞི་གཉིས་ལས། དང་པོ་ཉེར་བསྡོགས་ལ་བསྒོམ་ཚུལ་མང་ཡང༌། འཇིག་རྟེན་པའི་ལམ་རྐྱང་པ་ལ་ཞི་རགས་ཀྱི་རྣམ་པ་ཅན་དུ་བསྒོམ་པ་ཤས་ཆེ་བས་དེ་ལྟར་ན། དང་པོ་འདོད་པའི་སེམས་ནི་རགས་པ་དང༌། མ་ཞི་བ་དང༌། མཚན་མར་དམན་པར་བལྟས་ནས་བསམ་གཏན་དང་པོ་ནི། དེ་བས་ལྷག་པར་ཡང་ཞི་བ་དང༌། བདེ་བ་གྱ་ནོམ་པའོ་སྙམ་ནས་ཐོས་བསམ་འདྲེས་མའི་ཚུལ་གྱིས་ཡང་དང་དང་དུ་ཡིད་ལ་བྱས་པས་ནམ་ཞིག་ཐོས་བསམ་ལས་འདས་ནས་སྒོམ་བྱུང་དུ་སོང་སྟེ། འདོད་པའི་ཉོན་མོངས་ཆེ་འབྲིང་དྲུག་སྤངས་པའི་བར་ནི་བསམ་གཏན་གྱི་ཉེར་བསྡོགས་སོ། །དེ་ནས་འདོད་པའི་ཉོན་མོངས་པ་ཆུང་ངུ་གསུམ་སྤངས་པའི་ཚེ་ན་བསམ་གཏན་དངོས་གཞིའི་སེམས་ཐོབ་པའོ། །བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་དང༌། ཏིང་ངེ་འཛིན་དང་ལྔའོ། །རྟོག་དཔྱོད་གཉིས་ནི་མཛོད་ལས། རྟོག་དང་དཔྱོད་པ་རྩིང་ཞིབ་ཉིད། །ཅེས་པ་ལྟར་སེམས་ཏིང་ངེ་འཛིན་སྐྱོན་མེད་དུ་གནས་མི་གནས་རགས་པར་རྟོག་པ་དང༌། ཞིབ་པར་དཔྱོད་པ་དང༌། སེམས་ཏིང་ངེ་འཛིན་ལ་གནས་པས་ཡིད་ཤེས་བདེ་བས་ཁྱབ་པ་དགའ་བ་དང༌། དེའི་སྟོབས་ཀྱིས་ལུས་ལ་ཤིན་སྦྱང་གི་བདེ་བ་སྐྱེས་པ་བདེ་བ་དང༌། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་གནས་པ་ཏིང་ངེ་འཛིན་ནོ། ༈ བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། རབ་དྭངས་དང༌། དགའ་བ་དང༌། བདེ་བ་དང༌། ཏིང་ངེ་འཛིན་ནོ། །དྲན་པ་དང་ཤེས་བཞིན་དང་བཏང་སྙོམས་ཀྱི་ངོ་བོ་ཡིན་ཡང་འདིར་དགའ་བའི་གཡོ་བ་དང་མ་བྲལ་བའི་ཕྱིར་རབ་དྭངས་གི་སྒྲས་བསྟན་ཏོ། །ལྷག་མ་གསུམ་ནི་སྔར་བཞིན་ནོ། ༈ བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བད་ེ་བ་དང༌། བཏང་སྙོམས་དང༌། དྲན་པ་དང༌། ཤེས་བཞིན་དང༌། ཏིང་ངེ་འཛིན་དང་ལྔའོ། །བདེ་བ་ནི་སྔར་དང་འདྲ་ལ། བཏང་སྙོམས་ནི་སེམས་བྱིངས་རྒོད་མེད་པར་གནས་པའི་ཚེ་རང་བབས་སུ་འཇོག་པའོ། །དྲན་པ་ནི་ཏིང་ངེ་འཛིན་མི་བརྗེད་པའོ། །ཤེས་བཞིན་ནི་བྱིང་རྒོད་ལ་སོགས་བྱུང་མ་བྱུང་རྟོག་པའོ། །ཏིང་ངེ་འཛིན་ནི་སྔར་ལྟར་རོ། ༈ བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། དྲན་པ་དང༌། ཚོར་བ་བཏང་སྙོམས་དང༌། འདུ་བྱེད་བཏང་སྙོམས་དང༌། ཏིང་ངེ་འཛིན་ནོ། །དྲན་པ་དང་ཏིང་ངེ་འཛིན་སྔར་དང་འདྲ་ལ། །ཚོར་བ་བཏང་སྙོམས་ནི་ལུང་མ་བསྟན་ནོ། །འདུ་བྱེད་བཏང་སྙོམས་ནི་སྔར་དང་འདྲའོ། །དེ་ཡང་རྟོག་དཔྱོད་ལ་སོགས་ཡན་ལག་ལྔ་དང་ལྡན་པ་ནི་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ་ཡིན་ལ། དེ་ལས་རྟོག་པ་མེད་ལ་དཔྱོད་པ་དང་བཅས་པ་ནི་དངོས་གཞི་ཁྱད་པར་ཅན་ནོ། །རྟོག་དཔྱོད་གཉིས་ཀ་སྤངས་པ་ནི་བསམ་གཏན་གཉིས་པའོ། །རྟོག་དཔྱོད་དགའ་བ་གསུམ་སྤངས་པ་ནི་བསམ་གཏན་གསུམ་པའོ། །དེ་གསུམ་བདེ་བ་དང་བཞི་སྤངས་པ་ནི་བསམ་གཏན་བཞི་པའོ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་བསམ་གཏན་དང་པོའི་ཉེར་བསྡོགས་ཡང་དག་པ་དེས་ཀྱང་ལྷག་མཐོང་གི་རྟེན་བྱས་པས་ན་ཉེར་བསྡོགས་མི་ལྕོགས་མེད་ཅེས་བྱ་ལ། ཉེར་བསྡོགས་དེ་དང༌། དང་པོའི་དངོས་གཞི་ལ་ཙམ་ཁྱད་གཉིས། ལྷག་མ་གསུམ་དང༌། དྲུག་ལ་བསམ་གཏན་ས་དྲུག་ཞེས་བྱའོ། །གཉིས་པ་གཟུགས་མེད་རྣམས་ནི་ཡན་ལག་གི་དབྱེ་བ་མེད་པས་དམིགས་རྣམ་གྱིས་འབྱེད་དེ། བསམ་གཏན་བཞི་པ་ཐོབ་པ་དེས་གྲུ་བཞི་ཟླུམ་པོ་ལ་སོགས་པ་དབྱིབས་ཀྱི་འདུ་ཤེས་དང༌། དཀར་སེར་དམར་ལྗང་སོགས་ཁ་དོག་གི་འདུ་ཤེས་དང༌། རི་དང་ཁང་ཁྱིམ་ལ་སོགས་ཐོགས་རེག་གི་འདུ་ཤེས་གསུམ་ཀ་བཀག་ནས་ཆོས་ཐམས་ཅད་ནམ་མཁའ་ལྟར་བསྒོམས་པ་གཟུགས་ཀྱི་འདུ་ཤེས་ཐམས་ཅད་ལས་འདས་ནས་ནམ་མཁའ་ལྟ་བུའི་ངང་དུ་གནས་པ་ནི་ནམ་མཁའ་མཐའ་ཡས། ནམ་མཁའ་ཙམ་དུའང་འཛིན་པ་སྤངས་ནས་ནམ་མཁའོ་སྙམ་བྱེད་རྣམ་ཤེས་ཙམ་གྱི་ངང་དུ་གནས་པ་ནི་རྣམ་ཤེས་མཐའ་ཡས། རྣམ་ཤེས་ཙམ་དུའང་འཛིན་པ་སྤངས་ནས་ཅི་ཡང་མེད་དོ་སྙམ་དུ་གནས་པ་ནི་ཅི་ཡང་མེད་པ། ཅི་ཡང་མེད་དོ་སྙམ་དུ་འཛིན་པ་ཡང་སྤངས་ནས་ཅི་ཡང་མེད་དོ་སྙམ་མཁན་གྱི་འདུ་ཤེས་བརྟགས་ནས། འདུ་ཤེས་ཀྱི་འགྱུ་བ་རགས་པ་ཐམས་ཅད་བཀག་ནས། འདུ་ཤེས་ཕྲ་མོ་ཙམ་ལ་གནས་པ་ནི་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །འདི་ལ་ཡོད་མིན་མེད་མིན་ཡང་ཟེར་རོ། །ཐེག་གསུམ་གང་རུང་གི་ལམ་ལ་ཞུགས་པའི་གང་ཟག་ཚོགས་ལམ་དང་སྦྱོར་བའི་ལམ་དུ་ལྷག་མཐོང་དང་འབྲེལ་བར་བསྒོམ་པའི་ཏིང་འཛིན་གྱིས། ཐར་པ་མཐོང་ལམ་མངོན་དུ་བྱེད་པ་དོན་རབ་འབྱེད་པའི་བསམ་གཏན་ཞེས་རྒྱུ་ལས་འབྲས་མིང་དུ་བཏགས་པར་གྲགས་སོ། །བྱང་ཆུབ་སེམས་དཔའི་འཕགས་ལམ་གྱི་ཡེ་ཤེས་དང་པོའི་ས་རབ་ཏུ་དགའ་བ་ཡན་ཆད་འཕགས་པའི་ཏིང་འཛིན་ཏེ། དེ་དག་གི་རང་བཞིན་ཟག་པ་མེད་པའི་ཡེ་ཤེས་ཡིན་པས་ཕྱི་མ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཞི་ལྷག་མཐར་ཕྱིན་པས་ཟག་མེད་ཀྱི་དགེ་བ་ཡིན་ནོ། །བསམ་གཏན་དེ་དག་ཀུན་ཀྱང་ངོ་བོ་ནི་ཕྱི་རོལ་དུ་མི་གཡེང་བར་ནང་དུ་སེམས་རྩེ་གཅིག་ཏུ་འཛིན་པ་ཡིན་ལ། དེ་འགྲུབ་པ་དང་མཐར་ཕྱིན་པའི་རྒྱུ་ནི་དམིགས་རྣམ་མི་བརྗེད་པའི་དྲན་པ་རྒྱུན་ཆགས་པ་དང་སྤྲོ་བའི་བརྩོན་འགྲུས་ཀྱི་རྐྱེན་ལ་ལྟོས་པ་ཅན་ཡིན་ནོ། །རྩེ་གཅིག་པའི་དྲན་པ་ཉམས་ནས་ཕྱི་རོལ་དུ་རྣམ་པར་གཡེངས་པར་གྱུར་ན། དེ་མ་ཐག་ཤེས་བཞིན་གྱིས་ཟིན་པར་བྱས་ཏེ་བརྩོན་འགྲུས་ཀྱིས་སླར་ཡང་དམིགས་པ་དེ་ལ་བསླན་ནས་བསྒོམ་པར་བྱའོ། །དེས་ན་ཐུན་མོང་གི་བསམ་གཏན་བསྒྲུབ་པར་བྱས་ན་དེའི་བྱེད་ལས་ནི། ལུས་དང་སེམས་ལ་ཤིན་ཏུ་སྦྱངས་པའི་བདེ་བ་བསྐྱེད་ཅིང་རྫུ་འཕྲུལ་སྣ་ཚོགས་འགྲུབ་པའི་རྟེན་བྱེད་ལ། བསམ་གཏན་དེ་འགྲུབ་ཚེ་འབྲས་བུ་སྔོན་གནས་རྗེས་དྲན་སོགས་མངོན་ཤེས་དང་ཟིལ་གནོན་ལ་སོགས་པ་ཉན་ཐོས་དང་ཐུན་མོང་གི་ཡོན་ཏན་ཐོབ་པ་ཡིན་ནོ། །དེ་དག་གི་ཚེ་བསམ་གཏན་དང་པོའི་ཉེར་བསྡོགས་ཡིད་བྱེད་དྲུག་གི་ཚེ་རགས་པར་རྟོག་ཅིང་ཞིབ་པར་དཔྱོད་པ་ཙམ་དང༌། དང་པོའི་དངོས་གཞིའི་སྐབས་སུ་རྟོག་པ་མེད་ལ་དཔྱོད་པ་ཙམ་དང༌། ལྷག་མ་བསམ་གཏན་གཉིས་པ་སོགས་གསུམ་པོར་རྟོག་དཔྱོད་གཉིས་ཀ་མེད་པ་ཡིན་ལ། བསམ་གཏན་དང་པོས་གཉིས་པའི་ཉེར་བསྡོགས་བྱེད་པ་སོགས་རིམ་གྱིས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་ཉེར་བསྡོགས་བྱེད་ཅིང༌། དེ་བཞིན་དུ་བསམ་གཏན་བཞི་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་འཇུག་གི་ཉེར་བསྡོགས་སོགས་ཕྱི་མ་གསུམ་པོའང་རིམ་པར་བྱེད་དོ། །དེས་ན་སྙོམས་འཇུག་དགུ་བོ་དེ་ལ་འཕགས་པ་གསུམ་ཀའི་མཐོང་སྒོམ་གྱི་ལམ་གྱི་རྟེན་གཞི་ཞེས་སུ་གྲགས་སོ། །ཐེག་གསུམ་གྱི་ལམ་དང་འབྲས་བུའི་ཡོན་ཏན་ཇི་སྙེད་ཡོད་པ་ཐམས་ཅད་བསྐྱེད་པའི་རྒྱུ་ཞི་ལྷག་དང༌། ཁྱད་པར་ཐེག་ཆེན་ལམ་དང་འབྲས་བུའི་ཡོན་ཏན་ཀུན་གྱི་རྒྱུར་གྱུར་པའི་བསམ་གཏན་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་ནི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དམ་པས་ཟིན་པ་དེ་ལ་གོམས་སྟོབས་སུ་གྱུར་པ་ལས་རང་དང་ངོ་བོ་གཅིག་བའི་ཏིང་འཛིན་གྱི་སྒོ་མང་པོ་དང་ལྡན་ཏེ། ཐེག་ཆེན་ཐུན་མིན་ས་ལམ་གྱི་ཡོན་ཏན་ཇི་སྙེད་པའི་རྣམ་པ་ཐམས་ཅད་འགྲུབ་པར་བྱེད་ཅིང༌། དེ་དག་གིས་སྒྲིབ་པ་སྤོང་ཚུལ་ཡང༌། མཉམ་རྗེས་ལ་ཕྱེ་ཚུལ་གཉིས་ལས། མཉམ་རྗེས་ངོ་བོ་གཅིག་པའི་དབང་དུ་བྱས་ན་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་སེམས་དང་སེམས་བྱུང་གི་འགྱུ་བ་རགས་པ་ཐམས་ཅད་ནུབ་ནས་སེམས་རྟོག་མེད་དུ་གནས་པ་ནི་མཉམ་བཞག་ཡིན་ལ། དེའི་ཚེ་དབང་ཤེས་མ་འགགས་པ་ལ་ཡུལ་སྣང་ཐམས་ཅད་སྣང་ལ་འཛིན་པ་མེད་པ་གསལ་བའི་ཆ་ནི་རྗེས་ཐོབ་ཡིན་པས་བློའམ་རིག་པ་རྫས་གཅིག་པའི་མཉམ་བཞག་དང་རྗེས་ཐོབ་དེ་ཡིས་གཟུང་འཛིན་གྱི་རྟོག་པ་རིམ་གྱིས་སྤོང་བར་བྱེད་ལ། ཡུལ་གྱི་རང་བཞིན་མེད་བཞིན་སྣང་བ་ནི་གཟུང་བ་དང༌། དེར་འཛིན་སྐྱེས་པ་ནི་འཛིན་པའམ། དོན་ཚོགས་བརྒྱད་ཡུལ་གཟུགས་སོགས་ལ་དེ་དང་དེར་འཛིན་པ་གཟུང་རྟོག །ཡུལ་ཅན་ཚོགས་བརྒྱད་ཀྱི་རྟོག་པ་ལ་དེ་དང་དེར་འཛིན་པ་འཛིན་རྟོག་ཞེས་བྱ་ལ། དེ་ཡང་གཟུང་འཛིན་སྤོང་བ་དང༌། གཟུང་འཛིན་གྱི་རྟོག་པ་སྤོང་པ་ན་གཟུང་འཛིན་ཀྱང་སྤང་བ་ཡིན་པའི་ཕྱིར་རོ་སྙམ་སྟེ་བློ་གསལ་དག་གིས་དཔྱོད་ཅིག །ཡང་མཉམ་རྗེས་ཐ་དད་པ་ནི། སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ་ན་མཉམ་བཞག་ཡིན་ལ། དེ་ལས་ལངས་ནས་ཟ་ཉལ་ལ་སོགས་སྤྱོད་ལམ་གྱི་ཚེ་སྒྱུ་མ་ལྟ་བུའི་དྲན་རྩི་དང་མ་བྲལ་བ་ནི་རྗེས་ཐོབ་བོ། །འགྲོ་འདུག་སོགས་ཀྱི་དུས་སུ་ཚོགས་དྲུག་གི་ཤེས་པ་ཕྱི་རོལ་དུ་སོང་བ་ལ་རྒྱ་ཡན་པ་ཞེས་བྱ་སྟེ། ས་བདུན་ཚུན་ཆད་ཀྱི་འཕགས་པ་དེ་རྣམས་ལའང་སྐབས་རེར་དེ་འདྲ་བ་ཀུན་ན་ཡོད་པ་ཡིན་ཞེས་གསུངས་སོ། །བསླབ་པ་གསུམ་གྱི་ནང་ཚན་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ངོ་བོ་དང་དབྱེ་བ་ལ་སོགས་པའི་དོན་ངེས་པར་འབྱེད་ཅིང་གསལ་བར་བསྟན་པ་ནི། སྒོམ་བྱུང་གི་ཤེས་རབ་ཁོ་ནའི་དབང་དུ་བྱས་ཏེ་ཏིང་ངེ་འཛིན་གྱི་སྦྱོར་བ་ཉེར་བསྡོགས་ལ་གོམས་པ་ལས་དེའི་ངོ་བོར་སྐྱེ་བ་དང་སེམས་ལས་སུ་རུང་ཞིང༌། སྒྲིབ་རྙོག་དྭངས་པའི་བསམ་གཏན་དངོས་གཞིའི་ངོ་བོ་སྐྱེས་པ་དང༌། རྗེས་ཐོབ་དེའི་སྟོབས་ལས་ཆོས་རྣམས་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ངང་གིས་བྱུང་བའི་རྣམ་པ་གསུམ་གྱི་དབྱེ་བས་ཤེས་རབ་བམ། ཡང་ཐོས་པ་དང༌། བསམ་པ་དང༌། སྒོམ་པ་ལས་བྱུང་བའི་ཤེས་རབ་གསུམ་ལ་རིམ་གྱིས་བསླབ་པས་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡང་དག་པར་འགྲུབ་པར་འགྱུར་རོ། །བྱེད་ལས་ནི་ཐར་པ་ལ་བར་དུ་གཅོད་པའི་ཉོན་མོངས་པའི་ཚོགས་དང༌། རྣམ་མཁྱེན་ལ་བར་དུ་གཅོད་པ་ཤེས་སྒྲིབ་འཇོམས་པར་བྱེད་ཅིང༌། ཆོས་ཉིད་ཟབ་མོའི་གནས་ལུགས་དང༌། ཆོས་ཅན་འཁྲུལ་ངོར་སྣང་བ་མཐའ་དག་གི་དོན་མ་ནོར་བར་ཤེས་པའོ། །དེ་ལྟར་ཤེས་པས་སྲིད་པའི་གྲོང་ཁྱེར་ལས་ཉོན་ཤིན་ཏུ་བརྒལ་དཀའ་བ་འདི་ལས་མྱུར་དུ་སྡུག་བསྔལ་མཐའ་དག་ལས་བརྒལ་ཏེ་མྱ་ངན་ལས་ཚེགས་མེད་པར་འདའ་འོ། །སྦྱིན་སོགས་རྣམ་པ་དྲུག་པོའང་དམན་མཆོག་དང་རགས་ཕྲའི་དབང་གིས་གོང་ནས་གོང་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འཕགས་ཏེ། ཁྱད་ཞུགས་པའི་ཚུལ་དེ་དག་ཀུན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟེན་ནས་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །དེ་ཡང་ལམ་དུ་ཞུགས་པའི་སྐབས་འདི་ན་སོ་སོ་སྐྱེ་བོའི་སར། ཐོས་པ་ལས་བྱུང་བའི་ཤེས་རབ་ལ་མ་བརྟེན་ན། བསམ་པ་དང་སྒོམ་པའི་ཡོན་ཏན་གྱི་རྒྱགས་དྲེགས་དེ་ནི་གནས་མིན་འཁྱམས་ཏེ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་ཚུལ་ཁྲིམས་གྲགས་པས་དེ་རྒྱགས་ཤིང༌། །མང་དུ་ཐོས་ལ་བརྩོན་པར་མི་བྱེད་ན། །ཚུལ་ཁྲིམས་འབྲས་བུ་སླར་ཡང་ཟད་ནས་ནི། །ཕྱིར་ཡང་སྡུག་བསྔལ་རབ་ཏུ་མྱོང་པར་འགྱུར། །ཞེས་སོ། །ཐོས་པའི་ཤེས་རབ་ནི་བསམ་པ་དང་སྒོམ་པ་ཀུན་གྱི་རྒྱུ་རུ་གསུངས་ཏེ། སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །དེ་མེད་དེ་ཀོ་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་དེ་རྒྱུད་ལ། །བསམ་བཞིན་བསྒོམ་པས་ཤེས་རབ་ཡངས་པ་འབྱུང༌། །ཞེས་སོ། །གཞལ་བྱའི་ཆོས་བདེན་གཉིས་ཀྱི་དོན་སྟོན་པའི་གསུང་རབ་ཡན་ལག་བཅུ་གཉིས་ལ། འཇལ་བྱེད་ཐོས་པའི་ཤེས་རབ་ཀྱིས། འཇལ་ཚུལ་དྲང་དོན་དང་ངེས་དོན་གཉིས་དང་དགོངས་པ་བཞི་དང་ལྡེམ་དགོངས་རྣམ་པ་བཞིར་གཞལ་བ་ཡིན་ནོ། །དེ་ཡང་དོན་ནི་རྟོན་པ་བཞིའི་སྒོ་ནས་རྟོགས་པར་བྱ་བ་ཁོ་ནའོ། །འཁོར་འདས་ལམ་གསུམ་གྱི་བསྡུས་པའི་ཆོས་རྣམས་ཀུན་གྱི་ངོ་བོའམ་གཤིས་ཀྱི་གནས་ཚུལ་དེ་བཞིན་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སེམས་ཉིད་འོད་གསལ་བའི་དགོངས་པ་ནི། སྐྱེ་འགགས་གནས་གསུམ་ལས་འདས་པ་སྟོང་པ་ཉིད་མཚན་མ་མེད་པ་སྨོན་པ་མེད་པ་སྟེ་རྣམ་ཐར་གསུམ་གྱི་རང་བཞིན་དུ་གནས་པ་ངེས་དོན་ཡིན་ལ། ཆོས་ཅན་ཀུན་རྫོབ་ཀྱི་རང་བཞིན་འཁྲུལ་ངོར་སྣང་ཚོད་ཙམ་འདི་ལ་བརྟེན་ནས་ལམ་ལ་རིམ་གྱིས་འཇུག་པའི་ཕྱིར། གཤིས་ལ་མ་གྲུབ་བཞིན་རིག་པས་གཞལ་ནས་སྒྲོ་བཏགས་ཏེ་གཞི་ཕུང་ཁམས་སྐྱེ་མཆེད་སོགས་དང༌། ལམ་ཐེག་པ་གསུམ་གྱིས་བསྡུས་པའི་རྣམ་བཞག་ཐམས་ཅད་དང༌། འབྲས་བུའི་རྣམ་བཞག་མྱང་འདས་གསུམ་གྱི་རང་བཞིན་དུ་བསྟན་པ་ཐམས་ཅད་ནི་དྲང་བའི་ལམ་ཡིན་ལ། དེ་སྟོན་པའི་གསུང་རབ་རྣམས་ནི་དྲང་དོན་གྱི་སྡེ་སྣོད། དེའི་དགོངས་པ་འགྲེལ་བ་ནི་དྲང་དོན་གྱི་དགོངས་འགྲེལ་བསྟན་བཅོས་སོ། །དེ་ལྟར་དྲང་ངེས་ཀྱི་མདོ་སྡེ་གཉིས་པོས་བརྗོད་བྱའི་དོན་ཇི་ལྟར་ཡིན་ཤེས་པས་དྲང་ངེས་གང་ལ་ཡིད་རྟོན་པ་དང་མི་རྟོན་བའི་ཚུལ་སྔར་བཤད་པ་ལྟར་ཤེས་པ་དེ། གསུང་རབ་ཀྱི་བརྗོད་བྱ་སྣ་ཚོགས་དང་ལྡན་པའི་མཛོད་ཁང་ལྟ་བུ་དེ་དག་སོ་སོར་འབྱེད་ཅིང་བལྟ་བར་བྱ་བའི་ལྡེའུ་མིག་དང་པོ་ལྟ་བུ་ཡིན་ནོ། །དྲང་ངེས་དེ་དག་གི་རང་བཞིན་ཐ་དད་པར་གསལ་བར་བྱས་ནས་དྲང་དོན་གྱི་དགོངས་པ་ཅན་གྱི་གསུང་འདི་ལྟ་བུའོ་ཞེས་སྟོན་པ་དང༌། དྲང་དོན་གྱི་མདོའི་དགོངས་གཞི་དང་དགོངས་པ་ལ་བརྟགས་ནས་མཐར་ངེས་དོན་གྱི་དགོངས་པ་ཇི་ལྟ་བ་བཞིན་རྟོགས་པར་བྱ་བའི་ཕྱིར། དགོངས་པ་བཞི་དང་ལྡེམ་དགོངས་བཞི་སྟེ་གཉིས་བཤད་པ་ལས། དང་པོ་དགོངས་པ་བཞི་ནི། རང་རང་གི་དགོངས་གཞིའི་དོན་དེ་ལ་ཅུང་ཟད་སྒྲོ་བཏགས་ནས་བཤད་དུ་ཡང་ཡོད་ལ། གདུལ་བར་བྱ་བའི་ཡུལ་གྱི་གང་ཟག་རྣམས་རེ་ཞིག་ཚིག་ཙམ་གྱིས་དགོངས་གཞིའི་དོན་རྟོགས་པ་ལ་ཁ་དྲང་བ་གཅིག་བུའི་སླད་དུ་བསྟན་པ་ལྡེམ་དགོངས་ལྟ་བུའང་མ་ཡིན་པར། དེ་ལས་གཞན་ཡང་དགོས་ཆེད་དང་བཅས་ནས་དགོངས་པ་རྣམ་བཞིར་སྟོན་པ་སྟེ། སྤྱིར་ཆོས་ཐམས་ཅད་ཀྱི་གནས་ལུགས་ལ་བཟང་ངན་དང་ཐ་དད་མེད་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཆོས་སྐུའི་ཀློང་དུ་མཉམ་ཞིང་གཅིག་པ་ཉིད་ལ་དགོངས་ནས་ང་ཉིད་དེ་ཡི་ཚེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་པ་ལྟར། སྔ་ཕྱི་ཐ་དད་དུ་སྣང་བ་དང༌། བླང་དོར། འཁོར་འདས། བཟང་ངན་སོགས་སྣང་བ་ཤིན་ཏུ་འགལ་བ་ལྟ་བུ་ཡིན་ནའང༌། གཅིག་ཏུ་བསྟན་པས་སྐུ་ཚེ་ཐུང་བ་དང༌། སྐུ་བོང་ཆུང་བ་སོགས་སུ་བལྟ་བའི་བརྙས་པ་ལྡོག་པའོ། །དོན་གཞན་ངོ་བོ་ཉིད་མེད་པ་ཀུན་བརྟགས་ལ་སོགས་པ་གསུམ་ལ་དགོངས་ནས་གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་ལ་དཔྱད་ན་གང་ཡང་མ་གྲུབ་པར་བསྟན་པས་དཔྱད་པ་ལ་སོགས་པ་ལ་བརྟེན་ནས་བདེན་ཞེན་ལྡོག་པའོ། །དུས་གཞན་མ་འོངས་པ་ཞིག་ལ་འཚང་རྒྱ་བའི་རྒྱུའམ་ས་བོན་ཙམ་ཞིག་ཐེབས་པ་ལ་དགོངས་ནས་གཟུངས་སྔགས་འགའ་ཞིག་ལན་གཅིག་བརྗོད་པ་ཙམ་མམ། དེ་བཞིན་གཤེགས་པ་དྲི་མེད་ཟླ་འོད་ཀྱི་མཚན་བཟུང་བ་ཙམ་གྱིས་འབད་མེད་འཚང་རྒྱ་བར་བསྟན་པ་ལྟ་བུའི་ལེ་ལོ་ཅན་རྣམས་དགེ་སྦྱོར་ལ་འཇུག་པའོ། །གང་ཟག་ལ་ལ་སྦྱིན་པ་ལ་མངོན་པར་རློམ་པ་དང༌། འགའ་ཞིག་ཚུལ་ཁྲིམས་མཆོག་འཛིན་སོགས་ནི་བདུད་ལས་མིན་ཀྱང་ཐར་པའི་གེགས་ཡིན་པ་ལ་དགོངས་ནས། སྦྱིན་པ་ནི་བདུད་ཀྱི་ལས་སོ་ཞེས་སྨད་ནས་ཚུལ་ཁྲིམས་སོགས་བསྔགས་པའམ། ཚུལ་ཁྲིམས་ནི་བདུད་ཀྱི་ལས་སོ་ཞེས་སྨད་ནས་སྦྱིན་པ་སོགས་གཞན་ལ་བསྟོད་པ་ལྟ་བུ་གང་དང་གང་ལ་མཆོག་ཏུ་འཛིན་པ་དེ་དང་དེ་ཡི་མཆོག་འཛིན་སྨད་ནས་མངོན་རློམ་ཞི་བར་བྱེད་པའོ། །ལྡེམ་པོར་དགོངས་པ་ཞེས་པ་ནི་དོན་ཇི་བཞིན་མིན་པའི་ངག་གིས་དོན་དེ་ཉིད་བསྟན་པ་སྟེ། དེའི་ཚུལ་ནི་གདུལ་བྱ་བློ་དམན་གང་ཞིག་ལ། བདེན་གཉིས་དབྱེར་མེད་དང་སངས་རྒྱས་བྱང་སེམས་ཀྱི་ཐུན་མིན་གྱི་ཡོན་ཏན་ཇི་ལྟ་བ་བཞིན་གསལ་པོར་བརྗོད་པའི་ཚིག་གིས་བསྟན་ན། དེ་དག་གི་བློ་ལ་མི་ཆུད་པར་ཡིད་གཉིས་ཀྱི་གནས་ཐོབ་སྟེ་དོན་ལ་འཇུག་མི་ནུས་པའི་རིགས་རྣམས་ལ། རེ་ཞིག་དེ་ཉིད་ཀྱི་བློར་ཆུད་ཅིང་དགའ་བར་འགྱུར་བའི་མིང་དང་ཆ་ལྡན་ཅུང་ཟད་ཡོད་པའི་རྒྱུ་མཚན་གྱིས། དེ་ལས་རྣམ་པར་བསྐྱོགས་ནས་ཡང་དག་པའི་དགོངས་གཞི་དེ་བསྒྲུབ་པའི་ལམ་ལ་གཟུད་པའི་ཕྱིར། ཚིག་ནི་ཉན་པོ་དེའི་བློ་དང་མཐུན་པ་སྟེ་འཚམས་པ་ཞིག་ཡིན་ཡང་དོན་མི་མཐུན་པར་བཤད་པར་བྱ་སྟེ། དབྱེ་ན་མདོ་སྡེ་རྒྱན་ལས། ཞུགས་པ་ལྡེམ་པོར་དགོངས་པ་དང༌། །མཚན་ཉིད་ལྡེམ་པོར་དགོངས་པ་གཞན། །གཉེན་པོ་ལྡེམ་པོར་དགོངས་པ་དང༌། །བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ། །ཞེས་པ་ལྟར་ཞུགས་པ་དང༌། །མཚན་ཉིད་དང༌། གཉེན་པོ་དང༌། བསྒྱུར་བ་ལྡེམ་པོར་དགོངས་པ་སྟེ་བཞི་ཡོད་དོ། །དང་པོ་ཞུགས་པ་ལྡེམ་པོར་དགོངས་པ་ནི། གང་ཞིག་རིགས་དང་མོས་པ་སོགས་དམན་པ་ཉན་ཐོས་དག་ལ། ཆོས་ཀྱི་བདག་མེད་ཡོངས་རྫོགས་སྟོན་པའི་གཞུང་ཡུམ་མདོ་ལྟ་བུ་དང་པོར་བསྟན་ན། དེས་རྟེན་འབྱུང་གི་དོན་མི་གོ་བར་ཐ་སྙད་ཀྱིས་སྟོང་པས་ཆད་ལྟ་ལྟ་བུར་གོ་ནས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གཉིས་ཀ་ལ་སྐྲག་ནས་ཐེག་ཆེན་གྱི་ལམ་དང་བཀའ་གཉིས་ཀ་སྤོང་བ་དེ་རྣམས་ལ། མདོ་ལས། རབ་འབྱོར་གཟུགས་ནི་མཚན་མའོ། །སྒྲ་ནི་མཚན་མའོ། །ཞེས་གསུངས་པ་ལྟར་གཟུགས་ལ་སོགས་ཆོས་རྣམས་ཡོད་དོ་ཞེས་སྨོས་པས། ཉན་པོ་སྐྲག་པ་མི་སྐྱེ་ཞིང་དོན་ལ་གྲུབ་པར་གོ་ནས་ལམ་ལ་རིམ་གྱིས་འཇུག་པ་ནི་དགོས་ཆེད་ཡིན་ལ། དགོངས་གཞི་ནི་འཁྲུལ་ངོར་སྣང་ཚོད་རྨི་ལམ་ལྟ་བུར་དགོངས་པའོ། །གཉིས་པ་མཚན་ཉིད་ལྡེམ་པོར་དགོངས་པ་ནི། ཆོས་ཀྱི་གནས་ལུགས་ངོ་བོ་ཉིད་མེད་པར་བསྟན་པ་དེ་གཏན་མེད་ལྟ་བུ་མ་ཡིན་པར། རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་གནས་པའི་དོན་དེ་ཤེས་པའི་དོན་དུ་རིམ་པ་བཞིན་བྱིས་པས་བདེན་པར་སྒྲོ་བཏགས་པའི་ཀུན་བརྟགས་དང༌། རྟེན་འབྲེལ་གྱི་ངོ་བོར་སྣང་ཙམ་པའི་གཞན་དབང་དང༌། རང་བཞིན་སྤྲོས་པ་དང་བྲལ་བའི་ཡོངས་གྲུབ་སྟེ་རྣམ་པ་གསུམ་པོ་དག་ལས། དང་པོ་ངོ་བོ་ཉིད་མེད་པའི་ཚུལ་ནི། ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ། བྱིས་པའི་ལོག་ཤེས་ཀྱི་ཡུལ་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར། དཔེར་ན་ཐག་ཁྲ་ལ་སྦྲུལ་དུ་འཁྲུལ་པ་བཞིན་དང༌། གཉིས་པར་ངོ་བོ་ཉིད་མེད་པའི་ཚུལ་ནི། གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ། སྐྱེ་བ་ལྟར་སྣང་ཡང་དཔྱད་ན་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར། དཔེར་ན་སྒྱུ་མ་བཞིན་དང༌། གསུམ་པར་ངོ་བོ་ཉིད་མེད་པའི་ཚུལ་ལ། དོན་དམ་ངོ་བོ་ཉིད་མེད་པའི་ཚུལ་ནི། ཡོངས་གྲུབ་ལ་དོན་དམ་ངོ་བོ་ཉིད་མེད་དེ། དོན་དམ་པ་ཡིན་ཞིང་བདག་ཉིད་ལ་མ་དག་པ་ལ་སོགས་སྤྲོས་པའི་ངོ་བོ་ཉིད་མེད་པའི་ཕྱིར། དཔེར་ན་ནམ་མཁའི་ངོ་བོ་ལ་སྤྲིན་གྱིས་མ་གོས་པ་བཞིན་ཡིན་པས། དོན་དེ་རྣམས་ལ་དགོངས་ནས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ངོ་བོ་ཉིད་མེད་པ། མ་སྐྱེས་པ་ཞེས་པ་ལ་སོགས་པའི་བརྗོད་པ་ཟབ་པ་གཏིང་དཔོག་པར་དཀའ་བ་དག་ཏུ་སྟོན་ཏེ། མཚན་ཉིད་ལྡེམ་དགོངས་འདི་ཡོངས་གྲགས་ལ། ཀུན་བརྟགས་རྫས་སུ་དང༌། གཞན་དབང་རང་སྐྱེ་བའི་དང༌། ཡོངས་གྲུབ་གཞན་དབང་ལས་ལོགས་སུ་མེད་པའི་ཕྱིར་ངོ་བོ་མེད་པ་སྟེ། དེ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་སྟོན་པ་དྲང་དོན་ནོ་ཞེས་སེམས་ཙམ་པ་ཁོ་ནའི་འདོད་པར་བཤད་པ་དང་འདིའི་བཤད་ཚུལ་མི་གཅིག་གོ །གསུམ་པ་གཉེན་པོ་ལྡེམ་པོར་དགོངས་པ་ནི། བློ་དམན་པ་གཞན་གྱིས་འདི་སྙམ་དུ། བསྐལ་པ་བཟང་པོའི་མདོ་སྡེ་ལས། སངས་རྒྱས་སྟོང་རྩ་བྱོན་པའི་ཚེ་དེ་དག་གི་ནང་ནས་ཤཱཀྱ་ཐུབ་པ་ནི་སྐུ་བོང་ཆུང་ཞིང༌། འོད་ཀྱང་འདོམ་གང༌། འདུས་པ་ཉུང་བ། སྐུ་ཚེ་ཡང་ཐུང་བས་གཞན་ལས་དམན་ནོ་སྙམ་དུ་ལོག་པར་རྟོག་པ་དེ་ལྡོག་པའི་ཆེད་དུ། འཆད་པ་པོའི་སྐུ་ཚེ་དང་རིགས་དང་སྐུ་བོང་ཚད་ཀྱིས་འཇལ་བ་མིན་ཏེ། སངས་རྒྱས་ཐམས་ཅད་གཟུགས་སྐུ་གདུལ་བྱའི་ངོར་སྣང་ཙམ་དང༌། ཆོས་སྐུ་སྐྱེ་བ་མེད་པར་མཉམ་པ་དང༌། ཚོགས་གཉིས་ཀྱི་བྱ་བ་ཡོངས་སུ་རྫོགས་པ་དང༌། གདུལ་བྱའི་ཡུལ་ལའང་ཕྲིན་ལས་རྩོལ་མེད་དུ་འཇུག་པ་ལ་མཉམ་པ་ལྟ་བུར་དགོངས་སོ། །དེས་མཚོན་ནས་གཉིས་པ་ལུང་གི་ཆོས་ལ་བརྙས་པའི་གཉེན་པོར་གངྒའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སངས་རྒྱས་ལ་བསྙེན་བཀུར་བྱས་ན། གཟོད་ཐེག་ཆེན་གྱི་རྟོགས་པ་སྐྱེའོ། །ཞེས་གསུངས་པ་ལྟ་བུའོ། །དེའི་དོན་ཐེག་ཆེན་གྱི་དོན་ལ་དགོངས་ནས་གསུངས་པར་བཤད་དོ། །བཞི་པ་བསྒྱུར་བ་ལྡེམ་དགོངས་ནི། དགེ་སྦྱོང་གཽ་ཏ་མ་མ་བསྐུལ་ནའང་ཆོས་འཆད་དོ་ཞེས་འཕྱ་བ་བསལ་བ་དང༌། ལོ་དྲུག་ཏུ་དཀའ་སྤྱད་དེས་ཁྱད་པར་ཐོབ་ན་ཆོས་དེ་ཡང་གཏིང་དཔོག་སླའོ་ཞེས་པ་བསལ་ཕྱིར། ཟབ་ཞི་སྤྲོས་བྲལ་སོགས་གསུངས་ནས་ཆོས་མི་གསུང་བའི་ཚུལ་བསྟན་པ་ལྟ་བུ་དང༌། ཁྱད་པར་དོན་ཟབ་མོ་འདྲེན་པ་འདི་ལྟར་བསད་བྱ་མ་ཡིན་པའི་ཕ་དང་མ་གསོད་པར་བསྟན་པ་དང༌། དེ་བཞིན་དུ་བཅོམ་བྱ་མིན་པའི་རྒྱལ་པོ་དང་ནི། བྲམ་ཟེ་དང་དགེ་སྦྱོང་སྟེ་གཙང་སྦྲ་ཅན་གཉིས་དང༌། ཡུལ་འཁོར་སྐོར་དང་བཅས་པ་རྣམས་བཅོམ་ན། མི་དེ་དག་པ་ཉིད་དུ་གསུངས་པ་དེ་དག་གི་དགོངས་གཞི་ནི་སྲེད་ལེན་ཀུན་གཞི་ལ་སོགས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། ཕ་སྲེད་པ་དང་མ་ལེན་པ་ནི་བསད་བྱ་ཞིང༌། རྒྱལ་པོ་ཀུན་གཞི་གཙང་སྦྲ་ཅན་བྲམ་ཟེ་ནི་འཇིག་ཚོགས་ལ་བལྟ་བ་དང༌། དགེ་སྦྱོང་ནི་ཚུལ་ཁྲིམས་མཆོག་འཛིན་ཏེ་གཉིས་དང༌། །ཡུལ་འཁོར་སྐོར་བཅས་ནང་གི་སྐྱེ་མཆེད་གཟུང་འཛིན་དང་བཅས་པའི་རྣམ་ཤེས་ཚོགས་བརྒྱད་རབ་བཅོམ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་སོ། །དེ་ལྟར་བཏགས་པའི་དོན་རྣམས་རྣལ་མར་བཟུང་ན་ནོར་བ་ཆེན་པོ་ཡིན་པ་ལྟ་བུའོ། །མདོར་བསྡུ་ན་དགོངས་པ་བཞི་དང༌། ལྡེམ་པོར་དགོངས་པ་བཞི་སྟེ་གཉིས་པོའི་ཁྱད་པར་ནི། རང་བཞིན་ཅི་རིགས་པར་ངོ་བོ་གཅིག་ལ་བྱེ་བྲག་ཐ་དད་པར་ཡོད་དེ། དགོངས་པ་སྒྲས་ཟིན་ཚོད་དེ་ཚིག་དེའི་དགོངས་པ་མིན་པར་ལོགས་སུ་བཤད་ནས། འདི་ལ་དགོངས་ནས་གསུངས་སོ་ཞེས་སྨྲ་བ་པོས་ཡིད་ལ་རྣམ་པར་བཞག་པའི་བསམ་པ་ཙམ་སྟོན་པའི་ཆ་ནས་བཞག་པ་ཡིན་གྱི། ཕ་རོལ་པོ་རྗེས་སུ་བཟུང་བ་ལ་ལྟོས་པ་མིན་ཞེས་དེའི་ཆ་ནས་བཞག་པ་མིན་ནོ། །ལྡེམ་པོར་དགོངས་པ་ནི་ཐད་དཀར་མི་སྟོན་པར་འཁྱོག་པོའི་ངག་གིས་བསྟན་པའི་དགོས་པ་འདིའི་ཞེས་ཕ་རོལ་རྗེས་སུ་བཟུང་བ་ལ་ལྟོས་པ་སྟེ་དགོས་པ་སྟོན་པའི་ཆ་ནས་བཞག་པའི་སྒྲ་དོན་ཚིག་དགོས་ཆེད་རྣམས་དུ་མ་ཡོད་པ་དེ་ཚུལ་བཞིན་དུ་རྣམ་པར་འབྱེད་ཤེས་པའི་ཤེས་རབ་ནི་གསུང་རབ་མདོ་རྒྱུད་རྣམས་ལ་ལྟ་བར་བྱེད་པའི་ལྡེ་མིག་གཉིས་པ་ཡིན་ནོ། །གཞལ་བྱའི་ངོས་ནས་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ལྡན་པས་དུག་གསུམ་ཆ་དང་མཉམ་སྟེ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་མཐའ་དག་པའི་བརྗོད་བྱ་དོན་གྱི་དབྱེ་བ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་ནའང་བསྡུ་ན་གཉིས་སུ་འདུ་སྟེ། འཇིག་རྟེན་འཁོར་བའི་ཆོས་སེམས་དང་སེམས་བྱུང་ཡུལ་གྱི་རྣམ་པ་སྣང་བ་དང་བཅས་པ་ཐམས་ཅད་ཀུན་རྫོབ་བདེན་པའི་ངོ་བོ་དང༌། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སོ་སོ་རང་རིག་པ་ཆོས་དབྱིངས་དང་རོ་གཅིག་པ་ནི་དོན་དམ་བདེན་པའི་ངོ་བོ་སྟེ། དེས་ན་ཆོས་ཐམས་ཅད་གཏན་ལ་འབེབས་པར་བྱེད་པ་ལ་བདེན་པ་གཉིས་པོ་དེ་ལས་གཞན་ཕུང་གསུམ་པ་ཞིག་མ་མཆིས་སོ། །ཀུན་རྫོབ་པ་དེ་ལའང་འཁྲུལ་མ་འཁྲུལ་གྱི་སྣང་ལུགས་བདེན་རྫུན་གྱི་རྣམ་པ་གཉིས་སུ་ཕྱེ་སྟེ། དུས་དེའི་འཁྲུལ་ཤེས་ཀྱི་ངོ་ལ་མེ་ཆུ་སོགས་དང༌། ཟླ་བ་གཅིག་ལ་སོགས་སྣང་བ་ཇི་སྙེད་པ་དེ་སྙེད་ཀྱི་རང་རང་གིས་མེས་བཙོ་བསྲེགས་དང༌། ཆུས་རླན་སྡུད་དང༌། ཟླ་བས་མུན་པ་སེལ་བ་སོགས་སྣང་ཚོད་དེ་ཉིད་དང་མཐུན་པར་དོན་བྱེད་པ་རྣམས། རང་རང་གི་ཤེས་པ་དང་བཅས་པས་བསྡུས་པ་ལ་ཡང་དག་པའི་ཀུན་རྫོབ་ཉིད་དུ་བཤད་དེ། མཐུན་པར་སྣང་བ་རྒྱུ་ལས་སྐྱེས་པ་བཏགས་པས་དབེན་པའི་ཕྱིར་དེ་སྐད་བརྗོད་དོ། །འཁྲུལ་ངོར་སྣང་ནའང་སྨིག་རྒྱུ་ལ་ཆུ་དང༌། ཐག་ཁྲ་ལ་སྦྲུལ། ཟླ་བ་གཉིས་སྣང་ལྟ་བུས་རིམ་བར་བརླན་པའི་བྱ་བ་དང༌། དུག་གིས་གནོད་པ་དང༌། མུན་པ་སེལ་བའི་དོན་མི་བྱེད་པ་ལ་སོགས་པ་དེ་དག་གི་ཤེས་པ་དང་བཅས་པ་ལ་ལོག་པའི་ཀུན་རྫོབ་དང༌། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཡོད་པའི་དབང་གིས་ཡང་དག་དང་ལོག་པའི་ཀུན་རྫོབ་སྟེ་གཉིས་སུ་གྲགས་སོ། །དོན་དམ་པའི་བདེན་པ་ནི་གཤིས་ཀྱི་བཞུགས་ཚུལ་ལམ་གནས་ཚུལ་འཁོར་འདས་རོ་གཅིག་པའི་ཡེ་ཤེས་ཏེ། དེའི་ངོ་བོ་ནི། འཁོར་བ་དང་ནི་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཟོད་མ་ནས་ངོ་བོ་ཉིད་མེད་པས་གཉིས་སུ་མེད་ཅིང་གདོད་ནས་སྤྲོས་པ་ཐམས་ཅད་དང་བྲལ་བས། སྙམ་བྱེད་ཀྱི་བློས་བསམ་པ་དང་སྒྲ་ཚིག་གིས་བརྗོད་པ་ལས་འདས་པས་ན། རྟོགས་པའི་བློ་ཡིས་དོན་དམ་ཡིན་པ་དང༌། མ་རྟོགས་པའི་བློ་ཡིས་མ་ཡིན་པར་མ་བཞག་སྟེ་རྟོགས་ཀྱང་རུང་མ་རྟོགས་ཀྱང་རུང་ཆོས་རྣམས་ཀྱི་གཤིས་འཕོ་འགྱུར་བྲལ་བ་ཞིག་གོ །དེ་ཡང་རྒྱལ་ཚབ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ལྟར་བདེན་གཉིས་མ་ཧེའི་རྭ་ལྟར་ཐ་དད་མེད་པའི་ཚུལ་ནི་འདི་ལྟར། བདེན་པ་གཉིས་པོ་ཡེ་ནས་རོ་གཅིག་ཏུ་འདྲེས་ཤིང་དབྱེར་མེད་པའི་སྣང་སྟོང་ཟུང་འཇུག་ནི། དཔེར་ན་རྫིང་བུ་དྭངས་བར་ཞུགས་པ་སྟེ་ཤར་བའི་ཟླ་བའི་སྐྱེ་མཆེད་བཞིན་རྟེན་ཅིང་འབྲེལ་འབྱུང་གི་ཆོས་འདི་དག་གཏན་མེད་རི་བོང་གི་རྭ་ལྟར་མ་ཡི་ན་པར། སྣང་ཙམ་པའི་ཆ་ནས་ཀུན་རྫོབ་ཀྱི་བདེན་པ་དང༌། སྣང་དུས་ཉིད་ནས་རང་བཞིན་གང་ཡང་མ་གྲུབ་པའི་ཆ་ནས་དོན་དམ་པའི་བདེན་པའོ་ཞེས་གཉིས་སུ་དབྱེ་ཡང་རང་བཞིན་མེད་པར་ངོ་བོ་གཅིག་གོ །རེ་ཞིག་མོས་སྤྱོད་པའི་ལམ་ལ་སྣང་བའི་ཆོས་གཟུགས་སྒྲ་སོགས་འདོད་པའི་ཡུལ་དབང་པོ་སྒོ་ལྔའི་ཤེས་པའི་ངོ་ལ་ཚོན་རིས་ཀྱི་ཁ་དོག་མ་འདྲེས་པ་ལྟ་བུས་སོ་སོར་སྣང་བ་ན། གཟུགས་སོགས་ཡུལ་ལྔ་པོ་སྣང་ཙམ་པ་དེས་མི་འཆིང་མོད། དེ་དག་ལ་གཟུང་འཛིན་དུ་སྐྱེས་ནས་འདོད་པའི་ལོངས་སྤྱོད་དུ་ཉེ་བར་ལེན་པའི་ཆ་བཟུང་བ་ནི། དེ་དང་དེ་ལ་འདི་ནི་གཟུགས་སོ་ཞེས་སོགས་དེར་འཛིན་གྱི་སྒོ་ནས་མི་འདོད་པ་ལ་དགག་པ་དང༌། འདོད་པ་ལ་སྒྲུབ་པའི་བློ་སེམས་དང་རྟོག་པ་སེམས་བྱུང་གི་འཁྲུལ་སྣང་བར་མ་ཆད་པ་སྣང་བ་དེ་ཐམས་ཅད་རང་བཞིན་མ་གྲུབ་ཅིང་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཚུལ། སྐྱེ་བ་མེད་པ་རྨི་ལམ་ལྟ་བུ། འགག་པ་མེད་པ་སྒྱུ་མ་ལྟ་བུ། རྟག་པ་མེད་པ་སྨིག་རྒྱུ་ལྟ་བུ། ཆད་པ་མེད་པ་ཆུ་ཟླ་ལྟ་བུ། འོང་བ་མེད་པ་མིག་ཡོར་ལྟ་བུ། འགྲོ་བ་མེད་པ་བྲག་ཆ་ལྟ་བུ། ཐ་དད་མ་ཡིན་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། དོན་གཅིག་མ་ཡིན་པ་སྤྲུལ་པ་ལྟ་བུ་སྟེ་སྒྱུ་མའི་དཔེ་བརྒྱད་ཉིད་དུ་བརྟགས་ནས་སྣང་སྟོང་དབྱེར་མེད་ལ་ངེས་ཤེས་བསྐྱེད་ནས་རྩེ་གཅིག་ཏུ་འཇོག་པར་བྱའོ། །དེར་མ་ཟད་བདེན་གཉིས་དབྱེར་མེད་སྒྱུ་མའི་དཔེ་ཡིས་རང་བཞིན་མེད་པར་ཤེས་ཤིང་བསྒོམས་པ་དེ་ཡང་མཐར་ཐུག་ཆོས་ཀྱི་གནས་ལུགས་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བློ་ཡིས་རྣམ་པར་དཔྱད་བཟོད་དེ་ཡུལ་དུ་བྱ་རུང་བ་ཞིག་ཡོད་ན། དེ་ནི་དོན་དམ་མ་ཡིན་ཏེ་དོན་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་ལ། བློ་ནི་གཉིས་མེད་ཀྱི་དོན་ལ་སྒྲིབ་པའི་ཀུན་རྫོབ་ཡིན་པའི་ཕྱིར། གཅིག་དང་དུ་མ་དང་ཡོད་མེད་སོགས་སྤྲོས་པ་དང་རྣམ་པར་འགལ་བའི་སྤྲོས་བྲལ་དང༌། ཆོས་ཉིད་དང༌། ཡེ་ཤེས་ལ་སོགས་པའི་མཚན་ཉིད་རྣམས་ནི། བློ་ཡི་ཡུལ་ན་ནམ་དུ་ཡང་གནས་མ་མྱོང་སྟེ། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་སོ། །སྤྱིར་བདེན་གཉིས་ཀྱི་རང་བཞིན་དེ་ལྟར་ཡིན་ལ། རེ་ཞིག་ནང་པ་སངས་རྒྱས་པའི་གྲུབ་པའི་མཐའ་སྨྲ་བ་སོ་སོ་ཡིས་བཀའི་དགོངས་པ་ལེན་ཚུལ་ཐ་དད་པའི་དབང་གིས་རང་རང་གི་གཞི་ལམ་འབྲས་བུའི་དོན་རྣམ་པར་བཞག་པའི་ཚུལ་ནི། ཚོགས་དྲུག་གི་ཤེས་པ་རགས་པའི་དོན་དམ་བློ་ཡིས་ཇི་ལྟར་དཔྱད་ཀྱང་དུས་གསུམ་དུ་བགོ་རུ་མེད་པའི་ཤེས་པ་སྐད་ཅིག་ཆ་མེད་དང༌། བེམ་པོ་དངོས་པོའི་ཆོས་ཀུན་རྡུལ་ཕྲན་ཆ་ཤས་བསགས་པའི་རགས་པར་སྣང་བ་འདི་ཡང་ཡོད་མི་རུང་བས་དེ་དག་དོན་དམ་པར་ནི། གཉེན་པོ་ཐོ་བ་ལ་སོགས་པས་བཅོམ་པའམ་གཞིག་ཀྱང་ཆ་ཤས་ཕྱེ་རུ་མེད་པ་ཡི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་ཞིག་ཡོད་དོ་ཞེས་འདོད་པ་ཉན་ཐོས་སྡེ་པ་བྱེ་བྲག་སྨྲ་བའི་ལུགས་སོ། །མདོ་སྡེ་པས་ཆོས་རྣམས་བདེན་གཉིས་སུ་གཏན་ལ་ཕབ་ཚུལ་ནི། ཆུ་སྐྱོར་གྱི་དོན་བྱེད་པའི་བུམ་པ་དང༌། གདུང་མ་འདེགས་པའི་དོན་བྱེད་ནུས་པ་ཡོད་པ་ཀ་བ་ལྟ་བུ་དངོས་པོ་གང་ཡིན་པ་དེ། འདི་པའི་གྲུབ་མཐའི་སྐབས་འདིར་ནི། དོན་དམ་པར་ཡོད་པ་མིན་ཏེ་རྫས་སུ་ཡོད་པའི་རྡུལ་ཕྲན་དུ་མ་འདུས་པ་ལས་མ་འདས་པའི་ཕྱིར་རོ། །དེས་ན་བེམ་ཤེས་ཆ་མེད་གཉིས་འདོད་པ་བྱེ་སྨྲར་མཚུངས་ཀྱང་དུས་གསུམ་རྫས་གྲུབ་དང་ནམ་མཁའ་རྟག་དངོས་སོགས་མི་འདོད་དོ། །དེ་ལས་གཞན་ཡིད་རྟོག་པའི་སྣང་ཡུལ་ལ་ཤར་བའི་ཆུ་སྐྱོར་བ་ལ་སོགས་པའི་དོན་བྱེད་མི་ནུས་པའི་ཀ་བུམ་སོགས་ལྟ་བུ་ནི་དོན་རང་མཚན་པའི་གནས་ལུགས་མཐོང་བ་ལ་སྒྲིབ་པའི་ཕྱིར་ཀུན་རྫོབ་ཡིན་ལ། དེ་ཡང་འཁྲུལ་སྣང་གི་བློ་ངོར་སྣང་ཙམ་དུ་ཡོད་པ་ལས་རང་བཞིན་གྲུབ་པ་མེད་དོ། །དེ་དག་ལ་རིམ་པ་ལྟར་རང་མཚན་དང་སྤྱིའི་མཚན་ཉིད་ཀྱིས་བཤད་པ་མདོ་སྡེ་པའི་ལུགས་ངོ་བོ་རྟོག་གེར་ཏེ་ཚད་མ་དང་མཐུན་ནོ། །བག་ཆགས་ཀྱི་དབང་གིས་གཟུང་བ་དང་འཛིན་པ་གཉིས་སུ་མེད་བཞིན་སྣང་བའི་ཡུལ་གཟུགས་སོགས་དང༌། ཡུལ་ཅན་འཛིན་པའི་སེམས་སོགས་ཀུན་བཏགས་ནི་གཟུང་འཛིན་གཉིས་སུ་མེད་བཞིན་དེར་བདེན་པར་སྒྲོ་བཏགས་པ་ཡིན་པས་ཀུན་རྫོབ་བདེན་པ་ཉིད་དེ། གང་ཀུན་བརྟགས་ལས་གཞན་སྣང་གཞི་གཞན་དབང་གི་ངོ་བོ་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་དང༌། དེའི་སྟེང་ན་ཀུན་བརྟགས་ཀྱིས་སྟོང་པའི་ཆ་ཡོངས་གྲུབ་གཉིས་ནི་དོན་དམ་པའི་བདེན་པ་རུ་འདོད་པ་སྟེ་སྔ་མ་ཆོས་ཅན་དོན་དམ་དང༌། ཕྱི་མ་ཆོས་ཉིད་དོན་དམ་དུ་འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ་འཛིན་པ་རྣམས་ཀྱི་ལུགས་སོ། །ཚོགས་དྲུག་གི་ཡུལ་གཟུགས་ལ་སོགས་པའི་ཆོས་ཇི་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ་ཏུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྟེ། ཐ་སྙད་དཔྱོད་བྱེད་ཀྱི་ངོར་གྲུབ་པའི་ཕྱིར་ཞེས་བཞེད་དེ། དེས་ན་བདེན་གྲུབ་སོགས་མེད་ཀྱང་རང་ངོས་ནས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་དང༌། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རྫས་སུ་གྲུབ་པ་རྣམས་ནི་དོན་གཅིག་ཅིང་དེ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱར་མི་འདོད་དོ། །དེས་ན་བུ་མའི་གཞུང་ལུགས་ལས་རང་བཞིན་མ་གྲུབ་པར་གསུངས་པ་འགའ་ཞིག་སྣང་བ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་ཞེས་བཞེད་པར་སྣང་སྙམ་མོ། །དེ་ཡང་རྒྱུ་རྐྱེན་རྟེན་འབྲེལ་ཙམ་ལས་སྣང་བའི་སྒྱུ་མ་ལྟ་བུའི་མཚན་ཉིད་དུ་གྲུབ་པ་དེ་ལ། ལས་འབྲས་སོགས་ཆོས་རྣམས་མ་འདྲེས་པར་རྣམ་པར་འཇོག་ཏུ་ཡོད་ནའང༌། དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱིས་ཡུལ་རང་གི་གྲུབ་ཚུལ་ལ་དཔྱད་ན་གང་དུའང་གྲུབ་པ་མེད་པ་ནམ་མཁའ་ལྟར་རྣམ་པར་དག་པ་སྟེ། དེས་ན་བདེན་གྲུབ་དང༌། རང་བཞིན་གྲུབ་པ་དང༌། ཡང་དག་པར་གྲུབ་པ་དང༌། དེ་ཁོ་ན་ཉིད་དུ་གྲུབ་པ་རྣམས་དོན་གཅིག་པས་དོན་དམ་ལ་དཔྱོད་བྱེད་ཀྱི་རྟགས་ཀྱིས་དགག་བྱ་མཐར་ཐུག་པའོ། །ཆོས་ཀྱི་བདག་དང་གང་ཟག་གི་བདག་དགག་བྱར་འདོད་པ་དེ་དག་ནི་དབུ་མ་རང་རྒྱུད་པ་སྤྱིའི་ལུགས་སོ། །འདི་ལྟར་སྣང་ཞིང་སྲིད་པའི་ཆོས་མཆིས་སོ་ཅོག་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་དུ་སྣང་བ་ཙམ་འདི་ཉིད་གྲུབ་མ་གྲུབ་སོགས་སུ་མ་དཔྱད་པར་དོན་དམ་པའི་བདེན་པ་ལ་ནི་འཇུག་པའི་ཐབས་སུ་ཀུན་རྫོབ་དང༌། ཆོས་ཅན་རང་བཞིན་མེད་པ་ཆོས་ཉིད་སྟོང་པ་ཉིད་དུ་གདོད་ནས་གནས་པ་དོན་དམ་པའོ་ཞེས་བྱ་བར་ཐ་སྙད་ཀྱི་སྒོ་ནས་བཏགས་པ་ཙམ་ཡིན་གྱི། དོན་ལ་དེ་གཉིས་ཀ་སྣང་བ་དང་སྟོང་པ་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་ཆོས་རྣམས་རང་གི་ངོ་བོ་གཞི་མེད་རྩ་བ་ལས་འདས་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང༌། གཟུགས་སོགས་ཆོས་འདི་དག་ཚོགས་དྲུག་གི་ཡུལ་ལ་སྐྱེ་འགག་སོགས་ཀྱི་རྣམ་པར་སྣང་དུས་ཉིད་ནས་གཟུགས་བརྙན་དང་སྨིག་རྒྱུ་བཞིན་སྐྱེ་བ་དང༌། འགག་པ་དང༌། འགྲོ་བ་དང༌། འོང་བ་སོགས་ཆོས་ཐམས་ཅད་རང་གི་ངོ་བོ་ན་མེད་དེ། སྐྱེ་སོགས་སུ་སྣང་བའི་ངོ་བོ་ཡང་གྲུབ་མ་མྱོང་བའི་ཕྱིར་རོ། །སེམས་ཙམ་པས་གཞན་དབང་གི་ཤེས་པ་རང་གསལ་གྱི་ངོ་བོ་མི་སྟོང་པར་འདོད་པ་དང༌། རང་རྒྱུད་པས་གཟུགས་སོགས་རྒྱུ་རྐྱེན་གཞན་དབང་ཅན་གྱི་དངོས་པོ་འདི་དག་ཐ་སྙད་དུ་གྲུབ་པར་འདོད་པ་ལྟ་བུའི་སྒོ་ནས་ནི། ཀུན་རྫོབ་ཀྱི་ཆོས་རྣམས་ཀྱང་ཐལ་འགྱུར་བ་དེ་ཡི་གྲུབ་པའི་མཐའ་རུ་ཁས་མ་བླངས་ན་དོན་དམ་པར་ལྟ་ཅི་སྨོས། དེ་ནི་ཐལ་གྱུར་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ལུང་ཟིན་གྱི་སྐྱེས་བུ་དམ་པ་དཔལ་ལྡན་ཀླུ་ཡི་དབང་པོས་དགོངས་འགྲེལ་གཞན་ལ་མ་ལྟོས་པར་རང་སྟོབས་ཀྱིས་བཀྲལ་ཏེ་དབུ་མ་རིགས་པའི་ཚོགས་རྣམས་མཛད་ནས་ད་ལྟའི་བར་དུ་དར་བ་ཡིན་ཏེ། དེའི་ཚུལ་ནི། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་མོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཅེས་གསུངས་པ་ལྟར་རོ། །དེ་ཉིད་ཀྱི་གཞུང་རིགས་ཚོགས་དང་བཅས་པའི་དོན་འགྲེལ་བ་པོ་སློབ་དཔོན་ཨཱརྻ་དེ་ཝ་དང༌། སངས་རྒྱས་བསྐྱང༌། ལེགས་ལྡན་འབྱེད། ཟླ་གྲགས་ལ་སོགས་པ་སྟེ་དེ་དག་ལས་ཁྱད་པར་མི་འཕྲོག་པའི་མཁྱེན་རབ་དང་ལྡན་པ་དཔལ་ལྡན་ཟླ་བ་གྲགས་པས་ནི་སློབ་དཔོན་ཀླུའི་དགོངས་པ་མ་ནོར་བར་རྩ་བའི་དོན་འགྲེལ་དབུ་མ་འཇུག་པ་དང༌། ཚིག་འགྲེལ་ཚིག་གསལ་རྣམས་མཛད་དེ་རྒྱལ་བའི་དགོངས་པ་མཐར་ཐུག་པའི་དོན་ཇི་བཞིན་པར་བཀྲལ། ཐལ་འགྱུར་བའི་གྲུབ་པའི་མཐའི་ཉི་མ་འཛམ་གླིང་དུ་ཤར་བར་མཛད་པས་ལྟ་ངན་གྱི་མུན་པ་མཐའ་དག་གསལ་བར་བྱས་པའི་ཁྱད་ཆོས་དང་ལྡན་པ་ཡིན་པས་འདིར་ནི་གྲུབ་མཐའ་སྨྲ་བ་འོག་མ་གསུམ་པོའི་རང་རང་གི་བློ་ཡིས་ཆོས་རྣམས་ཀྱི་མཚན་ཉིད་ལ་བཏགས་ཤིང༌། ཤེས་རབ་ཀྱི་ཡུལ་བདག་མེད་དང༌། སྐྱེ་མེད་དང༌། སྟོང་ཉིད་དང༌། མཐའ་བྲལ་སོགས་སུ་དཔྱད་ནས་སྤྲོས་པ་ཕྱོགས་རེ་ཙམ་བཅད་ཀྱང་དངོས་ཞེན་གྱི་རྣམ་པ་དང་བཅས་པ་མ་ཟད། རང་རྒྱུད་པས་ཐ་སྙད་དུ་གྲུབ་པར་ཁས་ལེན་པ་ལ་སོགས་པ་ཐམས་ཅད་ལའང་བརྩད་ཅིང་བརྟགས་པས་མཐར་འཛིན་གྱི་ཞེན་པ་རེ་རེ་ནས་ཀྱང་ཐལ་འགྱུར་ཆེན་པོས་སུན་ཕྱུང་སྟེ་འདི་ལ་རྒོལ་ནུས་པ་སུ་ཡང་མེད་པས་གྲུབ་མཐའ་ཐམས་ཅད་ཀྱི་ནང་ནས་གོང་མའམ་རྩེ་མོ་ཡིན་པ་འདི་སུ་ལའང་ནོར་འཁྲུལ་མི་འགྱུར་རོ། །རྒྱ་གར་དུ་ཕྱི་ནང་གི་གྲུབ་མཐའི་དབྱེ་བ་མང་ཞིང་བོད་འདིར་ཡང་རང་རང་གི་འདོད་ཞེན་གྱིས་སྦྱར་བའི་གྲུབ་མཐའ་སྣ་ཚོགས་བྱུང་ཞིང་དབུ་མ་གསང་སྔགས་སོགས་ཀྱི་སྲོལ་འཛིན་དགོངས་པ་ལེན་ཚུལ་མང་ནའང༌། རང་རང་གི་ངོར་ལྟོས་ཏེ་རང་རང་གི་བློས་བཞག་པའི་ཚུལ་དེ་མཐར་ཐུག་གི་དོན་དུ་གྲུབ་པར་འདོད་ཀྱི། ཞིབ་ཏུ་དཔྱད་ཏེ་གྲུབ་པའི་མཐའ་ཡི་རྣམ་བཞག་ཐམས་ཅད་ཀྱི་མཚན་ཉིད་ཐོས་པའི་ཤེས་རབ་ཀྱིས་ཉམས་འོག་ཆུད་པར་བྱས་ནས། གྲུབ་མཐའ་བཞི་པོ་དེ་ལས་བླང་བྱ་དངོས་ཐལ་འགྱུར་པ་དང༌། དངོས་འདྲ་རང་རྒྱུད་པ་དང༌། དངོས་མིན་བྱེ་མདོ་སེམས་གསུམ་གྱི་མཚན་ཉིད་ཐམས་ཅད་མ་འདྲེས་པར་སོ་སོར་ལེགས་པར་ཕྱེད་པའི་ཚིག་ཙམ་ལ་མ་ལྟོས་པར་ནང་དུ་ངེས་པ་ཡང་དག་རྙེད་པ་ནི་བསམ་པའི་ཤེས་རབ་ཡིན་ཀྱང༌། དེ་ཉིད་ནི་ཐོས་པ་དྲི་མ་མེད་པའི་ཤེས་རབ་ལ་བརྟེན་ནས་འབྱུང་ཞིང༌། དེ་ཡིས་རྙེད་པའི་དོན་ལ་གོམས་པར་བྱས་ཤིང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཡང་དག་པ་དེས་ནང་དུ་ཉོན་མོངས་དང་མངོན་ཞེན་གྱི་རྟོག་པ་ཐམས་ཅད་བཅིལ་ཏེ་རྒྱུད་ལ་མི་གནས་པར་བྱེད་ཅིང༌། མངོན་ཞེན་དང་ཉོན་མོངས་མེད་པ་ལ་ནི་བདུད་དང་རྒོལ་བ་ངན་པ་གང་ལའང་འཇིགས་པ་མེད་པའི་སྤོབས་པ་རྒྱ་ཆེན་པོ་དེ་རྣམས་ཐོབ་པས་བདུད་ཕྱོགས་ཀྱིས་གླགས་མི་རྙེད་ཅིང་བརྫི་མི་ནུས་སོ། །དེ་དག་གི་ནང་ནས་འདིར་མཐར་ཐུག་གི་ཉམས་ལེན་གང་བཟུང་ཞེ་ན། ཐལ་འགྱུར་གྱི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྣམས་ཀྱིས་ཇི་ལྟར་བསྟན་པའི་དོན་ཆོས་རྣམས་ཀྱི་གཤིས་ཀྱི་བཞུགས་ཚུལ་ཆོས་དབྱིངས་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་ལ། ངག་གི་སྨྲ་བ་དང༌། བློས་བསམ་པ་དང༌། ཚིག་གིས་བརྗོད་དུ་མེད་པ་སྤྲོས་བྲལ་ཞི་བ་དེ་ནི་དོན་དམ་བདེན་པ་མཐར་ཐུག་པ་ཡིན་ནོ། །དེ་ལྟར་རྩལ་སྣང་འགག་པ་མེད་པ་རྟེན་འབྲེལ་གྱི་སྣང་ཆ་འདི་ལ་བློ་སྟེ་སེམས་སེམས་བྱུང་གི་རྟོག་པ་ཡི་ཆ་ནས་སྨྲ་བསམ་བརྗོད་པ་རུ་བཏགས་ཤིང༌། བཏགས་པ་ཇི་ལྟ་བར་སྣང་བའི་ཆ་འགག་མེད་དུ་འཆར་བ་ཀུན་རྫོབ་བདེན་པའི་ཆར་བཞག་ནས། མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ངང་ལ་འཇོག་ཅིང༌། རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་དྲན་འདུན་གྱིས་བསོད་ནམས་ཀྱི་ཚོགས་མི་འགོག་པར་བསྒྲུབ་ནའང་བདེན་གཉིས་སོ་སོའི་ཕྱོགས་སུ་ལྷུང་བ་མ་ཡིན་པར་རྗེས་ཐོབ་སྣང་བཅས་ཀྱི་གནས་སྐབས་སུའང་རང་བཞིན་གཤིས་ཀྱི་བཞུགས་ཚུལ་ལས་གཡོ་མི་སྲིད་ལ། མཉམ་བཞག་སྤྲོས་པ་དང་བྲལ་བ་ལ་གནས་པའི་ཚེ་ནའང་ཆད་སྟོང་ཅི་ཡང་མེད་པར་འགྱུར་མི་སྲིད་པས་དུས་ནམ་དུ་ཡང་གཉིས་པོ་ཟུང་དུ་འཇུག་ཅིང་འདུ་འབྲལ་མེད་པའི་དོན་དེ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས། དེའི་ངོ་བོ་རྟོགས་བྱ་ཡུལ་དང་རྟོགས་བྱེད་བློའམ་ཤེས་པ་སོགས་བློས་བཏགས་པའི་གཉིས་ཆོས་ཐམས་ཅད་ལས་འདས་པ་ཡིན་པས། གང་ཟག་སུས་ཀྱང་ཤེས་བྱ་ཤེས་བྱེད་ཀྱི་ཚུལ་གྱིས་མངོན་དུ་བྱར་མེད་ལ། དམིགས་རྣམ་ཅན་གྱི་ལྟ་བས་བལྟར་མེད་ཅིང༌། རྩོལ་བ་དང་བཅས་ལམ་བསྒྲུབས་པས་སྔར་མེད་གསར་དུ་ཐོབ་པ་དང་མཐར་ཕྱིན་རྒྱུ་ཡང་རྡུལ་ཙམ་མེད་ལ། ལམ་མ་བསྒྲུབས་པར་རང་གར་ཐ་མལ་དུ་བསྡད་ཀྱང་མ་ཐོབ་པ་སྟེ་ཐོབ་ཤོར་གང་ཡང་མེད་ལ། ཆོས་ཉིད་རྣལ་མའི་ངོས་ན་དེ་གཉིས་ཀ་བཟང་ངན་མེད་པར་མཉམ་པ་ཉིད་ཀྱི་ཕྱིར་རོ། །ཆོས་ཉིད་སྟོང་པ་ཉིད་དུ་གནས་པ་ལ་དེ་དང་ངེས་པར་རྗེས་སུ་མཐུན་པའི་བློ་མཐར་འཛིན་གྱི་དྲི་མ་ཐམས་ཅད་ཟད་ཅིང༌། །ཡུལ་ཡུལ་ཅན་རོ་གཅིག་པའི་ཚུལ་དུ་སྐྱེས་པ་སྟེ། ལན་ཚྭ་ཆུར་ཞུ་བ་ལྟར་ཆོས་ཉིད་དང་ཐ་དད་མེད་པར་གྱུར་པ་ལ། སྟོང་ཉིད་རྟོགས་པ་དང་འབྲས་བུ་ཐོབ་པ་ལ་སོགས་པའི་བླ་དྭགས་ཏེ་མིང་གི་ཐ་སྙད་དུ་བཏགས་སོ། །གཞི་ལམ་འབྲས་བུས་བསྡུས་པའི་ཆོས་གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་དུ་གནས་པའི་དོན་འདི་ནི་གསུང་རབ་ཀྱི་ཆོས་རྣམས་མ་ལུས་པ་ཀུན་གྱི་བརྗོད་བྱར་གནས་པས་མཛོད་དུ་གྱུར་པའོ། །གང་ཞིག་རྟེན་འབྱུང་གི་དོན་དེ་ལྟ་བུ་ཐོས་པས་གཏན་ལ་ཕབས་པའི་རྗེས་སུ། གནད་དོན་གཅིག་ཏུ་བསྡུས་ཏེ་བསམ་པའི་ཤེས་རབ་ཀྱིས་མཐར་འཛིན་གྱི་ཕྱོགས་ཞེན་དྲི་མས་མ་བསླད་པར་ཡང་དག་པར་འཇུག་པ་ནི་གསུང་རབ་ཀྱི་བརྗོད་དོན་ཟབ་མོའི་སྒོ་འཕར་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ནོ། །འདི་ལྟར་སྣང་བ་ནི་བསླུ་ཞིང་རྫུན་པ་སྲིད་པ་ནི་གཡོ་ཞིང་འདུ་བྱེད་པ། འཁོར་བ་ནི་ཀུན་འབྱུང་རང་རྒྱུད་ལྡན། འདས་པ་ནི་མྱང་འདས་རང་བཞིན་ཆོས་ཉིད་ལ་མིང་དུ་གདགས་པ་སྟེ་དེ་ལྟར་ཆོས་རྣམས་ཐམས་ཅད་ཀུན། དང་པོ་གང་ནས་ཀྱང་ནི་མ་འོངས་ལ། ཐ་མར་གང་དུའང་མ་སོང༌། བར་དུ་གང་ནའང་མི་གནས་པ་སྟེ་ཆོས་རྣམས་ཡེ་ནས་དུས་གསུམ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ནི། གཤིས་ལ་གནས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ཏེ། ཡབ་སྲས་མཇལ་བ་ལས། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་དག་སྟེ། སོགས་གསུངས་པ་ལྟར་རོ། །ཡང་འདི་ལྟར་ཆོས་ཅན་སྣ་ཚོགས་སུ་སྣང་བ་ཉིད་ཀྱང་སྐྱེ་འགག་ལ་སོགས་པ་ལྟར་སྣང་ཡང༌། སྣང་དུས་དེ་ཉིད་ནས་ངོ་བོ་རང་བཞིན་མ་གྲུབ་པས། རང་གི་རང་བཞིན་སྟོང་བཞིན་དུ་སྣང་བ་མ་འགག་པར་ཤར་བས་ཡོད་མེད་སོགས་སྤྲོས་པའི་མཐའ་གང་ལའང་མི་གནས་པའི་དོན་ལ་ཤེས་རབ་ཀྱིས་ངེས་པ་གཏིང་ནས་རྙེད་ཅིང༌། ཆོས་ཅན་མཐུན་སྣང་དུ་གྲུབ་པ་མེད་པའི་སྟོང་ཉིད་ལ་བརྟེན་ནས་གདགས་པ་ཙམ་དུ་ཤེས་པའི་ལམ་དེ་ནི། མཐའ་བྲལ་དབུ་མའི་ལམ་གྱི་རང་བཞིན་ཉིད་དུ་བསྟན་ནོ། །དེ་ཡང་གཤིས་རྣལ་མའི་ངོ་བོ་ལ་དག་པ་དང་མ་དག་པ་གཉིས་ཀ་མེད་ཀྱང་སེམས་རྟོག་གློ་བུར་བ་ལངས་པའི་བག་ཆགས་ཀྱི་དབང་གིས་དོན་ལ་མེད་པ་ཡིན་ཀྱང་མེད་བཞིན་དུ་ཕྱི་ནང་གི་སྣང་བ་སྣ་ཚོགས་འདི་དག་སྣང་ཞིང༌། སྣང་བ་དེ་ལ་འདི་ཡུལ་ལོ། འདི་ནི་ཡུལ་ཅན་ནོ་ཞེས་སོགས་གཟུང་འཛིན་གྱི་རྣམ་པར་ཀུན་ཏུ་སྒྲོ་བཏགས་ཏེ་བླང་དོར་དགག་སྒྲུབ་ཏུ་ཞེན་པས་ཉེ་བར་ལེན་པའི་སྒོ་ནས་འཁྲུལ་སྣང་དང་འཁྲུལ་རྟོག་ལུ་གུ་རྒྱུད་དུ་བར་མ་ཆད་པར་འཁོར་བ་ཡིན་ལ། ཡང་གཤིས་ཀྱི་གནས་ལུགས་ཚོལ་བར་འདོད་པའི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་པོ་དག་གིས་ཚུལ་དེ་ལ་རྟོག་ཅིང་ཡང་ཡང་དཔྱད་པས། མཐའ་བྲལ་ཇི་བཞིན་བློར་མ་ཆུད་ནས་སྒྲོ་སྐུར་གྱི་མཐའ་བཞི་བྱུང་བ་ཡིན་ཏེ། གང་ཞེ་ན། རང་སྡེ་རྣམས་ཀྱིས་ཕྱི་དོན་ནང་རིག་ལ་སོགས་པ་ཡོད་པར་ལྟ་བ་དང༌། དངོས་པོ་རང་ས་དང་གཟུང་འཛིན་ལ་སོགས་བཀག་པའི་མེད་པ་མེད་དགག་སྟོང་རྐྱང་ཙམ་དུ་འདོད་པ་དང༌། ཕྱི་རོལ་པ་དག་གཙོ་བོ་བདག་ལ་སོགས་པ་རྟག་པར་འདོད་པ་དང༌། ད་ལྟའི་སྣང་བ་འདི་ཙམ་གློ་བུར་དུ་བྱུང་བ་ལས་སྔ་ཕྱིའི་རྒྱུན་སོགས་ཆད་པར་ལྟ་བ་སོགས་དང༌། མཐའ་དང་བྲལ་བའི་དབུས་ཞེས་བློས་བཟོས་ཏེ་མཆོག་འཛིན་དེ་ལ་གནས་པར་བྱེད་པའང་ཆོས་ཉིད་ཀྱི་དོན་ལ་མཁས་པ་མིན་ཏེ་འཆིང་བྱེད་གང་རུང་མཚུངས་ཏེ། ཇི་ལྟར་དར་གྱི་སྲིན་བུ་ཞེས་སྡོམ་སྲིན་གྱི་ཁ་ཆུས་ཐག་རྒྱ་བྲན་ཏེ་དེས་རང་གི་རྐང་ལག་བཅིངས་ནས་མི་ཐར་བ་བཞིན་དུ། རང་རང་གི་འདོད་པའི་གྲུབ་མཐས་རང་ཉིད་བཅིངས་པ་དེས་བག་ཆགས་ཀྱི་མཐུ་བརྟས་པའི་སྐབས་འདི་ན། བློ་ཡིས་སྒྲོ་བཏགས་ཤིང་སྣང་ཙམ་པའི་ཆོས་འདི་དག་ཐམས་ཅད་ཀྱི་རང་བཞིན་སྐྱེ་མེད་གཤིས་ལུགས་ཡིན་ལ། དང་པོ་སྐྱེ་བ་༡དང༌། མཐར་འགག་པ་༢དང༌། བར་དུ་གནས་པ་༣དང༌། ཕར་འགྲོ་བ་ཚུར་འོང་བ་མིན་ཏེ། ཅིའི་ཕྱིར་ན། དོན་གཅིག་པ་མ་ཡིན་ལ། རང་གཞན་ཐ་དད་པའང་མིན། འཕོ་འགྱུར་མེད་པ་རྟག་པ་མ་ཡིན་ལ། དང་པོ་ཡོད་ནས་མཐར་ཆད་པའང་མིན་ཏེ་དེ་ལྟར་མེད་པ་དྲུག་དང་མ་ཡིན་པ་གཉིས་ཏེ་སྤྲོས་པའི་མཐའ་བརྒྱད་པོ་དག་ཉེ་བར་ཞི་བའི་རང་བཞིན་ཡིན་ཏེ། མགོན་པོ་ཀླུའི་དབང་པོ་ཞལ་ནས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །་ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །ཞེས་སོ། །དེས་ན་དེ་ལྟ་བུའི་གཤིས་ཐོག་ཉིད་དུ་བློ་ཕེབས་ཤིང་ཇི་བཞིན་པའི་གནས་ལུགས་ཤེས་པ་ནི། བསམ་བྱུང་ཤེས་རབ་ཀྱི་ངོ་བོ་མ་ནོར་བ་ཡིན་ནོ། །ཐ་སྙད་འཁྲུལ་ངོར་སྣང་ཡུལ་ས་ཆུ་མེ་རླུང་སྟེ་འབྱུང་བཞི་དང༌། གོ་འབྱེད་ནམ་མཁའ་ཡང་སྣང་ཞིང༌། བྱེ་བྲག་རི་དང་ནགས་ཚལ་དང༌། ཁང་བུ་བརྩེགས་པ་དང༌། བུམ་པ་དང༌། སྣམ་བུ། རེ་ལྡེ། ས་མྱུག་སོགས་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་རང་རང་གི་རྒྱུ་ལས་ཐམས་ཅད་སྐྱེས་ཏེ། རྩ་བ། སྡོང་བུ། ཡལ་ག་ལོ་མ། མེ་ཏོག །འབྲས་བུ་སྟེ་རྒྱུ་དང་འབྲེལ་བ་དྲུག་འབྱུང་བ་ལྔ་དང་དུས་ཀྱི་འགྱུར་བ་སྟེ་དྲུག་པོ་ལ་རྐྱེན་དང་འབྲེལ་བ་དྲུག་ཅེས་བྱ་སྟེ་དེ་ལྟ་བུའི་རང་བཞིན་དུ་ཕྱི་དོན་གྱི་བག་ཆགས་མ་ཟད་པ་དེ་སྲིད་དུ་འཁོར་བ་ཕྱི་ཡི་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཡིན་ནོ། །ཡང་མ་རིག་པ་ལས་འདུ་བྱེད་དེ། དེ་བཞིན་དུ་རྣམ་ཤེས་སོགས་གཅིག་ལ་གཅིག་བརྟེན་གྱིས་རྒ་ཤིའི་བར་དུ་མ་ཆད་པར་འབྲེལ་ཏེ་ཐོག་མེད་ནས་འཁོར་བ་ནི་ནང་གི་སེམས་དང་ལུས་ཀྱི་བག་ཆགས་མ་ཟད་ཀྱི་བར་དུ་འབྱུང་བ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་སུ་གསུངས་སོ། །མྱང་འདས་ཀྱི་རྟེན་ཅིང་འབྲེལ་འབྱུང་ནི། སློབ་པའི་ལམ་བཞིའི་གནས་སྐབས་དང༌། འབྲས་བུ་མི་སློབ་པའི་གནས་སྐབས་གཉིས་སུ་གནས་པ་ཡིན་ལ། དེ་ཡང་སློབ་པའི་ལམ་གྱི་དུས་སུ་ནི། འཁོར་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་རིག་པ་ནས་རྒ་ཤིའི་བར་ལུགས་སུ་འཇུག་པ་བཅུ་གཉིས་ཀྱི་རྩ་བ། བདེན་གཉིས་ཀྱི་དོན་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཆེན་པོ་ནི། ཚོགས་ལམ་དུ་ཐོས་བསམ་གྱིས་དེའི་གཉེན་པོ་བདག་མེད་པའི་དོན་རིག་པའི་ཡེ་ཤེས་ཇི་ལྟ་བ་བཞིན་གཏན་ལ་ཕབ་སྟེ་སྦྱོར་ལམ་དུ་དད་སོགས་ལྔའི་སྒོ་ནས་དོན་སྤྱིའི་ཚུལ་དུ་བསྒོམས་ཏེ་མ་རིག་པ་ཉམས་སྨད་པར་བྱས་ནས། མཐོང་ལམ་དུ་རིག་པའི་ཡེ་ཤེས་དེ་ཇི་ལྟ་བ་བཞིན་མངོན་སུམ་དུ་མཐོང་སྟེ་མ་རིག་པའི་སྒོ་ནས་སྲིད་པར་འཕེན་བྱེད་ཀྱི་ལས་མི་གསོག་ཅིང༌། སྒོམ་ལམ་ས་དགུ་པོར་ཡེ་ཤེས་དེའི་རྒྱུན་གོམས་ཤིང་གོང་དུ་འཕེལ་སྟོབས་ཀྱིས་མ་རིག་པའི་བག་ཆགས་རིམ་གྱིས་ལྡོག་པས་འདུ་བྱེད་ལ་སོགས་པའི་ཡན་ལག་གཞན་རྣམས་ཀྱི་བག་ཆགས་ཀྱང་ལུགས་ལྡོག་ཏུ་འགགས་ནས་རྒྱུན་མཐའི་རྡོར་ཏིང་གིས་སྲིད་པའི་རྩ་བ་མ་རིག་པའི་བག་ཆགས་ཤིན་ཏུ་ཕྲ་བ་གཉིས་སྣང་དང་བཅས་པ་སྤངས་པས་རྒྱུན་ཆད་དེ་འབྲས་བུ་ཆོས་སྐུའི་ཡེ་ཤེས་མངོན་དུ་གྱུར་ཏེ་འགག་མེད་ཐུགས་རྗེའི་རོལ་པ་ཅིར་ཡང་འཆར་བར་འགྱུར་བ་ནི་འབྲས་བུའི་རྟེན་འབྲེལ་ཡིན་ནོ། །དེ་ལྟར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་སྣང་ཙམ་ལས་ངོ་བོས་མ་གྲུབ་པའི་མཚན་ཉིད་མ་ནོར་བར་མཐོང་བའི་སྐྱེས་བུ་དེ་ཡིས་སྡུག་བསྔལ་གྱི་བདེན་པ་སྣང་ཙམ་ལས་རང་བཞིན་མེད་པར་ཤེས་ཤིང༌། དེའི་རྒྱུ་ཀུན་འབྱུང་ཉོན་མོངས་ཀྱི་རྩ་བ་མ་རིག་པ་སྤོང་བའི་རྟེན་འབྲེལ་གྱིས་འགོག་པ་མྱང་འདས་དམ་པ་མངོན་དུ་གྱུར་པར་ཤེས་ནས་ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་མཆོག་གི་དོན་བསྒོམ་པས་མངོན་དུ་མཐོང་ངོ༌། །གོང་དུ་ཇི་སྐད་བཤད་པ་དེ་ལྟར་འཁོར་འདས་ལམ་གསུམ་གྱི་སྣང་བ་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་དུ་བསམ་པ་ལས་བྱུང་བའི་ཤེས་རབ་རྣམ་པར་དག་པས་གཏན་ལ་ཕབ་པ་དེའི་ཚེ་གནས་ལུགས་ཀྱི་རང་བཞིན་མ་ནོར་ཤེས་པའི་ཆོས་ཉིད་དེའི་ངང་ལ་གཟུང་འཛིན་གྱི་རྟོག་པས་མ་བསླད་པར་འཇོག་པ་ནི། སྒོམ་པའི་ཤེས་རབ་ཅེས་སུ་ཐུན་མིན་མདོ་དང༌། དགོངས་འགྲེལ་རྣམས་སུ་དང༌། ཚད་མའི་སྐྱེས་བུ་རྣམས་ལ་གྲགས་སོ། །འདི་ལྟར་ནམ་མཁའ་ནི་གཟུང་དུ་མེད་པ། བསྟན་དུ་མེད་པ། གཟུགས་ཅན་མ་ཡིན་པ། མཐའ་དབུས་མེད་པ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་ནས་བསྒོམ་པའི་དོན་ཆོས་ཉིད་དང་ཡུལ་ཅན་ཡེ་ཤེས་རོ་གཅིག་ཏུ་གྱུར་པའི་སེམས་ཀྱི་གཤིས་ལུགས་དེ་ལ། དངོས་པོའི་མཚན་མ་མེད་པས་གཟུགས་སོགས་ཕུང་པོ་ལྔ་དང༌། འདུས་མ་བྱས་པ་ཡིན་པས་རྣམ་ཤེས་ཚོགས་བརྒྱད་ཀུན་ཀྱང་ཡོད་པ་མ་ཡིན་ནོ་ཞེས་མཐའ་བཞིའི་སྐྱེ་བ་འགོག་པའི་དམ་བཅའ་སྟོན་པ་ཉིད་དབུ་མ་ཐལ་འགྱུར་བའི་བཞེད་པ་ཡིན་ཀྱང༌། མེད་ཅེས་ཡོད་མཐའ་བློ་ཡིས་བཀག་ནས་མེད་པ་ཞིག་གློ་བུར་དུ་བསྒོམ་པར་བྱར་མེད་དེ་མེད་པ་གཤིས་ལ་མི་གནས་པའི་ཕྱིར་ན། གཤིས་ཀྱི་གནས་ཚུལ་ཤེས་པའི་ཤེས་རབ་ཉིད་དང་ལྷག་པར་ཡང་འགལ་བ་ཡིན་ཏེ། སེམས་ཀྱི་རང་བཞིན་རྣམ་ཐར་སྒོ་གསུམ་དུ་གནས་པ་འདི་ནི་ཅང་མེད་ཕྱང་ཆད་པ་ཉིད་མ་ཡིན་པར་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་ཡེ་ཤེས་ཀུན་གྱི་འབྱུང་གནས་ཡིན་པས་མཛོད་ལྟ་བུའོ། །དེས་ན་གནས་ལུགས་ཇི་བཞིན་མངོན་སུམ་མཐོང་བ་ནི་འཕགས་པ་ཁོ་ན་ཡིན་མོད་སོ་སྐྱེའི་དུས་ནའང་ཆོས་རྣམས་ཀྱི་རང་བཞིན་ཆོས་ཉིད་དུ་རྣམ་པར་དག་ཟིན་པའི་ཡང་དག་པའི་དོན་ཉིད་ལ། བཅོས་མའི་བློ་ཡིས་མ་བསླད་པར་ཡང་དག་ལྟ་བར་བྱེད་པ་ནི། དམུས་ལོང་ལྟར་རྐྱེན་མ་ཚོགས་པའམ་གཉིད་ལོག་པ་ལྟ་བུའམ་འདུ་ཤེས་མེད་པའི་སྙོམས་འཇུག་ལྟར་མིན་ལ། ལྷག་མཐོང་གི་ཡེ་ཤེས་དང་ལྷན་ཅིག་པ་ཡིན་ནོ། །བལྟ་ཞེས་བྱ་བ་དེའང་ཀུན་རྫོབ་ཙམ་དུ་བརྡ་སྤྲོད་པའི་མིང་སྟེ། རང་བཞིན་མ་བཅོས་པའི་ངང་དེ་ལས་གཞན་དུ་མ་ཡེངས་ཤིང་མི་བསྒོམ་པའི་ཚུལ་གྱིས་མ་གཡོས་ན། གནས་ལུགས་ཇི་བཞིན་བསྒོམ་པའི་ཕྱིར་གཞན་ལས་མཆོག་གོ །དེ་ལྟར་མཉམ་པར་བཞག་པའི་ཡེ་ཤེས་དེ་ཡི་མདུན་ཏེ་ཡུལ་ན་བློ་ཞེས་གཙོ་སེམས་དང་ནི། ཡིད་བྱེད་སོགས་སེམས་བྱུང་གིས་བསྡུས་པའི་རྟོག་ཚོགས་ཡུལ་བཅས་གཟུང་འཛིན་གྱི་རྣམ་པ་ཐམས་ཅད་གནས་པ་མིན་ཏེ་སོ་སོར་རྟོག་པའི་ཤེས་རབ་བོ། །ཤེས་རབ་དེ་འདྲ་བར་བློ་འབྱོང་ཞིང་ཆོས་ཐམས་ཅད་སྒྲོ་སྐུར་དང་བྲལ་བ་ཡོངས་སུ་ཤེས་ན། སེམས་བསྐྱེད་དང་སྦྱིན་སོགས་ཀྱི་ཐབས་ཀྱིས་རྣམ་པར་གྲོལ་བར་འགྱུར་རོ། །ཤེས་རབ་དེ་མེད་པར་མངོན་ཞེན་དང་བཅས་བའི་ཐབས་ཀྱིས་ནི། མུ་སྟེགས་ཅན་གྱི་ལམ་བཞིན་དུ་སྲིད་པའི་གནས་སུ་རང་རྒྱུད་བཅིངས་པ་ཉིད་ལས་གྲོལ་བ་མེད་དོ། །ལམ་གང་དུ་མཉམ་བཞག་ཏུ་སྟོང་ཉིད་དང་རྗེས་ཐོབ་ཏུ་སྙིང་རྗེ་ཆེན་པོའི་སྒོ་ནས་ཚོགས་བསགས་པ་སྟེ་རྣམ་པ་གཉིས་དང་པོར་རྒྱུད་ལ་བསྟེན་ནས་རིམ་གྱིས་གོམས་པར་བྱེད་པ་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ཡིན་ནོ། །མཐོང་ལམ་ལ་མྱུར་དུ་སྦྱོར་བའི་ལམ་དེ་ལ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་སྟེ་བཞི་ཡོད་པས་ཆོས་མཆོག་མན་ཆད་བཞི་པོའི་གནས་སྐབས་ཐམས་ཅད་དུ་མཉམ་རྗེས་གནས་སྐབས་རིམ་བཞིན་སྟོང་པ་དང་སྙིང་རྗེ་ངང་གིས་འཆར་རོ། །དེ་ནས་མཐོང་ལམ་ཐོབ་ནས་སྟོང་ཉིད་སྙིང་རྗེ་གཉིས་པོ་ནི་ཟུང་དུ་འཇུག་ཅིང༌། མཉམ་གཞག་སྟོང་ཉིད་རྗེས་ཐོབ་སྙིང་རྗེ་ཞེས་ཐ་མི་དད་ལ་ལྷན་ཅིག་སྟོང་ཉིད་སྙིང་རྗེ་ངོ་བོ་ཉིད་ལ་འདུ་འབྲལ་མེད་དེ། སྟོང་ཉིད་ལ་མཉམ་པར་བཞག་པ་ན་སྙིང་རྗེ་ཆེན་པོའི་རྩི་དང་མི་འབྲལ་ཞིང༌། རྗེས་ཐོབ་སྦྱིན་སོགས་སྤྱོད་པ་ལ་བསླབ་པ་ན། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པར་བསྒྲུབ་པས་སོ། །རབ་ཏུ་དགའ་བ་དང་པོའི་སར་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་པས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །དེ་ནས་འཕགས་པའི་སྒོམ་ལམ་ལ་མ་དག་ས་བདུན་དུ་ཐབས་ཤེས་ཟུང་དུ་འབྲེལ་ཀྱང་མཉམ་རྗེས་ཀྱི་ཉམས་ལེན་ཐ་དད་དུ་ཡོད་ལ། དག་ས་ཐོབ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཟག་མེད་ཀྱི་དབྱིངས་སུ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པ་རྣམས་རིམ་གྱིས་ཐོབ་པས་མཚན་མེད་འབད་རྩོལ་བྲལ་བའི་ལམ་ལ་བརྟེན་ནས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པས་མཉམ་རྗེས་ཀྱི་ཉམས་ལེན་དབྱེར་མེད་དུ་འགྱུར་རོ། །དེ་ལྟར་སྒོམ་ལམ་མཐར་ཕྱིན་ཏེ་ས་བཅུ་རྒྱུན་གྱི་མཐའ་མ་ལ། གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས། ཤེས་སྒྲིབ་ཕྲ་བའང་ལྷག་མེད་དུ་བཅོམ་ནས་མི་སློབ་པའི་ལམ་དུ་མངོན་པར་རྫོགས་པའི་བྱང་ཆུབ་བརྙེས་སོ། །འདིའི་སྐབས་སུ་མཉམ་པར་མ་བཞག་པའི་དུས་མེད་པ་སོགས་རྒྱལ་བའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དང༌། གཞན་ཡང་སྟོབས་བཅུ་དང་ནི། མི་འཇིག་པ་བཞི་སོགས་མཁྱེན་པའི་ཡེ་ཤེས་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་པོ་མཐའ་དག་མངོན་དུ་གྱུར་ནས་སངས་རྒྱས་པ་ཡིན་ནོ། །འདི་ལྟར་ཕ་རོལ་ཕྱིན་པ་དྲུག་སྟོན་པའི་སྡེ་སྣོད་རྣམས་དང༌། དེ་དག་གི་བརྗོད་བྱའི་དོན་རྣམས་ནི། དུས་གསུམ་དུ་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཀུན་སློབ་པ་ལམ་གྱི་གནས་སྐབས་ན་ཐོས་བསམ་བྱེད་པའི་གཞུང་དང་ཉམས་སུ་ལེན་པའི་ལམ་སྟེ། མཐར་འཛིན་དང་བྲལ་བའི་ལྟ་བས་ལམ་བསྒྲུབ་ཚུལ་ལ་མ་རྨོངས་ཤིང༌། སྤྱོད་པ་ཕར་ཕྱིན་དྲུག་གི་དོན་སྤྱོད་པ་ལའང་ཤིན་ཏུ་རྣམ་པར་དག་པས་ཚོགས་གཉིས་མཐར་ཕྱིན་ཏེ། ངེས་པ་ལྔ་ལྡན་འོག་མིན་དུ་འགྲོ་བ་སྟེ་དེར་མངོན་པར་སངས་རྒྱས་ཏེ་སྐུ་གཉིས་མངོན་པར་འགྲུབ་བོ། །དེ་ཡན་རྒྱུ་མཚན་ཉིད་ཀྱི་ཐེག་པ་བསྟན་ཏེ་ཟབ་མོ་ལྟ་བ་དང༌། རྒྱ་ཆེན་སྤྱོད་པའི་ཚུལ་གཏན་ལ་ཕབ་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། སྨོན་འཇུག་གི་བསླབ་བྱ་བསྟན་པའི་ཚོམས་ཏེ་ལེའུ་དགུ་པའོ།། །།ད་ནི་ལམ་གྱི་སྦས་དོན་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་བསྟན་པ་ལ། ཐོག་མར་ལོ་རྒྱུས་མདོ་ཙམ་བརྗོད་དེ། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་དང༌། རྣ་རྒྱུད་ལུང་གི་ཕྲེང་བ་ལས། རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པའི་ཚེ། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ནི། །ཕྱི་རོལ་རྒོལ་བ་ངན་པ་འབྱུང་སྲིད་ཀྱི། །དང་པོར་སྲིད་པ་ཆོས་ཀྱི་ལོ་རྒྱུས་སྨོས། །ཞེས་གསུངས་པ་ལྟར་ནང་རྒྱུད་ཡོ་ག་གསུམ་གཙོར་གྱུར་པའི་རྒྱུད་སྡེ་བྱུང་ཚུལ་ནི། སྤྱིར་སྔ་འགྱུར་བཀའ་མ་ཐམས་ཅད་ལ་བརྒྱུད་པ་གསུམ་ལྡན་དང༌། གཏེར་མ་རྣམས་ལ་བརྒྱུད་ཚུལ་དྲུག་དང་བདུན་དང་དགུ་རྣམས་སུ་ངེས་པ་ལས། དང་པོ་ནི། རྒྱལ་བ་དགོངས་པའི་བརྒྱུད་པ། ཆོས་སྐུ། རྟོགས་པས་རྒྱུད་དོན་ཚུལ་བཞིན་རིག་པ། རིག་འཛིན་བརྡ་ཡི་བརྒྱུད་པ། རིགས་ལྔ་ལོངས་སྐུ། གང་ཟག་སྙན་ཁུང་བརྒྱུད་པ་སྤྲུལ་སྐུ་སྟེ་གསུམ་མོ། །གཉིས་པ་ནི། བརྒྱུད་པ་གོང་མ་གསུམ་གྱི་སྟེང་དུ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། བཀའ་གཏེར་སྲུང་མས་ལས་ཅན་ལ་གདམས་པ་གཏད། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། གཏེར་སྟོན་སྐྱེས་ཆེན་ལ་གདམས་པ། ཤོག་སེར་ཚིག་གི་བརྒྱུད་པ་གཏེར་ཆོས་ཤོག་སེར་ལ་བཏབ་སྟེ་གཏེར་དུ་རྒྱས་བཏབ་པ་བྱིན་རླབས་ཆེ་བར་གསུངས་སྟེ་དྲུག་གོ །གསུམ་པ་ནི། ཤོག་སེར་བརྒྱུད་པ་དོར་ཏེ་སྔ་མ་ལྔའི་སྟེང་དུ། བཀའ་བབ་ལུང་བསྟན་གྱི་བརྒྱུད་པ་ཆོས་བདག་ལ་འགྲོ་དོན་ལུང་བསྟན་པ་དང༌། ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་བསྐྱེད་རྫོགས་བསྙེན་སྒྲུབ་ལྷན་སྐྱེས་ཡེ་ཤེས་གཉིས་བསྣན་པས་བདུན་ནོ། །བཞི་པ་ནི། དེ་བདུན་གྱི་སྟེང་སྙན་བརྒྱུད་དམར་ཁྲིད་ཀྱི་བརྒྱུད་པ་དང༌། ཕྲིན་ལས་ཕྱག་བཞེས་ཀྱི་བརྒྱུད་པ་སྟེ་དགུའོ། །དེ་སོགས་ལས་བྱུང་བའི་རྒྱུད་སྡེ་རྣམས་ཀྱི་ལོ་རྒྱུས་རྒྱ་ཆེར་གསུངས་ཀྱང་མདོ་བརྒྱུད་པའི་ལོ་རྒྱུས་ཙམ་མོ། །དེ་ལྟར་བརྒྱུད་པ་དེ་རྣམས་ནི་རིམ་བཞིན་བདག་ཅག་གི་བླ་མ་རྣམས་ཀྱི་བར་དུ་བརྒྱུད་པ་ཡིན་ལ་ཁྱད་པར་དུ་བསྟན་བཅོས་འདི་ཉིད་མཛད་པ་པོ་རིག་འཛིན་འཇིགས་མེད་གླིང་པ་ཞེས། འཕགས་པ་སེམས་ཉིད་ངལ་གསོ་ཉིད་དངོས་སུ་དགེ་བའི་བཤེས་གཉེན་གྱི་ཚུལ་དུ་བཟུང་ནས། པདྨ་སམྦྷ་དང༌། བི་མ་མི་ཏྲ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ལས་དགོངས་པའི་ཕ་ཕོག་ཐོབ་སྟེ་ཐུགས་དགོངས་དབྱེར་མེད་དུ་གྱུར་པ་༡དང༌། དེ་དག་གི་བརྡ་ཐབས་རྟེན་འབྲེལ་གྱི་རྣམ་འཕྲུལ་བསྟན་པ་ཐམས་ཅད་དང་དབུགས་དབྱུང་ཞལ་བཞེས་རྗེས་གནང་སོགས་རིག་འཛིན་བརྡ་བརྒྱུད་༢དང༌། དགོངས་གཏེར་མཐའ་དག་ཐུགས་ལ་བཀྲ་ལམ་མེར་ཤར་བ་སྟེ་དགོངས་བརྡ་སྙན་བརྒྱུད་ཀྱི་བརྒྱུད་གསུམ་ཆིག་རྫོགས་སུ་བླངས་ཏེ། ལས་དང་སྐལ་པར་ལྡན་པ་ལ་བསྟན་པ་ཡོངས་རྫོགས་ཀྱི་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་ཞིང་མངོན་པར་རྫོགས་པའི་སངས་རྒྱས་སུ་བཞུགས་པ་ཡིན་ཏེ། ཇི་སྐད་དུ། ལུས་ནི་གང་ཟག་ལྷ་མི་ཡང༌། །དགོངས་པ་དམ་པ་སངས་རྒྱས་དངོས། །ཞེས་པ་ལྟར་རོ། །དེ་ཡང་མན་ངག་གི་བསྟན་བཅོས་ཀྱི་གཞུང་འདི་ཉིད་དམ་པ་དེ་ཉིད་ལས། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་གསན། དེ་ལས་རྒྱས་སྲས་གཞན་ཕན་མཐའ་ཡས། དེ་ལས་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། དེ་ལས་བཀའ་དྲིན་མཚུངས་མེད་ཨོ་རྒྱན་བསྟན་འཛིན་ནོར་བུས་གསན། དེ་ལས་ཡོན་ཏན་རྒྱ་མཚོ། དེ་གསུམ་ལས་མཁན་ཆེན་བསམ་གཏན་རྒྱ་མཚོ། དེ་ལས་ཙནྡྲརསྨིའམ་མཁན་པོ་ཟླ་འོད། དེ་ལས་ཆིག་རྫོགས་སུ་ནོད་པའོ། །དེ་ཡང་སྔགས་ཀྱི་སྐབས་སུ་སྤྱིར་རྒྱལ་བས་སེམས་ཅན་རྣམས་ཀྱི་དོན་དུ་བློ་དང་འདུ་ཤེས་ཀྱི་རྗེས་སུ་འགྲོ་བའི་ཐེག་པའི་རྣམ་དབྱེ་བསམ་གྱི་མི་ཁྱབ་པ་ཞིག་གསུངས་པ་མཐའ་དག་བསྡུ་ན་གཉིས་སུ་འདུ་བ་ཡིན་ཏེ། ཐེག་དམན་དང༌། ཐེག་ཆེན་ནོ། །ཐེག་ཆེན་ལའང་རྣམ་པ་གཉིས་ཡོད་དེ། ཐེག་ཆེན་ཚུལ་སྒྲུབ་ལས། ཐེག་པ་ཆེན་པོ་རྣམ་གཉིས་ཏེ། །ཕ་རོལ་ཕྱིན་དང་གསང་སྔགས་སོ། །ཞེས་སོ། །དེའི་རྒྱུ་མཚན་ཐེག་ཆེན་གྱི་གདུལ་བྱ་བྱང་ཆུབ་སེམས་དཔའ་དེ་ལའང་དབང་པོ་རྣོན་པོ་དང༌། ཤིན་ཏུ་རྣོན་པོའི་རིགས་ཅན་གཉིས་ཡོད་པའི་གཉིས་ཀའང་སྙིང་རྗེའི་གཞན་དབང་གིས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པར་མཚུངས་ཀྱང༌། སྒྲུབ་ཚུལ་མཚན་ཉིད་ཐེག་པ་ལས་བདེ་གཤེགས་སྙིང་པོའི་ས་བོན་ཡོད་པ་ཙམ། ཚོགས་གཉིས་ཀྱི་རྐྱེན་ལས་གོང་འཕེལ་དུ་སོང་ནས་སངས་རྒྱས་ཐོབ་པར་འདོད་ཅིང༌། རྒྱུ་འབྲས་སྔ་ཕྱི་འབྲེལ་བས་རྒྱུ་ཡི་ཐེག་པ་ཞེས་བྱ་ལ། སྔགས་སུ་སྙིང་པོ་དེ་སེམས་ཅན་ཀུན་ལ་རང་ཆས་སུ་ཡོད་པ་ལ་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྦྱང་གཞི་ཉི་མ་ལྟ་བུ་དེ་ཉིད་ལ། སྦྱང་བྱ་འཁོར་བའི་རང་བཞིན་ཚོགས་བརྒྱད་ཀུན་གཞི་དང་བཅས་པའི་འདུས་བྱས་ཀྱི་སེམས་གློ་བུར་བ་སྤྲིན་དང་འདྲ་བའི་སྒྲིབ་པ་ཉིད། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་ཀྱིས་སྦྱངས་པས། སྦྱངས་འབྲས་རང་ངོའི་ཡོན་ཏན་ཇི་བཞིན་མངོན་དུ་འགྱུར་བར་འདོད་པ་སྟེ། དེས་ན་སྔགས་ཀྱི་ཐེག་པ་ཞེས་པའི་དོན་ནི། མ་ན་ཡིད་དང༌། ཏྲ་ཡ་སྐྱོབ་པའི་སྒྲ་བསྡུས་པ་མནྟྲ་ཞེས་བྱ་སྟེ། གང་སྐྱོབ་ན། ཡིད་ཤེས་ཏེ་དེ་ཡང་རིག་པ་ལ་བརྗོད་དེ། འབྲས་བུའི་གནས་སྐབས་སུའང་རིག་པའི་ཡེ་ཤེས་ཞེས་བརྗོད་པའི་ཚུལ། གསང་སྙིང་ལས། བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོའོ། །ཞེས་སོ། །གང་ལས་སྐྱོབ་ན། གཟུང་འཛིན་དང་བཅས་པའི་ཚོགས་བརྒྱད་ལས། ཇི་ལྟར་སྐྱོབ་ན། བདེ་མྱུར་གྱི་ཚུལ་དུ་སྐྱོབ་པས་ན་དེ་སྐད་ཅེས་བྱའོ། །དེ་ལ་འབྲས་བུའི་ཐེག་པ་ཞེས་ཀྱང་བྱ་སྟེ། དེའི་དོན་ནི་གཞི་གཏན་ལ་ཕབ་པའི་དུས་སུ་མཐར་ཐུག་གི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སོགས་ཆོས་ཁམས་རྒྱ་མཚོ་ལྟ་བུ། སེམས་ཉིད་བདེ་གཤེགས་སྙིང་པོའི་རང་རྩལ་དུ་རྫོགས་པས་འབྲས་བུ་གཞི་ལ་གནས་པར་འདོད་པ་དང༌། ལམ་ཉམས་སུ་ལེན་པའི་དུས་སུ་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་དང་མཐུན་པའི་ལམ་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པ་དང༌། འབྲས་བུ་མངོན་དུ་བྱེད་པའི་དུས་སུ་ཚེ་ལུས་གཅིག་གིས་འབྲས་བུ་མངོན་དུ་བྱེད་པས་འབྲས་བུའི་ཐུས་ཀ་སྟེ། དཔེར་ན་སྨན་ཐམས་ཅད་ཀྱི་ནུས་པ་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུ་ལམ་གྱི་མན་ངག་གི་ནུས་པ་ཐམས་ཅད་གཅིག་ཏུ་འདུས་པའི་དོན་གྱིས་ན་དེ་སྐད་ཅེས་བྱ་བའམ། ཡང་ན་ནི་མཚོན་བྱེད་དཔེའི་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཆོས་ཉིད་དོན་དམ་པའི་རྡོ་རྗེ་བདེ་གཤེགས་སྙིང་པོའི་ཡིན་ལུགས་བླ་མས་ངོ་སྤྲད་པ་དེ་ཉིད། ཕར་མཚན་མའི་རྣམ་རྟོག་ཐམས་ཅད་འཇོམས་པ་ལ་ཐོགས་པ་མེད་པ་དང༌། ཚུར་མཚན་མའི་རྣམ་རྟོག་ཐམས་ཅད་ཀྱིས་གླགས་མི་རྙེད་པས་ན་རྡོ་རྗེ་སྟེ། དེ་ཉིད་བརྗོད་བྱའི་གཙོ་བོར་བསྟན་པས་ན་རྡོ་རྗེའི་ཐེག་པ་ཞེས་བརྗོད་པ་དང༌། ཡང་སྦྱིན་པ་ལྟ་བུ་སྤྱོད་པའི་སྒོ་རེ་རེ་ཡང་ཐབས་དུ་མའི་སྒོ་ནས་སྒྲུབ་པས་ཐབས་མང་བ་དང༌། ཉོན་མོངས་ལྔ་ཡང་ལམ་དུ་བྱེད་པས་ཐབས་མཁས་པ་དང༌། འདོད་ཡོན་ལྔ་ཡང་སྤང་མི་དགོས་པར་ལམ་དུ་བྱེད་པས་ཐབས་བདེ་བ་དང༌། སྐལ་པ་དང་ལྡན་པའི་གང་ཟག་ཤིན་ཏུ་རྣོན་པོ་ཞིག་མ་གཏོགས་ཁོང་དུ་མི་ཆུད་པས་ཐབས་ཟབ་པ་དང༌། ཚེ་གཅིག་གིས་ཀྱང་འབྲས་བུ་འགྲུབ་པས་ཐབས་མྱུར་བའི་ཕྱིར་ཐབས་ཀྱི་ཐེག་པ་ཞེས་བྱ་ལ། རིག་པ་བདེ་གཤེགས་སྙིང་པོའི་ཆོས་ཉིད་བླ་མས་ངོ་སྤྲད་པ་དེ་ཉིད་མི་འབྲལ་བར་འཛིན་པའི་རིག་འཛིན་ནི། གསང་སྔགས་ཉམས་སུ་ལེན་པའི་གང་ཟག་ཡིན་ལ། དེ་དག་གིས་ཉམས་སུ་བླང་བྱའི་སྡེ་སྣོད་ཡིན་པས་ན་རིག་པ་འཛིན་པ་ཡི་སྡེ་སྣོད་ཅེས་གྲགས་ཤིང༌། སྤྱིར་སྡེ་སྣོད་ཅེས་པའི་དོན། ཚིག་དང་དོན་གྱི་སྡེ་ཚན་དུ་མའི་སྣོད་ཡིན་པས་ན་སྡེ་སྣོད་ཅེས་བརྗོད་པ་ཡིན་ནོ། །རྒྱུ་མཚན་དེ་རྣམས་ཀྱི་ཕྱིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་འཕགས་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར་འབྲས་བུ་སངས་རྒྱས་སྒྲུབ་པར་དོན་གཅིག་ནའང༌། སྒྲུབ་ཚུལ་ལ་རྨོངས་མ་རྨོངས་ཀྱི་ཁྱད་པར་ཡོད་དེ། མཚན་ཉིད་ཐེག་པ་ལས་ཕྱི་སྣང་བའི་བདེན་ཞེན་ལྡོག་པ་ལ། སྒྱུ་མ་ལྟ་བུར་བསྒོམ་པ་ལ་སོགས་པས་འབྱུང་བའི་རིག་པ་ལ་རྨོངས། ནང་ཕུང་པོ་ལྔ་ལྷར་མ་ཤེས་པས་གནས་པའི་དོན་ལ་རྨོངས། གསང་བ་རྟོག་ཚོགས་དང་ཉོན་མོངས་པ་ཡེ་ཤེས་སུ་མ་ཤེས་པས་ལམ་གྱི་རྣམ་པ་ལ་རྨོངས། ཐམས་ཅད་དག་མཉམ་ཆེན་པོ་བདེན་པ་དབྱེར་མེད་དུ་མ་ཤེས་པས་རྟོགས་པའི་ལྟ་བ་ལ་རྨོངས་པ་ཉིད། སྔགས་སུ་ཕྱི་འབྱུང་བར་སྣང་བ་ཡུམ་ལྔ། ནང་ཕུང་པོར་སྣང་བ་ཡབ་ལྔ། གསང་བ་རྟོག་ཚོགས་ཀུན་བྱང་ཆུབ་སེམས་དཔའ་སེམས་མ་ཡེ་ཤེས་ལྔ་ཡི་རང་བཞིན། ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོར་གཏན་ལ་ཕབ་ནས་བསྒོམ་ཞིང༌། བླང་དོར་དང་འཛིན་པ་མེད་པའི་ཐབས་མཁས་ཀྱི་སྤྱོད་པ་གོང་དུ་བཤད་པ་ལྟ་བུའི་སྒོ་ནས་འབྲས་བུ་ལ་མྱུར་དུ་སྦྱོར་བའི་དབང་པོ་ཤིན་ཏུ་རྣོན་པོའི་དབང་དུ་བྱས་པ་ཡིན་ནོ། །ཡང་རྒྱུན་ཆགས་པ་སྟེ་སངས་རྒྱས་སེམས་ཅན་གྱི་ངོས་ན་ཡོད་པའི་དོན་གྱི་ངོས་ནས་བཤད་ན། ཏནྟྲ་ཞེས་པའི་སྒྲ་ལས་དྲངས་ན་རྒྱུད་དེ། དེ་ཡང་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ལམ་ཐབས་དང་གཞི་རྒྱུ་ལས་འབྲས་བུའོ། །ཞེས་རྒྱུད་ཅེས་པ་ནི་རྒྱུན་ཆགས་པའི་དོན་ཏེ། གང་ཞིག་རྟོགས་པར་བྱ་བ་གཞིའམ་རྒྱུའི་རྒྱུད་དང༌། གང་གིས་རྟོགས་ཤིང་བགྲོད་པ་ཐབས་སམ་ལམ་གྱི་རྒྱུད་དང༌། གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་དོ། །དེ་ལ་དང་པོ་གཞིའི་རྒྱུད་ནི། སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་གནས་ལུགས་དོན་དམ་པའི་ཡེ་ཤེས་རིག་པ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་བློ་ཡི་སྤྱོད་ཡུལ་དང་བྲལ་བའི་རང་བཞིན་འཆིང་གྲོལ་མེད་པར་སེམས་ཅན་ཐམས་ཅད་ལ་ཡེ་ནས་གནས་པའི་དོན་ལ་བྱ་སྟེ། གསང་སྙིང་ལས། བཅིང་མེད་རྣམ་པར་གྲོལ་མེད་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་དང༌། རྒྱས་པ་ལས། ཐམས་ཅད་རང་རིག་བྱང་ཆུབ་སེམས། །དེ་ནི་ལུང་གི་ཚད་མར་བཤད། །ཅེས་སོ། །དེ་ལ་ཅིའི་ཕྱིར་གཞིའམ་རྒྱུའི་རྒྱུད་ཅེས་བྱ་ཞེ་ན། དེ་ཉིད་ཐབས་ཀྱི་རྐྱེན་གྱིས་མ་ཟིན་ན་འཁོར་བ་དང༌། ཟིན་ན་མྱང་འདས་སུ་སྣང་བས་དེ་གཉིས་ཀའི་འབྱུང་གཞིའམ་རྒྱུ་ལྟ་བུར་གྱུར་པས་དེ་སྐད་ཅེས་བྱའོ། །དེ་ཡང་རིམ་གསུམ་ལས། ཐ་སྙད་གཉིས་ཀྱི་ཆོས་རྣམས་ཀུན། །མ་ལུས་འབྱུང་ཕྱིར་གཞི་ཞེས་བྱ། །ཞེས་དང༌། མ་ཕམ་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཐ་སྙད་ཙམ་དུ་དབྱེ་ན། སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི་སྦྱང་གཞི་ནོར་བུ་ལྟ་བུ་ཡིན་པས་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་བྱ་ལ། ལོག་པའི་ཞེན་སྣང་ཡུལ་དང་བཅས་པ་ནི་སྦྱང་བྱ་འདམ་རྫབ་ལྟ་བུ་སྟེ། མེད་སྣང་གློ་བུར་བ་ཡིན་པས་འཁྲུལ་པ་བརྟགས་པའི་གཞི་ཞེས་གསུངས་ཏེ། འདི་མེད་སྣང་འབྲས་བུའི་ཉེར་ལེན་གྱི་རྒྱུ་དང་རྒྱུད་མཚན་ཉིད་པ་མ་ཡིན་ནོ། །གཉིས་པ་ལམ་གྱི་རྒྱུད་ནི། གཞི་དེ་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བར་བྱེད་པའི་ཐབས་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པའི་ལྟ་བ་དང༌། རང་བཞིན་ཡོངས་ཤེས་ཀྱི་དོན་བསྒོམ་པའི་ཏིང་ངེ་འཛིན། གྲོགས་སྤྱོད་པ་དམ་ཚིག་དང་བཅས་པ་ལ་བྱ་སྟེ། རྒྱུད་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་ཡོད་འོང་མ་ཡིན་ཏེ། །ཐབས་ལ་བརྟེན་ནས་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངང་དུ་འབྱུང༌། །ཞེས་སོ། །དེ་ལ་ཅིའི་ཕྱིར་ཐབས་སམ་ལམ་གྱི་རྒྱུད་ཅེས་བྱ་ཞེ་ན། འཐོབ་བྱ་འབྲས་རྒྱུད་ཉིད་མངོན་དུ་བྱེད་པའི་ལྷན་ཅིག་བྱེད་རྐྱེན་ཡིན་པས་ཐབས་དང༌། གང་གིས་གང་དུ་བགྲོད་པའི་རྟེན་ཡིན་པས་ན་ལམ་སྟེ། མདོ་ཡི་དོན་བསྡུས་ལས། བགྲོད་ལམ་དང་དེ་ཆོས་ཡོན་ཏན་ལྡན་པ་དང༌། །ཞེས་པ་ལ་སོགས་པ་ལྟར་རོ། །དེ་ཡང་རྣལ་འབྱོར་བླ་ན་མེད་པ་ཁྱད་པར་གྱི་ལམ་འདི་འབྲས་བུ་ལ་ཉེ་བའི་ལམ་རྒྱུད་ཡིན་ལ། ཕྱི་རྒྱུད་རྣམས་ནི་རིང་བའི་ལམ་རྒྱུད་དོ། ནང་རྒྱུད་ལ་ལྟོས་ན་རིང་བའི་ལམ་རྒྱུད་དང༌། མཚན་ཉིད་ཐེག་པ་ལས་ཉེ་ལམ། །ལམ་དེ་ལ་རྒྱུད་ཅེས་སྨོས་པའི་དོན་ནི། གཞི་ཤེས་བྱ་དང་ལམ་ཤེས་བྱེད་དུ་དང༌། འབྲས་བུ་འཐོབ་བྱ་དང་ལམ་འཐོབ་བྱེད་དུ་འབྲེལ་བའི་ཕྱིར་དང༌། ལམ་དང་པོ་བསྒྲུབ་པ་ནས་འབྲས་བུའི་བར་དུ་མ་ཆད་པར་རྒྱུན་ཆགས་སུ་འབྱུང་བས་ན་དེ་སྐད་ཅེས་བྱའོ། །གསུམ་པ་འབྲས་བུའི་རྒྱུད་ནི། གཞི་ཡི་གནས་ལུགས་ལ་སྒྲིབ་པར་བྱེད་པའི་དྲི་མ་ལམ་གྱིས་ཡང་དག་པར་སྦྱངས་ནས། གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ལ་བྱ་སྟེ། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། ཐུབ་པའི་བསྐྱེད་རྫོགས་རྣལ་འབྱོར་འབྲས་བུ་ལྷུན་གྲུབ་ཀྱི་རྣལ་འབྱོར་ཆེ། །འབྲས་བུ་ལྷུན་གྲུབ་ཇི་བཞིན་མངོན་བྱས་པའང༌། །བཏགས་པ་ཙམ་སྟེ་གཞི་འབྲས་ལ་ཐ་དད་གཉིས་པ་མེད། །དེ་ཕྱིར་དེ་ལ་དེ་བརྗོད་དོ། །ཞེས་སོ། །དེ་ཡང་གཉིས་པ་མེད་ཅེས་པ་གཞི་འབྲས་ངོ་བོ་བདག་གཅིག་གིས་འབྲེལ་བས་གཞི་ལས་ཐ་དད་པའི་འབྲས་བུ་མེད་པའི་དོན་ནོ། །དེ་ལ་ཅིའི་ཕྱིར་འབྲས་བུའི་རྒྱུད་ཅེས་བྱ་ཞེ་ན། བླ་ན་མེད་པ་མཆོག་གི་འབྲས་བུ་མཐར་ཐུག་པ་དོན་དུ་གཉེར་བ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་འབྲས་བུ་དང་ནམ་ཡང་རྒྱུན་མི་འཆད་པས་རྒྱུད་དུ་བཞག་པ་ཡིན་ནོ། །དེ་ལ་སྤྱིར་རྒྱུད་གསུམ་གྱི་རྣམ་བཞག་དེ་ལྟར་ཡིན་པའི་གནད་ཀྱིས་བྱེ་བྲག་ལམ་རྒྱུད་ཀྱི་དངོས་པོ་རྣམས་ཀྱང༌། མཚན་ཉིད་ཐེག་པ་ལས་འཕགས་ཆོས་དུ་མ་དང་ལྡན་པ་ཡིན་ལ། དེའང་ནང་གསེས་ཀྱི་དབྱེ་བ་བྱས་ན། རྗོད་བྱེད་སྒྲ་ཡི་རྒྱུད་དང༌། བརྗོད་བྱ་དོན་གྱི་རྒྱུད། སྔ་མ་ལའང་ལས་ཕྲ་མོ་སྒྲུབ་པའི་ཆ་ལག་དང༌། ཐུན་མོང་གི་དངོས་གྲུབ་བརྒྱད་སྒྲུབ་པའི་དང༌། མཆོག་དངོས་མཐོང་སྒོམ་གཉིས་ཀྱི་ཡེ་ཤེས་སྒྲུབ་པའི་ཐབས་སྟོན་པའི་སྒོ་ནས་དབྱེ་བ་དང༌། རྩ་བའི་རྒྱུད་དང༌། ཡན་ལག་གི་རྒྱུད་ཀྱི་དབྱེ་བ་དང༌། ཕྱི་ནང་གི་དབྱེ་བ་སོགས་མང་ནའང༌། བསྡུ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་ལ་དང༌། གདུལ་བྱ་རྣམས་ཀྱི་སེམས་ལ་སྣང་བ་སྒྲར་སྣང་བའི་རྒྱུད་དང༌། སྔར་གསང་བའི་བདག་པོས་གསུངས་པ་སོགས་ནས་སྨྲ་བ་པོས་དངོས་སུ་བརྗོད་པ་སྒྲར་གྲགས་པའི་རྒྱུད་དང༌། བློ་གྲོས་ཐབས་ལྡན་གྱིས་རྒྱུད་རྣམས་ཡི་གེར་བཏབ་པ་སོགས་ནས་རྒྱ་བོད་སོགས་ཀྱི་ཡི་གེའི་གཟུགས་སུ་བཀོད་དེ་གླེགས་བམ་གྱི་བར་དུ་ཡོད་པ་སོགས་ལ་བརྡར་གྱུར་པའི་རྒྱུད་ཅེས་བརྗོད་པ་ཡིན་ནོ། །ཕྱི་མ་བརྗོད་བྱ་དོན་གྱི་རྒྱུད་སྡེ་ལའང་དབྱེ་བ་མང་དུ་སྣང་མོད། དོན་གྱི་སྙིང་པོ་གཞིའི་གནས་ལུགས་ལྟ་བས་གཏན་ལ་འབེབས་ཚུལ་གྱིས་རྒྱུའི་ཐེག་པ་ལས་ཁྱད་དུ་འཕགས་པའི་སྟོབས་ཀྱིས་ལམ་ཉམས་སུ་ལེན་ཚུལ་ཡང༌། སྤྱིར་ཐེག་ཆེན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བརྟེན་ནས་ཐབས་ཤེས་ཟུང་འབྲེལ་དུ་བསྒྲུབ་པ་ཙམ་དུ་མདོ་སྔགས་མཚུངས་ནའང༌། གསང་བ་སྔགས་ཀྱི་སྐབས་སུ་ནི་བསོད་ནམས་ཀྱི་ཚོགས་བསགས་པའང༌། ཕུང་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་ལ་མ་དག་པའི་མཚན་མར་བལྟས་ཏེ་སྦྱིན་སོགས་ལ་སློབ་པ་ལྟ་བུ་མ་ཡིན་པར། རང་བཞིན་ཡེ་ནས་དག་པའི་རྣམ་པ་ལྷར་གསལ་བའི་བསྐྱེད་རིམ་གྱི་ངང་ནས་དཀྱིལ་འཁོར་མཆོད་པ་ལ་སོགས་པའི་སྦྱིན་པ་དང༌། མཚན་འཛིན་སྡོམ་པ་ལ་སོགས་པའི་ཚུལ་ཁྲིམས་ཀྱིས་མཚོན་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་དང་འབྲེལ་བའི་སྒོ་ནས་སྒྲུབ་པ་དང༌། ཡེ་ཤེས་ཀྱི་ཚོགས་ཀྱང་རྗེས་སུ་དཔག་པའི་ཤེས་རབ་ཀྱིས་སྤྲོས་བྲལ་སོགས་སུ་ལྟ་བ་ཙམ་མ་ཡིན་པར། བླ་མའི་མན་ངག་གི་ཐབས་ཀྱིས་ངོ་སྤྲད་པའི་རང་གནས་ཀྱི་ཡེ་ཤེས་ལ་མཉམ་པར་འཇོག་པའི་རྫོགས་རིམ་གྱི་སྒོ་ནས་སྒྲུབ་པ་སྟེ། ཚུལ་དེ་གཉིས་ལ་བརྟེན་ནས་ཐབས་དང་ཤེས་རབ་ཁྱད་པར་ཟུང་དུ་འབྲེལ་ནས་ཉམས་སུ་ལེན་པ་ལ། མཚན་ཉིད་ཐེག་པ་ལྟར་ཐབས་ལ་མི་མཁས་པས་མགོ་དང་ཡན་ལག་གཏོང་བ་སོགས་དཀའ་ཐུབ་མཐུ་ཡིས་ཡུན་རིང་པོར་མི་གདུང་བར་འཁོར་བའི་རྒྱུ་འབྲས་ཐམས་ཅད་གང་ཡང་སྤང་མི་དགོས་པར་ཉོན་མོངས་དང་འདོད་ཡོན་སོགས་ལམ་དུ་བྱེད་ཅིང༌། མཚོན་རྟུལ་པོས་མ་ཆོད་པའི་དངོས་པོ་གང་ཞིག །རྣོན་པོས་ཡུད་ཙམ་གྱིས་གཅོད་ནུས་པ་བཞིན། ཐབས་དམན་པ་འོག་མའི་ལམ་གྱིས་གདུལ་མ་ནུས་པའི་གང་ཟག་སྡིག་པ་དང༌། སྒྲིབ་པ་སྟོབས་ཆེན་པོས་ནོན་པ་ཡང་ལམ་འདིར་འཇུག་རྒྱུ་ཡོད་པས་སྒོ་ཡངས་ཤིང༌། གང་ཟག་དབང་པོ་ཤིན་ཏུ་རྣོན་པོའི་ཉམས་སུ་ལེན་པའི་དབང་དུ་བྱས་པའི་ལམ་ཡིན་པས། ཤེས་རབ་ཟབ་མོས་སྔགས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བར་གསང་སྔགས་རང་གི་སྐབས་སུ་བཤད་པ་སྒྲ་ཇི་བཞིན་པར་ཉམས་སུ་བླངས་ན། དེ་ལྟ་བུའི་སྡིག་པ་ཅན་ཡིན་ཡང་མི་གོས་པར་ཟུང་འཇུག་གི་འབྲས་བུ་མཐར་ཐུག་པ་ཚེ་གཅིག་ལ་སོགས་པ་ལས་མི་འགོར་བར་སྦྱོར་བས་ན། ལམ་བགྲོད་པའི་བརྟུལ་ཞུགས་ཏེ་ཚུལ་གཞན་ལས་མྱུར་བ་ཡིན་ནོ། ༈ དབྱེ་བ་ལ་དང་པོ་ཕྱི་རྒྱུད་སྡེ་བཞིར་དབྱེ་བ་ནི། དེ་ཡང་འདི་ལྟར་གང་གིས་སྟོན་པ་ལོངས་སྐུ། གང་བསྟན་པ་གསང་སྔགས་ཀྱི་ཆོས་ནི་ཇི་ལྟར་ན་སྒྲ་ཚིག་བརྗོད་བྲལ་ལོངས་སྐུའི་བསྟན་པ་ཡིན་པས། རྒྱལ་བ་ཀུན་གྱི་སྤྱི་གཟུགས་རྡོ་རྗེ་འཆང་ཆེན་པོས། དུས་ཐོག་མ་མེད་པ་ནས་འཁོར་ཚད་མེད་པའི་ནང་དུ་གསུངས་པའི་ཕྱིར། བདེ་གཤེགས་སྙིང་པོ་ཀུན་ལ་ཡོད་ཀྱང་དུས་བབ་ཀྱི་གདུལ་བྱའི་ངོར་སེམས་ཅན་མཐའ་ཡས་པའི་བློ་དང་ཆོས་ཀྱི་དབྱིངས་འབྱམས་ཀླས་པས་སངས་རྒྱས་ཀྱི་ཆོས་ཀྱང་དེའི་རྗེས་སུ་འགྲོ་བས་ན། གདུལ་བྱ་བྱེ་བྲག་པའི་ངོར་མཆོག་གི་སྤྲུལ་པའི་སྐུའི་བསྟན་པའི་རྒྱུད་གསང་འདུས་ལ་སོགས་པ་ལྟར། བསྟན་པའི་གནས་ཚད་དང༌། དར་ཚད། བྱང་ཆུབ་སོགས་དུས་ཀྱི་ཐོག་མཐའི་ཚད་དང༌། རྩ་རླུང་གི་བྱེད་པ་སྡོམ་བྱེད་ཀྱི་གཉེན་པོ། རང་གནས་ཡེ་ཤེས་ལམ་བྱེད་ཀྱི་ཐེག་པ་དང༌། རྒྱུད་སྡེའི་གྲངས་ལ་སོགས་པ་མཐའ་གཅིག་ངེས་གཟུང་བྱ་རྒྱུ་མེད་དེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གསང་དང་གསང་ཆེན་ཤིན་ཏུ་གསང༌། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་དང༌། །རྗེས་སུ་རྣལ་འབྱོར་ཆེན་པོ་དང༌། །ཞེས་དང༌། གསང་སྔགས་གསང་ཆེན་ཤིན་ཏུ་གསང༌། །རྒྱུད་རྣམས་ཀུན་གྱི་སྤྱི་བོ་སྟེ། །ཞེས་པས་ཤིན་ཏུ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་སོགས་གསལ་བར་བསྟན་ལ། དེ་བཞིན་དུ་དཔུང་བཟང་ལས། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་གསལ་བར་རྒྱལ་བས་གསུངས། །ཞེས་སོ། །དེ་དག་ཀྱང་སྡེ་ཚན་དུ་སྣང་བའི་ཚུལ་སྐྱེ་འགྲོའི་ལུས་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རིམ་པས་དེར་འབབ་པའི་ཁུ་རྡུལ་གཉིས་དང༌། རླུང་གི་འདུ་བ་ལས་ཆོས་ཀྱི་རྣམ་གྲངས་དེ་སྙེད་ཅིག་གདུལ་བྱའི་བློ་ལ་བདེ་བར་གཤེགས་པའི་བདག་རྐྱེན་ལས་རང་བཞིན་འཆར་བའི་ཚུལ། བཤད་རྒྱུད་རྡོ་རྗེའི་ཕྲེང་བ་ལས། སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པ་ནི་ཤེས་པར་བྱ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །བྱང་ཆུབ་སེམས་ནི་རབ་ཏུ་འབབ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བར་ནི་ཤེས་པར་བྱ། །ཞེས་པ་དང་མཐུན་པར་རྒྱུད་སྡེའི་གྲངས། ཀླུ་སྒྲུབ་ཞབས་ཀྱི་རིམ་ལྔའི་འགྲེལ་པ་ལས། གསང་སྔགས་ཀྱི་དབྱེ་བ་ནི་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །ཞེས་གསུངས་སོ། །དེ་ལྟ་བུའི་སྔགས་ཀྱི་རྒྱུད་སྡེ་ཡོད་དོ་ཅོག་ཐམས་ཅད་འདོད་ཡོན་དང་ཉོན་མོངས་ལམ་དུ་བྱེད་ཚུལ་དང༌། གདུལ་བྱའི་བློ་རིམ་སོགས་ཀྱིས་བསྒྲུབ་ཚུལ་གྱི་རྣམ་གྲངས་དང༌། སྡེ་ཚན་གྱི་གྲངས་འཛིན་སླ་བའི་ཕྱིར་ཆིངས་ཆེན་པོ་ལྔ་ཡིས་བཅིངས་ཏེ་སྟོན་པ་ནི། གསང་བ་གྲུབ་པ་ལས། གདུལ་བྱ་དུས་དང་འདུལ་བྱེད་ཀྱི། །སྐལ་པ་ཅན་རྣམས་དོན་གྱི་ཕྱིར། །གསང་སྔགས་ཚུལ་ཆེན་རྣམ་པ་བཞི། །འཇིག་རྟེན་ཁམས་སུ་བསྒྲགས་པ་ཡིན། །ཞེས་སོ། །དེ་ཡང་དུས་དང་རིགས་དང་དབང་པོ་སོགས་ལ་དགོངས་ཏེ་གསུངས་པས། དུས་ལ་དགོངས་པ་ནི། འཛམ་བུ་གླིང་པ་རྣམས་ལ་སྦྱང་གཞི་འདོད་ཆགས་ཀྱི་འཇུག་ཚུལ་བཞི་རིམ་པར་བྱུང་སྟེ། ཚེ་ལོ་ས་ཡ་དྲུག་འབུམ་ཡན་ཆད་དུ་ཉོན་མོངས་མངོན་གྱུར་མེད་ཅིང༌། ཚེ་ལོ་དཔག་མེད་ཐུབ་པ་དང༌། ལུས་ཀྱི་འོད་དང༌། རྫུ་འཕྲུལ་དང༌། བདུད་རྩིའི་ཟས་ཏེ་ཡོན་ཏན་རྣམ་པ་བཞི་པོ་ཐམས་ཅད་རྫོགས་པར་ཡོད་པས་རྫོགས་ལྡན་ཏེ། འདིའི་དུས་ན་ཉོན་མོངས་འདོད་ཆགས་ཅུང་ཟད་ལངས་ཀྱང་ཤས་ཆུང་བས་གཅིག་ལ་གཅིག་བལྟས་པ་ཙམ་གྱིས་ཚིམ་པ་དང༌། རིམ་པར་ཡོན་ཏན་དེ་དག་ལས་གཅིག་ཉམས་ཏེ་གསུམ་ལྡན་གྱི་དུས་ན་བགད་པས་ཚིམ་པ་དང༌། ཡང་གཅིག་ཉམས་པས་གཉིས་ལྡན་གྱི་དུས་ན་ཕན་ཚུན་རེག་པ་དང་བཅངས་པ་ཙམ་གྱིས་ཚིམ་པའི་འདོད་ཆགས་དང་ནི། ཡོན་ཏན་ཐམས་ཅད་ནུབ་སྟེ་ཕན་ཚུན་རྩོད་པར་བྱེད་ཅིང་འཁྱུད་སྦྱོར་གྱི་འདོད་ཆགས་དང་ལྡན་པ་སྟེ་བཞི་ཡི་གཉེན་པོར་གསུངས་པ་ཡང༌། བསྡུས་རྒྱུད་ལས། རྫོགས་ལྡན་དང་པོ་བྱ་བའི་རྒྱུད། །གསུམ་ལྡན་གཉིས་པ་སྤྱོད་པའི་རྒྱུད། །གཉིས་ལྡན་གསུམ་པ་རྣལ་འབྱོར་རྒྱུད། །རྩོད་ལྡན་བཞི་པ་བླ་མེད་དོ། །དུས་བཞི་ལ་ནི་དགོངས་ནས་ཀྱང༌། །རྒྱུད་སྡེ་རྣམ་པ་བཞིར་བཤད་དོ། །ཞེས་སོ། །རིགས་ལ་དགོངས་པ་ནི་སྤྱོད་པའི་སྒོ་ནས་དབྱེ་སྟེ། འདི་ལྟར་བྲམ་ཟེ་རྣམས་གཙང་སྦྲ་དང་དཀའ་ཐུབ་ལ་སྤྱོད་པ་དང༌། རྗེའུ་རིགས་རྣམས་ནི་སྒོ་གསུམ་ཆ་མཉམ་ལ་སྤྱོད་པ་གཟོ་བ་དང༌། རྒྱལ་པོའི་རིགས་རྣམས་རྒྱ་ཆེན་པོ་ལ་མོས་ཤིང་སེམས་ཀྱི་ལས་གཙོ་བོར་སྤྱོད་པ་དང་ནི། དམངས་རིགས་སམ་གདོལ་པ་རྣམས་ནི་གཙང་སྦྲ་ཆུང་ཞིང་ཉོན་མོངས་པའི་བརྟུལ་ཞུགས་ཤས་ཆེ་བ་དེ་རྣམས་དང་མཐུན་པར་བསྟན་པ་སྟེ་བཞིའོ། །དེ་ཡང་བདེ་མཆོག་རོལ་པའི་རྒྱུད་ལས། བྱ་བ་བྲམ་ཟེ་གཙང་སྦྲ་བསྟུན། །སྤྱོད་པ་རྗེ་རིགས་རང་དོན་དུ་སེམས་ཀྱི་ཡང་དཔྱོད། ལུས་ཀྱི་ཡང་དམངས་རྣམས་སྐྱོང་ཕྱིར་ཐབས་བྱེད། ངག་གི་ཡང་སྨྲ་བ་སྟེ་སྒོ་གསུམ་ཆ་མཉམ་པར་གཟོ་བ་དེ་བས་ལྷག །རྣལ་འབྱོར་རྒྱལ་པོ་འཁོར་ཚོགས་མང༌། །གཞི་རྨོངས་དམངས་ཕལ་པ་གདོལ་རིགས་རྣམས་ལ་གདོད་ནས་གྲོལ་བ་སྟེ། །གཞན་དུ་སུ་ལའང་མ་བསྟན་པར། །མཛེས་མ་ཁྱོད་ལ་བསྟན་པ་ཡིན། །ཞེས་སོ། །དབང་པོ་བཞིར་དགོངས་པ་ནི། དབང་པོ་རྟུལ་པོ་རྣམས་ཀྱིས་སེམས་ཀྱི་ཀུན་ཏུ་བརྩམ་པ་ཆེན་པོ་ཉམས་འོག་ཏུ་མི་ཆུད་པས་ལུས་ངག་གི་བྱ་བ་ཆེ་ཐང་དུ་མཐོང་བ་དང༌། འབྲིང་གིས་སེམས་ཀྱི་བརྩམ་པ་ཆེན་པོ་ཡང་རྟོགས་སུ་རུང་ལ་ལུས་ངག་གི་བྱ་བ་དང་སེམས་ཀྱི་བརྩམ་པ་ཆ་མཉམ་པར་བལྟ་བ་དང༌། རྣོན་པོས་སེམས་ཀྱི་བརྩམ་པ་གཙོ་བོར་བལྟ་ཞིང་ལུས་ངག་གི་སྤྱོད་པ་གྲོགས་ཙམ་དུ་བརྟེན་པ་དང༌། དབང་པོ་མཆོག་གིས་སྒོ་གསུམ་གྱི་བྱ་བ་ཐམས་ཅད་མཚན་མ་དང་བླང་དོར་དུ་མི་བལྟ་བར་ཟུང་དུ་ཚུད་པར་ཤེས་པས་དེ་དག་གི་ཕྱིར་གསུངས་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཞེས་སོ། །དེ་དག་འདུལ་བྱེད་གསང་སྔགས་ཀྱི་ཆོས་ནི་རིམ་པ་བཞིན་དུ་གདུལ་བྱ་དེ་རྣམས་དང་མཐུན་པར་སྟོན་པ་སྟེ། བྱ་བའི་རྒྱུད་དུ་འདོད་ཆགས་ལམ་དུ་བྱེད་པའི་ཐབས་ལྷ་བྲི་ཞིང་བསྒོམ་པའི་ཚུལ་ཡང་སེམས་ཉིད་སྟོང་གསལ་གྱི་རང་བཞིན་གང་དུའང་འཆར་རུང་བས་ཕྱག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། དབུས་སུ་ནི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་བྲི། དེ་ཡི་གཡོན་དུ་ན་བཟའ་དཀར་མོ་བཅོམ་ལྡན་འདས་ལ་བལྟ་བ་བྲིའོ། །ཞེས་དང༌། རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །ཕོ་ཡང་མོ་ལ་བལྟ་བ་དང༌། །མོ་ཡང་ཕོ་ལ་བལྟ་བ་བྲི། །ཞེས་སོ། །སྤྱོད་པ་ཡང་ཁྲུས་དང་གཙང་སྦྲ་དང༌། དཀར་གསུམ་ཟ་བ་དང༌། གོས་གསུམ་བརྗེ་བ་སོགས་བྱ་བ་གཙོར་ལྷུར་ལེན་པ་དང༌། སེམས་ཀྱི་བསྒོམ་པ་ཡང་མེད་པ་མིན་ཀྱང་ལུས་ངག་གི་བྱ་བར་ཆེ་ཐང་དུ་བརྩོན་ནོ། །སྤྱོད་པའི་རྒྱུད་དུ་ཆགས་པ་ལམ་དུ་བྱེད་པའི་ལྷ་བྲི་ཞིང་བསྒོམ་པའི་ཚུལ་ནི། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པའི་ཞལ་དུ་བྲི། །ཞེས་དང༌། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །ཞེས་སོགས་གསུངས་པ་ལྟར་རོ། །སྤྱོད་པ་ཡང་སྒོ་གསུམ་གྱི་བྱ་བ་ཆ་མཉམ་པར་བྱེད་ལ། བསྒོམ་པ་ཡང་སེམས་ཀྱི་བརྩམ་པ་ཆེན་པོ་བྱེད་ནུས་པའི་དབང་གིས་ཀུན་སྤྱོད་གཙོ་བོར་མི་འདོན་ནོ། །རྣལ་འབྱོར་རྒྱུད་དུ་འདོད་ཆགས་ལམ་དུ་བྱེད་པའི་ཐབས་སུ་ལྷ་བྲི་ཞིང་བསྒོམ་པ་ནི། དཔལ་མཆོག་དང་པོ་ལས། དཀྱིལ་འཁོར་གྱི་ནི་ལྷ་ཚོགས་རྣམས། །དཔུང་པ་ཡིད་ཙམ་དམ་པར་བཞག །ཅེས་དང༌། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་བ་ལ་བརྩོན་པ། །སྙེམས་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཆུ་སྲིན་རྒྱལ་མཚན་སྒྲེང་དང་བཅས། །ཞེས་སོགས་གསུངས་པས་ལྷ་ཐམས་ཅད་ཕྱག་རྒྱ་སྦྲེལ་བར་འབྱུང་ངོ༌། །སྤྱོད་པ་ཡང་ལུས་ངག་གི་བྱ་བ་མི་དགོས་པ་མིན་ཡང་གཙོ་བོར་མི་སྟོན་པ་གྲོགས་ཙམ་དུ་སྟོན་ལ། བསྒོམ་པ་ནི་མཚན་བཅས་ལྷའི་རྣལ་འབྱོར་དང་མཚན་མ་མེད་པའི་དོན་བསྒོམ་པ་ལྷུར་ལེན་པ་གཙོར་བྱེད་དོ། །བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས་ནི། ཆགས་པ་ལམ་དུ་བྱེད་པའི་ལྷ་རྣམས་ཐབས་ཤེས་ཟུང་འབྲེལ་ཏེ། གསང་འདུས་ལས། དབང་པོ་གཉིས་ཀྱི་སྦྱོར་བ་ཡི། །འདི་སྣང་གི་དངོས་པོ་ཐམས་ཅད་ལམ་དུ་བྱེད་པས་བརྟགས་པར་བྱ། །ཞེས་དང༌། གསང་སྙིང་ལས། རང་གི་ལག་ཆ་སྣ་ཚོགས་ཏེ། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །ཞེས་སོགས་སོ། །སྤྱོད་པ་ཡང་གཙང་སྨེ་དང་ཉོན་མོངས་སོགས་ལ་བླང་དོར་མེད་པར་སྤྱོད་ཅིང༌། བསྒོམ་པ་ནི་མཉམ་ཉིད་བླང་དོར་དང་བྲལ་ཞིང་ཐབས་ཤེས་ཟུང་དུ་འཇུག་པའི་དོན་ལ་མཉམ་པར་འཇོག་པར་བྱེད་ནུས་པའོ། །གཞན་ཡང་ལྷ་བཞིའི་རྗེས་སུ་ཞུགས་པའི་ཕྱིན་ཅི་ལོག་བཞི་དང༌། ནང་པའི་གྲུབ་མཐའ་སྨྲ་བ་བཞི་རྗེས་སུ་བཟུང་བའི་ཕྱིར་རྒྱུད་སྡེ་བཞིར་ཕྱེ་བའང༌། མདོ་སྔགས་གཉིས་མཐར་ཐུག་དགོངས་པ་གཅིག་ཏུ་འབབ་པ་དང༌། སངས་རྒྱས་རྣམས་ནི་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ལྡན་པས་གདུལ་བྱར་མ་གྱུར་པའང་མེད་ལ། འདུལ་ཚུལ་ཡང་རང་རང་གི་མོས་པ་དང་མཐུན་པར་སྟོན་པས་མི་འཐད་པ་མེད་དོ། །རྒྱལ་བའི་ཕྲིན་ལས་སུ་ཤར་བའི་ལྷ་བཞི་ནི། བྱ་རྒྱུད་ལ་གཙང་སྦྲ་སོགས་གཏི་མུག་ཅན་ཚངས་པ་གཙང་སྦྲ་ཆོས་སུ་སྨྲ་བ་དང༌། སྤྱོད་རྒྱུད་ཞེ་སྡང་ཅན་ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བ་དང༌། ང་རྒྱལ་ཅན་ལྷ་ཡི་ང་རྒྱལ་རྣལ་འབྱོར་བརྒྱ་བྱིན་རིགས་དང་འབྱོར་པས་རྒྱགས་པ་དང༌། ཆགས་པ་ཅན་བླ་མེད་ཆགས་པ་ལམ་བྱེད་དབང་ཕྱུག་འདོད་ཆགས་ཆོས་སུ་སྨྲ་བ་རྣམས་སོ། ༈ ཕྱི་རྒྱུད་སྡེ་གསུམ་སྤྱིར་བཤད་པ་ནི། དེ་ལྟར་གསང་སྔགས་རྒྱུད་སྡེ་བཞི་པོ་དེ་དག་གི་ནང་ནས་དང་པོ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་ལ་ནི་གསང་སྔགས་ཕྱི་པ་ཞེས་བྱ་སྟེ། ཐུབ་པ་ཆགས་བྲལ་གྱི་རྣམ་པས་དངོས་སུ་གསུངས་པའི་མཚན་ཉིད་ཐེག་པ་དང༌། གཙང་སྦྲ་བྱེད་པ་དང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ཀུན་ཏུ་སྤྱོད་པ་ཕལ་ཆེར་མཚུངས་པའི་ཕྱིར། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་བྱའོ། །དེས་ན་འདི་དག་ཉམས་ལེན་ཐབས་ཤེས་གཉིས་ཀའི་སྒོ་ནས་མཚན་ཉིད་ཐེག་པ་ལས་ཁྱད་པར་དུ་འཕགས་ནའང༌། སྤྱིར་ཐེག་ཆེན་མདོ་སྔགས་ཀྱི་ཉམས་སུ་བླང་བྱ་ཐམས་ཅད་སྙིང་རྗེ་དང་སྟོང་ཉིད་ཟུང་འཇུག་ལམ་དུ་གཅིག་ཅིང༌། ཉོན་མོངས་པ་དང་ཁ་ན་མ་ཐོ་བས་མི་གོས་པར་བྱེད་པར་མཚུངས་པས། ཐུན་མོང་ཐེག་པའི་ཉམས་ལེན་དང་སྡོམ་པས་རྒྱུད་སྦྱང་ཞིང་བྱམས་སྙིང་རྗེས་གཞི་བཟུང་བ་ཞིག་དགོས་ཀྱི། རང་གར་སྔགས་ལམ་དུ་ཞུགས་པ་ཙམ་གྱིས་ལམ་གོང་མའི་ཁྱད་ཆོས་རྒྱུད་ལ་མི་འབྱོང་བ་མ་ཟད་རྒྱུད་ཆུད་ཟོས་སུ་འགྱུར་རོ། །སྔགས་ཕྱི་པ་འདི་དག་གིས་ནི་སྔར་བཤད་པ་ལྟར་རྩོད་པའི་དུས་ཀྱི་དབང་པོ་གཉིས་སྦྱོར་དང་འགལ་བའི་བལྟས་བགད་ལག་བཅངས་ཀྱིས་ཚིམ་པའི་འདོད་ཆགས་ཀྱི་ཀུན་སྤྱོད་ལམ་དུ་བྱེད་པས་ན། ལྷ་ཡང་དེ་དང་མཐུན་པར་བྲི་བ་དང་བསྒོམ་པའི་ཚུལ་སྟོན་གྱི། ཡབ་ཡུམ་ཟུང་འབྲེལ་གྱི་ཚུལ་སྟོན་པ་མིན་ལ། དཀར་གསུམ་གྱི་ཟས་དང༌། རས་གོས་སོགས་གཙང་ཞིང་གསར་པར་གྱུར་པའི་གོས་དང་ལོངས་སྤྱོད་རྣམས་བསྟེན་པར་བྱ་བ་ལས་ཤ་ལྔ་དང་བདུད་རྩི་ལྔ་དང༌། ཞིང་ལྤགས་རུས་རྒྱན་སོགས་ལ་ལོངས་མི་སྤྱོད་དོ། ༈ བྱེ་བྲག་ཏུ་བཤད་པ་ལ་དང་པོ་བྱ་སྤྱོད་ཀྱི་ཁྱད་པར་བཤད་པ་ནི། དེ་ལ་སྤྱིར་སྔགས་ཀྱི་དབྱེ་བ་བྱས་ན་ནི། རིགས་སྔགས་དང༌། གཟུངས་སྔགས། གསང་སྔགས་ཞེས་ཐབས་དང༌། ཤེས་རབ་དང༌། གཉིས་སུ་མེད་པའི་ངོ་བོ་གསུམ་དུ་གནས་པའི་ཚུལ། དགོངས་པ་གྲུབ་པའི་རྒྱུད་ལས། གསང་སྔགས་ཀུན་གྱི་དབྱེ་བ་ནི། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །རིག་སྔགས་ཐབས་ཀྱི་ངོ་བོ་ཡིན། །གཟུངས་སྔགས་ཤེས་རབ་ངོ་བོ་ཡིན། །གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཞེས་པས་དེའང་བྱ་བ་དང་ནི་སྤྱོད་པའི་རྒྱུད་དུ་ནི། ཐབས་ཀྱི་ལྷར་ཤར་བ་སེམས་དཔའ་དང༌། ཤེས་རབ་ཀྱི་ལྷར་ཤར་བ་སེམས་མ་དང༌། འཇམ་དབྱངས་དང་དབྱངས་ཅན་མ་ལྟ་བུ་གནས་ལུགས་ཤེས་པའི་ཤེས་རབ་དང་ཡེ་ཤེས་འབྲེལ་བའི་ངོ་བོ་ལྷར་ཤར་བ་རིག་སྔགས་ཀྱི་ལྷ་དང༌། ཤེས་རབ་དང་དྲན་པ་འབྲེལ་བའི་ངོ་བོ་ལྷར་ཤར་བ་གཟུངས་སྔགས་ཀྱི་ལྷ་སྟེ་སྒྲུབ་ཚུལ་བྱ་བའི་རྒྱུད་ལས་ལྷ་ཡེ་ཤེས་པ་རྗེ་བོ་དང་བདག་ཁོལ་པོའི་ཚུལ་གྱིས་དང༌། སྤྱོད་པའི་རྒྱུད་ལ། ལྷ་ཡེ་ཤེས་པ་དང་བདག་དམ་ཚིག་པ་གཉིས་མཆོག་དམན་མེད་པར་སྤུན་དང་གྲོགས་པོའི་ཚུལ་དུ་བལྟས་ཏེ་སྒྲུབ་པར་བྱེད་དོ། །དེ་ལ་བྱ་རྒྱུད་ཀྱི་ལམ་ནི་དཔུང་བཟང་གི་འགྲེལ་པར་སྤྱོད་པའི་སྒོ་བཞིར་བསྡུས་ཏེ། འཇུག་པའི་སྤྱོད་པ་དབང་གིས་སྣོད་རུང་དུ་བྱེད་པ། སྦྱོར་བའི་སྤྱོད་པ་རིགས་གསུམ་གྱི་ལྷ་བསྙེན་པ། སྒྲུབ་པའི་སྤྱོད་པ་རྫས་དང་ཆ་རྐྱེན་འཛོམས་པས་བཟླས་བརྗོད་ལ་བརྩོན་པ། གྲུབ་པའི་སྤྱོད་པ་ལྷ་དང་སྐལ་མཉམ་རིག་འཛིན་མཁའ་སྤྱོད་གྲུབ་ནས་མཐར་འབྲས་ལ་སྦྱོར་བར་བཤད་པའི་སྤྱོད་པ་བཞི་ལས། དང་པོ་འཇུག་དབང་ནི་འོག་ཏུ་འཆད་ལ། གཉིས་པ་སྦྱོར་བའི་སྤྱོད་པ་རིགས་གསུམ་གྱི་ལྷ་བསྙེན་པ་ནི། བྱ་བས་རྗེ་བོ་དང་ཁོལ་པོའི་རྣམ་པར་བསྒྲུབ་པ་ཡིན་པར་བཤད་པ་དེ་ལའང༌། བདག་ལྷར་བསྐྱེད་པ་མེད་པས་རང་ཉིད་དམན་པར་བལྟས་ཏེ་ཐ་མལ་པའི་ཚུལ་དུ་བཞག་པ་ལ་ནི་བྱ་རྒྱུད་ཙམ་པོ་པའམ་རང་རྒྱུད་པ་ཞེས་བྱ་ལ། བྱ་རྒྱུད་ལ་ལར་བདག་ལྷར་བསྐྱེད་པ་ཡོད་དེ། དེ་ལ་ནི་བྱ་རྒྱུད་ཁྱད་པར་བ་ཞེས་ཟེར་ཞིང༌། འོན་ཀྱང་གཙོ་བོར་མདུན་བསྐྱེད་བྱས་ནས་དེ་ལ་དངོས་གྲུབ་ཞུ་བའི་ཚུལ་དུ་སྟོན་ཏོ། །དེ་ཡང་བདག་ཉིད་ལྷར་བསྐྱེད་པའི་ཚུལ་ནི་དེ་ཁོ་ན་ཉིད་བཞིའི་སྒོ་ནས་ཏེ། དེ་ལ་དང་པོ་བདག་གི་དེ་ཁོ་ན་ཉིད་ནི་རྒྱུད་འདིའི་ལྟ་བའི་ངང་ལ་འཇོག་པ་སྟེ། ཆོས་ཉིད་དག་པའི་ལྷ་ཞེས་སེམས་ཉིད་དོན་དམ་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བའི་ཆོས་ཉིད་རྟོགས་ནས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལྷར་བསྒོམ་ན། སྟོང་ཉིད་ཡིན་པའི་གནད་ཀྱིས་ལྕགས་ཁམས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་བཞིན། རྟེན་འབྲེལ་སྣང་ཆ་ཐམས་ཅད་མཐར་ཐུག་པ་སངས་རྒྱས་ཚེ་ལྷར་ཡོངས་སུ་དག་པར་འདོད་དོ། །གཉིས་པ་ལྷ་ཡི་དེ་ཁོ་ན་ཉིད་ནི། སངས་རྒྱས་གསང་བས། སྟོང་པ་དེ་ཁོ་ན་ཉིད་ཡི་གེ་ཟླ་དཀྱིལ་སྒྲ་བཟླ་བྱའི་སྔགས་གཟུགས་སྤྲོ་བསྡུའི་ལྷར་གསལ་བ་དང༌། ཕྱག་རྒྱ་ལྷ་གང་ཡིན་དམ་རྒྱ་ མཚན་མ་ལྷ་དྲུག་གོ སྤྱོད་ལམ་ཀུན་ཏུ་དེའི་མཚན་མ་དང་མི་འབྲལ་བའོ། །ཞེས་པ་ལྟར་རོ། །དེ་ནས་རང་མདུན་གཞལ་ཡས་ཁང་ཞིང་ཁམས་དང་བཅས་གསལ་ལ་ཡེ་ཤེས་པ་སྤྱན་དྲངས། བསྟིམ། བཞུགས་གསོལ་བྱ་བ་རྗེ་དང་རང་ཉིད་ལྷར་བསྐྱེད་པ་བྲན་གྱི་ཚུལ་དུ་བྱས་ནས་མཆོད་བསྟོད་རྒྱུན་བཤགས་བྱའོ། །གསུམ་པ་སྒྲུབ་པའི་སྤྱོད་པ་ནི། དེ་ཁོ་ན་ཉིད་ཕྱི་མ་གཉིས་པོ་ཡིན་ཏེ། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །ཞེས་པས་གཞི་ནི་བདག་མདུན་ལྷར་བསམ་པ། སེམས་ནི་དེ་དག་གི་ཐུགས་ཀར་ཟླ་དཀྱིལ་བསམ་པ། སྒྲ་ནི་དེ་སྟེང་སྔགས་ཕྲེང་རང་སྒྲ་སྒྲོགས་པར་བསམ་ལ་བཟླས་པ་ཚུལ་བཞིན་བྱ་བའོ། །བཞི་གྲུབ་པ་པ་བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། དེ་ཉིད་བསམ་གཏན་ཕྱི་མ་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐས་ཐར་པ་སྟེར་བར་བྱེད། །ཅེས་པས་རང་ཉིད་ལྷར་གསལ་སྙིང་གར་མེ་འབར་བའི་ནང་དུ། ཟླ་བར་སྔགས་ཕྲེང་བཀོད་ནས། སྲོག་བསྡམ་པའི་སྦྱོར་བས་བསྒོམ་པ་ལས་བཞི་འགྲུབ་པའི་གཞིའོ། །སྒྲར་གནས་ནི་སྔགས་འབྲུ་རྣམས་རང་སྒྲ་དྲིལ་བུའི་སྒྲ་ལྟར་བསམ་པའོ། །རྣམ་འབྱོར་ནི་ཞི་གནས་སྐྱེ་བའི་རྟེན་ཡིན་ནོ། །སྒྲ་མཐས་ཐར་པ་སྟེར་བ་ནི། སྒྲ་ཡི་རྒྱུན་ཇེ་ཕྲར་སོང་ནས་མི་དམིགས་པར་འཇོག་པ་སྟེ། ལྷག་མཐོང་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱེད་པའོ། །དེ་ལྟར་ནང་གི་སྒོམ་པ་དང་ཕྱི་ཡི་བྱ་བ་ཁྲུས་དང་གཙང་སྦྲ་ལ་གཙོ་བོར་བསྟེན་པས་བདག་མདུན་མཆོག་དམན་གྱི་ཚུལ་དུ་བསྒྲུབ་པའོ། །བཞི་པ་གྲུབ་པའི་སྤྱོད་པ་མཁའ་སྤྱོད་རིག་འཛིན་གྲུབ་སྟེ། རྟེན་དེ་ལ་སྔགས་ཀྱི་ཕྱིན་དྲུག་གི་སྤྱོད་པ་སྤྱད་ནས་མཐར་ཐུག་གི་འབྲས་བུ་མཆོག་གི་དངོས་གྲུབ་ལྷའི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བའི་རིགས་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པར་འདོད་པ་སྟེ། ཧེ་རུ་ཀ་གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་སོ། ༈ སྤྱོད་རྒྱུད་ནི། བྱ་བའི་རྒྱུད་ལས་བཤད་པའི་ཁྲུས་དང་གཙང་སྦྲ་སོགས་ཐབས་དང༌། ནང་གི་ལྟ་བ་དང༌། བསྒོམ་པའི་རྣལ་འབྱོར་ཡོ་གའི་རྒྱུད་ལྟར་བྱས་ནས་དེ་གཉིས་ལ་ཆ་མཉམ་པར་སྤྱོད་པས་སྤྱོད་པའི་རྒྱུད་དུ་གྲགས་པ་ཡིན་ཏེ། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་དང༌། །སྤྱོད་པ་ཀྲི་ཡར་སྤྱོད་པ་སྟེ། །དེ་ཕྱིར་གཉིས་ཀའི་རྒྱུད་དུ་གྲགས། །ཞེས་སོ། །དེ་ལ་དང་པོ་རང་ཉིད་དམ་ཚིག་སེམས་དཔའི་ལྷར་བསྐྱེད་པ་ལ། སྔགས་དང་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབ། དེ་ནས་གཉིས་པ་རང་གི་མདུན་དུ་བསྐྱེད་ཅིང་བཞུགས་པའི་ཡེ་ཤེས་ཀྱི་ལྷའི་ཐུགས་ཀའི་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་ནས། སྲོག་བསྡམ་ཞིང་རྩེ་གཅིག་པའི་སྦྱོར་བས་ཏིང་ངེ་འཛིན་བརྟན་པར་བྱེད་དེ། དེ་ཡང་བདེན་པ་དབྱེར་མེད་ཀྱི་དོན་ལ་ཇེ་བཟང་དུ་སོང་བས་དམ་ཡེ་གཉིས་ལ་དམན་མཆོག་མེད་པར། སྤུན་དང་གྲོགས་ལྟར་བལྟས་ཏེ་དངོས་གྲུབ་ལེན་པར་བྱེད་པ་ཡིན་ནོ། །དེ་ལྟར་མཚན་བཅས་དང༌། མཚན་མེད་ཏིང་ངེ་འཛིན་གྱི་རིམ་པ་སོགས་ཀྱིས་འབྲས་བུ་དངོས་གྲུབ་ཐུན་མོང་དང༌། ཁྱད་པར་མི་ཚེ་ལྔའམ་རིང་མཐའ་བསྐལ་པ་གསུམ་མམ་གཅིག་གིས་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དང་རིན་ཆེན་རིགས་ཏེ་རིགས་བཞི་རྡོ་རྗེ་འཛིན་པའི་ས་མངོན་དུ་བྱེད་པར་འདོད་དོ། ༈ རྣལ་འབྱོར་ནི། རྣལ་འབྱོར་གྱི་རྒྱུད་ཀྱི་ལྷའི་རྣལ་འབྱོར་དཀྱིལ་འཁོར་བསྒོམ་པའི་སྐབས་སུ་གཞལ་ཡས་ཁང་གི་གྲུ་ཆད་མན་ཆད་ཀྱི་ཁྱམས་དང༌། ཕྱི་རོལ་གྱི་སྲུང་བའི་བར་ཕལ་ཆེར་ལ། བཀོད་པ་ཆེན་པོ་རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་དང་གཞལ་ཡས་ཁང་ལྟར་བསྟན་ན་ཡང༌། ནང་གི་ལྷ་གདན་འཁོར་ལོ་སོགས་དང༌། གཞལ་ཡས་ཁང་གི་དབུས་ཕྱུར་བུའི་རྣམ་པ་དང༌། རྩེ་མོ་དང༌། རྒྱན་གྱི་རྣམ་གྲངས་ལ་མི་འདྲ་བ་མང་དུ་ཡོད་ལ། ལྷ་རྣམས་ཀྱང་སྔར་བཤད་པ་ལྟར་ཡབ་ཡུམ་ཟུང་འབྲེལ་མ་ཡིན་ལ། ལྷ་བསྐྱེད་ནས་དེ་ལ་སེམས་གཏད་པ་དང༌། རྫོགས་རིམ་མི་རྟོག་པ་བསྒོམ་པའི་ཐབས་ཀྱི་རྣལ་འབྱོར་དང༌། ཤེས་རབ་ཀྱི་རྣལ་འབྱོར་གཉིས་རིམ་ཅན་དུ་བསྒོམ་པས་སོ་སོ་བ་ཡིན་ཏེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པར་མ་རྟོགས་པས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །ཐབས་ཤེས་རིམ་ཅན་དུ་བསྒོམ་པས། །བསྐྱེད་རྫོགས་སོ་སོ་བ་ཉིད་དོ། །ཅེས་སོ། །བྱང་སེམས་དང་ལྡན་ཅིང་ཐེ་ཚོམ་དང་ཡིད་གཉིས་བྲལ་བའི་གང་ཟག་དེས། ཇི་ལྟར་བསྒྲུབས་པའི་ཚུལ་ཡང༌། ནང་གི་རྣལ་འབྱོར་བསྒོམ་པ་གཙོར་སྤྱོད་ཅིང༌། ཁྲུས་དང་གཙང་སྦྲ་སོགས་ལུས་ངག་གི་བྱ་བ་རྣམས་གྲོགས་སུ་སྟོན་པ་ཡིན་ལ། དེ་ཡང་ཐབས་ཀྱི་མངོན་བྱང་ལྔ་ནི། གལ་པོ་ལས། མི་རྟོག་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུ་བསྒོམས་པས་སྐུ་རུ་གསལ། །ཞེས་པ་ལྟར་རྒྱུད་སྡེ་འོག་མ་གསུམ་གྱི་ལུགས་མིན་ཀྱང་རྣམ་བྱང་དང་བསྟུན་མངོན་བྱང་ལྔ་དང༌། ཆོ་འཕྲུལ་བཞི་སྟེ། གལ་པོ་ལས། ཏིང་འཛིན་གཙོ་འཁོར་བསྐྱེད་བྱིན་རླབས་དབང་བསྐུར་མཆོད། །ཅེས་པས་ཆོ་འཕྲུལ་བཞི་དང་ལྡན་པའོ། །དེ་ལྟར་བདག་ལྷར་བསྐྱེད་ལ་དབྱིངས་ནས་ཡེ་ཤེས་པ་དགུག་ཅིང་བདག་དང་ལྷ་དོན་ལ་མཉམ་པའི་ངེས་ཤེས་ཀྱིས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་དུ་བསྟིམས་ནས། སྐུ་ཡི་རྣམ་པ་ཕྱག་རྒྱ་ཆེན་པོ། གསུང་གི་རྣམ་པ་ཆོས་ཀྱི་ཕྱག་རྒྱ། ཐུགས་ཀྱི་རྣམ་པ་དམ་ཚིག་གི་ཕྱག་རྒྱ། འོད་ཟེར་སྤྲོ་བསྡུ་ལ་སོགས་པས་སྒྲུབ་པ་ལས་ཀྱི་ཕྱག་རྒྱ་སྟེ་བཞི་ཡིས་རང་གི་སྒོ་གསུམ་བྱ་བ་དང་བཅས་པ་ལྷའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་ངོ་བོར་རྒྱས་བཏབ་སྟེ་དབྱེར་མེད་དུ་བཅིང་ཞིང༌། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་རོ་གཅིག་པའི་ངང་ནས་བཟླས་པ་ལ་བརྩོན་ཞིང༌། དངོས་གྲུབ་རྣམ་པ་གཉིས་ལེན་པ་ཡིན་ནོ། །དེ་ལྟར་བསྒྲུབ་ཅིང་དངོས་གྲུབ་བླང་བའི་བཟླས་བརྗོད་བྱས་པའི་མཐའ་ལ་གཤེགས་གསོལ་བྱ་བ་སྟེ་བསྐྱེད་རྫོགས་ཀྱི་རིམ་པ་བྱ་བའོ། །དེ་ལྟར་བསྒྲུབས་པས་འབྲས་བུ་ཐུན་མོང་གི་དངོས་གྲུབ་མཁའ་སྤྱོད་ཀྱི་རིག་འཛིན་དང༌། མཆོག་གི་དངོས་གྲུབ་མི་ཚེ་གསུམ་ན་རིགས་བཞིའི་སྟེང་ལས་ཀྱི་རིགས་ཏེ་རིགས་ལྔ་སྟུག་པོ་བཀོད་པར་མངོན་བྱང་ལྔའི་ཐབས་ཀྱིས་ཡེ་ཤེས་ལྔའི་ངོ་བོར་འཚང་རྒྱ་བ་ཡིན་ནོ། །དེ་སྐད་དུ་གལ་པོ་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། ༈ ནང་རྒྱུད་ཀྱི་སྡེ་སྤྱིར་བསྟན་པ་ནི། ལྟ་སྒོམ་སྤྱོད་གསུམ་ཕྱི་རྒྱུད་ལས་ཁྱད་པར་འཕགས་ཤིང༌། འདི་དག་གི་གོང་ན་རྒྱུད་སྡེ་གཞན་མེད་པས་བླ་ན་མེད་པ། །ཐབས་ཤེས་སམ་བསྐྱེད་རྫོགས་དབྱེར་མེད་དུ་ཉམས་སུ་ལེན་པའི་ཕྱིར་གསང་སྔགས་ནང་པ་ཞེས་བྱ་ལ། ནང་རྒྱུད་སྡེ་གསུམ་པོ་འདིར་ནི་བསྐྱེད་རྫོགས་གཉིས་མེད་ཀྱི་ལམ་སྟོན་ཡང༌། གཙོ་ཆེ་ཆུང་ཙམ་དུ་བསྐྱེད་པའི་རིམ་པ་རྒྱ་ཆེར་སྟོན་ཞིང་ལྷ་ཡི་རྣམ་པ་ཕོ་ཤས་ཆེ་ལ། དར་དང་རིན་པོ་ཆེའི་རྒྱན་སོགས་མང་བ་དང༌། རྫོགས་པའི་རིམ་པ་མཚན་བཅས་མཚན་མེད་ཐམས་ཅད་ཚང་བར་སྟོན་ཞིང༌། ལྷ་ཡི་རྣམ་པ་མོ་ཤས་ཆེ་ལ། གཅེར་བུ་རུས་རྒྱན་གཡང་གཞི་ཐལ་བྱུག་སོགས་མང་བ་དང༌། ཡང་ཐབས་ཤེས་ཟུང་དུ་འཇུག་པ་འོད་གསལ་བའི་ཡེ་ཤེས་གཙོ་བོར་གསལ་བར་སྟོན་པ་སྟེ། དེ་གསུམ་གྱི་དབང་ལས་ཐ་སྙད་ཀྱི་དབྱེ་བ་ཕ་རྒྱུད་དང༌། མ་རྒྱུད་དང༌། གཉིས་མེད་རྒྱུད་དེ་གསུམ་དུ་བཞག་ལ། ཕ་མ་གཉིས་པོའི་རྒྱུད་འདི་མཐའ་གཅིག་ཏུའང་མ་ངེས་ལ། གཙོ་བོ་གོ་འཕོ་ལ་གཙོ་མོ་གོ་མི་འཕོ་བ་ཐབས་ཕ་ཡི་རྒྱུད། གཙོ་མོ་གོ་འཕོ་ལ་གཙོ་བོ་མི་འཕོ་བ་ཤེས་རབ་མའི་རྒྱུད་དེ། གོ་འཕོ་དགོས་པ་ནི། དབང་དུས་སུ་མེ་ཏོག་གང་ལ་ཕོག་པའི་རིགས་དེ་གཙོར་བྱས་ན་མྱུར་དུ་འགྲུབ་ཅིང༌། དེ་གཙོ་བོར་བྱེད་དགོས་པས་རིགས་ཀྱི་ཡབ་དེའི་གཙོ་བོར་བརྗེ་ཞིང་ཡུམ་རང་གི་གོ་ས་ནས་མི་འཕོ་བ་དང༌། དེ་ལས་ལྡོག་པ་ཁྱད་པར་རོ། །ནང་རྒྱུད་ཀྱི་ལྷ་ཐམས་ཅད་ནི་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་པ་ཡབ་ཡུམ་འཁྲིལ་སྦྱོར་གྱི་ཚུལ་དང༌། དམ་ཚིག་གི་རྫས་ཀྱང་འོག་མས་བསྟེན་དུ་མི་ནུས་པའི་ཁྱད་པར་ཅན་ཤ་ལྔ་དང་བདུད་རྩི་ལྔ་ལ་སོགས་པར་ལོངས་སྤྱོད་ནུས་ཤིང༌། དེ་ཡང་ལྟ་བ་དག་མཉམ་ཆེན་པོར་རྟོགས་པའི་གནད་ཀྱིས་གཙང་བ་བཙོག་པ་སོགས་གཉིས་ཆོས་ཐམས་ཅད་ལ་བཟང་ངན་གཉིས་འཛིན་སོགས་མེད་པར་འགའ་ཞིག་སྤོང་བ་དང༌། འགའ་ཞིག་དང་དུ་ལེན་པ་མེད་པར་རོ་མཉམ་དུ་བལྟ་ཞིང་སྤྱོད་པའི་རང་བཞིན་ཅན་ནོ། །དེ་ཡང་སྤྱིར་མདོ་སྔགས་ཀྱི་ཁྱད་པར་འོག་མ་བྱ་རྒྱུད་ཀྱང་དབུ་མ་ལས་ཁྱད་པར་དུ་འཕགས་ཤིང༌། ཕྱོགས་མཐུན་ཙམ་དུ་གྲུབ་མཐའ་སྨྲ་བ་བཞི་དང༌། རྒྱུད་སྡེ་གོང་འོག་གི་ལྟ་སྤྱོད་འདྲ་རེ་སྣང་ཡང་གོང་འོག་གི་ཁྱད་པར་དབྱེ་ཤེས་པ་དེ་ལྟར་རོ། ༈ བྱེ་བྲག་ཏུ་སྤྲོས་པ་རྒྱ་ཆེན་པོའི་སྒོ་ནས་སྒོམ་པར་བྱེད་པའི་རྣལ་འབྱོར་ཆེན་པོ་ཕ་ཡི་རྒྱུད་དེ། འདིས་ནི་ཐབས་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་རང་རྩལ་ལ་གཟུང་འཛིན་གློ་བུར་བ་རྟོག་པའི་དབང་གིས་ཕུང་སོགས་ཀྱི་ཆོས་སྣོད་བཅུད་ཀྱི་རྣམ་པར་སྣང་ཞིང༌། དེར་སྒྲོ་བཏགས་པའི་ཀུན་བརྟགས་ཀྱི་ཆ་སྦྱང་བའི་ཕྱིར། རང་བཞིན་ཡོངས་ཤེས་ཀྱི་ལྟ་བའི་ངང་ནས་སྣོད་བཅུད་ཐམས་ཅད་ཞིང་དང༌། གཞལ་ཡས་ཁང་དང༌། ལྷ་དང༌། ལྷ་མོར་གསལ་བའི་ལམ་བསྐྱེད་པའི་རིམ་པ་གཙོར་བྱས་ནས་བསྒོམ་ཞིང༌། རྫོགས་རིམ་ནི་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་ཕྱིར། འབྱུང་བའི་དྭངས་མ་རླུང་ལྔ་དབུ་མའི་དབྱིངས་སུ་དག་པར་བྱེད་པ་ལ་སོགས་པའི་སྒོ་ནས་དངོས་གྲུབ་རྣམ་པ་གཉིས་སུ་སྒྲུབ་པར་བྱེད་དོ། །བསྐྱེད་རིམ་ལ་གོམས་པ་བརྟན་པའི་རྗེས་སུ་སྒོམ་པར་བྱེད་པས་སམ་རྗེས་ཆགས་ཡེ་ཤེས་བསྐྱེད་པ་གཙོ་བོར་འདོན་པའི་ཕྱིར་རྗེས་སུ་རྣལ་འབྱོར་མ་རྒྱུད་དེ། འདིས་ནི་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་ཡང་དངོས་སུ་གནད་དུ་བསྣུན་ནས་གཞན་དབང་གི་ངོ་བོ་སེམས་དང་སེམས་བྱུང་གི་རྟོག་ཚོགས་ཐམས་ཅད། དབྱིངས་ཀྱི་རང་བཞིན་ཤེས་རབ་སྟོང་པ་ཉིད་ཀྱི་ངང་དུ་དག་པའི་སྟོབས་ཀྱིས། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་སུ་བསྐྱེད་པའི་ལམ་རང་ལུས་ཐབས་ལྡན་སྔོན་དུ་སོང་ནས། གཞན་ལུས་ཕྱག་རྒྱ་བསྟེན་པའི་རྫོགས་རིམ་གཙོ་བོར་བྱེད་ཅིང༌། ཁམས་ལས་སུ་རུང་ཞིང་ཞུ་བ་ལས་དགའ་བཞི་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པ་སོགས་དངོས་གྲུབ་རྣམ་པ་གཉིས་དམིགས་པ་གོམས་པ་ཁོ་ན་ལ་མི་ལྟོས་པར། རྩ་ཐིག་རླུང་གསུམ་ལས་སུ་རུང་བ་ལས་སྒྲུབ་པར་བྱེད་དོ། །ཤིན་ཏུ་ཉམས་མྱོང་དགའ་བའི་རང་བཞིན་ཡེ་ཤེས་ཇི་བཞིན་རྗེན་པར་བསྒོམ་པས་ཤིན་ཏུ་རྣལ་འབྱོར་ཏེ། འདིས་ནི་བསྐྱེད་རྫོགས་སམ་ཐབས་ཤེས་གཉིས་གཙོ་ཆེ་ཆུང་མེད་པར། ཡོངས་གྲུབ་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱེད་པའི་ལམ་ལ་གོམས་པས་གཅིག་དང་དུ་མའི་རང་བཞིན་མཐའ་དང་བྲལ་བའི་ཆོས་ཉིད་འོད་གསལ་ལྷུན་གྲུབ་ཆེན་པོར་སྦྱོར་ཞིང༌། ཕུང་པོའི་སྙིགས་མ་དྭངས་མའི་འཇའ་འོད་དུ་དྭངས་པར་བྱེད་དོ། ༈ བླ་མེད་ཀྱི་རྒྱུད་སྡེ་ཀུན་གྱི་ནང་ནས་བཤད་པའི་ཐབས་བསྐྱེད་པའི་རིམ་པ་དང༌། ཤེས་རབ་རྫོགས་པའི་རིམ་པས་གནད་དུ་བསྣུན་པའི་གཞི་ནི། གང་ཞེ་ན། གསང་སྔགས་ཉམས་སུ་ལེན་པའི་རྟེན་འབྱུང་བ་ལྔ་རྣམ་ཤེས་དང་བཅས་པའི་ཁམས་དྲུག་པོ་རགས་པ་མངོན་གྱུར་དང་ལྡན་པའི་ལུས་འདོད་ཁམས་པ་དང༌། ཁྱད་པར་མི་ཡི་འགྲོ་བ་ཡིན་པར་བཤད་དོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ཡང༌། ཕུང་པོ་ལྔ་དང༌། ཁམས་བཅོ་བརྒྱད་དང༌། སྐྱེ་མཆེད་བཅུ་གཉིས་པོ་ཐམས་ཅད་སྣང་བའི་གཞི་རགས་པའི་རྩ་ཐིག་རླུང་གསུམ་དང་རོ་གཅིག་པའི་གཉུག་མའི་ཁམས་དྲི་མ་དང་བཅས་པ་རྣམས་ནི། ཟུང་འཇུག་ཨེ་ཝཾ་གྱི་རང་བཞིན་སྟོང་པ་བཞི་དང༌། སྣང་བ་བཞིའི་ཡེ་ཤེས་དང་གཉིས་སུ་མེད་པའི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་ཡེ་ནས་གནས་པ་ཡིན་ཏེ། དམ་པ་དང་པོའི་རྒྱུད་ལས། ཐིག་ལེ་སྙིང་སྟོབས་ཟླ་བ་ཞེ་སྡང་ཁུ་བ་ལུས་སྐུ། །རྣམ་པར་ཨེ་ཝཾ་གྱིས་བཅད་བྱ་འདོད་ཆགས་རྡུལ་དམར་ཆ་ཉི་ངག་གསུང༌། །ཨ་ཡིག་སྲོག་རླུང་མུན་གཏི་མུག་ཅན་སེམས་ཐུགས་རབ་བརྗོད། །ནམ་མཁའ་ཨེ་ལ་རྣམ་པར་གནས། །ཞེས་སོ། །དེས་ན་རྟེན་ལུས་ལ་གནད་དུ་བསྣུན་པས་བརྟེན་པ་ལས་སུ་རུང་བ་ལས། བསྐྱེད་རིམ་གྱིས་རྩ་དག་པ་མཚན་དཔེས་ལུས་བརྒྱན་པའི་སྐུ། རྫོགས་རིམ་གྱིས་རླུང་དག་པ་ཡན་ལག་དྲུག་ཅུའི་གསུང༌། ཟུང་འཇུག་གིས་ཐིག་ལེ་དག་པ་ཡེ་ཤེས་ལྔའི་རང་བཞིན་ཐུགས་རྡོ་རྗེ་གསུམ་གྱི་ཡོན་ཏན་མ་ལུས་པ་ཀུན་མྱུར་དུ་སྐྱེད་པར་བྱེད་པ་ནི། རྡོ་རྗེ་ཐེག་པའི་ལམ་ཡིན་པའི་ཕྱིར་གཞན་ལས་ཁྱད་པར་དུ་འཕགས་སོ། ༈ འདི་ལྟར་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོས་ཉམས་སུ་བླང་བྱའི་ངོ་བོ་ཆོས་ཐམས་ཅད་ཀྱི་རང་བཞིན་སེམས་ཉིད་བདེ་གཤེགས་སྙིང་པོ་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་སྐུ་དང་ཡེ་ཤེས་ཡེ་ནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོ་རུ་གནས་པ་ཡིན་ཏེ། དེ་ཉིད་ཉམས་སུ་མྱོང་བ་ནི། མོས་གུས་ཀྱི་ཕ་ཕོག་ཐོབ་པའམ། དབང་དུས་སུ་ངོ་འཕྲོད་པའམ། བསྐྱེད་རྫོགས་སོགས་ཀྱི་སྒོ་ནས་གཞིའི་རང་བཞིན་ནམ་གནས་ལུགས་དེ་ཉིད་དང་པོ་ཐོས་བསམ་གྱི་ལྟ་བས་ཐག་བཅད་ལ། ཆོས་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་བློས་བྱ་རྩོལ་བྲལ་བའི་ལྟ་བ་དེའི་ངང་ནས་བསྒོམ་པས་ཉམས་སུ་བླང་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོར་ཡེ་ནས་གནས་པའི་གསལ་སྣང་བསྐྱེད་རྫོགས་ལ་འདུ་འབྲལ་མེད་པར་དབྱེར་མེད་དུ་ཉམས་སུ་ལེན་པ་ཡིན་ནོ། །དེ་ལྟར་ཉམས་སུ་ལེན་པའི་ཚེ་གྲོགས་སྤྱོད་པས་གཟུང་འཛིན་གྱི་ལ་དོར་བར་བྱེད་པ་ནི། ཕྱི་ནང་གི་སྣང་བ་དང་བློའི་འགྲོ་ལྡོག་བཟང་ངན་ཐམས་ཅད་ཐ་མལ་གྱི་སྣང་བས་མི་དཔྱད་ཅིང༌། འདོད་ཡོན་ལ་རང་གར་ཞེན་པས་དུག་ལྔ་རང་རྒྱུད་དུ་མ་ཤོར་བ་ཐབས་ཀྱིས་ཟིན་པའི་མཉམ་རྫོགས་ཆེན་པོའི་རོལ་པ་སྟེ། ལྟ་བའི་རྫོང་ཟིན་ཅིང༌། སྒོམ་པའི་འཕྲང་ལས་གྲོལ་བ། སྤྱོད་པའི་སྲོག་མཁར་ཚུགས་པ་ཞིག་ལ་སྔགས་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །དེ་ཡང་ཇི་སྐད་དུ། ལྟ་བ་ནི་སྟོང་ཉིད་བཅོ་བརྒྱད་ཡིན། །ཐེ་ཚོམ་དང་བྲལ་བའི་རྫོང་ཞིག་དགོས། །སྒོམ་པ་ནི་ཕྱོགས་ཆོས་སོ་བདུན་ཡིན། །བྱིང་རྒོད་ཀྱི་འཕྲང་ལས་འདའ་བ་དགོས། །སྤྱོད་པ་ནི་ཕ་རོལ་ཕྱིན་དྲུག་ཡིན། རང་འདོད་དང་བྲལ་བའི་སྲོག་ཚུགས་དགོས། །ཞེས་གོང་མ་དག་གིས་གསུངས་པ་ལྟར་དང༌། གཞན་ཡང༌། བདག་ཉིད་ལྷ་ཡི་རྣལ་འབྱོར་དུ་གསལ་ཐེབས་པ་བསྐྱེད་རིམ་གྱི་རྫོང༌། སྣང་སྟོང་ཟུང་དུ་འཇུག་པའི་གནས་ལུགས་འདུས་མ་བྱས་པའི་ཆོས་ཉིད་ཀྱི་ངང་ལ་འཇོག་པ་ནི་རྫོགས་རིམ་གྱི་སྲོག །བྱིང་རྒོད་དང་དམན་པའི་སེམས་སོགས་གཉིས་ཀའི་འཕྲང་རྣམས་ལས་གྲོལ་བ་ནི། ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བཞེད་དོ། །ཞེས་པ་འདི་དག་གི་དོན་ངེས་པར་བྱས་ནས། ལྟ་སྒོམ་སྤྱོད་གསུམ་ཟུང་དུ་ཆུད་པར་བྱའོ། །དེ་ལྟར་ལྟ་བས་གཏན་ལ་ཕབ་པའི་དོན་རྫོགས་རིམ་གྱི་འབྲས་བུ་རང་དོན་ཆོས་སྐུ་དང༌། བསྐྱེད་རིམ་གྱི་འབྲས་བུ་གཞན་དོན་གཟུགས་སྐུའི་བཀོད་པ་རྩོལ་མེད་དུ་སྣང་ཞིང༌། སྤྱོད་པ་མཐའ་ཕྱིན་པས་འཁོར་བ་མ་སྟོངས་ཀྱི་བར་དུ་རྟག་ཁྱབ་ལྷུན་གྲུབ་ཆེན་པོའི་ཕྲིན་ལས་ཀྱིས་འགྲོ་དོན་མཛད་པ་སྟེ། དེ་ལྟར་དོན་གཉིས་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཚེགས་མེད་དུ་འགྲུབ་པ་ཡིན་ནོ། །དེ་ཡང་གཞི་རང་བཞིན་ལྷུན་གྲུབ་ཆེན་པོའི་དཀྱིལ་འཁོར་ལྟ་བས་གཏན་ལ་ཕབ། ལམ་བསྐྱེད་རྫོགས་ཟུང་འཇུག་གི་དོན་སྒོམ་པས་ཉམས་སུ་བླང་ཞིང༌། སྤྱོད་པས་གྲོགས་བྱས་པས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་སྣང་བར་འགྱུར་བས་དེ་གསུམ་ཀ་རྒྱུད་ལ་ཡང་དག་པར་བརྟེན་པ་ཡིན་ནོ། ༈ འདི་ལྟར་འཇུག་པའི་སྒོ་ནི། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞིའི་ངོ་བོར་མ་སྨིན་པ་སྨིན་པར་བྱེད་པའི་དབང་ཡིན་ཏེ། ཁོག་གཞུང་ལས། རྣོ་ལ་ངར་བཏགས་ནུས་པ་བཞིན། །ནུས་པ་སྐྱེས་པ་ཐོབ་པའི་ཚད། །ཅེས་སོ། །རང་ལ་གནས་པའི་ཡེ་ཤེས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་གྲོལ་བར་བྱེད་པའི་ཐབས་ནི། བསྐྱེད་རིམ་དང་རྫོགས་རིམ་རྣམ་པ་གཉིས་ཡིན་པས་ཡང་ཡང་བསྒོམ་དགོས་སོ། །ལམ་དེ་དང་ཚུལ་མཐུན་པའི་གྲོགས་སུ་སྔགས་ཀྱི་གཞུང་ནས་ཇི་སྐད་བཤད་པའི་དམ་ཚིག་གི་རིམ་པ་ཡང་དག་པར་བསྲུང་བའི་སྤྱོད་པ་དང་གསུམ་པོ་ཚང་ན། གསང་སྔགས་ཀྱི་ལམ་ཕར་ཕྱིན་གྱི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་མཆོག་མ་ནོར་བ་ཡིན་པས་རྣལ་མར་ངེས་པ་ཡིན་གྱི། དེ་ལས་གཞན་མ་སྨིན་བཞིན་བསྐྱེད་རྫོགས་ཕྲིན་ལས་སོགས་གང་ལའང་ལྟར་སྣང་ཙམ་ལས་དོན་མེད་དོ། །གསང་སྔགས་ལམ་གྱི་འཇུག་སྒོ་དང་པོ་དབང་བསྐུར་ཐོབ་དགོས་པ་ཅིའི་ཕྱིར་ཞེ་ན། དབང་མ་ཐོབ་བཞིན་སྔགས་ལམ་ལ་ཅི་ལྟར་བརྩོན་ཀྱང་དངོས་གྲུབ་ཐོབ་པ་མེད་དེ། དཔེར་ན་བྱེ་མ་བཙིར་བའི་བྱ་བར་ཇི་ལྟར་འབད་ཀྱང༌། དེ་ལས་ཞུན་མར་འབྱུང་བ་མེད་པས་འདོད་པའི་དོན་མི་ཐོབ་པ་བཞིན་ཏེ། རྣམ་སྣང་མངོན་བྱང་ལས། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མི་འབྱུང༌། །མཁའ་ལ་ཁུ་ཚུར་བརྡེག་པ་དང༌། །སྨིག་སྒྱུའི་ཆུ་ནི་འཐུང་དང་མཚུངས། །ཞེས་སོ། །དངོས་གྲུབ་མེད་པ་མ་ཟད་གསང་སྔགས་ཀྱི་ཆོས་ལ་དབང་ཟོས་པ་དང༌། གསང་སྔགས་ཀྱི་རྒྱུད་དང་གདམས་ངག་གཞན་ལ་འཆད་པ་དང༌། རང་གིས་ཉན་པ་དང༌། བསྐྱེད་རྫོགས་ཀྱི་ལམ་བསྒོམ་པ་དང༌། བླང་དོར་མེད་པའི་སྤྱོད་པ་ལ་བརྩོན་ཀྱང་གསང་སྒྲོགས་ཀྱི་ཉེས་པས། ཕྱི་མ་དམྱལ་བའི་གནས་སུ་ངེས་པར་འགྲོ་སྟེ། དུས་འཁོར་ལས། དབང་བསྐུར་མེད་པར་རྒྱུད་འཆད་དང༌། །ཟབ་མོའི་དེ་ཉིད་སྒོམ་བྱེད་པས། །དེ་དོན་ལེགས་པར་ཤེས་ནའང༌། །དམྱལ་བར་འགྱུར་གྱི་གྲོལ་བ་མེད། །ཅེས་སོགས་གསང་སྙིང་ལས་ཀྱང་རྒྱ་ཆེར་གསུངས་སོ། །དབང་ཐོབ་པའི་ཕན་ཡོན་ནི། དབང་གི་སྔོན་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་དང་ལྡན་པའི་སྐྱེས་བུ་དེ་དཔེར་ན་རྒྱལ་བུ་རྒྱལ་སྲིད་ལ་མངའ་གསོལ་བ་བཞིན། ཐེག་ཆེན་རྒྱལ་སྲས་དེ་ལ་རྒྱལ་བ་རྣམས་ཀྱིས་ཉེ་བའི་སྲས་སུ་དགོངས་པར་འགྱུར་ཏེ། གསང་སྙིང་ལས། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང༌། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་སོ། །དེར་མ་ཟད་དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང་མཚམས་མེད་ལྔ་སོགས་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། གདན་བཞིའི་རྒྱུད་ལས། མཚམས་མེད་ལྔ་ཡི་ལས་ཅན་ཡང༌། །ཚོན་རྩི་མཐོང་བས་གྲོལ་བར་འགྱུར། །ཞེས་སོ། །དབང་བསྐུར་ཐོབ་ནས་དམ་ཚིག་རྣམ་དག་བསྲུང་ན། གང་དུ་སྐྱེས་ཀྱང་སྡིག་པ་དང༌། ཕྱིན་ཅི་ལོག་གིས་མ་བསླད་པར་གཙང་མའི་རིགས་སུ་སྐྱེས་ནས་གསང་སྔགས་ཀྱི་ཆོས་དང་འཕྲད་པ་དང༌། ཡོན་ཏན་གྱིས་སྐྱེ་བ་བདུན་ཕན་མི་འགྱང་བར་སྐྱེ་བ་དེ་དག་གི་ཚེ་ན་ལམ་གྱི་མཐུས་མ་བསྒྲུབས་བཞིན་བསྐྱེད་རྫོགས་ཀྱི་ཡོན་ཏན་ངེས་པར་འགྲུབ་ཅིང་འཕགས་པའི་ས་བཅུ་པོ་བགྲོད་ནས་སངས་རྒྱས་ཀྱི་ས་འཐོབ་པར་བཤད་དེ། གསང་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒྲུབས་པར་ཡང་འགྲུབ་པར་འགྱུར། །ཞེས་དང༌། གསང་འདུས་ལས། དབང་བསྐུར་བས་ནི་ས་བཅུ་ནོན། །ཞེས་སོ། །དེ་ཡང་གསང་སྔགས་ཀྱི་དངོས་གྲུབ་རྩ་བ་ནི་བླ་མ་ལ་རག་ལས་པས། དེ་ཡིས་དབང་བསྐུར་ཏེ་སྐུ་བཞིའི་ས་བོན་རྒྱུད་ལ་འཇོག་ནུས་དགོས་ན། སློབ་དཔོན་ངན་པ་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་དོན་མ་ཆུད་ཅིང༌། ཉམས་ལེན་གྱི་གདེང་དང་བྲལ་བས་རིགས་རུས་ཆོ་འབྲང་སོགས་ཀྱིས་བརྒྱགས་ནས། རང་གི་འདུག་སའི་གནས་ཏེ་བསྟི་གནས་དགོན་སྡེ་བླ་བྲང་སོགས་ཀྱི་མགོ་འཛིན་གྱིས་གཡེངས་ཤིང༌། གཙུག་ལག་ཁང་དང་དགེ་འདུན་གྱི་དཀོར་རྫས་ལ་བྱུང་རྒྱལ་དུ་སྤྱོད་པ། སྡོམ་པ་གསུམ་གྱིས་སྒོ་གསུམ་མ་བསྡམས་ཤིང༌། ཚུལ་འཆལ་ལས་འབྲས་ཁྱད་དུ་གསོད་པའི་ཞེན་སྲེད་ཅན། སྦྱིན་བདག་སོགས་ཀྱི་ཁྱིམ་ལ་ཆགས་ཤིང་གསོན་གཤིན་གྱི་ལོངས་སྤྱོད་སྡུད་པ་དང༌། གདུག་རྩུབ་ཆེ་ཞིང་སྙིང་རྗེ་ཆུང་བ་དང༌། རྒྱུད་དང་སྡེ་སྣོད་རྣམས་ལ་ཤེས་རབ་ཀྱི་མིག་ཟུམ་པས་ལྟར་སྣང་རྟོག་གེ་ཟོལ་མས་ཟིལ་གྱིས་ནོན་ནས། གང་ལའང་ཕོད་པ་ཆེ་བ་དེས་ནི་དབང་བསྐུར་བར་བྱས་ཀྱང༌། དཔེར་ན་བེའུ་སྦྲེལ་གཡང་སར་ལྷུང་བ་ལྟར་གཉིས་ཀ་ངན་སོང་དུ་ལྟུང་བར་འགྱུར་ཏེ། ཡེ་ཤེས་འཁོར་ལོའི་རྒྱུད་ལས། དད་ལྡན་གཅིག་བསླུས་སེམས་ཅན་བརྒྱ་བསད་བས། །སྡིག་པ་ཤིན་ཏུ་ཆེ་བ་རྒྱལ་བས་གསུངས། །དེ་ཕྱིར་རང་འདོད་བསླུ་བའི་ཆོས་མི་བཤད། །ཅེས་སོ། །བསྟེན་བྱའི་སློབ་དཔོན་ནི། ཕྱི་ཡི་དེ་ཉིད་བཅུ་ནི། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །དཀྱིལ་འཁོར་ཕྱི་རྒྱུད་སྡེ་ཀུན་གྱི་ཏིང་འཛིན་བསྐྱེད་རྫོགས་ཕྱག་རྒྱ་ལག་གིདང༌། །རྐང་པའི་སྟང་སྟབས་ལས་བཞིའི་འདུག་སྟངས་སྙིང་པོ་བཟླས་བརྗོད་དང༌། །ལས་བཞི་སྦྱིན་སྲེག་མཆོད་པ་ཕྱི་ནང་གསང་ལས་སྦྱོར་མཆོག་ཐུན་གྱི་དང༌། །སླར་སྡུད་པ་ཡི་རྣམ་པ་བསྐྱེད་རྫོགས་མཉམ་བཞག་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོ། །ནང་གི་དེ་ཉིད་བཅུ་ནི། དཀྱིལ་འཁོར་འབྲི་བ་སོགས་ནང་རྒྱུད་ལ་བསྟུན་པའོ། །གསང་བའི་དེ་ཉིད་རྣམ་པ་བཅུ་ནི། རྒྱུད་དེ་ཉིད་ལས། ཏིང་ངེ་འཛིན་དང་ ཕྱིར་ཟློག་རྫས་ཀྱི་སྲུང་འཁོར་གཉིས་ཀྱི་ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དབང་བསྐུར་གཉིས་དང༌། །ཁ་སྦྱོར་འབྱེད་པའི་ཆོ་ག་སྒྲོལ་བ་དང༌། །གཏོར་མ་སྦྱངས་རྟོགས་སྦར་གསུམ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་མ་གྲུབ་པ་བཙན་ཐབས་སྤོགས་པའི་རྩུབ་མོའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་ཆོག་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོ། །དེ་ལྟར་ཚུལ་དེ་རྣམས་ཇི་ལྟ་བ་བཞིན་རིག་ཅིང༌། གཟུགས་བརྙན་ཙམ་ཤེས་པས་མི་ཆོག་སྟེ། གསང་སྔགས་ལྟ་སྒོམ་གྱིས་རང་ཉིད་ཀྱི་རྒྱུད་གྲོལ་བའི་བླ་མ་ཞིག་བསྟེན་པ་གཅེས་ཏེ། སཾཱབྷུ་ཊི་ལས། སློབ་དཔོན་སྨིན་པའི་ལས་ཀྱིས་ནི། །སློབ་མ་ཡོངས་སུ་སྨིན་པར་བྱ། །ཞེས་སོ། །དེ་ལྟ་བུའི་བླ་མ་དེ་ཡིས། སློབ་མ་སྔར་བསྟན་བཞིན་དད་གུས་དང་ལྡན་ཅིང་ཁྲེལ་དང་ངོ་ཚ་ཤེས་པའི་སྣོད་ཀྱི་ཡོན་ཏན་སློབ་མའི་རྒྱུད་ལ་ལྡན་ནམ་མི་ལྡན་བརྟགས་ཤིང་ལོ་བཅུ་གཉིས་སོགས་ལ་བརྟགས་པར་གསུངས་དཔྱད་ལ། སྣོད་དང་ལྡན་ན་བུམ་དབང་ནས་བཟུང་དབང་བཞི་པོ་བསྐུར་ཏེ་རིམ་པ་བཞིན་མ་ནོར་བས་སྦྱིན་པར་བྱའོ། །དེ་སྐད་དུ་གསང་སྙིང་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང༌། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་ཟུངས། །ཞེས་སོ། །ཐོག་མར་སློབ་དཔོན་རང་གི་རྒྱུད་དག་པར་བྱེད་པ་བསྙེན་པ་བྱ་བ་དང་ནི། བདག་པོའི་གཞི་ལ་དབང་མི་ཟ་ཞིང་ས་དང་སར་འཛིན་གྱི་རྟོགས་པ་དབྱིངས་སུ་མཉམ་པར་བྱ་བའི་ས་ཡི་ཆོ་ག་དང༌། དཀྱིལ་འཁོར་དང་སློབ་མའི་ལས་ལ་ཐོད་རྒལ་དུ་མི་འཇུག་པ་སྟ་གོན་གྱི་རིམ་པ་དང་ནི། སློབ་མའི་རྒྱུད་རིམ་གྱིས་དག་ཅིང་སྨིན་པར་བྱ་བའི་ཕྱིར་དུ་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་བྱེད་ཅིང༌། ཞུགས་པ་དེ་ལ་སྨིན་པར་བྱེད་པའི་དབང་དངོས་བསྐུར་དགོས་ཏེ། ཆོ་གའི་མངོན་རྟོགས་བཞི་པོ་དེ་རེ་རེ་ཉིད་ལའང༌། ཡན་ལག་བཞི་བཞིར་ཡོངས་སུ་ཚང་ཞིང་རྫོགས་དགོས་པའི་ཕྱིར། གསང་སྙིང་ལས། བསྙེན་པ་དང་ནི་ཉེ་བསྙེན་དང༌། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཞེས་བསྙེན་པའི་ཡན་ལག་བཞི་དང༌། ས་གཞི་མཉམ་པ་དང༌། ས་བསླང་བ་དང༌། དབང་དུ་བྱ་བ། སྦྱང་བ་སྟེ་ས་ཆོག་ཡན་ལག་བཞི་དང༌། ས་ལྷ། དཀྱིལ་འཁོར་པའི་ལྷ། བུམ་པ། སློབ་མ་སྟ་གོན་ཡན་ལག་བཞི་དང༌། རང་ཉིད་འཇུག་པ་དང༌། སློབ་མ་འཇུག་པར་གནང་བ་ནོད་པ། དཀྱིལ་འཁོར་དུ་གཞུག་པ། ཞུགས་པ་ལ་དབང་བསྐུར་བ་སྟེ་འཇུག་ཅིང་སྨིན་པའི་ཡན་ལག་བཞི་སྟེ། ཆོ་གའི་ཡན་ལག་བཅུ་དྲུག་པོ་ལས་གང་རུང་མ་ཚང་ན། སོ་སོ་སྐྱེ་བོའི་སློབ་དཔོན་ལ་ནི། ཆོ་གའི་ཡན་ལག་ཕྲ་མོ་ཉམས་པས། བྱིན་རླབས་དངོས་གྲུབ་ལ་སྒྲིབ་པར་འགྱུར་བས་སློབ་མའི་རྒྱུད་སྨིན་པར་བྱེད་ནུས་པ་མ་ཡིན་ནོ། །རྒྱུད་སྡེ་བཞི་པོ་སོ་སོར་འཇུག་སྒོ་དབང་གི་རིགས་དབྱེ་མང་དུ་མཆིས་ལ། བསྡུ་ན་བྱ་བའི་རྒྱུད་ལ་འཇིག་རྟེན་འདས་པའི་རིགས་གསུམ་གང་རུང་གི་དཀྱིལ་འཁོར་དུ་གཟུངས་བཅས་བུམ་པའི་ཆུ་ཡི་དབང་དང༌། རིགས་གང་ཡིན་གྱི་དམ་ཚིག་གི་ཕྱག་རྒྱ་ཅོད་པན་གྱི་དབང་སྟེ་གཉིས་ཀྱི་དངོས་གཞི་དང༌། མཐའ་རྟེན་བཟླས་ལུང༌། བྱབ་བཀྲུ་བསྲུང་གསུམ་རྫས་ཀྱང་སྦྱིན་པ་རྣམས་སོ། །སྤྱོད་པའི་རྒྱུད་ལ་སྔ་མ་གཉིས་པོ་དེ་ཡི་སྟེང་རྡོ་རྗེ་མིང་སྟེ། མི་བསྐྱོད་པའམ་རྣམ་སྣང་གི་དབང་བསྣན་པར་གསུངས་ལ། ཡང་རྡོ་རྗེ། དྲིལ་བུ། མིང་དབང་རྣམས་དང༌། མེ་ལོང༌། ཐུར་མ། ཆོས་འཆད་ཀྱི་རྗེས་གནང་སོགས་བསྐུར་བ་མང་ཉུང་སློབ་དཔོན་སོ་སོའི་གཞུང་ལྟར་རོ། །རྣལ་འབྱོར་རྒྱུད་དུ་སློབ་མའི་དབང་ལ། བུམ་པ། ཆུ། ཅོད་པན། རྡོ་རྗེ། དེ་རྣམས་ཀྱིས་མཚན་པའི་དྲིལ་བུ་མིང་སྟེ་རིག་པའི་དབང་ལྔ་དང༌། དེ་ནས་སློབ་དཔོན་གྱི་དབང༌། ཕྱིར་མི་ལྡོག་པའི་དམ་ཚིག་གསུམ་བཟུང་བ། གསང་དཀྱིལ་དུ་གསང་བའི་འཇུག་པས་ཞུགས་ཤིང་མཐོང་བ་ལྷ་དང༌། དཀྱིལ་འཁོར་གྱི་དེ་ཉིད་སྟོན་པ་བཀའ་ཡི་དབང་ཞེས་ཡོ་ག་རང་གི་ཐུན་མིན་གྱི་ཆོས་འཆད་རྗེས་གནང་དང༌། ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་དེ་སློབ་དཔོན་གྱི་དབང་དྲུག་དང་བཅས་བཅུ་གཅིག་པོ་མཐའ་རྟེན་དང་བཅས་རྫོགས་པར་བསྐུར་རོ། །རྣལ་འབྱོར་བླ་མེད་ལ། རིག་པའི་དབང་ལྔ་དང༌། དྲུག་པ་རྡོ་རྗེ་འཆང་གི་དབང་སྟེ་དྲུག་གི་སྟེང་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་པས་བུམ་དབང་དང༌། གསང་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང༌། ཚིག་དབང་རིན་པོ་ཆེ་སྟེ་བཞི་པོ་ནང་གསེས་ཀྱི་དབྱེ་བས་བཅུ་བཞི་ནི། བཤད་རྒྱུད་རྡོར་ཕྲེང་ལས། དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པ་དོན་ནི་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རོལ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང༌། །བཞི་པ་འབྲས་བུར་ཤེས་པར་བྱ། །ཞེས་སོ། །ཡེ་ཤེས་ཐིག་ལེ་ལས་ཀྱང༌། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་ཡང་ནི་དེ་བཞིན་ནོ། །ཞེས་སོ། །སྤྱིར་རྒྱུད་སྡེ་དང་སྒྲུབ་སྡེ་སོ་སོའི་དབང་གི་གྲངས་ནི་མ་ངེས་པ་སྣ་ཚོགས་ཏེ། དུས་འཁོར་ལས། བྱིས་པ་འཇུག་པའི་དབང་བདུན་དང༌། གོང་མ་ལ་འཇིག་རྟེན་པ་གསུམ་དང༌། འཇིག་རྟེན་ལས་འདས་པའི་བཞི་པ་སྟེ་བཅུ་གཅིག་ཏུ་གསུངས་པ་སོགས་རྩ་རྒྱུད་ལས། ཆུ་དང་ཅོད་པན་དག་དང་ནི། །རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་དང༌། །མིང་རྒྱལ་དབང་གི་རྣམ་པ་བདུན། །བྱིས་པ་རྣམས་ནི་གཟུང་ཕྱིར་དང༌། །གསུམ་པ་འཇིག་རྟེན་ཀུན་རྫོབ་དང༌། །བཞི་པ་དོན་གྱི་དམ་པའོ། །བུམ་པ་གསང་བའི་དབང་དང་ནི། །ཤེས་རབ་ཡེ་ཤེས་ཞེས་བྱ་དང༌། །དེ་ནས་ཤེས་རབ་ཆེན་པོ་ཡི་དོན་གྱི་དབང༌། །ཡེ་ཤེས་ཞེས་བྱ་རྫོགས་པ་དང༌། །བྱིས་པ་འཇིག་རྟེན་པ་འགྱུར་དང་འཇིག་རྟེན་འདས་པ་མི་འགྱུར་བར་ཆད་ཅན། །བར་ཆད་མེད་པ་དེ་ལས་གཞན། །ཞེས་བཅུ་བདུན་དང༌། སྔ་འགྱུར་ཐུན་མིན་ལུགས་ལ་རྒྱུད་ལུང་མན་ངག་སྒྲུབ་སྡེ་བཞི་ལས། སྒྱུ་འཕྲུལ་དྲྭ་བ་ལྟར་ན། ཕྱི་ཕན་པའི་དབང་བཅུ་ནི། སྙིང་པོ་ལྔ་དང་དབུ་རྒྱན་དང༌། བུམ་པ་ཅོད་པན་ཕྲེང་བ་སྟེ། །གོ་ཆ་རྒྱལ་མཚན་གདུགས་ཕྱག་རྒྱ། །བཟའ་བཏུང་དབང་རྣམས་རིམ་བཞིན་བསྐུར། །ཞེས་པ་རྣམས་སོ། ནང་དོན་གཉིས་ནུས་པ་ལ་དབང་བས་ནུས་པའི་དབང་ལྔ། རང་དོན་ནུས་པའི་བརྩོན་འགྲུས་ཅན་ལ་ཉན་དབང་དང་སྒོམ་དབང་གཉིས། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་ལ་འཆད་དབང་དང་ཕྲིན་ལས་དབང་གཉིས། གཉིས་ཀའི་དོན་ནུས་པ་ལ་རྡོ་རྗེ་རྒྱལ་པོར་མངའ་གསོལ་བ་བཀའ་རབ་འབྱམས་ཀྱི་དབང་སྟེ་ལྔའོ། །གསང་བ་ཟབ་མོའི་དབང་གསུམ་རྫོགས་རིམ་མཐར་ཐུག་ཡིན་པས་གསང་ཤེར་བདེ་བ་ཆེན་པོའི་དབང་སྟེ་གསུམ་མོ་སྟེ་དབང་མཆོག་བཅོ་བརྒྱད་དང༌། ལུང་ཨ་ནུ་ཡོ་ག་ལ། ཀུན་འདུས་རིག་པའི་མདོར། ཕྱི་དངོས་བསྟན་གྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། བཀའ་རྟགས་རིགས་ལྔའི་སྐུ། རྟགས་ཀྱི་མཚན་མ་རྡོ་རྗེ་སོགས། རིག་ཙཀ་གམ་དྲིལ་བུ། བུམ་པ། རྫས་བརྒྱད། སྣ་བདུན། རིན་ཆེན་པདྨ་སེང་ཁྲི་སོགས། ཅོད་པན་སོགས་རྒྱན་བརྒྱད། མིང་དབང༌། འཁོར་ལོའོ། ནང་དབང་མ་དག་པའི་འབྱུང་ལྔའི་སྙིགས་མ་ལུས་ལྷར་སྨིན་པ་འབྱུང་བའི་ཆུ་བོ་བཅུ་གཅིག །ཉན་པ་དང་སློབ་མའི་དབང་རྫས་གླེགས་བམ། ཕྲིན་དབང་སྣ་ཚོགས་རྡོ་རྗེ། འཆད་པའི་དབང་འཁོར་ལོ། །རྡོ་རྗེ་རྒྱལ་པོའི་དབང་རྡོ་རྗེ་རྩེ་དགུ། གདན་ཁྲི། ཐུན་མིན་གྱི་རིན་ཆེན་སྣ་བདུན། ཕྱག་རྒྱའི་དབང་ལྷ་ཙཀ་ཡོངས་རྫོགས། ཐོད་རྒྱན། སྐུ་གསུང་ཐུགས་ཀྱི་ལྷ་ཙཀ །བདུད་འདུལ་རྫས་རྟགས་བརྒྱད། །མིང་དབང་ངོ༌། སྒྲུབ་དབང་དུ་ཨ་ནུ་རང་ལུགས་ལ་གྲགས་པ་གྲགས་པའི་ཆུ་བོ་བཅུ་གསུམ་ཤེས་རབ་རིག་པའི་དབང་སྒྲོན་མེ། སྙིང་རྗེ་རྟགས་ཀྱི་དབང་ཉི་ཟླ། ཧཱུྃ་ལས་བྱུང་བའི་ཐོང་གཤོལ། དུག་གསུམ་དཀྲུགས་པའི་མདུང་དམར། སྲིད་གསུམ་སྒྲོལ་བའི་མཚོན་ཆ། སྐྱོན་གྱིས་མ་གོས་པདྨ། ལས་བཞི་རྫོགས་པའི་བམ་དབྱུག །གཉིས་མེད་འཁྲིལ་བའི་སྦྲུལ་ཆུན། །གསང་བ་སྦྱོར་བའི་རིག་མ། འདོད་ཡོན་ལ་ལོངས་སྤྱོད་པའི་འདོད་ཡོན། སྒྲུབ་དབང་ཞི་ཁྲོའི་གཙོ་ཙཀ །སྒྲུབ་རྫས་ཕྱི་ནང་གསང་གསུམ། རྟགས་ཀྱི་མིང་དབང་ངོ༌། །མཆན། གསང་དབང་རྫོགས་པའི་ཆུ་བོ་གཉིས་ནི། བདུད་རྩིའམ་གསང་བའི་དཀྱིལ་འཁོར་མཚོན་བྱེད་ཆོས་འབྱུང༌། རིག་པའི་རྩ་ལ་དབང་ངོ༌། །མཆན། སུམ་ཅུ་རྩ་དྲུག་གི་དབྱེ་བ་སོགས་དང༌། དྲང་ངེས་དང་ས་ཟིན་འཇོག་མཚམས་ནི་ཡོན་གཞུང་ལྟར་རོ། །ཐེག་པའི་རྩེ་མོ་མན་ངག་ཨ་ཏི་ཡོ་གའི་དབང་གི་རིམ་པ་མན་ངག་སྡེ་ལྟར་ན། དབང་བཞི་བྱེ་བྲག་ཏུ་དབྱེ་བ་བྱས་པ། སྤྲོས་བཅས་བུམ་དབང་དང༌། སྤྲོས་མེད་གསང་བའི་དབང་དང༌། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། རབ་ཏུ་སྤྲོས་མེད་ཚིག་དབང་ངོ༌། །ཟབ་ཁྱད་སྒྲུབ་དབང་སོགས་སྤྱིར་ན་རྒྱུད་སྡེ་སོ་སོའི་དབང་གི་དབྱེ་བསྡུ་མཐའ་ཡས་པ་ཞིག་ཡོད་ཀྱང༌། དེ་དག་གི་ཚུལ་ཇོ་བོའི་དམ་ཚིག་བསྡུས་པ་ལས། བླ་མའི་ཞལ་ལས་བྱུང་བའི་དབང་དང༌། ཡི་དམ་གྱི་ལྷས་བྱིན་གྱིས་བརླབས་པའི་དབང་དང༌། རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པའི་དབང་དང༌། རང་གི་སེམས་ཉིད་ཀྱི་རྩལ་ལས་ཐོབ་པའི་དབང་དང་བཞིའོ། །ཞེས་པ་ལྟར། དང་པོ་ནི། དབང་གི་ཆོ་གའི་སྒྲ་ལ་ཇི་ལྟ་བ་བཞིན་དེ་ལ་ལྟོས་པ་དག་དང༌། གཉིས་པ་ནི་རྒྱལ་པོ་ཛའི་ཁང་སྟེང་གླེགས་བམ་བབས་པ་སོགས་ལྷར་དང༌། གསུམ་པ་ནི་སློབ་དཔོན་ཀླུ་སྒྲུབ་དང༌། འགྲོ་བཟང་གིས་ཨོ་རྒྱན་དྷ་རྨཱ་གཉྫོ་ཆོས་ཀྱི་གཙུག་ལག་ཁང་ནས་བརྟག་གཉིས་དང༌། མ་ཧཱ་མ་ཡཱ་གཉིས་མ་བྱིན་པར་བླང་བས་བདག་གིར་བྱས་པ་ན། མཁའ་འགྲོ་མས་བསྙགས་ཏེ་རྗེས་ཟིན་པའི་ཚེ། ཆོས་དེའི་བདག་པོ་གྱིས་ལ་ཤོད་ཅེས་རྗེས་སུ་གདམས་པ་ལྟ་བུ་དང༌། བཞི་པ་ནི་ཆོས་ཉིད་ལྟ་བས་ཐོབ་པ་རིག་པའི་རྩལ་དབང་སྟེ། དེ་ལ་བརྟེན་ནས་བསྐུར་བྱའི་སློབ་མས་དངོས་གྲུབ་ཐོབ་པ་ནི་དབང་གི་འབྲས་བུ་ཡིན་པས། ཐ་སྙད་ཕྱོགས་གཅིག་པ་ལ་ཞེན་ནས། དབང་གི་གྲངས་དང༌། བསྐུར་ཚུལ་དང༌། ཐོབ་ཚུལ་ཐ་དད་པ་དག་ལ་མི་འཐད་པར་མི་སེམས་པར་ཀུན་ལ་དག་སྣང་བྱེད་པ་གལ་ཆེའོ། །དེས་ན་བླ་མེད་ཀྱི་དབང་གིས་རྣམ་གྲངས་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་གང་ལས་དབྱེ་བ་དང༌། གང་དུ་བསྡུ་བའི་གཞིར་གྱུར་པའི་གྲངས་ངེས་པའི་ས་ཟིན་འཇོག་མཚམས་བུམ་གསང་ཤེར་དང་ཚིག་དབང་སྟེ་རྣམ་པ་བཞི་པོ་ཡིན་ནོ། །དེ་ལ་གསང་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་དབང་དུ་ནི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆེན་པོར་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་འཆར་གཞི་བདེ་གཤེགས་སྙིང་པོའི་རང་བཞིན་གཉུག་མའི་སྒོ་གསུམ་ཡེ་ཤེས་དང༌། བུམ་དབང་སོགས་དབང་གི་ངོ་བོར་ཡེ་ནས་གནས་པས་གཞིའི་དབང་དང༌། དེ་ཉིད་དབང་བཞི་བསྐུར་བའི་ཐབས་ལ་བརྟེན་ནས་སྨིན་རུང་དུ་བྱེད་པ་དང༌། ལམ་དབང་གིས་བོགས་འདོན་པར་བྱེད་པར་ནི་ལམ་གྱི་དབང་དང༌། འབྲས་བུ་སྐུ་བཞིའི་ངོ་བོར་མཐར་ཕྱིན་པ་འབྲས་བུའི་དབང་བཞི་སྟེ། དེ་དག་ཀྱང་གནས་སྐབས་གསུམ་དུ་བཞག་པ་ཙམ་ལས་རང་བཞིན་ཆོས་ཉིད་གཅིག་གི་ངོ་བོར་དབྱེར་མེད་པ་རུ་སེམས་ཅན་ཐམས་ཅད་ལ་གདོད་ནས་གྲུབ་པ་ཡིན་ཏེ། དབང་མཆོག་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཡང༌། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་སོ། །སེམས་ཅན་ཐམས་ཅད་སངས་རྒྱས་སམ་ཞེ་ན། དེ་ལྟར་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རང་བཞིན་ཡིན་པས་མཐར་ཐུག་འཚང་མི་རྒྱ་བ་མེད་ཅིང༌། གསང་སྔགས་ཀྱི་སྣོད་རུང་ཡིན་པར་ལུང་དང་རིག་པས་གྲུབ་མོད། །གནས་སྐབས་དབང་གི་རྟེན་དུ་རུང་བ་ནི། བུམ་དབང་གི་རྟེན་རྩ་དང༌། གསང་དབང་རྟེན་རླུང་དང༌། ཤེར་དབང་ཁམས་དཀར་དམར་ཐིག་ལེའི་ཆ་དང༌། ཚིག་དབང་ངོ་བོ་སེམས་རྟོག་རགས་པ་སྟེ། རྟེན་དེ་རྣམས་མངོན་གྱུར་དུ་ཡོད་པའི་རྟེན་ཁམས་དྲུག་དང༌། བརྟེན་པ་བདེ་གཤེགས་སྙིང་པོ་གཉིས་ཀ་རང་ཆས་སུ་ཡོད་པ་དེ་ཉིད་དེ་དེ་ལྟར་སློབ་མའི་རྒྱུད་ལ་མཚུངས་པར་ལྡན་པའི་རྒྱུད་དང་ལྡན་པ་དང༌། དེ་སྨིན་པར་འགྱུར་བའི་ལྷན་ཅིག་བྱེད་པའི་རྒྱུ་ནི། རྡོ་རྗེ་སློབ་དཔོན་གྱིས་ལྷ་སྔགས་ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་དབང་དང༌། རིག་མ་རྣམས་ཏེ་རྒྱུ་རྣམ་པ་གཉིས་ཡིན་ལ། དེ་སྟེང་དད་པ་སོགས་སྣོད་དུ་རུང་བའི་སློབ་བུ་རྒྱུ་ཡི་རྐྱེན་ཡིན་ལ། ལྟ་བ་རྟོགས་ཤིང་བདག་གི་དེ་ཁོ་ན་ཉིད་དང༌། ལྷའི་དེ་ཁོ་ན་ཉིད་དང༌། གསང་སྔགས་ཀྱི་དེ་ཉིད་དང༌། བཟླས་བརྗོད་ཀྱི་དེ་ཉིད་དང༌། འཕྲོ་འདུའི་དེ་ཁོ་ན་ཉིད་དེ་སྔགས་ཀྱི་ཡན་ལག་ལྔའི་དགོངས་པ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ནི་བདག་པོའི་རྐྱེན་ཡིན་ཏེ། ལྟ་དགོངས་བྲལ་ན་རྡོ་ཡི་ས་བོན་བཞིན་ནོ། །མན་ངག་ཇི་བཞིན་སློབ་མའི་རྒྱུད་སྨིན་ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན་ཡིན་ཏེ། དེ་མི་ལྡན་ན་བྱིས་པའི་རྩེད་མོས་དབང་མི་ཐོབ་པ་བཞིན་ནོ། །དཀྱིལ་འཁོར་དུ་ཞུགས་ནས་བུམ་དབང་བསྐུར་ཏེ་དེ་ལ་གསང་དབང་སོགས་སྔ་མ་སྔ་མའི་རྟེན་ཅིང་འབྲེལ་འབྱུང་གིས་གོ་ཕྱེས་ནས། ཕྱི་མ་ཕྱི་མ་རྣམས་རྒྱུད་ལ་ཐོབ་པ་དེ་མ་ཐག་པའི་རྐྱེན་ཡིན་ཏེ། སྔ་མ་མ་ཐོབ་ན་ཕྱི་མ་མི་འབྱུང་སྟེ་གྱང་མེད་ན་རི་མོ་མེད་པ་བཞིན་ནོ། །མཚུངས་ལྡན་དང་ལྷན་ཅིག་བྱེད་པའི་རྒྱུ་གཉིས་དང༌། རྒྱུ་དང་བདག་པོ་དམིགས་པ་དེ་མ་ཐག་སྟེ་རྐྱེན་བཞི་ཚོགས་ལས་དབང་བསྐུར་འགྲུབ་སྟེ། ཐུགས་ཐིག་ལས། རྒྱུ་གཉིས་རྐྱེན་བཞིས་ཡང་དག་རྙེད། །དྲུག་ལ་གནས་པའི་ཐོབ་བྱ་དེ། །ངོ་བོ་ཉིད་ཅེས་རྣམ་པར་བཤད། །ཅེས་སོ། །དེ་ལ་གཉེན་པོ་ཐབས་ཚུལ་དཔག་མེད་ཡོད་ཀྱང་གྲངས་ངེས་སྒོ་ནས་བསྡུས་ཏེ་བཞག་པ་ནི། སྤྱིར་རིགས་དྲུག་དང་ཁྱད་པར་མཐོ་རིས་ཀྱི་རྟེན་ཁམས་དྲུག་ལྡན་རྣམས་དང༌། བྱེ་བྲག་མིའི་འགྲོ་བ་མངལ་ནས་སྐྱེས་པ་རྣམས་ཐོག་མར་ལྟེ་བའི་རྩ་མདུད་ནས་རིམ་པར་ལུས་ཆགས་ཤིང༌། དེའི་དབང་གིས་ཕྱིའི་ལུས་སྣོད། བར་གྱི་ལུས་འགྲོ་བ་གཞན་ལུས་རྣམས་ཀྱང་སྣང་བས། ལུས་ཀྱི་དག་བྱའི་གཙོ་བོར་གྱུར་པ་རྩ་ཡིན་ཏེ། དེ་དག་བྱེད་བུམ་དབང་ཕྱི་ནང་གསང་གསུམ་བསྟན་ལ། རྩའི་རྣམ་པ་རིག་དྲུག་གི་དག་བྱ་དང༌། དག་བྱེད་སྐུ་གསུང་ཐུགས་དང་ཐབས་ཤེས་སོགས་ཡི་གེའི་གཟུགས་སུ་ཨ་སོགས་གནས་པ་དེ་ལ་གཡོ་བྱེད་ཀྱི་རླུང་བརྟེན་ནས། ད་ལྟ་འཁྲུལ་པའི་གནས་སྐབས་སུ་བྱེད་ལས་སྣ་ཚོགས་སུ་ཤར་ཞིང༌། འཁོར་བའི་སྒྲ་ཚིག་རང་རྒྱུད་པར་སྣང་བའི་ཕྱིར། ངག་གི་དག་བྱ་གཙོ་བོ་རླུང་ཡིན་པས། དེ་དག་བྱེད་གསང་དབང་བསྐུར་ནས་རང་ལུས་ཐབས་ལྡན་གྱི་རྫོགས་རིམ་བསྟན་ལ། རླུང་དེ་ཡིས་རྩ་ཁམས་ཐམས་ཅད་ལ་བཀོད་པ་བྱང་ཆུབ་ཀྱི་སེམས་ཁམས་དཀར་དམར་དྭངས་མ་ཆེན་པོ་རྣམས་འགྲོ་འོང་ཅན་དུ་ཁྲིད་ཅིང་གནས་པའི་སྒོ་ནས་བརྟེན་པ་དེའི་སེམས་ཀྱི་རྟེན་བྱེད་པས། སེམས་དག་པ་ལ་རྩ་ཁམས་གནད་དུ་བསྣུན་དགོས། དེ་དག་བྱེད་ཤེར་དབང་བསྐུར་ནས་རྟེན་ལས་སུ་རུང་བར་བྱེད་པ་གཞན་ལུས་ཐབས་ལྡན་གྱི་རྫོགས་རིམ་བསྟན་པ་དང༌། ཁམས་དེ་ལ་སེམས་ཀྱི་རང་བཞིན་ཆོས་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་སམ་དྲི་བཅས་ཡེ་ཤེས་ཀྱི་ཁམས་བརྟེན་པའི་ཚུལ་དུ་ཡོད་པས། དེ་མངོན་དུ་འགྱུར་བ་ལ། སེམས་ཀྱི་བག་ཆགས་སྒྲིབ་བྱེད་ཀྱི་རྣམ་པར་ཡོད་པ་ཉིད་དག་དགོས་པས། དེ་དག་བྱེད་ཚིག་དབང་རིན་པོ་ཆེ་བསྐུར་ནས་ཟུང་འཇུག་གི་རྫོགས་རིམ་འོད་གསལ་བའི་ཡེ་ཤེས་བསྒོམ་པར་བསྟན་པས་དབང་བཞི་ལམ་དང་བཅས་པའི་ཉམས་ལེན་དེར་འདུ་བ་ཡིན་ནོ། །གསང་སྔགས་ནི་ཉོན་མོངས་དང་འདོད་ཡོན་ལམ་བྱེད་ཐབས་མཁས་ཡིན་པས་འདོད་པའི་ཁམས་ཀྱི་གང་ཟག་འཕགས་པའི་སྤྲུལ་སྐུ་ལྟ་བུ་མ་ཡིན་པའི་རང་རྒྱུད་པ་ཀུན་ལ་བལྟས་དགོད་ལག་བཅངས་གཉིས་སྦྱོར་ཏེ། འདོད་ཆགས་རྣམ་བཞིར་གནས་པ་སོགས་དག་བྱ། དག་བྱེད་བུམ་པ་སོགས་དབང་བཞི་ལམ་དང་བཅས་པ་ལ་བརྟེན་ནས་གྲངས་ངེས་པ་ཅན་དུ་ཡང་འཇོག་པ་ཡིན་ནོ། །དང་པོ་འདི་ལ་ངག་གི་གཉེན་པོར་ཆེ་བ་ཕོ་མོ་ཕན་ཚུན་བལྟས་པས་ཚིམ་པའི་འདོད་ཆགས་ནི། གཞན་འཕྲུལ་དབང་བྱེད་པ་ལ་གནས་པ་སྟེ། དཀྱིལ་འཁོར་གང་ལ་བརྟེན་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བ་བུམ་པའི་དབང་སྟེ། ལྷ་དང་གཞལ་ཡས་ཁང་དང་སློབ་དཔོན་གྱི་དེ་ཁོ་ན་ཉིད་བསྟན་པ་སོགས་བུམ་པའི་དབང་དངོས་གཞི་ཡན་ལག་དང་བཅས་པ་བསྐུར་བས། སྒྲིབ་པ་གང་འདག་ན་གཙོ་བོར་ལུས་ཀྱི་སྒྲིབ་པ་དང༌། ལས་ཀྱི་སྒྲིབ་པ་དང༌། གནས་སྐབས་བཞི་ལས་སད་པའི་སྣང་བ་རགས་པ་དང་བཅས་པ་དང༌། ལུས་ཀྱི་ཐིག་ལེའི་སྒྲིབ་པ་འདག །ཕུང་པོའི་བདུད་འཇོམས་པའོ། །ལམ་གང་བསྒོམ་པ་ལ་དབང་ན་སྣོད་བཅུད་བརྟན་པ་དང་གཡོ་བའི་རང་བཞིན་དུ་སྣང་བས་བསྡུས་པའི་ཕུང་པོ་ལྔ་དང༌། ཁམས་ལྔ་དང༌། སྐྱེ་མཆེད་བཅུ་གཉིས་ཀུན་ཕུང་ཁམས་གཤེགས་པ་གཤེགས་མའི་གདན། ཕྱི་ནང་སྐྱེ་མཆེད་སེམས་དཔའ་སེམས་མའི་གདན། ཡན་ལག་གམ་ལུས་ཀྱི་དབང་ཡུལ་རེག་བྱ་ཁྲོ་བོ་ཁྲོ་མོའི་གདན་ཏེ། གདན་གསུམ་ཚང་བའི་དཀྱིལ་འཁོར་གཅིག་ཏུ་གཟུགས་སྣང་སྟོང༌། སྒྲ་གྲགས་སྟོང༌། སེམས་རིག་སྟོང་ཟུང་འཇུག་གི་རྣམ་རོལ་དུ་ཤར་ཏེ་བསྐྱེད་རིམ་བསྒོམ་པ་ལ་དབང་བ་ཡིན་ནོ། །ལྟ་བ་གང་རྟོགས་ན་སྣང་བ་ལྷའི་དཀྱིལ་འཁོར་དུ་གསལ་བ་བསྐྱེད་རིམ་དང༌། རང་བཞིན་ཞེན་སྣང་དང་བྲལ་བ་སྟོང་པའི་ངོ་བོ་རྫོགས་རིམ་དང༌། དེ་གཉིས་ལ་ཆེད་དུ་རྩོལ་མི་དགོས་པར་ལྷུན་གྲུབ་བསྐྱེད་རྫོགས་ཟུང་འཇུག་སྟེ་ངོ་བོ་ཉིད་གསུམ་གྱི་རང་བཞིན་དུ་རྟོགས་པའོ། །གྲུབ་མཐའ་གང་གི་རྗེས་སྙོགས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རང་བཞིན་གཉིས་མེད་མཉམ་པ་ཆེན་པོའི་ངང་དུ་རྟོགས་པ་ཡིན་ལ། སྐབས་འདིར་གྲུབ་མཐའ་མ་སྙོགས་ཚེ་འདའ་ཀ་མའི་མན་ངག་གང་ཡིན་ན་རྣམ་ཤེས་འོད་ཀྱི་ཐིག་ལེར་དམིགས་ནས་འཕོ་བ་སྟེ་གོང་བུ་ཕཊ་དང་ཧིཀ་སོགས་སྒྲ་ཡིས་འཕོ་ལ། འབྲས་བུ་གང་ཐོབ་ན་རྩ་ཡི་མ་དག་པའི་འགྲོས་བར་མ་ཆད་པར་ཡོད་པ་དེ་ཉིད་དག་པ་ཡེ་ཤེས་ཀྱི་ངང་དུ་ཐིམ་སྟེ་དག་ནས་བསྐྱེད་རིམ་གྱི་འབྲས་བུ་སྔར་ཇི་ལྟར་གོམས་པ་དེའི་སྤྲུལ་པའི་སྐུ་ཡི་རྣམ་རོལ་ནམ་མཁའ་ཁྱབ་པར་སྣང་ཡང༌། སྐུ་ཡི་ངོ་བོ་རྡོ་རྗེ་ལྟར་འཕོ་འགྱུར་བྲལ་བའི་འདུས་མ་བྱས་མངོན་དུ་གྱུར་པའོ། །བྷ་གའི་དཀྱིལ་འཁོར་ལ་བརྟེན་ནས་དབང་གང་བསྐུར་ན་གསང་དབང་བསྐུར། གང་གི་གཉེན་པོར་ཆེ་ན་དགོད་པས་ཚིམ་ལ་འཕྲུལ་དགའི་འདོད་ཆགས་ཀྱི་གཉེན་པོ་དང༌། སྒྲིབ་པ་གང་དག་ན་རྫུན་སོགས་ངག་གི་སྒྲིབ་པ་སྦྱངས། ཉོན་མོངས་པའི་སྒྲིབ་པ་དང༌། གནས་སྐབས་བཞི་ལས་རྨི་ལམ་དང༌། དེའི་སྣང་བ་ཕྲ་བ་དང་བཅས་པ་དང༌། བརྗོད་འདོད་ཀྱི་རྩ་བ་ངག་གི་ཐིག་ལེའི་སྒྲིབ་པ་འདག །ཉོན་མོངས་པའི་བདུད་འཇོམས་པའོ། །ལམ་གང་བསྒོམ་པ་ལ་དབང་ན། བདག་ཉིད་རྩོལ་བས་རྩ་ཐིག་རླུང་གསུམ་ལས་སུ་རུང་ཞིང་ཡེ་ཤེས་ཁྱད་པར་ཅན་གྱི་ངོ་བོར་བྱིན་རློབས་པའི་ལམ་གཏུམ་མོའི་མན་ངག་གིས་རྩ་རླུང་གི་བྱེད་པ་བཅིང་བ་དང་འབར་འཛག་གི་དམིགས་པ་སོགས་ལ་བརྟེན་ནས་གཟུང་འཛིན་གྱི་རླུང་རོ་རྐྱང་གི་ལམ་བརྒྱུད་ནས་དབུ་མར་འཛུད་པའི་ཐབས་རྒྱུད་དང་མན་ངག་སོ་སོ་ལྟར་རོ། །ལྟ་བ་གང་རྟོགས་ན་རང་བྱུང་ཡེ་ཤེས་རྟོགས་པ། ཉོན་མོངས་སྔར་བས་རགས་པ་ཉོན་མོངས་རྩ་འཁོར་དུ་ཆུད་པ་ཉོན་མོངས་རང་བྱུང་ཡེ་ཤེས། རླུང་སེམས་དབུ་མར་ཚུད་པའི་རྣམ་རྟོག་རགས་པ་ནི་རྣམ་རྟོག་རང་བྱུང་ཡེ་ཤེས། རྩ་འཁོར་དུ་རླུང་ཚུད་པ་སྔར་བས་རྨོངས་པ་སྣྲེལ་ཞི་རང་བྱུང་ཡེ་ཤེས། རིག་པ་གསལ་དྭངས་སྔར་བས་ཆེ་བ་ཡངས་པ་རང་བྱུང་ཡེ་ཤེས་སོ། །གྲུབ་མཐའ་གང་སྙོགས་ན། ངག་དག་པ་ཨཱ་ལི་ཀཱ་ལི་ལ་རང་དབང་ཐོབ་ནས་འགྲོ་དྲུག་གི་སྒྲ་སྐད་ཆེ་ཆུང་བཟང་ངན་ཐམས་ཅད་མ་འདྲེས་པར་སངས་རྒྱས་ཀྱི་གསུང་རྣམ་པར་དག་པའི་རང་བཞིན་དུ་ཡོངས་སུ་རྫོགས་ཤིང་རྟོགས་པའོ། །འདའ་ཀ་མའི་མན་ངག་ནི། ཚེ་འདིར་གྲུབ་མཐའ་མ་སྙོགས་ན་འཆི་ཁའི་སྡུད་རིམ་གྱི་རྐྱེན་གྱིས་རླུང་ཐམས་ཅད་དབུ་མར་ཐིམ་པ་ལ་ཕྱོགས་པ་ན། སྔར་གྱི་ལྟ་བ་དེའི་ངང་མ་ཤོར་བར་མི་རྟོག་པའི་ཏིང་འཛིན་དཔེ་ཡི་འོད་གསལ་ཆེན་པོའི་ངང་དུ་འཕོ་བའོ། །འབྲས་བུ་གང་ཐོབ་ན། རྩ་ཁམས་ཀྱི་ཡི་གེ་རླུང་གིས་བསྐྱོད་ནས་རྣམ་རྟོག་ཡི་གེའི་རྣམ་པར་སྐྱེ་ཞིང་བརྗོད་པའི་སྒྲ་དང་སྣང་བ་དང༌། མ་དག་པའི་འགྲོས་འདུས་བྱས་པ་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་སུ་ཐིམ་ནས། འདུས་མ་བྱས་པའི་རང་གདངས་འགག་པ་མེད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་གསུང་དབྱངས་ཡན་ལག་དྲུག་ཅུ་ལ་སོགས་པ་གསུང་གི་ཡོན་ཏན་ཐམས་ཅད་རིག་པའི་ངོ་བོར་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའི་གསུང་རྡོ་རྗེ་མངོན་དུ་གྱུར་པ་ཡིན་ནོ། །ཕུང་ཁམས་སོགས་གདན་གསུམ་ལྷ་ཡི་མངོན་རྟོགས་ཇི་བཞིན་ངོམ་ཞིང༌། རྒྱུད་ནས་གསུངས་པའི་མཚན་ཉིད་དང་ལྡན་པའི་མཛེས་མ་ཡི། གསང་བའི་དཀྱིལ་འཁོར་ལ་བརྟེན་ནས་དབང་གང་བསྐུར་ན། ཤེར་དབང་གིས་བསྐུར། གཉེན་པོ་གང་ལ་ཞེ་ན། ལག་བཅངས་ཚིམ་པ་དགའ་ལྡན་འདོད་ཆགས་སོགས་དག །སྒྲིབ་པ་གང་འདག་ན་ཡིད་ཀྱི་སྒྲིབ་པ་སྦྱངས་ཞིང༌། ཤེས་སྒྲིབ་རགས་པ་དང༌། གནས་སྐབས་བཞི་ལས་ཚོགས་དྲུག་སྣང་བ་དང་བཅས་པ་འགགས་པའི་གཉིད་འཐུག་གི་གནས་སྐབས་དང༌། ཡིད་འཛིན་པའི་ཐིག་ལེ་འདག །འཆི་བདག་གི་བདུད་བཅོམ། ལམ་གང་བསྒོམ་པ་ལ་དབང་ན། གཞན་ལུས་ཕོ་ཉ་ལ་བརྟེན་ནས་བྱང་སེམས་ཡས་འབབ་མས་བརྟན་གྱི་མཐར། ཐབས་སྣང་བའི་ཡེ་ཤེས་དང༌། ཤེས་རབ་མཆེད་པའི་ཡེ་ཤེས་དང༌། ཟུང་འཇུག་ཉེར་ཐོབ་ཀྱི་ཡེ་ཤེས་གསུམ་གྱིས་དྲངས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བསྒོམ་པ་ལ་དབང་བ་དང༌། ལྟ་བ་གང་རྟོགས་ན་བདེ་སྟོང་དགའ་བཞིའི་ཡེ་ཤེས་ཀྱི་ཁམས་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཞུ་བདེའི་ཐབས་ལ་བརྟེན་ནས་འགྲུབ་པ་ཡིན་ནོ། །གྲུབ་མཐའ་གང་སྙོགས་ན། བདེ་སྟོང་དབྱེར་མེད་པའི་ལྟ་བ་དེའི་ངང་ལ་ཕྱག་རྒྱ་མ་བརྟེན་པའི་ཚེ་ནའང་རྟག་ཏུ་གནས་ཤིང་ཉམས་སུ་མྱོང་བ་དང༌། འདའ་ཀའི་མན་ངག་ནི། ཚེ་འདིར་གྲུབ་མཐའ་མ་སྙོགས་ནའང་འཆི་ཁའི་སྡུད་རིམ་གྱིས་རྐྱེན་བྱས་ནས་དོན་དམ་བྱང་ཆུབ་སེམས་ཀྱི་རྟེན་ཁམས་ཀྱི་ཐིག་ལེ་ཀུན་རྫོབ་པ་རྣམས་ལྷན་ཅིག་ཏུ་ཚོགས་ཤིང་དབུ་མར་ཅུང་ཟད་ཞུགས་པའི་གནས་སྐབས་དེར། སྣང་ལ་མ་གྲུབ་པའི་ཡེ་ཤེས་རྡོ་རྗེ་སྟོང་པ་དང༌། སེམས་བདེ་བ་སྟེ་བདེ་སྟོང་གཞི་དུས་ཀྱི་འོད་གསལ་ངོ་འཕྲོད་ནས་གྲོལ་བ་སྟེ། དེ་ཡང་སྙིང་གའི་རྩ་མདུད་གྲོལ་བའི་སྟོབས་ཀྱིས་དཔེའི་ཡེ་ཤེས་ཤར་བ་དེ་ཉིད་གཞིའི་འོད་གསལ་དང་མ་བུ་འདྲེས་ནས་གྲོལ་བ་ཡིན་ནོ། །འབྲས་བུ་གང་ཐོབ་ན། མཐར་ཐུག་གྲོལ་བའི་ཚེ་རྩ་ཁམས་ཀྱི་དྭངས་མའི་ཐིག་ལེ་རླུང་གིས་འཕོ་བའི་འགྲོས་དབྱིངས་སམ་ཟུང་འཇུག་ངང་དུ་ཐིམ་སྟེ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐར་ཁྱབ་ཚད་ལས་འདས་ཤིང༌། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཟུང་འཇུག་ཐུགས་ཀྱི་རྡོ་རྗེ་སེམས་སེམས་བྱུང་གི་རྙོག་པ་ཞི་བའི་དྭངས་མ་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་རོ། །དཔེའི་འོད་གསལ་དེ་ནི་དོན་དམ་དུ་བྱང་ཆུབ་སེམས་ཀྱི་མྱུ་གུ་ལྟ་བུ་དེ་ལ་སློབ་བུ་རྣམས་མཉམ་པར་བཞག་པའི་དཀྱིལ་འཁོར་ལ་བརྟེན་ནས། ཡས་འབབ་མས་བརྟན་གྱི་བདེ་སྟོང་དགའ་བཞིའི་ཡེ་ཤེས་དབང་དོན་གསུམ་པའི་ངོ་བོ་ཉམས་སུ་མྱོང་ཞིང་རྫོགས་པ་ཆེན་པོའི་ངོ་བོར་སློབ་དཔོན་གྱིས་ཚིག་གིས་མཚོན་པའི་ངོ་སྤྲད་བདེ་བ་ཆེན་པོའི་དབང་ངམ་དབང་གི་དམ་ཚིག་གི་བཞི་པ་ཡིན་ལ། གཉེན་པོ་འཐབ་བྲལ་མན་ཆད་འཁྱུད་སྦྱོར་འདོད་ཆགས་དང༌། སྒྲིབ་པ་སྒོ་གསུམ་ཕྲ་བའི་སྒྲིབ་པ་དག་སྟེ་དེ་ཡང་སྒོ་གསུམ་ཐ་དད་དུ་འཛིན་པ་སྤྱོང་ཞིང་ཤེས་སྒྲིབ་ཆེས་ཕྲ་བ་འཕོ་བའི་བག་ཆགས་ཆ་དང་བཅས་པ་དང༌། གནས་སྐབས་བཞི་ལས་སྙོམས་འཇུག་གི་གནས་སྐབས་དང༌། སྒོ་གསུམ་ཕྲ་བའི་བག་ཆགས་འཛིན་པའི་ཐིག་ལེའི་སྒྲིབ་པ་རྣམས་འདག །ལྷའི་བུའི་བདུད་འཇོམས་པའོ། །ལྟ་བ་སྤྲོས་པ་དང་བྲལ་བའི་སྟོང་པའི་ཐིག་ལེ་རང་བཞིན་གསལ་བ་རིག་པའི་གདངས་མ་འགགས་པ་ལས། ཐུགས་རྗེའི་རོལ་པ་སྐུ་དང་ཡེ་ཤེས་སུ་འཆར་བའི་སྙིང་པོ་ཅན་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་རྟོགས་སོ། །ལམ་གང་བསྒོམ་པ་ལ་དབང་ན། འོད་གསལ་ཕྱག་རྒྱ་ཆེན་པོའམ་རིག་སྟོང་རྫོགས་པ་ཆེན་པོ་ལ་དབང༌། དེ་ཡང་ནང་རྒྱུད་ཐུན་མོང་ལྟར་ན་རྫོགས་རིམ་བསྒོམ་པའི་སྐལ་ལྡན་དུ་བྱས། ཐེག་རྩེའི་བྱེ་བྲག་ཐོབ་ན་ཀ་དག་ཁྲེགས་ཆོད་དང༌། ལྷུན་གྲུབ་ཐོད་རྒལ་གྱི་ལམ་ཐུན་མིན་ལ་དབང་བ་ཡིན་ནོ། །གྲུབ་མཐའ་གང་སྙོགས་ན། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བདེ་སྟོང་ཕྱག་རྒྱ་ཆེན་པོ་རྟོགས་པ་ཡིན་ཏེ་བླང་དོར་མེད་པའི་རྟོགས་པའོ། །འདའ་ཀའི་མན་ངག་ནི། གསང་ཆེན་ཕྱག་རྒྱ་ཆེན་པོ་སྔར་གྱི་ལྟ་བ་དེའི་ངང་འཕོ་བ་ཡིན་ལ། འབྲས་བུ་གང་ཐོབ་ན། སྙིང་པོ་ཡེ་ཤེས་རླུང་གི་འགྲོས་ཐིམ་ཞེས་ཡེ་ཤེས་ཀྱི་རླུང༌། ལས་རླུང་གིས་བསླད་པའི་ཆ་ཤིན་ཏུ་ཕྲ་བ་དང་བཅས་པ་ཐམས་ཅད་དག་ནས་མངོན་དུ་གྱུར་ཏེ་ཡེ་ཤེས་རྡོ་རྗེ་མཁའ་ཁྱབ་དབྱིངས་ཀྱི་རང་བཞིན་ཟུང་དུ་འཇུག་པའི་ངོ་བོ་ཉིད་སྐུ་ཐོབ་པའོ། །དབང་ཞེས་པའི་སྐད་དོད་སྒྲ་དོན་དང་སྦྱར་ན། དྲི་མ་འཁྲུད་པ་དང་ནུས་པ་འཇོག་པ་གཉིས་ལ་འཇུག་སྟེ་ཨ་བྷི་ཥིཉྩ་ཞེས་པའི་སྒྲས་ཡེ་ཤེས་ལ་སྒྲིབ་པའི་གློ་བུར་བའི་དྲི་མ་ཐམས་ཅད། དབང་ཐོབ་པ་ཙམ་གྱིས་སྐལ་བ་དང་ལྡན་པར་བྱེད་དེ་གཏོར་བའི་དོན་སྟོན་པ་དང༌། ཥེ་ཀ་ཏ་ཞེས་པའི་སྒྲས། སྐལ་བ་བླུགས་པ་སྟེ་ཆོས་ཉིད་ལ་སྐུ་བཞིའི་ཡོན་ཏན་རང་ཆས་སུ་ཡོད་པ་དེ། དབང་རང་རང་གི་ལམ་གྱིས་སྒྲིབ་པ་བསལ་ནས་ལམ་བསྒོམ་རུང་དང་ཡོན་ཏན་སྐྱེ་རུང༌། རྒྱུ་སྒྲིབ་པ་སྤང་བར་དབང་བ་དང༌། ཡོན་ཏན་ཐམས་ཅད་ཐོབ་པར་དབང་བ་སྟེ་དེ་ལྟར་རྣམ་པ་གཉིས་སུ་གྲུབ་བོ། །དབང་བཞིའི་ངོ་བོ་མཆོག་གི་ཡོན་ཏན་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་རང་ལ་ལྷན་སྐྱེས་སྨན་གྱི་རོ་ནུས་དང་དྲི་དང་ཞུ་རྗེས་ལྟར་གནས་པ་ཡིན་ཏེ། དེ་ཡང་ཁམས་དྲུག་གི་ནང་ནས་སེམས་ནི་མིང་བཞིའི་ཕུང་པོ་ཅན་ཡེ་ཤེས་ཀྱི་རྟེན་དང༌། ཕུང་པོ་ལྔའི་རྟེན་འབྱུང་ལྔ། འབྱུང་བའི་རྟེན་རྩ་དང༌། རྩའི་བརྟེན་པ་སྲོག་གི་རླུང༌། རླུང་གི་བརྟེན་པ་བྱང་སེམས་ཡིན་པས་དབང་བཞིའི་མཚུངས་ལྡན་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་རང་ལ་ལྡན་ཞིང༌། དེ་ཐམས་ཅད་ཀྱི་རང་བཞིན་བདེ་གཤེགས་སྙིང་པོ་དབང་བཞིའི་ཡོན་ཏན་འབྱོར་པ་དེ་ནི། རྒྱུ་ཡི་དབང་ཞེས་བྱ་བ་ཡིན་ཏེ། དེ་ལྟར་རྒྱུ་དབང་རང་ལ་གནས་པ་དེ་ཉིད་མངོན་དུ་བྱེད་པའི་ཐབས་སུ། སློབ་དཔོན་མཚན་ཉིད་དང་ལྡན་པ་ཉིད་ཀྱིས་སྦྱོར་དངོས་རྗེས་གསུམ་གྱི་ཆོ་གས་བསྐུར་བ་དང༌། དེ་ལས་གཞན་བདག་འཇུག་བླ་མའི་རྣལ་འབྱོར་ཟབ་མོའི་དབང་བཞི་དང༌། བྱིན་རླབས་འཕོ་བའི་རྒྱུན་ལ་རང་གི་དམིགས་པས་ཡང་ཡང་འདྲིས་ཤིང་གོམས་པར་བྱེད་པ་ལམ་གྱི་དབང༌། རྒྱུ་མཚན་ཉིད་ཐེག་པའི་སྐབས་སུ་སློབ་ལམ་མཐར་ཕྱིན་ནས་ས་བཅུའི་རྒྱུན་མཐའི་དུས་སུ་འོད་ཟེར་ཆེན་པོའི་དབང་ཐོབ་པར་བཤད་པ་བཞིན་དུ། རང་སེམས་ལ་ཡེ་ནས་ལྡན་པའི་དབང་དེའི་གློ་བུར་དྲི་མ་རྣམས་ལམ་དུས་ཀྱི་དབང་དང་བསྐྱེད་རྫོགས་རྣམས་ཀྱིས་སྦྱངས་ནས་སྐུ་བཞིར་མངོན་དུ་སྨིན་པ་ནི་འབྲས་བུའི་དབང་ཞེས་བྱའོ། །དེ་ལྟར་དབང་བཞི་མཐའ་བརྟེན་བཅས་རྫོགས་ཚེ་རིག་འཛིན་སྡོམ་པ་ཡང་མཉམ་དུ་ཐོབ་པ་ཡིན་ནོ། །ཐོབ་པའི་ཕན་ཡོན་ནི། དབང་ཐོབ་པའི་སྐྱེས་བུའི་རྒྱུད་ནི་དཔེར་ན་ཞིང་ས་ལ་གཤོལ་སོགས་ཀྱིས་ཐ་བའི་སྐྱོན་སྦྱངས་པའི་ཞིང་སར་ས་བོན་བཞག་པ་ཇི་བཞིན་དུ། སྔར་གྱི་ཡོན་ཏན་སྐྱེ་མི་རུང་བ་ལེགས་པར་སྦྱངས་ཏེ་སྐུ་བཞི་སྨིན་རུང་དུ་བྱས་པའི་དབང་སོ་སོའི་བསྐྱེད་རྫོགས་ལ་གཞོལ་བའི་རྐྱེན་དང་འཛོམ་ན་སྐད་ཅིག་རེ་རེ་བཞིན་སྒོ་གསུམ་དང་ཐ་དད་དུ་འཛིན་པ་སྟེ་བཞི་དང༌། ལས་དང་ཉོན་མོངས་ཤེས་བྱ་བག་ཆགས་ཏེ་གནས་སྐབས་ཀྱི་སྒྲིབ་པ་བཞི་རིམ་གྱིས་དག་སྟེ་སློབ་བཞིའི་བྱང་ཕྱོགས་སོ་བདུན། ཕར་ཕྱིན་བཅུ་ཚོགས་གཉིས་སོགས་རིམ་གྱིས་གོང་དུ་འཕེལ་ཏེ་རྡོ་རྗེ་བཞི་དང༌། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་མངོན་དུ་བྱེད་དོ། །གཉིས་པ་རང་བཞིན་ཡེ་ནས་དག་པའི་ལམ་ལ་བསྐྱེད་རྫོགས་རྣམ་པ་གཉིས་ལས། དང་པོ་བསྐྱེད་རིམ་ལམ་དུ་བྱེད་ཐབས་ཡིན་པས་མི་དང་དུད་འགྲོ་ལ་སྐྱེ་གནས་བཞི་ཀ་སྲིད་ཅིང༌། བྱང་སེམས་དང་ལྷ་དང་དམྱལ་བ་བར་དོ་རྣམས་རྫུས་སྐྱེས། ཡི་དྭགས་ལ་མངལ་རྫུས་གཉིས་ཏེ་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱང་ཕྱིར། མངལ་སྐྱེས། རྫུས་སྐྱེས། སྒོང་སྐྱེས། དྲོད་སྐྱེས་ཏེ་སྐྱེ་གནས་བཞི་པོ་དེ་དང་མཐུན་པར་བསྐྱེད་རིམ་རྣམ་པ་བཞི་སྟོན་པ་ཡིན་ནོ། །ཇི་ལྟར་བསྐྱེད་ཚུལ་འཆི་སྲིད་དང་མཚུངས་པའི་སྟོང་ཉིད། བར་སྲིད་དང་མཚུངས་པའི་སྙིང་རྗེ། དྲི་ཟ་ཉེ་བར་ལེན་པའི་ཤེས་པ་དང་མཚུངས་པའི་ས་བོན་དབང་པོ་ཡོངས་སུ་རྫོགས་ནས་སྐྱེ་བ་སོགས་དང་མཚུངས་པའི་ལྷ་ཡོངས་རྫོགས་བསྒོམ་པ་དང༌། དེ་ཡང་སྐྱེ་གནས་བཞི་པོ་རང་རང་སྦྱོང་བྱེད་ཀྱི་གཉེན་པོ་བསྒོམ་པ་སོགས་འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང༌། སྐྱེ་གནས་བཞི་སོགས་རྣམ་པ་དང་མཐུན་པར་བསྒོམ་པས། བསྐྱེད་ཚུལ་བཞི་པོ་རེ་རེ་ལའང་སྒོ་གསུམ་གྱི་འཇུག་པའི་སྒོ་ཡི་སྣང་ཞེན་དང༌། རིགས་དྲུག་གི་སྐྱེ་གནས་ཀྱི་བག་ཆགས་ཀུན་སྦྱོང་བྱེད་དུ་འགྱུར་བས། ལུས་སྣང་བ་འདོད་སྲིད། ངག་ཕྱེད་སྣང་གཟུགས་ཀྱི་སྲིད་པ། ཡིད་མི་སྣང་བ་གཟུགས་མེད་པའི་སྲིད་པ་སྟེ་སྲིད་པ་གསུམ་གྱི་སྒོ་གསུམ་པོའི་བག་ཆགས་ཕྱི་རོལ་དུ་སྣང་བའི་ཁམས་གསུམ་པོའི་སྣང་ཞེན་མ་ལུས་པ་སྦྱང་ཞིང་དག་པར་འགྱུར་བ་དང༌། ཡང་མྱ་ངན་ལས་འདས་པ་དང་བཞུགས་ཚུལ་མཐུན་པ་ཡི། ཏིང་ངེ་འཛིན་རྣམ་གསུམ་པོ་སྐུ་གསུམ་དང་འདྲ་བ་ལམ་དུ་བྱེད་པ་དང༌། ཞིང་དང་གཞལ་ཡས་ཁང་མཚན་དཔེ་འོད་ཟེར་སོགས་ལྷ་ཡི་རྣམ་པ་ལམ་དུ་བྱས་ཤིང་བསྒོམ་པས་འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་གཞི་ལ་ཡེ་ནས་གནས་པ་ཡོངས་སུ་རྫོགས་ཤིང༌། མངོན་དུ་སད་རུང་གི་ནུས་པ་ཁྱད་པར་ཅན་གསོས་ཐེབས་པ་དང༌། དེ་ལྟར་དག་རྫོགས་གཉིས་ཀ་ཚང་བ་དེའང་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་བརྒྱུད་ནས་གནད་དུ་བསྣུན་པའི་ཐབས་ཡིན་པ་དང༌། སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོའི་གནས་ལུགས་དང་མཐུན་པར་བསྒོམ་པ་ཡིན་པས། དེ་ལྟ་བུའི་བསྐྱེད་རིམ་བརྟན་ནས་རྫོགས་པའི་རིམ་པ་རྣམས་བསྒོམ་ན། དེའི་ཡེ་ཤེས་དཔེ་དང་དོན་གྱི་འོད་གསལ་སྐྱེ་མ་རག་པར་འགྱུར་བས་རིམ་པ་གཉིས་པའི་སྨིན་བྱེད་དུ་འགྲོ་བའི་ཕྱིར་ན། དག་རྫོགས་སྨིན་གསུམ་འདི་ནང་རྒྱུད་བསྐྱེད་རིམ་སྤྱི་ལ་གཅེས་པའི་གལ་པོ་ཆེ་ཡིན་ནོ། །འཁོར་བའི་རྣམ་པ་གྲུབ་ཚུལ་ཇི་ལྟར་ན་སྤྲོས་པ་ཅན་སྒོང་སྐྱེས་བྱ་མ་དང་སྒོ་ང་སྟེ་ལན་གཉིས་སྐྱེ་བ་ལྟར། བདག་སྲས་དང་གཞན་སྲས་རྣམ་པ་གཉིས་སུ་བསྐྱེད་ཚུལ་འདི་གཉིས་ལས་དང་པོ་པར་བསྔགས་སོ། །བདག་གི་སེམས་ཉིད་བདེ་གཤེགས་སྙིང་པོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་འཕྲོ་གཞིར་གནས་པ་དེ་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ནས། དེའི་སྲས་སུ་གཞན་དེ་བཞིན་གཤེགས་པ་རྣམས་བསྐྲུན་ཏེ་འཁོར་དུ་བཀོད་པར་བྱ་བའི་དོན་གྱིས་ཡིན་ཏེ། འདི་ལ་ལྔ་སྟེ། རྣམ་སྨིན་གྱི་རང་ལུས་སོགས་ཆོས་ཐམས་ཅད་སྟོང་ཉིད་དུ་སྦྱང་བ་སོགས་ཏིང་ངེ་འཛིན་གསུམ་གྱི་མན་ངག་ལ་བརྟེན་ནས་རང་གི་རིག་པའི་ངོ་བོ་ས་བོན་ཡིག་འབྲུའི་རྣམ་པར་བསྒོམས་པ་ལས་བྱུང་བའི་ས་བོན་རྣམས་སྤྲོས་ཏེ་འབྱུང་བ་རིམ་བརྩེགས་བསྒོམ། བྷྲཱུྃ་ཡིག་ཁ་དོག་ལྔ་ལྡན་འཕྲོས་པ་ལས་གཞལ་ཡས་ཁང་གདན་དང་བཅས་པ་བསྒོམ་ནས། དབུས་ཀྱི་གདན་སྟེང་དུ་ས་བོན་གྱི་ཡི་གེ་བབས་པ་ཡོངས་སུ་གྱུར་པ་ལས་ནི། རྒྱུ་ཡི་ཧེ་རུ་ཀ་ཞལ་གཅིག་སྐུ་མདོག་སོགས་གཙོ་བོ་བསྐྱེད་པ་དང༌། ཡབ་ཡུམ་མཉམ་པར་སྦྱོར་བའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བཀུག་ནས་ཡབ་ཀྱི་སྤྱི་བོ་ནས་ཞུགས། ཡུམ་གྱི་མཁར་བསྟིམ་པ་དང༌། ཡང་འོད་ཟེར་གྱིས་སེམས་ཅན་བཀུག་ནས་སྒྲིབ་པ་སྦྱོང་ཞིང་མཁར་བསྟིམ་པར་བྱ་བ་དང༌། དེ་ནས་འཁོར་འདས་ཀུན་གྱི་སྤྱི་དཔལ་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་ལ་ཆེ་བའི་ང་རྒྱལ་བསྐྱེད་པ་དང༌། ལྷ་ཚོགས་ཐམས་ཅད་མཁའ་གསང་ནས་བཏོན་ནས་སོ་སོའི་གདན་ལ་འགོད་པར་བྱེད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ཞེས་པ་འདིའི་དོན་བདག་སྲས་ཀྱི་སྐབས་སུ་གཞན་དེ་བཞིན་གཤེགས་པ་ཐམས་ཅད་རང་ལ་བསྟིམ་ནས། མངལ་འབྱིན་གྱི་སྒོ་ནས་སྲས་ཀྱི་རྣམ་པར་འཁོར་དུ་བཀོད་པ་དེ་རྣམས་གཙོ་བོའི་ཐུགས་སུ་གྱུར་ནས་བདག་གི་རྟོག་ཚོགས་ཡི་གེའི་རྣམ་པར་ཡོད་པ་མཁའ་རུ་ཕབ་སྟེ། སྲས་སུ་བསྐྲུན་ནས་འཁོར་དུ་བཀོད་པའི་དོན་འདི་ལ་རྣམ་པ་བརྒྱད་ཡོད་དེ་དཔེར་ན་སྒོང་སྐྱེས་དང་པོ་སྒོ་ང་སྨིན་པ་དེ་དང༌། དེ་ནས་སྒོང་ཁྱིམ་བརྡོལ་ནས་དབང་པོ་ཡན་ལག་ཡོངས་སུ་རྫོགས་པ་དེར་འགྱུར་བ་བཞིན་དུ། གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེའི་གོང་བུ་ས་བོན་ཕྱག་མཚན་གྱིས་མཚན་པར་གྱུར་པ་དང༌། དེ་ཉིད་ཡོངས་སུ་གྱུར་པ་ལས། འབྲས་བུ་ཧེ་རུ་ཀ་ཡབ་ཡུམ་དབུ་དགུ་ཕྱག་བཅོ་བརྒྱད་སོགས་གང་རུང་སྐྱེ་མཆེད་རྫོགས་པ་བསྐྱེད་པ་དང༌། དེའི་ཚེ་ཡབ་ཀྱི་རྟོག་པ་ཐམས་ཅད་ཡི་གེའི་ངོ་བོར་གྱུར་ནས་སྲས་འདོན་གྱི་ནུས་པ་མེད་པར་བསམ་པ་དང༌། ཡུམ་ལས་འོད་ཟེར་འཕྲོས་པས་བསྐུལ་ཏེ་འཁོར་གྱི་ལྷ་ཚོགས་རྣམས་ལ་སྲས་བསྐྱེད་པའི་དོན་དུ་གསོལ་བ་གདབ་པ་དང༌། དེ་ནས་འཁོར་གྱི་རྟོགས་པ་མངོན་གྱུར་གྱི་བདེ་གཤེགས་ལྷ་ཚོགས་ཀུན་ཀྱང་རང་ཉིད་གཙོ་བོར་ཡོད་པ་དེའི་ཐུགས་ཀར་བསྟིམ་སྟེ་ཐུགས་སུ་གྱུར་ནས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཡེ་ཤེས་ཆེན་པོའི་བདག་ཉིད་ངའོ་ཞེས་ང་རྒྱལ་བཟུང་བ་དང༌། དེ་ནས་གསང་བ་བྱིན་གྱིས་བརླབས་ཏེ་ཕྱག་རྒྱ་བཞིས་སྙོམས་པར་ཞུགས་ནས་མཁའ་རུ་བྱང་ཆུབ་སེམས་ཀྱི་འོད་ཟེར་ལན་གསུམ་ཕབ་པའི་དང་པོས་ཐིག་གདབ། གཉིས་པས་རྟེན་གྱི་དཀྱིལ་འཁོར་གཞས་ཡས་ཁང་བཅས་པ་བསྐྱེད་པ་དང༌། གསུམ་པས་རྟོག་པ་ཞེ་གཉིས་ཡི་གེའི་ངོ་བོར་ཡོད་པ་རྣམས་ཡོངས་སུ་གྱུར་པས་གཙོ་འཁོར་ལྷ་ཚོགས་ཡོངས་སུ་རྫོགས་པར་གསལ་ཏེ་མཁའ་གསང་ནས་ཕྱིར་གདོན་པ་དང༌། བདག་གི་ཐུགས་ཀ་ནས་ཕྱག་རྒྱའི་ལྷ་མོ་བཞི་སྤྲོས་ཏེ་ལྕགས་ཀྱུ་མས་དབྱིངས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྟེན་ལ་རེག་ཙམ་གྱིས་བསྐུལ་ཏེ། ཞགས་པ་མས་གནས་ནས་བསྐྱོད་ལ་སྤྱན་དྲངས་ནས། ལྕགས་སྒྲོག་མས་དཀྱིལ་འཁོར་དུ་བསྟིམ་ལ། དྲིལ་བུས་དགྱེས་པ་བསྐྱེད་པ་ཡི་སྒོ་ནས་དམ་ཡེ་དབྱེར་མེད་དུ་བརྟན་པར་བཅིངས་པ་དང༌། གནས་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་གདབ་པར་བྱས་ཏེ་འཁོར་རྣམས་སོ་སོའི་གདན་དུ་འཁོད། གཙོ་བོ་འབྲས་བུའི་ཧེ་རུ་ཀ་ལ་བསྟིམ། གཞལ་ཡས་ཁང་གཞལ་ཡས་ཁང་ལ། གདན་རྣམས་སོ་སོ་ལ་བསྟིམ་པའོ། །སྒོང་སྐྱེས་ལན་གཉིས་སྐྱེ་བ་ལྟར་བསྡུ་ན་ཐོག་མར་རང་ཉིད་གཉུག་མའི་ལྷར་གསལ་བས། མདུན་གྱི་ནམ་མཁར་གང་བསྒོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྟེན་བརྟེན་པ་ཐམས་ཅད་གསལ་གདབ་པ་དང༌། རང་གི་ཐུགས་ཀ་ནས་དཀྱིལ་འཁོར་སྤྲོ་བ་དང༌། དབྱིངས་ནས་སྤྱན་དྲངས་ཤིང་མདུན་མཁར་བཞུགས་པར་དམིགས་པ་སྟེ་གསུམ་གང་རུང་གི་མདུན་དུ་རྒྱུན་བཤགས་ཡན་ལག་བདུན་པའམ་བརྒྱད་པ་བཅུ་པ་གང་རུང་བྱ། མཐར་བདག་དང་ཚོགས་ཞིང་གཉིས་ཀ་མི་དམིགས་པའི་ངང་ནས་སླར་ཡང་ལྷ་སོ་སོའི་དཀྱིལ་འཁོར་མངོན་རྟོགས་སྐྱེ་གནས་གང་སྦྱོང་བའི་ཆོ་ག་ཡིན་ཀྱང་དེ་ཇི་ལྟ་བ་བཞིན་སྒོམ་པར་བྱེད་པའོ། །སྤྱིར་བསྐྱེད་ཚུལ་གཅིག་གིས་སྐྱེ་གནས་བཞི་ཀ་སྦྱོང་མོད་ཀྱང༌། གཙོ་ཆེར་རང་རང་གི་བག་ཆགས་སྦྱོང་བས་ན་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་ཕྱིར་དེ་དང་མཐུན་པར་མངོན་བྱང་བཞི་ཡི་སྒོ་ནས་བསྐྱེད་པའམ། རྡོ་རྗེའི་ཆོ་ག་གསུམ་བསྐྱེད་དམ། མངོན་བྱང་ལྔ་བསྐྱེད་དེ་གསུམ་ལས། དང་པོ་བཞི་བསྐྱེད་ནི་ཁྲག་འཐུང་གལ་པོའི་དགོངས་པ་ལྟར་བཤད་པ་སྟེ། གལ་པོ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེར་འགོད། །ཅེས་པས། དང་པོ་སྦྱང་བྱའམ་དག་བྱ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ཐམས་ཅད་འཁྲུལ་སྟོབས་ཀྱིས་ནུབ་པའི་འཆི་སྲིད་དང༌། སླར་ཡང་ལས་རླུང་མཆེད་པའི་སྟོབས་ཀྱིས་བར་དོར་སྣང་བ་ཡད་ཡུད་དུ་འབྱུང་བ་དང་བཅས་པ་དག་པའི་ཕྱིར། སྤྲོས་བྲལ་སྟོང་ཉིད་ཀྱི་ངང་སྙིང་རྗེ་སྒྱུ་མ་ལྟ་བུའི་བྱང་ཆུབ་ཀྱི་སེམས་གཉིས་བསྒོམས་པས་ཆོས་སྐུ་དང་ལོངས་སྐུ་གཉིས་གཞི་ལ་རྫོགས། འོད་གསལ་དང་སྒྱུ་ལུས་གཉིས་ཀྱིས་སྨིན་བྱེད་དུ་འགྱུར་རོ། །དྲི་ཟ་ཉེ་བར་ལེན་པ་བར་དོའི་རྣམ་ཤེས་དེ་ཕ་མའི་ཁུ་ཁྲག་གི་དབུས་སུ་ཞུགས་ཏེ་འདྲེས་པའི་ཆ་ནི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཡེ་ཤེས་ལྷ་ཡི་ས་བོན་ཧཱུྃ་ལ་སོགས་པ་ལམ་གྱིས་གསལ་བས་སྦྱང་ཞིང་དག །སྤྲུལ་སྐུ་གཞི་ལ་རྫོགས། དཔེའི་འོད་གསལ་ལས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །གསུང་རྡོ་རྗེའི་ས་བོན་གྱིས་སྦྱོང་ཚུལ་ནི། རྣམ་ཤེས་དེ་ཉིད་ཀྱང་ཁུ་བ་དང༌། རྡུལ་ཏེ་ཁྲག་དང༌། རླུང་དང་གསུམ་འདྲེས་པའི་ཆ་དེ་རླུང་གི་བྱེད་ལས་ཀྱིས་མེར་མེར་དང༌། ནུར་ནུར་གྱི་གནས་སྐབས་སུ་གྱུར་པ་དེ་ས་བོན་གྱི་ཡི་གེ་ཉིད་ལས་ཐུགས་རྡོ་རྗེ་ཕྱག་མཚན་སོགས་སུ་གྱུར་པས་སྦྱོང་ལ། དེ་ལས་ལྟར་ལྟར་དང་མཁྲང་གྱུར་དུ་སོང་བའི་གནས་སྐབས་ནི། ཡེ་ཤེས་རྡོ་རྗེ་ཕྱག་མཚན་དེ་འོད་གོང་དུ་གྱུར་པས་སྦྱོང་ཞིང༌། དེ་ནས་རིམ་གྱིས་བརྟས་ཏེ་ཁྱབ་འཇུག་ཉ་དང་རུས་སྦལ་གྱི་རྣམ་པ་དང༌། མིག་ལ་སོགས་པ་དབང་པོ་དང་ཡན་ལག་ཡོངས་སུ་རྫོགས་པའི་གནས་སྐབས་ནི། སྐུ་རྡོ་རྗེ་ལྷ་ཡི་རྣམ་པར་གྱུར་ནས་སྦྱོང་བའོ། །དེ་ལྟར་བསྒོམ་པས་ཟུང་འཇུག་ངོ་བོ་ཉིད་སྐུ་གཞི་ལ་རྫོགས། དོན་གྱི་འོད་གསལ་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་སྨིན་བྱེད་དུ་འགྱུར་རོ། །མངོན་བྱང་བཞི་པ་ནི། སྦྱང་བྱ་བཙས་ནས་དབང་པོ་ཡུལ་ལ་སད་དེ་སྣ་ཚོགས་སུ་འཛིན་པའི་དངོས་པོ་ལ་ལོངས་སྤྱོད་པའི་ཞེན་པ་དག །སྦྱོང་བྱེད་ལྷ་མངལ་འབྱིན་གྱི་ས་བོན་སྤྲོ་བའམ་གནས་གསུམ་ལ་སོགས་པར་ཡི་གེ་བཀོད་དེ་རྒྱས་གདབ་པ་ལའང་སྦྱར་དུ་རུང་བར་གསུངས་ལ། འདིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་གཞི་ལ་རྫོགས། རྫོགས་རིམ་ཟུང་འཇུག་གི་ལྷ་སྐུར་ལྡང་ནས་འདོད་ཡོན་སྣང་བ་ཞེན་མེད་དུ་རོལ་པས་རིག་པའི་རྒྱན་དུ་འཆར་བའི་སྨིན་བྱེད་དུ་འགྱུར་རོ། །དེ་ནས་འཁོར་གྱི་ལྷ་ཚོགས་སྤྲོ་བ་སོགས་དངོས་གཞིའི་རིམ་པ་ལྷག་མ་དང་རྗེས་རྣམས་རང་རང་གི་གཞུང་ལྟར་རོ། །དེ་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་གསལ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཡིན་ལ། ས་བོན་ཡིག་འབྲུ་བསྒོམ་པ་གསུང་རྡོ་རྗེ་དང༌། ཐུགས་རྡོ་རྗེའི་ངོ་བོ་ཉིད་ནི། ཕྱག་མཚན་ཡིག་འབྲུས་མཚན་པ་ཉིད་དུ་སྦྱོར་བ་ལ་བཤད་དོ། །འདིའི་བསྒོམ་ཚུལ་ནི་ཏིང་འཛིན་གསུམ་ཡན་སྔོན་དུ་སོང་ནས། སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རྡོ་རྗེ་སོགས་བསྒོམས་པས། མངལ་དུ་ཁམས་དཀར་དམར་ཚོགས་པ་ལ་དྲི་ཟའི་རྣམ་ཤེས་ཞུགས་པ་སྦྱོང༌། ཕྱག་མཚན་ཡི་གེར་གནས་འགྱུར་བའི་གསུང་ཨཱཿསོགས་ཡིག་འབྲུ་བསྒོམས་པས་ཁུ་ཁྲག་སེམས་གསུམ་འདྲེས་པའི་གནས་སྐབས་ལྔ་སྦྱོང༌། དེ་སྤྲོ་བསྡུས་སྐུ་ཡོངས་རྫོགས་བསྒོམ། དབང་པོ་དང་ཡན་ལག་ཐམས་ཅད་རྫོགས་པའི་གནས་སྐབས་སྦྱོང་བ་སྟེ། འདི་ལ་རྡོ་རྗེའི་ཆོ་ག་གསུམ་ཞེས་ཕ་རྒྱུད་སྤྱིའི་ལུགས་སོ། །དེ་ལ་མངལ་ཞུགས་ཀྱི་རིམ་པ་དང་ལམ་དང་འབྲས་བུའི་ཆོས་མཐུན་ཚུལ་བར་དོར་ལོངས་སྐུར་མི་ལྡང་བའམ་གཞན་དོན་སྤྲུལ་སྐུ་ལམ་འཁྱེར་བར་མ་དོ་ནས་སེམས་བསྐྱེད་དང་ལྡན་པས་ལུས་རྟེན་འཚོལ་བ་ཚོགས་ཀྱི་ལམ་དང༌། ཆོས་ལྡན་ལུས་རྟེན་ཐོབ་པའི་མངལ་སྒོ་བདམས་ནས་མའི་མངལ་དུ་རྣམ་ཤེས་ཧཱུྃ་ཡིག་ལ་སོགས་པར་འཇུག་པ་སྦྱོར་ལམ་སྟེ། ལྷུམས་སུ་ཞུགས་དུས་ཀྱི་ཁུ་བ་རྡུལ་རླུང་སེམས་འདྲེས་པའི་ཆ་སྟེ་བྱང་ཆུབ་ལྔ་པོ་མེར་ནུར་སོགས་གནས་སྐབས་ལྔའི་རིམ་པས་བྱེད་ལས་རང་རྒྱུད་པ་རྣམས་སྦྱོང་བ་མཐོང་སྒོམ་གྱི་ལམ་དང༌། དེའི་ཚེ་ཟླ་བ་བཅུའི་ཡུན་ནི་ས་བཅུ་དང་རབ་སྦྱར་ནས། བཙའ་བ་ན་ལྷག་པའི་ལྷ་གང་ཡིན་པ་ལྟར་བཞེངས་པ་མི་སློབ་པའི་ལམ་གྱུར་ནས། ཟུང་འཇུག་སྐྱེ་བ་སྤྲུལ་པའི་སྐུ་འགྲུབ་ཚུལ་ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། །ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེ་བ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་སོ། །དེ་ཡང་བར་དོར་ལུས་རྟེན་ཚོལ་བ་དང༌། ཚོགས་ལམ་དུ་ཐོས་བསམ་གྱིས་ལམ་ཡང་དག་ཚོལ་བ་གཉིས་མཚུངས་ཤིང༌། རྣམ་ཤེས་མངལ་ནས་ཕྱིར་མི་ལྡོག་པ་སྦྱོར་ལམ་རིགས་ངེས་པ་ཐོབ་པ་དང་མཚུངས། རྣམ་ཤེས་ཁུ་ཁྲག་སོགས་འདྲེས་པའི་མིང་གཟུགས་ཕུང་ལྔ་ཚོགས་པ་ཚང་བ་ནི། བདག་མེད་རྟོགས་པ་ཚང་བར་རྙེད་པ་དང་མཚུངས་པའོ། །མེར་ནུར་སོགས་གནས་སྐབས་ལྔའི་རིམ་པས་ཟླ་བཅུ་གོང་དུ་འཕེལ་བ་ནི། སྒོམ་ལམ་དུ་རྟོགས་པ་གོང་འཕེལ་གྱིས་རིམ་པས་ས་བཅུ་བགྲོད་པ་དང་མཚུངས། ལུས་ཡོངས་སུ་རྫོགས་ཏེ་བཙས་ནས་དབང་ཡུལ་ཚོགས་དྲུག་ལ་དབང་བསྒྱུར་བ་མི་སློབ་ལམ་དུ་རྟོགས་པ་ཡོངས་སུ་རྫོགས་ཏེ། ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སད་དེ་གདུལ་བྱ་འགྲོ་དྲུག་གི་དོན་ལ་མངའ་དབང་བསྒྱུར་བ་དང་ཆོས་མཚུངས་པ་ཡིན་ནོ། །མངོན་བྱང་དང་པོ་རྣམ་སྣང་གི་ས་བོན་ཨཱ་ལི་སོགས་ཟླ་བའི་དཀྱིལ་འཁོར་དུ་མེ་ལོང་གི་གཟུགས་བརྙན་ལྟར་བསྒོམ་པ་ནི་རྣམ་པ་ལམ་བྱེད། མེ་ལོང་ཡེ་ཤེས་སུ་མོས་པ་ནི་མོས་པ། འབྲས་བུ་ཆོས་སྐུ། ཚོགས་གཉིས་བྱིན་རླབས་ལམ་བྱེད། སྦྱང་བྱ་གཟུགས་ཕུང༌། ས་ཁམས། ལུས། ཀུན་གཞིའི་རྣམ་ཤེས། གཏི་མུག །མངལ་སྐྱེས་ཀྱི་ཁུ་བ་སྦྱོང༌། དྲོད་གཤེར་སྐྱེས་ཀྱི་གཤེར་ཏེ་རླན་གྱི་ཆ་སྦྱོང༌། སྒོང་སྐྱེས་ཀྱི་ཕ་དང༌། རྫུས་སྐྱེས་ཀྱི་སྟོང་པའི་ཆ་རྣམས་སྦྱོང་བའོ། །དེ་བཞིན་དུ་མངོན་བྱང་གཉིས་པ་རིན་འབྱུང་གི་ངོ་བོ་ཀཱ་ལི་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་དུ་བསྒོམ་པ་ཡང་རྣམ་པ་ལམ་བྱེད། མངོན་བྱང་དང་པོ་འདི་གཉིས་སྐབས་སུ་མཚན་བཟང་ས་བོན་ཨཱ་ལི་དང༌། དཔེ་བྱད་ཀྱི་ས་བོན་ཀཱ་ལིའི་ཕྲེང་བ་ཉིས་རིམ་རེ་ཟླ་ཉི་སོ་སོའི་ཁོང་སེང་དུ་བསྒོམ་པར་གསུངས། ཆོས་རྣམས་མཉམ་ཉིད་དུ་རྟོགས་པའི་ཡེ་ཤེས་སུ་མོས་པ་ནི་རྒྱུ་མོས་པ་ལམ་བྱེད། སེམས་ཅན་དང་སངས་རྒྱས་རོ་གཅིག་ཏུ་ཐུགས་སུ་ཆུད་པའི་ཡེ་ཤེས་སྒྲིབ་མེད་དུ་གསལ་བ་ནི་འབྲས་བུ་ལམ་བྱེད་དོ། །སྦྱང་བྱ་ཚོར་ཕུང་མེ་ཁམས་ངག་ཉོན་ཡིད་ང་རྒྱལ་མངལ་སྐྱེས་ཀྱི་རྡུལ་དང༌། དྲོད་གཤེར་སྐྱེས་ཀྱི་དྲོད། སྒོང་སྐྱེས་ཀྱི་མ་དང༌། རྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སྦྱོང་ངོ༌། །མངོན་བྱང་གསུམ་པ་འོད་དཔག་མེད་ཀྱི་ས་བོན་ཕྱག་མཚན་དང་བཅས་བསྒོམ་པ་རྣམ་པ་ལ་མ་བྱེད། ཆོས་ཀུན་མ་འདྲེས་པར་རྟོགས་པ་མོས་པ་ལམ་བྱེད། ཆོས་ཀུན་མ་བསྒྲིབས་པར་གསལ་མཁྱེན་སོ་སོར་རྟོགས་པ་འབྲས་བུ་ལམ་བྱེད་དོ། །སྦྱང་བྱ་འདུ་ཤེས་ཕུང་པོ། ཆུ་ཁམས། ཡིད། ཡིད་ཤེས། འདོད་ཆགས། མངལ་སྐྱེས་ཀྱི་ཁུ་རྡུལ་གཉིས་བར་རྣམ་ཤེས་ཞུགས་པ་དང༌། སྐྱེ་གནས་བཞི་པོའི་བར་དོའི་རྣམ་ཤེས་སྐྱེ་གནས་སུ་ཞུགས་པ་སྦྱོང་བའོ། །མངོན་བྱང་བཞི་པ་དོན་གྲུབ་ཀྱི་ངོ་བོ་ཟླ་ཉི་ཕྱག་མཚན་ཏེ་རྣམ་པ་གསུམ་པོ་གཅིག་ཏུ་འདྲེས་པར་བསྒོམ་པ་ནི་རྣམ་པ། དེའི་ངོ་བོ་ཡེ་ཤེས་སུ་མོས་པ། འབྲས་བུ་བྱ་གྲུབ་ཡེ་ཤེས། སྦྱང་བྱ་འདུ་བྱེད་ཕུང་པོ། །རླུང་ཁམས། སྒོ་གསུམ་གྱི་བྱ་བ་སྒོ་ལྔའི་རྣམ་ཤེས། ཕྲག་དོག་མངལ་སྐྱེས་དང་སྒོང་སྐྱེས་མཚོན་ཁུ་རྡུལ་སེམས་གསུམ་རོ་གཅིག་འདྲེས་པ་དང༌། དྲོད་གཤེར་སྐྱེས་ཀྱི་དྲོད་གཤེར་གཉིས་དང་རྣམ་ཤེས་དང༌། རྫུས་སྐྱེས་ཀྱི་གསལ་ལ་སྟོང་པའི་ཆ་ཙམ་དང༌། བར་སྲིད་རྣམ་ཤེས་འདྲེས་པའི་ཆ་རྣམས་སྦྱོང་བ་ཡིན་ནོ། །མངོན་བྱང་ལྔ་པ་མི་བསྐྱོད་པའི་ངོ་བོ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་རུ་བསྐྱེད་ཅིང་གྲུབ་པ་ནི་རྣམ་པ་ལམ་བྱེད་དང༌། ཡོན་ཏན་ཐམས་ཅད་ཆོས་དབྱིངས་སུ་མོས་པ། འབྲས་བུ་ཆོས་དབྱིངས་ཡེ་ཤེས། སྦྱང་བྱ་རྣམ་ཤེས་ཕུང་པོ་དང༌། མཁའ་ཁམས་དང༌། སྒོ་གསུམ་ཆ་མཉམ་བག་ཆགས་དང༌། ཚོགས་བརྒྱད་དུ་འཛིན་པའི་ཆ་དང༌། ཞེ་སྡང་དང༌། སྐྱེ་གནས་བཞི་པོའི་རང་རང་གི་ཡན་ལག་དང༌། ཉིང་ལག་དང༌། སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་ནས། རེག་པའི་ཡུལ་གཟུགས་སོགས་ལ་དབང་པོ་མངོན་སུམ་དུ་སད་པ་ཡི་འཁོར་བའི་འཁྲུལ་སྣང་གི་རྣམ་པ་ཆ་དང་བཅས་པ་སྦྱོང་བ་ཡིན་ནོ། །དེ་ལྟར་ཁམས་ལྔ་དང༌། ཕུང་པོ་ལྔ་དང༌། རྣམ་པར་ཤེས་པའི་ཚོགས་བརྒྱད་ཉོན་མོངས་དང་བཅས་པའི་ཚོགས་སྦྱང་ཞིང༌། གནས་སུ་དག་པ་གདན་གསུམ་ཚང་བའི་ལྷ་རུ་རྫོགས་པ་ནི། མཚན་དཔེའི་རང་བཞིན་ཕན་པ་རྒྱ་ཆེར་འགྲུབ་པའི་མྱ་ངན་ལས་འདས་པ་དང༌། ཡོན་ཏན་དང་ཡེ་ཤེས་མཐར་ཕྱིན་པའི་བཞུགས་ཚུལ་མཐུན་པ་ལམ་དུ་བྱེད་པའི་ཚུལ་ནི། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེར་གྱུར་པ་ལས། འཁོར་གྱི་ལྷ་མོས་ཞུ་བ་གླུས་བསྐུལ་ཏེ་སྒྲ་ཡི་རྐྱེན་གྱིས་འབྲས་བུའི་ཧེ་རུ་ཀར་བཞེངས་པ་དང༌། དོན་གཉིས་སྒྲུབ་པའི་ཕྲིན་ལས་སོགས་འཇུག་པ་ཉིད་དོ། །སྦྱང་བྱ་སྲིད་པའི་རང་བཞིན་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་པའི་ཆ་རྣམ་པར་དག་པ་རྒྱལ་བའི་བཞུགས་ཚུལ་དང་མཐུན་པའི་མོས་པ་ལམ་བྱེད་བསྒོམས་པས། འབྲས་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་དང༌། ཡེ་ཤེས་ལྔའི་ཡོན་ཏན་ཐམས་ཅད་གཞི་ལ་རྫོགས། དག་རྫོགས་དེ་གཉིས་ཀ་སྣང་བ་དང༌། མཆེད་པ་དང༌། ཉེར་ཐོབ་དང༌། འོད་གསལ་དང༌། ཟུང་འཇུག་ལ་སོགས་པས་རྫོགས་རིམ་སྨིན་བྱེད་དུ་འགྱུར་བ་ཡིན་ནོ། །ལམ་བྱེད་ཀྱི་མཚན་དཔེ་སོགས། དྲོད་གཤེར་སྐྱེས་ནི་དེ་གཉིས་པོ་ལྷན་དུ་འདུས་པ་ལ་བར་དོའི་རྣམ་ཤེས་ཞུགས་པའི་མོད་ལ། མངལ་སྐྱེས་ལྟར་ཡུན་རིང་མ་དགོས་པར་གཟུགས་འགྲུབ་པ་བཞིན། ལྷ་ཡི་སྙིང་པོ་བརྗོད་པས་མཚན་དང་མངོན་རྟོགས་ཀྱི་རྣམ་པ་དྲན་ཙམ་ལས། ཤེས་རབ་ཀྱི་དབྱིངས་སྟོང་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ཀུན་རྫོབ་བདེན་པའི་ཆ་རྟེན་དང་བརྟེན་པའི་ལྷའི་ཕྱག་རྒྱ་ཡོངས་སུ་རྫོགས་པའི་བསྐྱེད་རིམ་ཚང་བར་བསྒོམ་པ་ནི་སྣང་བ་བདེན་མེད་སྒྱུ་མའི་བསྐྱེད་རིམ་ཞེས་བྱའོ། །འདི་ལྟར་སེམས་ཅན་བརྫུས་ཏེ་སྐྱེ་བ་རྣམས་ནི་གསལ་སྟོང་གི་ཆ་ལ་རྣམ་ཤེས་ཞུགས་པ་ཙམ་གྱིས་ལུས་ཡོངས་རྫོགས་གྲུབ་པ་ནི་དྲོད་གཤེར་སྐྱེས་ལས་ཀྱང་མྱུར་བ་ལྟར། སྐད་ཅིག་གིས་ལྟ་བ་གོམས་པའི་ངང་ལས་སྙིང་པོ་ཙམ་དྲན་པའི་མོད་ལ་དཀྱིལ་འཁོར་ཡོངས་སུ་རྫོགས་ཏེ། མིང་ངམ་སྙིང་པོ་བརྗོད་པ་དང་ལྷའི་གཟུགས་ཀྱི་རྣམ་པ་ལ། རིམ་གྱིས་སེམས་གཏད་པ་སོགས་ཀྱི་སྤྲོས་པ་ལ་མ་བརྟེན་པར་ཆུ་ལས་ཉ་འཕར་བ་བཞིན་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཝལ་གྱིས་གསལ། དཔེར་ན་གང་ཟག་གཅིག་ལའང་བྱིས་པ། དར་མ། རྒན་པོའི་གནས་སྐབས་གསུམ་བཞིན་བསྐྱེད་རིམ་གྱི་བསྒོམ་ཚུལ་སྐྱེ་གནས་བཞི་སྦྱོང་བྱེད་དུ་བསྟན་པ་བཞི་པོའང་དང་པོའི་ལས་ཅན་གསར་དུ་བསྐྱེད་རིམ་ལ་གོམས་སུ་འཇུག་པ་རྣམས་ཀྱིས། སྒོང་སྐྱེས་སྦྱོང་བའི་བསྐྱེད་རིམ་གཙོ་བོར་བསྒོམ་པ་དང༌། རིམ་བཞིན་གོམས་པ་བརྟན་པ་ཡུད་ཙམ་ལ་རགས་པའི་དཀྱིལ་འཁོར་དུ་བྱེད་ནུས་པའི་བར། མངལ་སྐྱེས་སྦྱོང་བའི་བསྐྱེད་རིམ་དང༌། བརྟན་པ་ཆེ་བའི་དུས་སྤྱན་དཀར་ནག་ཚུན་ཆོད་གསལ་སྣང་ཐོབ་པ་ལ་དྲོད་སྐྱེས་སྦྱོང་བྱེད། ཤིན་ཏུ་བརྟན་ཏེ་དཀྱིལ་འཁོར་ཡོངས་རྫོགས་ཡུད་ཙམ་ལ་རྫོགས་ཚེ་རྫུས་སྐྱེས་སྦྱོང་བྱེད་བསྒོམ་པའི་གོམས་ཆ་ཆེ་ཆུང་གི་ཏིང་འཛིན་གྱི་མཐུ་དང་མཐུན་པར་སློབ་བོ། །གསང་སྔགས་ནང་པའི་བསྐྱེད་རིམ་ཀུན་ཀྱང་ཏིང་འཛིན་རྣམ་གསུམ་དགོས་པས་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཟབ་མོ་སྟོང་ཉིད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཀུན་དང་བྲལ་བའི་རང་བཞིན་ཤེས་པའི་ཤེས་རབ་ཀྱི་དོན་ལ་མཉམ་པར་འཇོག་པ་ཡིན་པས། ཐོག་མར་གཞི་རང་བཞིན་ལྷུན་གྲུབ་ཀྱི་གནས་ལུགས་དེ་བླ་མའི་མན་ངག་དབང་དུས་སུ་ངོ་འཕྲོད་དེ་བྱིན་རླབས་འཕོ་བ་སོགས་སྟོབས་ཀྱིས་ཤེས་ན་སྨོས་ཅི་དགོས། གཞན་ཐོས་བསམ་ལ་བརྟེན་པའི་ངེས་ཤེས་རྙེད་པས་ཆོས་རྣམས་བསམ་བྲལ་དེ་ཁོ་ན་ཉིད་གཟུགས་བརྙན་ཙམ་སྣང་བ་དེ་བཞིན་ཉིད་དེའི་གདངས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཀུན་སྣང་སྙིང་རྗེ་ཆེན་པོར་ཤར་བའི་འཕེན་པས་རྒྱུའི་ཏིང་ངེ་འཛིན་གདན་གསུམ་ལྷའི་དཀྱིལ་འཁོར་དུ་བསྒོམ་པའི་བསྐྱེད་རིམ་སྐྱོན་མེད་དུ་ཤར་བ་ཐབས་ཀྱི་ལམ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པའི་སྔགས་ཀྱི་ཐབས་མ་ནོར་བ་ཡིན་ཞིང༌། དཀྱིལ་འཁོར་གང་རུང་སྒྱུ་མ་ལྟར་གསལ་ཏེ། དཀྱིལ་འཁོར་གྱི་ལྷ་ཚོགས་རྒྱན་ཆ་ཐམས་ཅད་ཡོངས་རྫོགས་མ་འདྲེས་པར་གསལ་ཡང་སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ་ཟུང་འཇུག་ཆེན་པོར་ལམ་གྱིས་གསལ་བཏབ་པ་ཏིང་ངེ་འཛིན་གྱི་གཟེར་ནི། སྐྱེ་གནས་བཞི་གང་རུང་གི་བག་ཆགས་སྦྱོང་བ་དང་འབྲེལ་བའི་ཕྱི་སྣོད་གཞལ་ཡས་ཁང་དང༌། ནང་བཅུད་ལྷ་དང་ལྷ་མོ་སྒྱུ་མ་ལྟ་བུར་གསལ་ཏེ། སྣང་ཆ་ནས་དབུས་ཀྱི་གཙོ་བོ་ནས་མེ་རིའི་བར་ཐམས་ཅད་མ་འདྲེས་པར་དེ་དག་གི་རི་མོ་ཡན་ཆད་ཡོངས་རྫོགས་གསལ་ཡང༌། སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ་ཟུང་འཇུག་ཆེན་པོར་ལམ་གྱིས་གསལ་བཏབ་ལ། ཡེ་ཤེས་ལྔའི་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་རྒྱས་གདབ་པ་སོགས་ཡན་ལག་ཚང་བར་བྱེད་པ་ཡིན་ཏེ། དེ་ཡང་ཞི་བ་ཡིན་ན་ཚུལ་དགུ་དང༌། ཁྲོ་བོ་ཡིན་ན་གར་གྱི་ཉམས་དགུ་དང་ལྡན་པ་སྟེ། ཞི་ཚུལ་དགུ་ནི། སྐུ་དང་ཞལ་ཕྱག་སོགས་གྱོང་ཁེངས་ཀྱི་རྣམ་པ་ཤིང་ལ་སོགས་པ་ལྟ་བུ་མ་ཡིན་པས་མཉེན་པ། ཕྲ་སྦོམ་སོགས་རིམ་པར་སྐབས་ཕྱེད་པས་ལྕུག་པ། སྐུ་ཤ་ལྷོད་པོར་མ་གྱུར་པས་འཁྲིལ་བག་ཆགས་པ། ཚིགས་མཚམས་སོགས་འཕྲུལ་ལྡེམ་དང་ལྡན་པས་ལྡེམ་པ། སྐུ་ཤ་རྒྱས་ཤིང་པགས་པ་སྲབ་པས་གཞོན་ཚུལ་ཅན། རྒྱན་དང་སྐུ་མདོག་མཚན་སོགས་ཁ་དོག་མ་འདྲེས་པས་གསལ་བ། དེ་དག་ཀྱང་མུ་མེད་པའི་འོད་ཟེར་འཕྲོ་བ་དང་ལྡན་པས་འཚེར་བ། སྐུ་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པས་བརྗིད་བག་གི་མཛེས་པས་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པ་གཟི་བྱིན་དང་ལྡན་པ་སྟེ་དགུའོ། ༈ གར་གྱི་ཉམས་དགུ་ནི། འགྲོ་ལ་སྙིང་རྗེས་ཆགས་ཉམས་ཀྱིས་སྒེག་མཛེས་པ་པ། ཁྲོ་ཉམས་ཀྱི་དཔའ་ཟིལ་ཆེ་བ་བ། རྨོངས་ཉམས་ཀྱི་མི་སྡུག་པ་སྟེ་སྐུའི་ཉམས་གསུམ། ཧ་ཧ་ཧཱུྃ་ཧཱུྃ་སོགས་བཞད་པའི་གད་མོ་འབྱིན་པས་དགོད་པ། བསྡིག་པའི་ང་རོ་སྒྲོག་པས་གཤེ་བ། སྒྲ་གདངས་ཆེ་ཞིང་བཟོད་པར་དཀའ་བས་དྲག་ཤུལ་ཏེ་གསུང་གི་ཉམས་གསུམ་དང༌། རྨོངས་པའི་འགྲོ་ཁམས་རྗེས་སུ་འཛིན་པའི་སྙིང་རྗེ། མ་རུངས་པའི་སེམས་ཅན་ཁྲོ་བས་འདུལ་བའི་རྔམ་བུ་གཡང་སར་ལྷུང་བ་ལ་མས་ནན་གྱིས་ལྡོག་པ་ལྟར་པ། བཟང་ངན་ཐམས་ཅད་ཆོས་ཉིད་དུ་རོ་མཉམ་པའི་ཞི་བ་སྟེ་ཐུགས་ཀྱི་ཉམས་གསུམ་དང་བཅས་དགུའོ། །དེ་ལྟ་བུ་ལྷ་ཞི་བ་ལ་ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་དར་མཐིང་ཁྲའི་ཟི་ལྡིར། སྣ་ལྔའི་ཅོད་པན། གར་གྱི་ཕུ་དུང༌། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། ཚིགས་གུའི་སྨད་དཀྲིས་ཏེ་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། དོ་ཤལ། སེ་མོ་དོ། ཕྱག་གདུབ། ཞབས་གདུབ་སྟེ་རྒྱན་བརྒྱད་དང་བཅས་པས་བཅུ་གསུམ་དང༌། སྤྲུལ་སྐུ་རྣམས་ལ་ཆོས་གོས་རྣམ་པ་གསུམ་ལ་སོགས་བརྒྱན་པ་དང༌། ༈ ཁྲོ་བོ་རྣམས་ལ། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་སྟོད་གཡོགས། སྟག་ལྤགས་ཀྱི་ཤམ་ཐབས་རྣམས་ཏེ་བགོ་བའི་གོས་གསུམ་དང༌། འདོགས་པའི་རྒྱན་གཉིས་ཏེ། ཐོད་སྐམ་ལྔའི་དབུ་རྒྱན། རྙིད་པའི་སེ་རལ་ཁ་ཞེས་པའང་སྣང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ། ཐོད་ཚལ་གྱི་དཔུང་རྒྱན། ཕྱག་ཞབས་ཀྱི་གདུ་བུ་སོགས་སོ། །ཀླུ་རྒྱལ་རིགས་དཀར་པོའི་སྐྲ་ཆིངས། རྗེ་རིགས་སེར་པོའི་སྙན་ཆ། བྲམ་ཟེའི་རིགས་དམར་པོའི་མགུལ་ཆུ། དམངས་རིགས་ལྗང་ཁུའི་ཕྱག་ཞབས་ཀྱི་གདུ་བུ། གདོལ་པའི་རིགས་ནག་པོའི་དོ་ཤལ་ཏེ་ཐམས་ཅད་དུག་ལྔ་གནས་སུ་དག་པའི་གདུག་པ་སྦྲུལ་གྱི་རྣམ་པ་ཅན་གྱི་ཆུན་པོ་ལྔའོ། །དེ་ལྟར་ཐོད་སྦྲུལ་གདགས་པའི་རྒྱན་གཉིས་དང༌། ཐལ་ཆེན་གྱི་ཚོམ་བུ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས་ཏེ་བྱུགས་པའི་རྩི་གསུམ་མོ། །དེ་ལྟར་བགོ་བའི་གོས་གསུམ། འདོགས་པའི་རྒྱན་གཉིས། བྱུགས་པའི་རྩི་གསུམ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་དུ་གྲགས་སོ། །གཞན་ཡང་གཞལ་ཡས་ཁང་གི་སྟེང་རྒྱན་ལོགས་རྒྱན་སོགས་བཀོད་པའི་རྣམ་པ་ཐམས་ཅད་དང་བཅས་པ་གསལ་བརྟན་ཚད་བརྒྱད་དང་ལྡན་པར་བསྒོམ་སྟེ། གསལ་བའི་ཚད་བཞི་ནི། སྤྱན་དཀར་ནག་ཚུན་ཆད་མ་འདྲེས་པར་གསལ་བས་སལ་ལེ། རིག་པའི་གསལ་ངར་བྲལ་བའི་བྱིང་ཉམས་ཅན་མ་ཡིན་པར་གསལ་སྟོང་སེང་བག་དང་བཅས་པའི་རིག་པའི་ངར་དང་ལྡན་པས་སེང་ངེ༌། སེམས་མེད་བེམ་པོའི་རྣམ་པ་འཇའ་ཚོན་ལྟ་བུ་མ་ཡིན་པར་བ་སྤུའི་ཁུང་བུ་དང་སྐྲའི་ཉག་མ་ཚུན་ཆད་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཟིན་པས་དབང་ཤེས་དྭངས་པའི་ཡོན་ཏན་བརྒྱ་ཕྲག་ཏུ་འཆར་ཞིང་བཀྲ་ཧྲིག་གེར་བཞུགས་པས་ལྷག་གེ །དེ་ལྟ་བུའི་སྐུ་དེ་ཡང་དེ་ལྟར་ཡིན་ནོ་དང༌། ཡོད་དོ་ཙམ་གྱི་རྗེས་དཔག་གི་བློ་རྟོག་མ་ཡིན་པར་ཡིད་ངོར་མངོན་སུམ་ལྟ་བུར་འཆར་བས་ལྷང་ངེ་བ་སྟེ་བཞིའོ། །བརྟན་པའི་ཚད་བཞི་ནི། ལེ་ལོ་དང་བརྗེད་ངས་སོགས་ཀྱིས་མི་གཡོ། རབ་རིབ་དང་མོག་མོག་པོར་གྱུར་པ་སོགས་ཀྱིས་མི་འགྱུར། ཡུན་རིང་དུ་མཉམ་པར་བཞག་ཀྱང་རྣམ་རྟོག་ཕྲས་མོས་ཀྱང་མི་བརྫི་བས་མངོན་པར་མི་འགྱུར། སྐུ་མདོག་དང་ཞལ་ཕྱག་དང༌། བྱོན་བཞུགས་དང་འོད་ཟེར་གྱི་སྤྲོ་བསྡུ་སོགས་ཇི་ལྟར་བསྒོམ་པ་དེ་ལྟར་འབྱུང་བ་སྟེ་བཞིའོ། །དེ་ཡང་རྣམ་པར་གསལ་བ་ཞེས་ཀྱང་བཤད་དོ། །དེ་ལྟར་ཡང་ཡང་གོམས་པས་ཉམས་ལྔ་མཐར་ཕྱིན་ཏེ་ཡུལ་གསུམ་གྱད་དུ་གྱུར་པ་ན་གྲུབ་པ་ཡིན་ནོ། །དེ་ལ་ཡུལ་གསུམ་གང་ཞེ་ན། དཔལ་ཆེན་ཞལ་ལུང་ལས། ཡེ་ཤེས་ལྔ་ཡི་ཕྱག་རྒྱ་ཀུན། །དང་པོ་ཡིད་ཀྱི་ཡུལ་དུ་གསལ། །སེམས་ཉིད་ཤིན་ཏུ་སྦྱངས་པའི་མཐར། །རང་བཞིན་དབང་པོའི་ཡུལ་དུ་གསལ། །མཐར་ནི་བདེན་གཉིས་དབྱེར་མེད་ཀྱི། །ལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷ། །ལུས་ཀྱི་ཡུལ་དུ་མངོན་པར་གསལ། །ཞེས་པ་ལྟར་རོ། །དག་དྲན་སྦྱར་བ་སོགས་ཀྱང་ཤེས་པར་བྱའོ། །སྔགས་ཀྱི་གཟེར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་ཟབ་མོའི་སྙིང་པོ་བཟླས་པས་སྣང་ཡང་བརྗོད་བྲལ་སྟོང་པའི་རང་སྔགས་སྒྲ་གདངས་བཅས་པ་དང༌། རྡོར་བཟླས་ལམ་དུ་འབྱོང་བར་བྱེད་པ་དང༌། དགོངས་པའི་གཟེར་ནི་ཐབས་སྣང་ཆ་ལྷ་སྔགས་ཀྱི་རང་བཞིན་ཤེས་རབ་ཁྱད་པར་ཅན་དང༌། འཕྲོ་འདུའི་གཟེར་ལྷ་སྔགས་ཆོས་ཉིད་གསུམ་དང་འབྲེལ་བའི་ལམ་དག་པའོ། །དེ་ལས་འགལ་བའི་དམིགས་བཅས་བསྐྱེད་རིམ་ནི། མུ་སྟེགས་བྱེད་དང་གདོན་གྱི་རིགས་མཁའ་རྒྱུ་སོགས་ལའང་ཡོད་པར་བཤད་དེ། རྒྱུད་ལས། དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་འགྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་ཏྲར་གོལ། །ཞེས་སོ། །སྔགས་སུ་ཞུགས་པའི་གང་ཟག་དེས་བྱང་ཆུབ་སེམས་དཔའི་ལམ་མཚན་ཉིད་ཐེག་པ་ལས་བཤད་པའི་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཅེས་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ན་ཤིན་ཏུ་གྲགས་པ་དེ་ཉིད་མྱུར་དུ་མངོན་དུ་བྱེད་པའི་ཐབས་མ་ནོར་བ་ཡིན་ཏེ། གསང་སྔགས་ཀྱི་ལམ་ནི་ཐབས་མང་དཀའ་བ་མེད་པའི་ལམ། མཚན་ཉིད་ཐེག་པའི་ལམ་དཀའ་བ་སོགས་ལས་ཁྱད་པར་དུ་འཕགས་ལ། དེ་ཡང་བསྐྱེད་རིམ་གང་བསྒོམ་ཡང༌། ཕོ་བྲང་རྣམ་སྣང༌། རྗེས་ཆགས་རྡོ་རྗེ་འཆང༌། དབང་བསྐུར་མི་བསྐྱོད་པ། མཆོད་པ་དོན་གྲུབ། བསྟོད་པ་རིན་འབྱུང༌། བདུད་རྩི་མྱོང་བ་འོད་དཔག་མེད་དེ་ཡན་ལག་དྲུག་རྫོགས་སོགས་སྣང་ཆ་ཐམས་ཅད་ལྷ་སྐུར་གསལ་བའི་སྒོ་ནས་གཟུགས་སྐུ་ཕྲིན་ལས་དང་བཅས་ལམ་དུ་བྱས་པས་བསོད་ནམས་ཀྱི་ཚོགས་དང༌། དེ་ལ་རང་བཞིན་མ་གྲུབ་པར་ཤེས་པའི་སྒོ་ནས་ཆོས་སྐུ་ལམ་དུ་བྱས་པས་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ཏེ། ཚོགས་གཉིས་ཉེ་རྒྱུར་བསྟེན་པའི་སྒོ་ནས་སམ་དབང་རྣོན་དག་དང༌། རྒྱུའི་ཐེག་པ་ལམ་ལྔ་དང་འབྲེལ་བའི་བསྐྱེད་པའི་རིམ་པ་ལ་གསལ་དག་བརྟན་པ་ཐོབ་སྟེ་འབྱུང་བའི་སྙིགས་མ་སྦྱང་བས་བོགས་ཐོན་ནས་ཚོགས་སྦྱོར་གྱི་ལམ་དུ་དྲོད་རྩེ་བཟོད་གསུམ་གྱི་ལམ་སྟེགས་མངོན་དུ་བྱས་ཏེ་ཆོས་མཆོག་ཆེན་པོར་རྣམ་སྨིན་རིག་འཛིན་མངོན་དུ་བྱས་པ་ནི་བསྙེན་པ། རྟེན་དེས་མཐོང་ལམ་དུ་ཐོག་མར་སློབ་པའི་ཟུང་འཇུག་གི་སྐུ་མངོན་དུ་བྱས་པ་ཚེ་དབང་རིག་འཛིན་བརྙེས་པ་ཉེ་བསྙེན། སྒོམ་ལམ་དུ་ཡི་དམ་ལྷ་དང་འདྲ་བའི་ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་དུ་བྱས་ཏེ་དོན་གཉིས་མཉམ་དུ་སྒྲུབ་པ་ནི་སྒྲུབ་པ། མཐར་རང་དོན་རྩོལ་བ་ཆད་དེ་རྗེས་ཐོབ་དུ་དེ་བཞིན་གཤེགས་པ་དང་ཕྲིན་ལས་མཉམ་སྟེ། སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི་ཆ་ལུགས་འཛིན་ཏེ་སྤངས་རྟོགས་མཐར་ཕྱིན་པ་སྒྲུབ་པ་ཆེན་པོ་ལྷུན་གྲུབ་རིག་འཛིན་ཏེ། རིག་འཛིན་རྣམ་པ་བཞིའི་དག་མཉམ་རྫོགས་པའི་ཡོན་ཏན་གོང་ནས་གོང་དུ་ཐེམ་སྐས་བགྲོད་བཞིན་འཕེལ་བ་ཉིད་ལས་ངེས་པ་ལྔ་ལྡན་སོགས་སྐུ་ལྔའི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ཏེ་འོག་མིན་ཞིང་དུ་རིང་པོར་མི་ཐོགས་པར་ཐབས་ཤེས་ཁྱད་པར་ཅན་གྱི་སྟོབས་ཀྱིས་མིག་འཕྲུལ་ལྟ་བུར་འགྲོ་བ་ཡིན་ནོ། །གཉིས་པ་ཤེས་རབ་གཙོ་ཆེ་བ་རྫོགས་པའི་རིམ་པ་ཉིད་བཤད་པ་ལའང༌། ཕ་རྒྱུད་གཤིན་རྗེ་གསང་འདུས་རྣམ་འབྱོར་ཆེན་པོའི་རྒྱུད་རྣམས་ལས་འབྱུང་བ་ལྔ་ཡི་རླུང་དབུ་མར་ཞུགས་ཏེ་རྣམ་པར་དག་པས། ཟབ་གསལ་ལམ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་བྱེད་དོ། །མ་རྒྱུད་ཡང་དག་ཕུར་པ། ཀུན་འདུས་རིག་པ། འཁོར་ལོ་སྡོམ་པ། དགྱེས་རྡོར་སོགས་རྣལ་འབྱོར་གྱི་རྒྱུད་རྣམས་ལས་ཁམས་བྱང་སེམས་ཐིག་ལེ་ལ་གཙོ་བོར་གནད་དུ་བསྣུན་ཏེ་ཞུ་བདེ་ཡི་ཡེ་ཤེས་བསྐྱེད་པའི་ཕྱིར། གཏུམ་མོ་འབར་འཛག་གི་སྦྱོར་བ་སོགས་རང་ལུས་ཐབས་ལྡན་དང༌། གཞན་ལུས་ཕྱག་རྒྱ་ལ་བསྟེན་ནས་དགའ་བཞིའི་ཡེ་ཤེས་བསྐྱེད་པ་གཞན་ལུས་ཐབས་ལྡན་གཉིས་ཀ་སྟོན། གཉིས་མེད་རྒྱུད་རྡོར་སེམས་སྒྱུ་འཕྲུལ་དྲྭ་བ། དུས་འཁོར། སངས་རྒྱས་མཉམ་སྦྱོར་སོགས་ལས་གསལ་དང་མི་རྟོག་པ་དང༌། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཅིག་དང་དུ་བྲལ་གྱི་ཐིག་ལེ་ཆེན་པོའི་འོད་གསལ་གཙོར་སྒོམ་པར་བྱེད་པ་ལས་ཟག་མེད་ཀྱི་ཏིང་འཛིན་སྐྱེའོ། །དེ་གསུམ་ལས་སྔ་མ་གཉིས་ནི་རླུང་དང་ཐིག་ལེའི་རྫོགས་རིམ་གཙོར་སྟོན་པ་སྣང་བཅས་དམིགས་པའི་ལམ། ཕྱི་མ་གཅིག་ནི་ཟུང་འཇུག་གི་ཡེ་ཤེས་གཙོ་བོར་སྟོན་པའི་རྫོགས་རིམ་སྣང་མེད་འོད་གསལ་ཏེ། དང་པོ་སྣང་བཅས་ཕྱོགས་ལ་ལྷ་ཡི་བདག་ཉིད་དུ་གཡོ་བ་མེད་པར་གནས་པས་ན་གནས་པ་རྩ་དང་ནི། ཁམས་གསུམ་ཐམས་ཅད་འདུ་བྱེད་པས་ན་གཡོ་བ་རླུང་ཞེས་བྱ་ལ། དེ་གཉིས་ཀའི་བརྟེན་པ་ལྟ་བུར་གྱུར་ཅིང་རླུང་གིས་གང་དུ་བཀོད་པའི་གནས་སུ་འགྲོ་འོང་བྱེད་པས་ན། བཀོད་པ་རང་བཞིན་དྲི་མ་དང་བྲལ་ཞིང་ཡོན་ཏན་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས། རྩ་རླུང་ཐིག་ལེ་རགས་པའི་རྣམ་པ་གསུམ་དུ་གནས་པ་ནི་རྟེན་ཁྱད་པར་ཅན་ཏེ། རྡོ་རྗེ་ཞེས་བྱ་བ་ནི་མི་ཕྱེད་པའི་དོན་ཏེ་སྐུ་གསུང་ཐུགས་གསུམ་མམ་སྐུ་གསུམ་གྱི་རང་བཞིན་དབྱེར་མི་ཕྱེད་པའོ། །ཕུང་པོ་ནི་དུ་མ་སྤུངས་པའི་དོན་ཏེ་རང་བཞིན་རྣམ་པར་དག་པའི་རྩལ་སྣང་གཟུགས་ལ་སོགས་པ་དུ་མ་འདུས་པའི་དོན་ནོ། །དེ་དག་རང་བྱུང་རིག་པའི་ཡེ་ཤེས་ཀྱི་བཞུགས་གནས་ཡིན་པས་གྲོང་ཞེས་བྱའོ། །དེས་ན་རྟེན་དེ་དག་ལ་གནད་དུ་བསྣུན་ན་བརྟེན་པ་སྐུ་གསུམ་གྱི་དགོངས་པ་ཚེ་འདི་ལ་མངོན་དུ་འགྱུར་བའི་ཐབས་རྨད་དུ་བྱུང་བའོ། །གླིང་གསུམ་དུ་སྐྱེས་པའི་མིའི་ལུས་རྟེན་ཐོབ་པ་རྣམས་བར་དོའི་རྣམ་ཤེས་དེ་མའི་མངལ་གནས་སུ་ཁུ་ཁྲག་གི་དབུས་སུ་ཞུགས་ཏེ། དེ་ཉིད་རྟེན་དུ་འཛིན་པའི་ཐོག་མ་རུ། རྩ་ཁམས་གྲུབ་པའི་ཚུལ་མིག་གཉིས་དང་ནི། ལྟེ་བའི་རྩ་མདུད་དེ་གསུམ་པོ་སྒྲོག་མདོ་ལྟར་ཆགས་ཤིང༌། དེ་ལས་སྣོད་ཀྱི་འཇིག་རྟེན་ཆགས་པའི་དུས་དྭངས་མ་རྣམས་དབུས་རི་རྒྱལ་ལྷུན་པོར་སོང་ནས་རིམ་གྱིས་གསེར་གྱི་རི་དང༌། སྙིགས་མ་རྣམས་གླིང་དང་ཁོར་ཡུག་སོགས་སུ་གྱུར་པ་དང་ཚུལ་མཐུན་པར། རིམ་པ་བཞིན་དུ་ལུས་བསྐྱེད་པའི་ཚུལ་ནི། དྭངས་མར་གྱུར་པ་ཡི་རྩ་དབུ་རྐྱང་རོ་གསུམ་ལུས་ཀྱི་དབུས་ན་ཀ་བ་ལྟ་བུར་གནས་པའི་ནང་ན་ཕྱི་རུ་ལུས་ངག་ཡིད་གསུམ། ནང་དུ་ཉོན་མོངས་དུག་གསུམ། གསང་བར་སྐུ་གསུང་ཐུགས་གསུམ་གནས་པ་དང༌། སྣང་བ་སོགས་ཀྱི་རྟེན་བྱེད་པའི་ཡི་གེ་གསུམ་གཙོ་འཁོར་ལྟ་བུར་གནས་ཏེ། དེ་ཡང་སོ་སོར་གནས་པའི་ཚུལ་རྒྱུད་དང་མན་ངག་རྣམས་ལ་མི་འདྲ་བ་སྣང་ན་ཡང༌། རྩ་གསུམ་པོའི་བྱེད་ལས་ཀྱིས་མཚོན་ན། རོ་མར་ཨོཾ། རྐྱང་མར་ཨཱཿ དབུ་མར་ཧཱུྃ་ཡིག་རྣམས་གནས་པར་བཤད་ཀྱང་ཆོག་པར་སྣང་ངོ༌། །དེ་ལ་དབུ་མ་ཞེས་པའི་དོན་གནས་ཚུལ་གྱི་དབང་དུ་བྱས་ན་དེ་ཉིད་དབུས་ན་ཡོད་པའི་ཕྱིར་དང༌། ཆོས་ཉིད་ཀྱི་དབང་དུ་བྱས་ན་ཡོད་མེད་གཉིས་ཀའི་མཐའ་དང་བྲལ་བས་དེ་སྐད་དོ། །རྩ་དེའི་ཡར་སྣ་ན། ཕ་ལས་ཐོབ་པའི་ཐིག་ལེ་དཀར་ཆ་ཐབས་ཀྱི་རང་བཞིན་ཧཾ་ཡིག་གི་རྣམ་པར་གནས་པ་དང༌། མར་སྣ་ན། མ་ལས་ཐོབ་པའི་ཐིག་ལེ་དམར་ཆ་ཤེས་རབ་ཀྱི་རང་བཞིན་ཨ་ཐུང་གི་རྣམ་པར་གནས་པ་གཉིས་པོ་རིམ་པ་བཞིན་སྤྱི་བོ་ཚངས་པའི་སྒོ་དང༌། གསང་བའི་གནས་གཉིས་ལ་ཟུག་པའི་བར་ན་གཉིས་མེད་ཀྱི་རང་བཞིན་ཀུན་གཞིའི་རྟེན་སྲོག་རླུང་གི་རྣམ་པར་གནས་ཏེ་ནམ་མཁའ་བཞིན་ནོ། །དེའི་གཡས་དང་གཡོན་ན་རིམ་བཞིན་རོ་མ་ཞེས་པ་རང་བཞིན་དུ་བཞག་ན་དོན་བྱེད་མི་ནུས་པས་རོ་དང་འདྲ་ཞིང་གནད་དུ་བསྣུན་ན་བདེ་བའི་རོ་མྱོང་བར་བྱེད་པའི་རྩ་དང༌། རྐྱང་མ་ཞེས་པ་རང་བཞིན་བཞག་ན་གཞན་དང་མི་འབྲེལ་བར་རེང་བུ་ལྟར་གནས་པ་དང༌། གཅུད་པའི་མན་ངག་ལས་ཆོས་ཉིད་རྟོག་བྲལ་གྱི་ཉམས་སྐྱེ་བས་རྟོག་པའི་ཡན་ལག་དང་མི་ལྡན་པར་བྱེད་པའི་རྩ་གཉིས་གནས་པའི་ཁ་དོག་ནི། རིམ་པར་དཀར་བ་དང་དམར་བ་ཉིད་དོ། །བུད་མེད་ཉིད་ལ་ཐབས་ཤེས་རྟེན་འབྲེལ་ལས་རོ་རྐྱང་དེ་གཉིས་གོ་ལྡོག་དུ་གནས་པས་རྐྱང་མ་གཡས་སུ་ཡོད་དོ། །དེ་གསུམ་ནི་རྩ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་མ་སྒྲ་ཞུགས་པའོ། །དབུ་མ་དེའི་མདོག་ནི་སྔོ་སྐྱར་ཡོད་དོ། །དེར་རོ་རྐྱང་དེ་གཉིས་པོས་ལྟེ་བ་ནས་གྱེས་མཁལ་མར་གཅེར་བ་སོགས་སྤྱི་བོའི་བར་ལུག་རྒྱུད་དུ་ཕན་ཚུན་བསྣོལ་ཞིང་གཅུ་བའི་ཚུལ་གྱིས་མདུད་པ་ཉི་ཤུ་རྩ་གཅིག་གི་ཚུལ་དུ་བྱས་པ་ལ། རིམ་བཞིན་སྦྱང་བྱ་དུག་གསུམ་དང༌། སྒོ་གསུམ་གྱི་སྒྲིབ་པ་དང་སྦྱངས་འབྲས་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་མངོན་དུ་བྱེད་པའི་ཕྱིར་སྦྱོང་བྱེད་ལྟེ་བ་མགྲིན་པ་སྙིང་གའི་འཁོར་ལོ་གསུམ་བསྒོམ་པར་གསུངས་པའི་གྲངས་སམ། དེ་བཞིན་དུ་སྦྱང་བྱ་སྒོ་གསུམ་བྱ་བ་དང་བཅས། སྦྱངས་འབྲས་སྐུ་བཞིའམ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་ལྔ་ཐོབ་ཕྱིར། སྦྱོང་བྱེད་དེའི་སྟེང་སྤྱི་བོའི་འཁོར་ལོ་དང་བཞིའོ། །ཡང་སྦྱང་བྱ་དུག་ལྔ་དང་ཕུང་ལྔ། སྦྱངས་འབྲས་སྐུ་ལྔ་དང་ཡེ་ཤེས་ལྔ་ཐོབ་ཕྱིར་དེ་སྟེང་གསང་གནས་ཀྱི་འཁོར་ལོ་བསྣན་པ་དང༌། ཡང་སྦྱང་བྱ་དུག་ལྔ་དང་སེར་སྣ་བཅས་དྲུག་དང༌། ཕུང་ལྔ་བག་ཆགས་བཅས་སྦྱངས་ནས། སྦྱངས་འབྲས་ཡེ་ཤེས་ལྔ་དང་རང་བྱུང་གི་ཡེ་ཤེས་ཏེ་དྲུག་གམ། ཕྱིན་དྲུག་གམ། སྐུ་ལྔ་དང་བདེ་བ་ཆེན་པོའི་སྐུ་སྟེ་དྲུག་ཐོབ་ཕྱིར་གཙུག་ཏོར་ནམ་མཁའི་འཁོར་ལོ་སྟེ་གྲངས་ཀྱི་འཁོར་ལོའི་རྩ་འདབ་རྣམས་ཕྲི་སྟེ་གསུམ་དུ་བྱས་པ་ནས་དྲུག་གི་བར་དུ་བསྣན་པར་གྱུར་པ་དང༌། ཡི་གེར་འགོད་པ་སོགས་སྦྱང་གཞི་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པ་དང༌། རྩ་དབང་པོ་སོགས་དང༌། སྦྱོང་བྱེད་ཀྱི་མན་ངག་བསྒོམ་ཚུལ་ཐ་དད་ཀྱང་འབྲས་བུ་ཐ་དད་མེད་དོ། །ལྟེ་བ་སྤྲུལ་པའི་འཁོར་ལོར་རྩ་འདབ་དྲུག་ཅུ་རྩ་བཞི། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་རྩ་འདབ་བརྒྱད་ཚན་གཉིས་སྟེ་བཅུ་དྲུག་དང༌། སྙིང་གར་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། སྤྱི་བོར་ཧྃ་གནས་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས། གསང་གནས་བདེ་སྐྱོང་འཁོར་ལོ་ན་རྩ་འདབ་བདུན་ཅུ་རྩ་གཉིས། དེ་བཞིན་དུ་གཙུག་ཏོར་ནམ་མཁའི་འཁོར་ལོ་ལ་ནམ་མཁའ་ལྟར་དྭངས་པའམ་རགས་པའི་རྩ་མ་ཡིན་པས་རྩ་འདབ་གྲངས་མེད་པས་ནམ་མཁའ་ལྟ་བུའི་ཁམས་ཀྱི་འཁོར་ལོ་ཞེས་སུ་གྲགས་སོ། །གཞན་ཡང་རྩ་འཁོར་ལོ་དྲུག་པོ་རེ་རེའི་ལྟེ་བ་དང་སོ་སོའི་བར་མཚམས་རྣམས་སུ། རླུང་གི་འཕོ་བ་བཅུ་གཉིས་ཀྱིས་རྩ་གནས་རྣམས་སུ་དཀར་དམར་གྱི་དྭངས་མ་ཁྲིད་ཅིང་བཀོད་པའི་རྟེན་འབྲེལ་ལས་ཕྱི་རོལ་དུ་གོ་ལའི་རླུང་གི་སྟེང་དུ་ཉི་ཟླ་གཉིས་རང་འགྲོས་ཀྱིས་བགྲོད་པའི་གནས་དུས་སྦྱོར་ཏེ་ཁྱིམ་བཅུ་གཉིས་དང༌། དེ་བཞིན་དུ་ནང་གི་སེམས་ཅན་རྣམས་ལས་ཉོན་གྱིས་འཁོར་བར་བགྲོད་ཅིང་འཁོར་བ་ནའང་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཁ་བརྒྱུད་དེ་འཁོར་བར་སྣང་བའི་གཞིའམ་རྩ་བར་གྱུར་པས་ན་གནས་ཞེས་བྱའོ། །དེས་ན་རྣལ་འབྱོར་པས་རྩ་རླུང་གི་བྱེད་པ་བཅིངས་ནས་ཁམས་ལ་གནད་དུ་བསྣུན་ཏེ་མ་དག་པའི་རྩ་གནས་སུ་འཕོ་བ་དེ་སྤངས་པའི་ཐབས་ཀྱིས་རོ་རྐྱང་ལམ་ནས་བརྒྱུད་དེ་དབུ་མའི་མར་སྣ་ནས་ཡར་ལུགས་ལྡོག་གི་འགྲོས་ཀྱིས། གསང་གནས་ཡེ་ཤེས་ཀྱི་འཁོར་ལོར་ཕྱིན་པ་དང་མཉམ་དུ་རླུང་གི་འཕོ་བ་གཅིག་དང་རྟེན་འབྲེལ་གཅིག་འགགས་ནས་དང་པོའི་ས་ཡི་རྟོགས་པ་དང་ཡོན་ཏན་རྣམས་འཆར་ཞིང༌། དེ་ལྟར་རིམ་པ་བཞིན་གཙུག་ཏོར་ནམ་མཁའི་ཁམས་ཀྱི་འཁོར་ལོའི་བར་དུ་འཁོར་ལོ་རེ་དང་བར་མཚམས་རེར་རླུང་གི་འཕོ་བ་དང་རྟེན་འབྲེལ་རེ་རེའི་ཆ་ལྡོག་པས། ས་ནི་གཉིས་པ་སོགས་བཅུ་གཉིས་རབ་ཏུ་རྫོགས་པའི་མཐར། རླུང་སེམས་ཐིག་ལེ་དང་བཅས་པ་ནམ་མཁའི་ཁམས་དང་འདྲེས་པའི་ཚེ། འཁོར་བའི་རྟེན་ཅིང་འབྲེལ་འབྱུང་ཕྱི་ནང་ཐམས་ཅད་རྒྱུན་ཆད་ནས་མི་འགྱུར་བདེ་བ་ཆེན་པོར་མངོན་པར་འཚང་རྒྱ་བར་འགྱུར་བ་ནི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་ལུགས་ཡིན་ནོ། །རྒྱུད་སྡེ་ཐ་དད་པའི་རྫོགས་རིམ་ཤེས་ཕྱིར་སྒྱུ་འཕྲུལ་དྲྭ་བ་ལྟར་ན་གོང་དུ་བཤད་པ་དེ་དང་རྣམ་གྲངས་དྲུག་ཏུ་མཐུན་པའི་རྩ་འདབ་ལ། ལམ་གྱི་སྦྱང་གཞིར་གནས་ཤིང་སོ་སོར་བག་ཆགས་འཛིན་པའི་རིགས་དྲུག་ས་བོན་མ་རིག་པ་གཉིས་ལས་བྱུང་བའི་མ་དག་པའི་རླུང་ཐིག་ལེ་དང་ཡིག་འབྲུའི་རྣམ་པར་གནས་པ་རྣམས། སྦྱོང་བྱེད་རིག་པའི་རང་བཞིན་དག་པ་ཡེ་ཤེས་ཀྱི་རླུང་དང་ཐིག་ལེ་ལ་གནད་དུ་བསྣུན་པས་རིགས་དྲུག་གི་བག་ཆགས་ཐམས་ཅད་ཐུལ་བས་ཐུབ་པའམ་སྐྱེས་བུ་རྣམ་དྲུག་དང༌། དེར་གནད་དུ་བསྣུན་པས་སེར་སྣ་སོགས་དག་ཅིང་ཕྱིན་དྲུག་གི་ཡོན་ཏན་རང་བཞིན་གྱིས་རྫོགས་པར་འགྱུར་བས་འཁོར་ལོ་དྲུག་གི་དག་པའི་རླུང་ཐིག་དང༌། དེ་བསྒོམ་པའི་མན་ངག་རྣམས་ལ་ཕ་རོལ་ཕྱིན་པ་དྲུག་ཅེས་བྱ་སྟེ་དེ་དག་གིས་སྦྱངས་པར་བྱས་པ་ལས། སྦྱངས་འབྲས་མེ་ལོང་ལྟ་བུ་སོགས་ཐ་དད་པ་ཡི་ཡེ་ཤེས་རྣམ་པ་ལྔ་དང༌། དེ་ཐམས་ཅད་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པ་རང་བྱུང་གི་ཡེ་ཤེས་གཅིག་དང་དྲུག་ཅེས་སངས་རྒྱས་ཀྱི་ས་ཡི་ཡོན་ཏན་ཐམས་ཅད་རྫོགས་པར་འཐོབ་བོ། །དེ་བཞིན་སྒྱུ་འཕྲུལ་རྩ་རྒྱུད་ཀྱི་རང་ལུགས་འདི་བཞིན་ཏེ། སྙིང་ག་རང་བྱུང་གི་ཡེ་ཤེས་ལྔའི་རང་རྩལ་འགག་པ་མེད་པ་ལས་རྟོག་ཚོགས་ཐམས་ཅད་ལྷར་དག་པའི་རྟེན་གྱི་རྩ་དང་ཐིག་ལེ་གནས་པས་ཞི་བའི་འཁོར་ལོ་དང༌། སྤྱི་གཙུག་ཞི་བའི་གཏིང་མདངས་འཆར་བའི་གཞིའི་རྩ་ཐིག་གནས་པས་ཁྲོ་བོའི་འཁོར་ལོ་སྟེ་རྣམ་པ་གཉིས་པོ་དེ་ལ། ཞི་ཁྲོའི་ལྷ་དང་རྣམ་གྲངས་མཉམ་པའི་སྙིང་ཁར་རྩ་འདབ་ཞེ་གཉིས་དང༌། དུང་ཁང་ན་ལྔ་བཅུ་རྩ་བརྒྱད་དེ་དམ་པ་རིགས་བརྒྱའི་གྲངས་དང་མཉམ་པར་གནས་སོ། །ཕྲ་བ་ནི་བསམ་གྱིས་མི་ཁྱབ་ཀྱང་ཁམས་དང་རླུང་འབབ་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་སོ། །རྒྱུད་དང་གདམས་ངག་ལྟར་བཤད་པའི་དབང་དུ་བྱས་ནས་ཐབས་ལམ་དང་གྲོལ་ལམ་གཉིས་བསྒོམ་པའི་མན་ངག་བཀྲལ་བ་ནི། གྲོལ་ལམ་བསྐྱེད་རིམ་གཙོ་བོར་སྟོན་པ་ཞི་ཁྲོ་སོ་སོའི་སྒྲུབ་ཐབས་ལྟར་ཡིན་ལ། ཐབས་ལམ་ལ་སྟེང་སྒོ་རྣམ་གྲོལ་གྱི་ལམ་དང༌། འོག་སྒོ་ཁམས་གསུམ་རོལ་པའི་ལམ་གྱི་སྒོ་གཉིས་ཀྱི་ཐབས་ལ་བརྟེན་ནས་འོད་གསལ་གྱི་དགོངས་པ་དུས་གཅིག་མངོན་དུ་གྱུར་པར་འདོད་པ་རྒྱུད་ཐམས་ཅད་ཀྱི་འཕྲོ་གཞི་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་རྡོར་སེམས་སྒྱུ་འཕྲུལ་དྲྭ་བའི་ལུགས་སོ། །གཡོ་བ་རླུང་ལ་འབྱུང་བ་ས་ཆུ་མེ་རླུང་གི་རླུང་ཆེ་བ་དང༌། ཆུང་བ་གཉིས། ཆེ་བ་ནི་སྐྱེས་བུ་དར་མ་ནད་ཀྱི་སྐྱོན་དང་བྲལ་བ་ཞིག་ལ་ཉིན་ཞག་ཕྲུགས་གཅིག་དག་ལ་ནི། ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་གྲངས་སུ་འགྱུ་སྟེ། ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉི་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ཏུ་འགྱུ་བ་ནི། །འགྱུ་བ་ཆེན་པོ་དག་ཏུ་འདོད། །ཅེས་སོ། །དེ་ལ་རྒས་པ་རྣམས་ལ་ནི་འབྱུང་བའི་གྲྭ་ཉམས་པས་ལྔ་བཅུ་རྩ་བརྒྱད་ཀྱིས་མ་ཚང་ལ། འབྱུང་བ་མ་རྒྱས་པའི་གཞོན་ནུ་རྣམས་ལ་ནི་སུམ་ཅུ་རྩ་གཉིས་ཀྱིས་མ་ཚང་ངོ༌། །འབྱུང་བ་ཆུང་བའི་རླུང་ནི་ཀུན་ཏུ་རྟོག་པ་ཅན་གཙོ་ཆེར་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གྲངས་དང་མཉམ་པའི་རྟོག་པ་དེ་དག་གི་བཞོན་པ་ལྟ་བུར་རྒྱུན་མི་འཆད་པར་གནས་ཏེ། སྒྱུ་འཕྲུལ་ལས། གཞན་ནི་བཞི་སྟོང་བརྒྱད་ཁྲིའོ། །ཞེས་སོ། །དེ་ཡང་ཁ་སྣ་ནས་འགྱུ་བ་མ་གཏོགས་པ་རྩའི་ནང་ན་རྟོག་པ་དང་ཡེ་ཤེས་ཀྱི་རྟེན་དུ་འགྱུ་བའི་རླུང་ལོངས་སྤྱོད་འཁོར་ལོ་ལས་གྱེས་པའི་འཕར་རྩ་ནས་འགྱུ་བ་རྣམས་བསྡོམས་པས་ཆིག་འབུམ་ཉི་ཁྲི་དྲུག་སྟོང་དྲུག་བརྒྱ་ནང་དུ་འགྱུ་བར་གསུངས། འབྱུང་བ་ཆེ་ཆུང་ཐམས་ཅད་ཀྱི་རྩ་བར་གྱུར་པའི་རླུང་ནི་སྲོག་འཛིན་གྱི་རླུང་དང༌། མེ་མཉམ་གྱི་རླུང་དང༌། ཁྱབ་བྱེད་ཀྱི་རླུང་དང༌། གྱེན་རྒྱུའི་རླུང་དང༌། ཐུར་སེལ་གྱི་རླུང་སྟེ་ལྔར་གནས་པའི། བྱེད་ལས་རིམ་བཞིན་སྲོག་འཛིན་སྙིང་ན་གནས་ཏེ་སྲོག་བརྟེན་པར་བྱེད་དོ། །མེ་མཉམ་ནི་ལྟོ་བར་གནས་ཏེ་མེ་དྲོད་བསྐྱེད་པར་བྱེད་དོ། །ཁྱབ་བྱེད་ནི་ལུས་བྱིངས་ན་གནས་ཏེ་ལུས་ཉམས་བརྟས་པར་བྱེད་པ་དང༌། གྱེན་རྒྱུས་དབུགས་ཀྱི་འགྲོ་འོང་གི་བྱ་བ་བྱེད་པ་དང༌། ཐུར་སེལ་གྱིས་འགྲོ་འདུག་དང་བཤང་གཅི་འཕེན་པའི་བྱ་བ་བྱེད་ལ། དེའང་ཕོ་རླུང་གྱེན་རྒྱུ་ནི་སྟོད་ན་གནས། མོ་རླུང་ཐུར་སེལ་ནི་སྨད་ན་གནས་པ་དང༌། མ་ནིང་གི་རླུང་གཞན་གསུམ་ནི་སྟོད་སྨད་མཉམ་པར་གནས་པ་ཡིན་ལ། སྣ་ནས་རྒྱུ་བའི་གནས་སྐབས་ན། གཡས་ནས་ཕོ་རླུང་ཐབས་ཀྱི་ཆ། གཡོན་ནས་མོ་རླུང་ཤེས་རབ་ཀྱི་ཆ། མ་ནིང་མཉམ་པར་རྒྱུ་ཞིང་ཕྱི་རླུང་རགས་པའོ། །སྔ་མ་དེ་དག་ལས་ཀྱང་ཕྲ་ཞིང་ནང་གི་བྱེད་པ་གཙོ་ཆེ་བའི་རླུང་ནི་ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་ཁུ། ནམ་མཁའི་རླུང་མཐིང་ཁ་སྟེ་འབྱུང་ལྔའི་ཁ་དོག་ཅན། དབྱིབས་ཀྱང་རིམ་པར་ས་རླུང་གྲུ་བཞི། ཆུ་རླུང་ཟླ་གམ། མེ་རླུང་གྲུ་གསུམ། རླུང་གི་རླུང་གཞུ་བདུངས་པ་ལྟ་བུ། ནམ་མཁའི་རླུང་ཟླུམ་པོ་རྣམས་སོ། །བྱེད་ལས་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རླུང་དེ་དག་ལས་རླུང་གི་རང་བཞིན་དུ་གནས་ཤིང་མ་ཐིམ་པ་དེ་སྲིད་དུ་སྣང་ཞིང་གནས་པའི་རྟེན་བྱེད་དེ། འཁོར་བ་ཇི་སྲིད་བར་འཁྲུལ་སྣང་གི་རྟེན་བྱེད་དོ། །སེམས་དང་ཡེ་ཤེས་ཀྱི་རྟེན་བྱེད་ཚུལ་བྱེ་བྲག་ཏུ་བཤད་ན། འདི་ལྟར་མ་དག་པ་སེམས་ཀྱི་གནས་སྐབས་ན་རླུང་ལྔ་པོ་དེའི་ཉོན་མོངས་པ་དུག་ལྔ་རང་རང་གི་རྐྱེན་ཉེ་བར་གནས་པའི་ཚེ་རྩོལ་བ་མེད་པར་མཆེད་པར་འགྱུར་བའི་རྟེན་དང་ནི། དག་པ་ཡེ་ཤེས་ཀྱི་དུས་ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་ལ་མངོན་སུམ་པའི་ཡེ་ཤེས་རྣམ་པ་ལྔ་པོ་སྣང་བའི་གཞི་ཡིན་པས་ན། རླུང་ལྔ་རྒྱུ་ལྟ་བུ་ལས་སེམས་དང་ཡེ་ཤེས་འབྲས་བུ་ལྟ་བུར་མཆེད་པའི་རྟེན་བྱེད་དོ། །ཁྱད་པར་དུ་འབྱུང་བ་དྭངས་མའི་རླུང་ལྔ་པོ་རླུང་སེམས་གཅིག་ཏུ་བཅིངས་པའི་ཐབས་ཀྱིས་དྷུ་ཏིར་ཏེ་དབུ་མར་ཆུད་པ་ན། རླུང་ལྔ་ལས་སུ་རུང་སྟེ་གཡས་རླུང་དབུ་མར་ཆུད་པས་དུ་བ་ལྟ་བུ་དང༌། གཡོན་རླུང་ཆུད་པས་སྨིག་སྒྱུ་ལྟ་བུ། མེ་རླུང་ལས་འོད་འབར་བ། ཆུ་རླུང་ལས་སྤྲིན་དང་མཐོངས་ཁུང་གི་ཟླ་འོད་ལྟ་བུ། ས་རླུང་ལས་གསེར་མདོག་དང་གློག་འོད་ལྟ་བུ། མཁའ་རླུང་ལས་མཐིང་ཁ་དང་འོད་ལྔའི་ཐིག་ལེ་དང་ཐམས་ཅད་ཆུད་པས་འོད་ལྔ་གཞའ་ཚོན་ཐིག་ལེ་ལྷ་སྐུ་སོགས་སྣང་བ་དུ་མར་འཆར་རོ། །ཁྱད་པར་ཟད་པར་ས་ཆུ་མེ་རླུང་ནམ་མཁའ་ཡི་ཏིང་ངེ་འཛིན་གྲུབ་ནས་དངོས་པོ་ཐམས་ཅད་ས་ལ་སོགས་པར་སྤྲུལ་བསྒྱུར་སྣ་ཚོགས་པའི་རྫུ་འཕྲུལ་གྱི་བཀོད་པ་སྟོན་ནུས་པ་དང༌། ཉོན་མོངས་ལྔ་དག་པ་དང༌། ཉམས་སྣང་འོད་ལྔ་གསལ་བ་དང༌། ཞིང་ཁམས་ལྔར་བགྲོད་པ་དང༌། ཡེ་ཤེས་ལྔ་མངོན་དུ་འགྱུར་བ་ལ་སོགས་པའི་ཡོན་ཏན་དང༌། རྫུ་འཕྲུལ་སྣ་ཚོགས་པར་འགྲུབ་ཏེ། སྒྱུ་འཕྲུལ་དྲྭ་བ་ལས། རླུང་ལྔའི་དྭངས་མ་སྟོབས་གྱུར་ན། །འོད་ལྡན་ནང་གི་ཡེ་ཤེས་ལྔ། །སྐུ་ལྔ་བགྲོད་པའི་ཞིང་ཁམས་ལྔ། །ཟད་པར་ལྔ་སོགས་འཐོབ་པར་འགྱུར། །ཞེས་སོ། །ཤིན་ཏུ་རྟོགས་དཀའ་བའི་གསང་བའི་རླུང་ནི་ཆོས་ཉིད་དོན་གྱི་ཡེ་ཤེས་རྣམ་པ་ལྔ་ཡི་རང་བཞིན་ཡིན་པས་ཕྱིར་དབྱིབས་དང་ཁ་དོག་ལ་སོགས་པའི་རགས་པའི་ཆོས་དང་རྣམ་པར་འགལ་བ་ཡིན་པའི་ཡོན་ཏན་གོང་དུ་བཤད་པ་རྣམས་དང༌། ལྷག་མཐོང་མི་རྟོག་པའི་རང་བཞིན་འོད་གསལ་གྱི་དགོངས་པ་མཐར་ཕྱིན་པར་འགྱུར་རོ། །གསུམ་པ་རྣམ་ཤེས་ཀྱི་རྟེན་ཁམས་དྭངས་མ་ཁུ་རྡུལ་གཉིས་རླུང་གིས་རྩ་གནས་སུ་བཀོད་པ་བྱང་ཆུབ་སེམས་ཀྱི་ཁམས་ཇི་ལྟར་འབབ་པའི་ཚུལ་ནི། རོ་མའི་ཡར་སྣ་ལས་ནི་སྤྱི་བོའི་ཧྃ་ཡིག་གི་རྒྱུན་ཟླ་བའི་བདུད་རྩི་སྟེ་དཀར་ཆ་འབབ་སྟེ་ལུས་ཐམས་ཅད་ཁྱབ་པ་དང༌། རྐྱང་མའི་མར་སྣ་ལས་ནི་གསང་གནས་ཀྱི་ཨ་ཤད་ལས་ཉི་མའི་རྡུལ་ཏེ་དམར་ཆ་མཆེད་དེ་རྩ་གནས་ཐམས་ཅད་དུ་འབབ་ཅིང་ཁྱབ་པར་འགྱུར་ལ། ཐབས་ཤེས་ཀྱི་རྟེན་འབྲེལ་གྱིས་ཕོ་ཡི་ཤེས་རབ་ཀྱི་རྩ་རྐྱང་མ་དང་མོ་ཡི་ཐབས་ཀྱི་ཆ་རོ་མའི་སྣ་མདུད་པར་གྱུར་པས་ཕོ་རྣམས་ལ་ཁམས་དམར་པོ་དང་མོ་ལ་དཀར་པོ་སྟེ་གཉིས་འཛག་པ་བསྲུང་སྟེ་མི་འཕོའོ། །རོ་རྐྱང་རྒྱུ་བ་དེ་ལས་གཞན་དུ་དེ་གཉིས་པོ་ལས་མཆེད་པའི། འཁོར་ལོ་སོ་སོའི་རྩ་འདབ་སོགས་རྩ་མདུད་ཡི་གེའི་རྣམ་པར་ཡོད་པའི་ཡུལ་ཉེར་བཞིའི་རང་བཞིན་དུ་བརྗོད་པ་ལ་སོགས་ཀུན་ན་ཁམས་ཀྱི་དྭངས་མ་དཀར་ཆ་ཐབས་དང༌། དམར་ཆ་ཤེས་རབ་ཀྱི་ངོ་བོར་གནས་པ་གཉིས། དཔའ་བོ་ཡབ་དང་ནི་དེའི་ཡུམ་རྣལ་འབྱོར་མའི་ཚུལ་དུ་སྣང་སྟོང་གཉིས་སུ་མེད་པའི་སེམས་ཀྱི་རྩལ་མདངས་ཐབས་ཤེས་དབྱེར་མེད་ཀྱི་ངོ་བོར་བཞུགས་ནས་ཡབ་ཡུམ་ཕན་ཚུན་འཁྲིལ་ཞིང་སྦྱོར་བས་ཞུ་བདེའི་རྣལ་འབྱོར་བསྒོམ་པའི་རྣལ་འབྱོར་པ་རྣམས་ལས་བདེ་སྟོང་གཉིས་སུ་མེད་པའི་མཆོད་པ་ལེན་པས་ཚོགས་གཉིས་མྱུར་དུ་རྫོགས་པར་འགྱུར་རོ། །མདོར་ན་ལུས་ཀྱི་རྟེན་གནས་པ་རྩ་ནི་ཆུ་འདྲེན་པའི་ལམ་ཡུར་བ་དང་འདྲ། ངག་གི་རྟེན་གཡོ་བ་རླུང་ནི་འཁོར་འདས་གཉིས་ཁར་འགྲོ་བ་དང༌། འོང་བའི་ཁ་ལོ་བ་ལྟ་བུ། ཡིད་ཀྱི་རྟེན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི་རླུང་གི་གནད་ལ་བརྟེན་ནས་ཆུ་དང་འདྲ་བར་ཁྲིད་སར་འདུའོ། །དེ་ཡང་འཁོར་ལོ་དྲུག་པོ་སྟེང་འོག་ཏུ་བརྩེགས་པའི་སྲོག་ཤིང་ལྟ་བུ་དབུ་མ་སྟེ། དེ་ལ་ཆོས་ཉིད་དབུ་མ་ནི་ཡོད་ལ་རྫས་སུ་མ་གྲུབ་པས་སྒྲ་གཅན་ཏེ། ཕྱིར་སྣང་བའི་སྒྲ་གཅན་གྱི་གདོང་མཇུག་གཉིས་ཀྱིས་ཉི་ཟླ་ཟ་བ་ལྟར། ནང་དུ་དཀར་དམར་གྱི་རང་བཞིན་ཨ་ཧྃ་གཉིས་དབུ་མའི་ཡར་མར་གྱི་རྩེ་སྣར་གནས་པའི་འབར་འཛག་གི་ཏིང་ངེ་འཛིན་གོམས་པ་ལས། དབུ་མར་རླུང་ཞུགས་གནས་ཐིམ་གསུམ་གྱི་བྱ་བ་བྱེད་ཅིང༌། ཉི་མ་དང་ཟླ་བའི་རང་བཞིན་ཁམས་དཀར་དམར་གཉིས་རྒྱུན་མི་འཆད་དུ་དབུ་མའི་དབྱིངས་སུ་འབབ་པར་བསྒོམ་པའི་བྱེད་བཅིང་ལ་ནུས་པ་ཐོབ་ན། ཕྱི་རོལ་ཉི་ཟླ་གཟས་འཛིན་པར་མི་ནུས་ཤིང་རྟོད་ལ་གནོན་པ་སོགས་ནུས་པའོ། །དེ་ཡང་རྟ་གདོང་གི་མེས་རྒྱ་མཚོ་ཟ་བ་ལྟར། ཨ་ཤད་ལས་བྱུང་བའི་མེས་ཕུང་ཁམས་མ་ལུས་པ་ཟ་བར་བྱེད་པའི་ཕྱིར་ན་གཏུམ་མོ་ཞེས་བྱ་སྟེ། དེའི་མན་ངག་ནི་དབུ་མ་སྒྲ་གཅན་དབྱིངས་སུ་སྲོག་ཅེས་པ་རླུང་དང༌། རྩོལ་བ་ནི་སེམས་ཏེ་དེ་གཉིས་དབྱེར་མེད་དུ་བཅིང་བའི་ཤིང་རྟས་འཁོར་ལོ་སོ་སོའི་གནས་སུ་རྒྱུ་བའི་རླུང་རིམ་གྱིས་དྲངས་པ་ལས། རླུང་སེམས་འབྱོངས་ནས་རིམ་གྱིས་དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་དང༌། རླུང་དང་ཁམས་ཀྱི་དྭངས་མ་རྣམ་པ་གཉིས་རེ་སྒྲ་གཅན་ལྟོར་ཞུགས་པ་དང་མཉམ་དུ་དང་པོའི་སའི་རྟོག་པ་དང༌། ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པ་ནས་བཟུང་ས་བཅུའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཏེ་ཐམས་ཅད་ཀྱི་ཐ་མ་རྩ་མདུད་ཉེར་གཅིག་པ་གྲོལ་བའི་ཚེ། རླུང་སེམས་ཀྱི་དྭངས་མ་ཐིག་ལེ་དང་བཅས་པ་གཙུག་ཏོར་དུ་འགྲོ་ཞིང་རྡོ་རྗེ་འཆང་འགྲུབ་བོ། །ཁྱད་པར་སྔ་འགྱུར་རྒྱུད་སྡེ་ཐམས་ཅད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་སློབ་དཔོན་ཆེན་པོ་བི་མ་ལའི་གསང་ཐིག་གིས་བཀྲལ་བའི་ལུགས། ཕྱི་ནང་སྣོད་བཅུད་ཀྱི་རང་བཞིན་རང་གི་ལུས་སེམས་ལ་རྫོགས་པ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་དབུས་ནི་རང་བཞིན་རྣམ་པར་དག་པ་ཆོས་སྐུའི་བཞུགས་གནས་ཏེ་ཇི་ལྟར་ཞེ་ན། འདས་པ་དང་མ་འོངས་པ་དང་ད་ལྟ་བ་སྟེ་དུས་གསུམ་ཆར་དུ་ལུང་དུ་མ་བསྟན་པའི་སེམས་ཀྱི་ཆོས་ཉིད་ནི་བདེ་གཤེགས་སྙིང་པོ་སྟེ། མཚན་བརྗོད་ལས། དུས་གསུམ་དུས་མེད་རྟོག་པ་པོ། །ཞེས་སོ། །གནས་ལུགས་མངོན་དུ་གྱུར་པ་ཁོ་ནས་དུས་གསུམ་གྱི་སངས་རྒྱས་མཐའ་དག་མངོན་སངས་རྒྱས་ཤིང་འཚང་རྒྱ་བར་འགྱུར་བ་ཡིན་ལ། དེ་ཉིད་མངོན་དུ་བྱེད་པའི་ཐབས་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལུགས་འདིར་འཁོར་འདས་སྐྱེད་སྡུད་ཀྱི་ས་བོན་སྙིང་ཁ་ན་གནས་པ་ལ་གནད་དུ་བསྣུན་པའི་རྫོགས་རིམ་འཆད་དོ། །དེ་ཡང་མི་ཕྱེད་པའམ་མི་འགྱུར་བའི་དོན་གྱིས་རྡོ་རྗེའི་གདན་དང༌། དབྱིངས་ཟབ་པས་སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་དཔལ་གྱི་བེའུ་ཞེས་སྨོས་ནས་དེའི་ཁོང་སེང་ན། འཁྲུལ་སྣང་དང་ཡེ་ཤེས་སྐྱེད་བྱེད་རྩ་ཡི་དྭངས་མ་བརྒྱད་དུ་གནས་པ་ཡི་དབུས་ན་སྦྱང་གཞི་སྦྱོང་བྱེད་ལྟར་གནས་པའི་ས་བོན་དུ་གནད་དུ་བསྣུན་པའི་ཚུལ་བི་མའི་གསང་ཐིག་ལས། གང་ལ་ཡོད་པ་རྣམ་པ་བརྒྱད་དུ་ཤེས། །ཞེས་དང༌། དེའི་འགྲེལ་པར། གང་ལ་ཡོད་ན་སྙིང་ཁོང་སྟོང་གི་དཀྱིལ་ན་རྩ་ཡི་དྭངས་མ་རྩ་ཕྲན་རྒྱུས་པ་བལྡད་པ་འདྲ་བ་བརྒྱད་ཡོད་པ་ལས། གསུམ་ཆོས་ཉིད་ཀྱི་རྩ། གཅིག་ཡེ་ཤེས་ཀྱི་རྩ། གསུམ་རང་རྒྱུད་ཀྱི་རྩ། གཅིག་ཡོན་ཏན་གྱི་རྩ་སྟེ་བརྒྱད་དུ་ཤེས་པར་བྱའོ། །ཞེས་སོ། །དེ་དག་རྣམས་ལས་དབུས་མ་གསུམ་ནི་སྐུ་གསུམ་དང་ཆོས་ཉིད་མི་འགྱུར་བའི་རྟེན་ཡིན་ལ། དེའི་མདུན་མ་ན་གཅིག་ཡོད་པ་ནི་ཡེ་ཤེས་བཞི་འཆར་བར་འགྱུར་བའི་རྟེན་གྱི་རྩ་ཡིན་ཞིང༌། རྒྱབ་ན་ནི་ཡོན་ཏན་གྱི་རྩ་གནས་པ་ལས་ཞིང་ཁམས་དང་གཞལ་ཡས་ཁང་ལ་སོགས་པ་དག་པའི་སྣང་བ་མུ་མེད་པར་འཆར་རོ། །གཡོན་ན་རང་རྒྱུད་པའི་རྩ་གསུམ་ནི་ཁམས་གསུམ་དང་དུག་གསུམ་རང་མཚན་པའི་འཁྲུལ་སྣང་མཐའ་དག་འཆར་བའི་རྟེན། རྩ་བཞི་པོ་སོ་སོའི་དབུས་ན་འཁོར་བ་དང་མྱང་འདས་ཀྱི་ཡིག་འབྲུ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ནི། སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཚུལ་དུ་གནས་པ་ཡིན་ཏེ། འདི་ལྟར་ཆོས་ཉིད་ཀྱི་རྩ་འོད་སྣང་སེར་ལ་ཟླུམ་པའི་རྣམ་པ་ཅན་གྱི་དཀྱིལ་ན་ལྷ་མིན་དང་བྱོལ་སོང་གི་ས་བོན་སུ་དང་ཏྲིའི་སྟེང་དུ་སྐུ་རྡོ་རྗེའི་སྙིང་པོ་ཨོཾ་རང་འོད་ཟ་འོག་གུར་ལྟར་གསལ་བ་དང་ཀུན་གཞིའི་རྣམ་ཤེས་གནས་སོ། །ཡེ་ཤེས་ཀྱི་རྩ་མཐིང་ག་གྲུ་བཞིའི་སྦུབས་ན་ལྷ་དང་མིའི་ས་བོན་ཨ་ནྲྀ་དཀར་དམར་གྱི་སྟེང་ན་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་མཐིང་ཁ་དང་ཡིད་ཀྱི་རྣམ་ཤེས་གནས་སོ། །རང་རྒྱུད་པའི་རྩ་དམར་པོ་ཟླ་གམ་གྱི་དཀྱིལ་ན་དམྱལ་བ་དང་ཡི་དྭགས་ཀྱི་ས་བོན་པྲེ་དང་དུའི་སྟེང་དུ་གསུང་རྡོ་རྗེའི་རང་བཞིན་ཨཱཿཡིག་པདྨ་རཱ་ག་ལྟར་འཚེར་བ་དང་ཉོན་ཡིད་གནས་སོ། །ཡོན་ཏན་གྱི་རྩ་དམར་ནག་གྲུ་གསུམ་གྱི་དབུས་ན་སྒོ་ལྔའི་རྣམ་ཤེས་གནས་སོ། །དེས་ན་འཁོར་བའི་གནས་རིགས་དྲུག་པོར་འཕེན་པའི་བག་ཆགས་ནི་སྦྱང་བྱ་ཡིག་འབྲུ་དྲུག་པོའི་སྟེང་དུ་བསགས་ནས་དེའི་འཁྲུལ་སྣང་བསྐྱེད་ལ། ཐར་པའི་འབྲས་བུ་འཐོབ་བྱེད་སྒོ་གསུམ་གྱི་དགེ་བ་སྤྱི་དང༌། བྱེ་བྲག་རྡོ་རྗེ་གསུམ་གྱི་ལམ་བྱེད་རྣམས་ཡི་གེའི་སྟེང་དུ་བཞག་ནས་ལམ་འབྲས་ཀྱི་ཡོན་ཏན་སྣང་བར་འགྱུར་ཞིང༌། ཁྱད་པར་སྦྱང་གཞི་དང་སྦྱོང་བྱེད་ཀྱི་ཡིག་འབྲུ་རྣམས་དངོས་སུ་གསལ་བཏབ་ནས་དེ་ལ་གནད་དུ་བསྣུན་པའི་རྫོགས་རིམ་དང་འབྲུ་གསུམ་གྱི་བཟླས་པ་སོགས་བྱས་པས་སྐུ་གསུང་ཐུགས་ཀྱི་ཡི་གེ་རྣམས་སྟོབས་འཕེལ་བས་འཁོར་བའི་ས་བོན་གྱི་ཡི་གེ་དང༌། དེས་བཟུང་བའི་བག་ཆགས་ཐམས་ཅད་དག་སྟེ་རྡོ་རྗེ་གསུམ་གྱི་དངོས་གྲུབ་འཐོབ་པར་བྱེད་པའོ། །སྙིང་ཁའི་རྩ་འདབ་ཀུན་གྱི་དབུས་ན་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་ཡོད་དེ། རྩ་འདབ་བརྒྱད་པོའི་དབུས་མ་ནི་རྒྱུད་སྡེ་གཞན་ལྟར་ན། ཡང་དག་པའི་དབུ་མ་ཡིན་ལ་དབུ་མའི་རླུང་དྭངས་མ་ཡང་ཡེ་ཤེས་ཀྱི་རྩ་ལ་འཇུག་དགོས་པས་དྭངས་མའི་འོད་རྩ་དཀར་པོ་ཤེལ་གྱི་སྐུད་པ་ལྟ་བུ་ཕྲ་བའི་ཆ་ནས་རྟ་རྔའི་བཅུ་ཆ་ཙམ་དུ་ཕྲ་བའི་ནང་ན། རྡུལ་ཏེ་ཁྲག་དང་དབུགས་ཀྱི་དྭངས་མ་འདྲེས་པ་ལ་བརྟེན་པའི་རླུང་སེམས་ཤིན་ཏུ་ཕྲ་བའི་སྣང་ཆ་མ་འགག་པའི་གདངས་འོད་ཀྱི་ཐིག་ལེ་ཡེ་ཤེས་ཀྱི་རང་འོད་ཁ་དོག་ལྔ་པ་ཤིན་ཏུ་ཕྲ་བ་ཉིད་ཡོད་ལ། དེ་ཡང༌། འབྱུང་བ་ལྔ་ཀའི་དྭངས་མ་ཡིན་ཏེ་ས་ཡི་དྭངས་མ་ནི་དར་དཀར་གྱི་སྐུད་པ་ལྟ་བུའོ། །ཆུ་ཡི་དྭངས་མ་ནི་ཁྲག་གི་རང་བཞིན་རྒྱ་མཚལ་གྱི་ཁུ་བ་ལྟ་བུའོ། །མེའི་དྭངས་མ་ནི་མེ་ལོང་ཉི་མ་ལ་བཞག་པའི་ངད་ལྟ་བུའི་དྲོད་དོ། །རླུང་གི་དྭངས་མ་ནི་གསེར་ས་འོག་ན་ཡོད་པའི་རླངས་ལྟ་བུའོ། །ནམ་མཁའི་དྭངས་མ་ནི་གོ་འབྱེད་པའི་ཆ་ཙམ་མོ། །དེ་རྣམས་ནི་རྣམ་པར་ཤེས་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་ཞིང་འདུས་མ་བྱས་པའི་བྱང་ཆུབ་སེམས་ཀྱི་རྟེན་ཡིན་ལ། རྒྱུ་མཚན་དེས་ན་སྙིང་ཁ་ཆོས་ཀྱི་འཁོར་ལོ་ནི། རིག་པའི་ཡེ་ཤེས་སྣང་སྟོང་གཉིས་སུ་མེད་པ་ཀུན་བཟང་ཡབ་ཡུམ་དང༌། དེའི་གདངས་ཡེ་ཤེས་ལྔའི་ངོ་བོར་མ་འགག་པ་ནི་རིགས་ལྔ་སྟེ་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དེ་ལ་རང་གི་ངོ་བོའི་རྟེན་དང་བརྟེན་པ་མེད་ནའང་ཐ་སྙད་དུ་དེ་ལ་བརྟེན་པ་ལྟར་ཡོད་པས་བཞུགས་པའི་གཞལ་མེད་ཁང་ཞེས་བྱ་ལ། སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་གང་དུ་རླུང་སེམས་ཀྱི་དྭངས་མ་རྣམས་འདུས་པའི་ཚེ་ན། མྱ་ངན་ལས་འདས་པའི་ཡེ་ཤེས་ཀྱི་རང་གདངས་ཞིང་དང༌། གཞལ་ཡས་ཁང་སྐུ་དང་འོད་ཟེར་དང༌། ཡེ་ཤེས་ཀྱི་སྣང་བ་མཐའ་དག་ལམ་དུས་སུའང་འཆར་ལ། མཐར་ཐུག་སྣང་ཆའི་འོད་ལྔ་པོའི་རྩལ། ལས་རླུང་གིས་བསླད་དེ་ཕུང་ཁམས་སྐྱེ་མཆེད་མ་དག་པའི་ཆོས་སུ་སྣང་བའི་ཆ་ཐམས་ཅད་དང་བྲལ་བ་ན། རང་བཞིན་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་ཀྱི་ཆའི་ཆོས་སྐུ་མངོན་དུ་གྱུར་ཏེ། དེ་གཉིས་དོན་ལ་དབྱེར་མེད་པས་གཅིག་ཏུ་འདྲེ་བ་མེད་ཀྱང་འཁྲུལ་པའི་སྣང་བ་བག་ཆགས་དང་བཅས་པ་ཐམས་ཅད་དབྱིངས་སུ་ལྡོག་ནས་སྣང་སྟོང་རོ་གཅིག་ཏུ་འདྲེས་པས་ལམ་གྱི་ཚོགས་གཉིས་འབད་མེད་དུ་རྫོགས་པར་འཚང་རྒྱའོ། །འཚང་རྒྱ་བའི་གནས་འོག་མིན་རྣམ་དག་ཚད་དང་བཀོད་པ་མཐའ་ཡས་པས་བརྒྱན་པའི་ཞིང་ཁམས་སྟུག་པོ་བཀོད་པ་ཞེས་ཁམས་གསུམ་གྱི་གནས་འདི་ལས་སམ་རང་གི་སེམས་ཉིད་ལས་གཞན་དུ་རང་མཚན་པ་ཞིག་མི་གནས་ཏེ། དབྱིངས་ལ་སྒྲིབ་པར་བྱེད་པའི་དྲི་མ་རླུང་སེམས་མ་དག་པའི་ཆ་མཐའ་དག་པ་སྟེ་ཐམས་ཅད་ནམ་ཞིག་སྤངས་པར་གྱུར་པའི་དུས་དེར་ཡེ་ཤེས་ཀྱི་རང་སྣང་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེ་ཡི་ཕྱིར་ལུས་ནི་རིག་པའི་ཡེ་ཤེས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཁྱབ་གདལ་ཆེན་པོའི་རྟེན་ཡིན་ནོ། །དེ་ལྟར་འཁོར་བ་འཁྲུལ་པའི་དུས་ཉིད་ནའང་སེམས་ཉིད་རང་གི་ངོ་བོའི་བཞུགས་ཚུལ་རང་བཞིན་གྱིས་རྣམ་པར་དག་ཅིང་སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་མ་ཚང་བ་མེད་པར་ལྷུན་གྱིས་གྲུབ་པ་ལ་ཉམས་པ་སྟེ་གྲངས་ཉུང་ཞིང་འབྲས་བུའི་ཆོས་མ་ཚང་བ་དང༌། དམན་པའམ་ཞན་པར་གྱུར་པ་གཉིས་ཀ་མེད་དེ། དཔེར་ན་དངུལ་ཆུ་ཐལ་གསེབ་ཏུ་ལྷུང་ཡང་མི་འདྲེ་བ་བཞིན་ནོ། །དེ་ལྟ་བུའི་འགྱུར་བ་མེད་པའི་ཆོས་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་གཤེགས་སྙིང་པོ་ནི་འཇག་མའི་སྲིན་བུ་ཡན་སེམས་རྒྱུད་ཀྱིས་བསྡུས་སོ་འཚལ་ཐམས་ཅད་ལ་མ་ཁྱབ་པ་མེད་དེ། དཔེར་ན་ཏིལ་ཡིན་ནོ་ཅོག་ཐམས་ཅད་ལ་མར་གྱིས་ཁྱབ་པ་ལྟར་གནས་ཞེས་རྒྱུད་ལུང་མན་ངག་ཐམས་ཅད་ལས་གསལ་བ་ཇི་བཞིན་ནོ། །འདི་ལྟར་རྟེན་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་སོགས་པའི་གནས་ལུགས་དང༌། བརྟེན་པ་སེམས་ཀྱི་རང་བཞིན་གདོད་མ་ནས་གནས་པའི་ཆོས་ཉིད་གཞི་ཡི་བཞུགས་ཚུལ་དག་ཤེས་པར་བྱས་ནས། རྫོགས་རིམ་མན་ངག་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ལས་གསུངས་པའི་ཆོས་དྲུག་པོ་འདིར་མ་འདུས་པ་མེད་དོ། །རྫོགས་རིམ་གྱི་ལམ་ཐམས་ཅད་ཀྱི་རྩ་བ་གཏུམ་མོ་ཡིན་ཏེ། ཐབས་ཀྱི་ཆ་ཐམས་ཅད་ཤེས་རབ་སྐྱེ་བ་མེད་པའི་ངང་དུ་དག་དགོས་པ་དང༌། ལམ་གྱི་གཞི་མ་ནི་སྒྱུ་ལུས་ཡིན་ཏེ། དག་མ་དག་གི་ཆོས་ཐམས་ཅད་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་གོམས་དགོས་ཀྱི། དངོས་ཞེན་གྱི་ལམ་ནས་གྲོལ་མི་ནུས་པའི་ཕྱིར་རོ། །ལམ་གྱི་དྲོད་ཚད་ནི་ཉིང་འཁྲུལ་རྨི་ལམ་གྱི་ལམ་ནས་སྦྱང་བ་ཡིན་ཏེ། ཚེ་འདིའམ་འཆི་སྲིད་དམ་བར་དོ་སོགས་འོད་གསལ་དུ་བསྡུ་བ་ལ་བསླབ་དགོས་པའི་ཕྱིར་རོ། །ལམ་གྱི་སྙིང་པོ་ནི་འོད་གསལ་ཡིན་ཏེ། བསྒོམ་བྱ་དོན་དུ་གཉེར་བའི་དོན་པོ་ཡིན་པའི་ཕྱིར་རོ། ལམ་གྱི་མུན་ནང་ནི་བར་དོ་ཡིན་ཏེ་ཉམས་ལེན་འབྲས་བུར་སྦྱོར་བའི་མཚམས་སྦྱོར་གྱི་རྐྱེན་ཡིན་པའི་ཕྱིར་རོ། །ལམ་གྱི་བློ་ཆོད་ནི་འཕོ་བ་ཡིན་ཏེ་ཚེ་འདིར་མཐར་མ་ཕྱིན་ན་མན་ངག་གིས་རྣམ་ཤེས་དག་ཞིང་དུ་བཙན་ཐབས་སུ་འཕོ་དགོས་པ་ཡིན་ནོ། །དེ་ལྟར་ཆོས་དང་ནི་ལམ་གྱི་གཞི་མ་སྔར་སྒྱུ་ལུས་ཀྱི་སྐབས་སུ་སྒྱུ་མ་ལྟ་བུའི་ལྷ་སྐུ་དེ་ཡང་བསྡུ་རིམ་གྱིས་འོད་གསལ་དུ་བསྡུ་བ་དང༌། གཏུམ་མོ་གཞན་ལུས་ཕྱག་རྒྱའི་ལམ་གང་རུང་ལ་བརྟེན་ནས་དགའ་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོགས་ལ་གོམས་པ་ལས། སྟོང་པ་བཞིའམ་དགའ་བ་བཞིས་དྲངས་པའི་འོད་གསལ་རྒྱུད་ལ་སྐྱེ་བར་འགྱུར་རོ། །དེ་ཡང་སྟོང་པ་བཞི་ནི། དང་པོ་རྣམ་ཤེས་སྣང་བ་ལ་ཐིམ་པའི་སྐབས་སུ་ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། ཕྱི་རྟགས་སུ་སྟོན་གནམ་ཉི་ཟླ་འོད་ཀྱིས་བསླད་པ་ལྟར་དཀར་ལམ་པའི་སྣང་བ་དང༌། ནང་རྟགས་སུ་གསལ་བའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་སྟོང་པ་ཞེས་བྱའོ། །དེ་ནས་སྣང་བ་མཆེད་པ་ལ་ཐིམ་པས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། ཕྱི་རྟགས་སུ་སྟོན་གནམ་ཉི་འོད་ཀྱིས་བསླད་པ་ལྟ་བུ་དམར་ལམ་པ་དང༌། ནང་རྟགས་སུ་བདེ་བ་མུ་མཐའ་མེད་པར་འཆར་ཏེ་སྟོང་པ་ཆེན་པོ་ཞེས་བྱའོ། །དེ་ནས་མཆེད་པ་ཉེར་ཐོབ་ལ་ཐིམ་པས་གཏི་མུག་གི་རྟོག་པ་བདུན་འགགས། ཕྱི་རྟགས་སུ་སྟོན་གནམ་སྨག་གིས་བསླད་པ་ལྟ་བུའི་ནག་ལམ་པ་དང༌། ནང་རྟགས་སུ་རྣམ་པར་མི་རྟོག་པའི་ཉམས་མཐའ་དབུས་མེད་པར་འཆར་ཏེ་ཤིན་ཏུ་སྟོང་པ་ཞེས་བྱའོ། །དེ་ནས་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་ཟེར་བ་ཡང༌། དོན་དུ་སྔར་ཉེར་ཐོབ་ཀྱི་སྐབས་ཀྱི་མི་རྟོག་པ་དེ་ཉིད་ཅུང་ཟད་སད་ནས་རང་བཞིན་གཞིར་གནས་ཀྱི་འོད་གསལ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཅོས་མིན་དུ་ཤར་བ་ནི། སྟོན་གྱི་དུས་སུ་ཐོ་རངས་ཀྱི་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུ་སྟེ་ཐམས་ཅད་སྟོང་པའི་འོད་གསལ་ཞེས་བྱའོ། ༈ ཞེ་སྡང་གི་རྟོག་པ་སོ་གསུམ་ནི། ཡུལ་མི་འདོད་པའི་རྣམ་པ་ཅན་ལ་ཤས་ཆུང་ངུ༌། འདོད་ཆགས་དང་བྲལ་བ་དང༌། འབྲིང་འདོད་ཆགས་དང་བྲལ་བ་བར་མ་དང༌། ཆེན་པོ་ཤིན་ཏུ་འདོད་ཆགས་དང་བྲལ་བ་དང༌། གང་ཡིད་ཀྱི་འོང་བ་དག་དང་ཡུལ་མི་སྙིང་དམར་བ་མངའ་ཐང་ལོངས་སྤྱོད་སོགས་ལ་སྤྲོ་སེམས་ཡོད་པའི་ཡིད་ནང་གི་ཡུལ་ལ་ཚུར་འཇུག་པ། ཡིད་ཀྱིས་འགྲོ་བ་དང་སྤྱིར་ཕྱི་ཡི་ཡུལ་ལ་ཕར་འགྲོ་བ། སོང་བ་དང་ཡུལ་གྱི་རྗེས་སུ་བྱེ་བྲག མྱ་ངན་དང་ཡུལ་ཡིད་དུ་འོང་བ་དང་བྲལ་བའི་སེམས་ཀྱི་གདུང་བ་ཆུང་ངུ༌། མྱ་ངན་བར་མ་དང་འབྲིང༌། ཤིན་ཏུ་མྱ་ངན་དང་ཆེན་པོ། སེམས་ཉེ་བར་གནས་པའམ་ཡང་ན་སེམས་རྣལ་དུ་འདུག་པའི་དལ་བ་ཞི་བ་དང༌། རྒོད་པར་གནས་པའམ་ཡང་ན་སེམས་རྩིང་པར་རྟོག་པ་རྣམ་པར་མི་རྟོག་པ་དང༌། ཡུལ་ཡིད་དུ་མི་འོང་བ་དང་ཕྲད་ནས་སེམས་སྐྲག་པ་ཆུང་ངུ་འཇིགས་པ་དང༌། འབྲིང་འཇིགས་པ་བར་མ་དང༌། ཆེན་པོ་ཤིན་ཏུ་འཇིགས་པ་དང༌། ཡུལ་ལ་ཞེན་པ་ཐ་མ་སྲེད་པ་དང༌། འབྲིང་སྲེད་པ་བར་མ་དང༌། རབ་ཤིན་ཏུ་སྲེད་པ་དང༌། དམག་གྱོད་སོགས་ཀྱིས་རྫས་སུ་འདོད་ཡོན་གྱི་ཡུལ་རྣམས་ཀུན་ཏུ་འཛིན་པ། ཉེ་བར་ལེན་པ་དང༌། དགེ་བའི་ལས་ལ་ཡིད་གཉིས་ཟ་བའམ་ཡང་ན་རང་གི་སེམས་མི་གསོད་པ་མི་དགེ་བ་དང༌། ཟས་འདོད་པ་བཀྲེས་པ་དང༌། བཏུང་བ་འདོད་པ་སྐོམ་པ་དང༌། སྡུག་ན་བདེ། བདེ་ན་སྡུག །ཅི་ཡང་མ་ཐུབ་པའི་བཏང་སྙོམས་གསུམ་ལ་ཡུལ་གྱི་སྒོ་ནས་ཆུང་ངུ་ཚོར་བ་དང༌། འབྲིང་ཚོར་བ་བར་མ་དང༌། ཆེན་པོ་ཤིན་ཏུ་ཚོར་བ་དང༌། རིག་པ་དང༌། རིག་པ་པོ་རང་དང༌། རིག་པར་བྱེད་པ་ཡིད་དང༌། རིག་བྱའི་ཡུལ་ལས་ཏེ་གསུམ་ལ་རྟོག་པ་གསུམ་དུ་གསུངས་པ་ལྟར་ན། གོང་གི་སོང་བ་ཞེས་པ་མི་བགྲང༌། ཡང་ན། རིག་པ་དང་རིག་བྱ་གཉིས་ལ་རྟོག་པ་གཉིས་སུ་བྱས་ནས་སོང་བ་བགྲང་བའང་ཡོད་ལ། རིག་པ་འཛིན་པའི་གཞི་དང༌། སོ་སོར་རྟོག་པ་རིག་པ་དང་མི་རིག་པར་དཔྱོད་པ་དང༌། རང་ངམ། ཆོས་རྒྱུ་མཚན་དུ་བྱས་ནས་སམ་བདག་གིས་ཕ་རོལ་པོ་འདི་མ་ཐུབ་ན་གཞན་གྱིས་ཁྲེལ་དོག་སྟེ་ཁ་ན་མ་ཐོ་བ་ལ་འཛེམ་པ་ངོ་ཚ་ཤེས་པ་དང༌། སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ་བ་དང༌། དམིགས་བྱ་ཡོངས་སུ་བསྲུང་བ་དང་སྡུག་པ་དང་ཕྲད་འདོད་པ་སྟེ་གསུམ་ལ་བརྩེ་བ་དང༌། བརྩེ་བ་བར་མ་དང༌། ཤིན་ཏུ་བརྩེ་བ་དང༌། ཕ་རོལ་པོའི་ཅི་བྱེད་ཡང་ཡང་སྙམ་པའི་ཡིད་འཕྲིག་ཟོས་ཟེར་བའི་འཕྲིག་པ་དེ་ཡིན་པའི་སེམས་ངེས་པར་མི་གནས་པ་དོགས་པ་དང་བཅས་པ་དང༌། གཞན་གྱི་ཡོ་བྱད་གཞན་གནོད་པའི་ཆེད་དུ་རང་གིས་སྡུད་པའི་སེམས་ཀྱིས་སྡུད་པ་དང་འདི་ལ་བསགས་ཞེས་པའང་སྣང་སྟེ་འདྲའོ། །ཡོ་བྱད་ཀུན་ཏུ་འཛིན་པའི་སེམས་སེར་སྣ་རྣམས་སོ། འདི་ལ་ཕྲག་དོག་ཅེས་འབྱུང་བ་ལྟར་ན་གཞན་གྱི་ཕུན་ཚོགས་ལ་སེམས་འཁྲུགས་པའོ། ༈ འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ནི། འདི་ལ་ཞེན་པ་ཞེས་དམིགས་ཡུལ་རང་གི་ཐོབ་པའི་ཡུལ་ལ་ཡིད་ཆགས་པར་གསུངས་པ་འདོད་ཆགས་དང༌། མ་ཐོབ་པའི་ཡུལ་ལ་ཡིད་ཆགས་པ་དང༌། ཡིད་དུ་འོང་བ་མཐོང་ནས་སེམས་དགའ་བ་ཆུང་བ་དང༌། འབྲིང་དགའ་བ་བར་མ་དང༌། ཆེན་པོ་ཤིན་ཏུ་དགའ་བ་དང༌། འདོད་དོན་གྲུབ་པའི་བདེ་བའི་སེམས་པ་རངས་པ་དང༌། དེའི་རྣམ་པ་སེམས་ཀྱི་ཡང་དང་ཡང་དུ་མྱོང་བ་རབ་ཏུ་མགུ་བ་དང༌། གཏམ་སྣ་ཚོགས་པས་འདི་ཅི་ཡིན་ནམ་སྙམ་དུ་ཐེ་ཚོམ་ཟ་བའམ་ཡང་ན་སྔར་མ་བྱུང་བའི་དོན་ལ་སེམས་པ་མཐོང་བ་ངོ་མཚར་བ་དང༌། ཡིད་དུ་འོང་བ་མཐོང་ནས་སེམས་གཡེང་བ་རྒོད་པ་དང༌། བདེ་བའི་རྣམ་པ་མྱོང་བའམ་ཡང་ན་ཡུལ་དེས་ངོམས་པའི་རྟོག་པ་ཚིམ་པ་དང༌། འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབ་པ་སྟེ་དེ་རྣམས་བྱ་བར་འདོད་པའི་སེམས་གསུམ་དང༌། རྒྱུད་དབེན་པའི་ཡུལ་དེ་ལས་མི་འགྱུར་བའི་སེམས་བརྟན་པ་དང༌། དགེ་བ་ལ་གཞོལ་བ་བརྩོན་པ་དང༌། མཐོ་བར་སེམས་པ་ཁེངས་པ་དང༌། བྱ་བ་རྫོགས་པར་བྱེད་པ་དང༌། ནོར་འཕྲོག་པར་འདོད་པ་འཕྲོག་པ་དང༌། གཞན་དཔུང་འཇོམས་པར་འདོད་པ་སྟོབས་དང༌། དགེ་བའི་ལམ་ལ་སེམས་གོམ་པར་བྱེད་པའི་སེམས་སྤྲོ་བ་དང༌། དྲེགས་པའི་དབང་གིས་མི་དགེ་བར་སྤྱོད་པའམ་ཡང་ན་ཡུལ་ལ་འབད་པས་སྦྱོར་བ་ཆུང་ངུ་ཚམ་ཚོམ་མེད་པ་དང༌། འབྲིང་ཚམ་ཚོམ་མེད་པ་བར་མ་དང༌། ཆེན་པོ་ཤིན་ཏུ་ཚམ་ཚོམ་མེད་པ་དང༌། རྒྱུ་མཚན་མེད་པར་ཡང་དམ་པ་རྣམས་དང་རྩོད་འདོད་པ་དྲེགས་པ་དང༌། ཡིད་འོང་མཐོང་བས་འགྱིང་བའམ་རྩེ་བར་འདོད་པ་རྣམ་པར་སྒེག་པ་དང༌། འཁོན་དུ་འཛིན་པའི་སེམས་ཞེ་འགྲས་པ་དང༌། དགེ་བའི་ལས་ལ་རྩོལ་བར་འདོད་པ་དགེ་བ་དང༌། གཞན་གྱི་གོ་བར་སྨྲ་འདོད་པ་ཚིག་གསལ་བ་དང༌། འདུ་ཤེས་མ་བསྒྱུར་བར་སྨྲ་འདོད་པ་བདེན་པ་དང༌། འདུ་ཤེས་བསྒྱུར་བར་སྨྲ་འདོད་པ་མི་བདེན་པ་དང༌། ཡི་དམ་ཤིན་ཏུ་བརྟན་པ་ངེས་པ་དང༌། ཡུལ་ཡོངས་སུ་མི་འཛིན་པར་འདོད་པ་ཉེ་བར་མི་ལེན་པ། བདོག་པ་ཐམས་ཅད་གཏོང་བར་འདོད་པ་སྦྱིན་པ་པོ་ཉིད་དང༌། གཞན་ལེ་ལོ་ཅན་བསྐུལ་བར་འདོད་པ་བཏུལ་བ་དང༌། ཉོན་མོངས་སོགས་ཀྱི་དགྲ་ལས་རྒྱལ་བར་འདོད་པ་དཔའ་བ་དང༌། བདག་གམ་ཆོས་ཀྱི་དབང་དུ་བྱས་ནས་མི་འཛེམ་པར་མི་དགེ་བ་བཅུ་ལ་འཇུག་པ་ངོ་ཚ་མེད་པ་དང༌། བཅོས་མས་གཞན་བསླུས་གཡོ་ཅན་དང་འདི་ལ་སྒྱུ་ཞེས་པའང་ཟེར། ལྟ་བ་ངན་པ་ལ་བྱང་བ་གདུག་པ་ཅན་དང༌། གཞན་ལ་མཐོ་མཚམས་པ་མི་བསྲུན་པ་དང༌། རྒྱུད་མི་དྲང་བ་གྱ་གྱུ་ཆེ་བ་རྣམས་སོ། ༈ གཏི་མུག་གི་རྟོག་པ་བདུན་ནི། དོན་དུ་གཉེར་བྱའི་ངོ་བོ་ཇི་བཞིན་དུ་མི་ཤེས་འདོད་ཆགས་བར་མ་དང༌། དྲན་པ་ཉམས་པ་བརྗེད་ངས་དང༌། སྨིག་སྒྱུ་ལ་ཆུར་འཛིན་པ་སོགས་འཁྲུལ་པ་དང༌། སྨྲ་སྙིང་མི་འདོད་པ་མི་སྨྲ་བ་དང༌། ཡིད་སྲུན་པ་སྐྱེ་བ་སྐྱོ་བ་དང༌། དགེ་བ་ལ་མི་སྤྲོ་བ་ལེ་ལོ་དང༌། བདེན་པ་རྣམས་ལ་ཡིད་གཉིས་ཟ་བའམ་ཡང་ན་ལས་འབྲས་དང་ཆོས་ཉིད་ལ་ཡིད་གཉིས་ཟ་བ་ཐེ་ཚོམ་རྣམས་སོ། །དེ་ལྟར་སྣང་གསུམ་མམ་ཡང་ན་དགའ་བཞིས་དྲངས་པའི་འོད་གསལ་གང་ཡིན་ཀྱང་འདྲ་སྟེ་དེ་ལ་འོད་གསལ་ཙམ་དུ་འདྲ་ཡང༌། དཔེ་དོན་གྱི་འོད་གསལ་དུ་མ་དང༌། དཔེའི་འོད་གསལ་ལ་ཡང་མཆོག་དམན་གྱི་རིམ་པ་དུ་མ་ཡོད་ཀྱང༌། དེས་ན་མཐོང་ལམ་སྐྱེས་ཚུན་དཔེའི་འོད་གསལ་ཡིན་ནོ། །མཐོང་ལམ་གྱི་བདེན་པ་མཐོང་བ་ནི་དོན་གྱི་འོད་གསལ་ཡིན་ཏེ། དེ་ཕྱིན་ཆད་དོན་གྱི་འོད་གསལ་ལ་འགྱུར་བ་མེད་དོ། །འཆི་དུས་ཀྱི་ཐིམ་རིམ་རྫོགས་པའི་མཐའ་དང༌། གཉིད་དུས་སོགས་འོད་གསལ་ཤར་བ་ནི་གཞིའི་འོད་གསལ་ཡིན་ལ། རྣལ་འབྱོར་པའི་ལམ་གོམས་པའི་སྟོབས་ཀྱིས་དེ་ཉིད་ངོ་ཤེས་པར་བྱས་ནས་དཔེ་དོན་གྱི་འོད་གསལ་གང་རུང་སྦྱོར་རོ། །ལམ་གྱི་བསུན་མ་ནི་བར་དོ་ཡིན་ཏེ། ཉམས་ལེན་འབྲས་བུར་སྦྱོར་བའི་མཚམས་སྦྱོར་གྱི་རྐྱེན་ཡིན་པའི་ཕྱིར་རོ། །ལམ་གྱི་བློ་ཆོད་ནི་འཕོ་བ་ཡིན་ཏེ། ཚེ་འདིར་མཐར་མ་ཕྱིན་ན་མན་ངག་གིས་རྣམ་ཤེས་དག་ཞིང་དུ་བཙན་ཐབས་སུ་འཕོ་དགོས་པ་ཡིན་ནོ། །དེ་ལྟར་ཆོས་རྣམ་པ་དྲུག་སྐྱེས་བུ་གང་གིས་ལམ་བསྒོམ་པའི་རྩོལ་བ་དང་བཅས་པས་རང་ལུས་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས་འགྲུབ་ཀྱིས་གཞན་ཕྱག་རྒྱའི་རྐྱེན་ལ་རག་མ་ལུས་ཕྱིར། རང་ལུས་ཐབས་ལྡན་ནམ་སྟེང་སྒོ་རྣམ་གྲོལ་གྱི་ལམ་ཞེས་བྱའོ། །རང་ལུས་ཐབས་ལྡན་ལ་བརྟེན་ནས་རྩ་དྲང་ཐིག་ལེ་གནས་སུ་འཆུན། རླུང་བྱང་སྟེ་གསུམ་ཀ་ལ་གནད་དུ་སོང་ནས་ལས་སུ་རུང་བར་གྱུར་པ་ན། སླར་ཡང་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་ཆར་དུ་ངོ་འཕྲོད་ནས་འཕགས་པའི་ལམ་དུ་སྦྱོར་བར་བྱེད་པ་གཞན་ལུས་ཐབས་ལྡན་འོག་སྒོ་ཁམས་གསུམ་རོལ་པའི་ལམ་ཕྱག་རྒྱ་ལ་བརྟེན་པ་ཡིན་ཏེ། འཁོར་བའི་ཆོས་སུ་སྣང་བ་ཀུན་གྱི་གཞི་རྩ་རླུང་ཐིག་ལེ་ཐམས་ཅད་ཀྱང་འོད་གསལ་ཆེན་པོར་གྲོལ་བའི་ལམ་དུ་འགྲོ་བའི་ཐབས་རྨད་དུ་བྱུང་བ་ནི་ཐབས་ཀྱི་ལམ་གཅིག་ཆར་བའམ་གཞན་ལུས་ཕྱག་རྒྱ་ཆེན་པོ་ཡིན་ནོ། །ཡང་ན་བསྐྱེད་རྫོགས་ཀུན་ཀྱང་ཡང་དག་པའི་ལམ་དུ་འགྲོ་བས་ན་ཐབས་ཀྱི་ལམ་ཁྱད་པར་བ་ཡིན་ནོ། །གཉིས་པ་སྤྲོས་བྲལ་སྣང་བ་མེད་པའི་རྫོགས་རིམ་དུ་དག་དགོས་པས་དེའི་ཚུལ་ནི། མཚན་མ་ཞལ་ཕྱག་ལ་སོགས་པའི་རྣམ་པར་གྱུར་པའི་བསྐྱེད་རིམ་དང༌། རྫོགས་རིམ་གྱི་ལྷ་གང་ཡིན་ཡང༌། མཐར་མི་དམིགས་པར་འཇོག་པ་སྟེ་དེ་ཡང་མ་དག་པའི་དངོས་ཞེན་སྦྱངས་ཏེ་དག་པར་བསྒོམས་པའི་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་ཞིང་དང་གཞལ་ཡས་ཁང་ལྷ་དང་ལྷ་མོ་སོགས་རང་བཞིན་གྱི་བརྟན་གཡོར་སྣང་བ་ཀུན། འོད་དུ་ཞུ་ཞིང་གཞལ་ཡས་ཁང་ནས་རིམ་བཞིན་འཁོར། གཙོ་བོ། ཡེ་ཤེས་སེམས་དཔའ། དེ་སྙིང་གའི་ས་བོན་གྱི་བར་རྣམས་ལ་ཐིམ་ཞིང༌། ས་བོན་ཧཱུྃ་ཡིག་ལྟ་བུ་ཡིན་ན་ཞབས་ཀྱུ་ནས་ཐིག་ལེར་ཐིམ་པ་དེའང་མས་རིམ་ནས། ནཱ་དའི་བར་དུ་ཐིམ་ནས་སྤྲོས་བྲལ་ངང་དུ་བཞག་པས་ནམ་མཁའ་དྭངས་པ་བཞིན་སྟོང་པར་གྱུར་པ་ནམ་མཁའི་ངོ་བོ་ཉིད། ཀུན་རྟོག་གི་སྤྲོས་པ་བྲལ་ཞིང་སོ་སོ་རང་རིག་པའི་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ཉིད་ལ་བཞག་པར་བྱའོ། །བྱེད་ལས་བསྐྱེད་རིམ་གྱིས་ནི་གནས་དོན་ལུས་ཀྱི་བག་ཆགས་སམ་སྒོ་གསུམ་དུ་སྣང་བའི་བདེན་ཞེན་འགོག་ཅིང༌། རྫོགས་རིམ་གྱིས་ནི་གྱ་ནོམ་ལྷར་ཞེན་ཏེ། སྣང་སྤྱོད་ཐམས་ཅད་སྒྱུ་མ་ལྟ་བུའི་ལྷར་གསལ་བས་ཞེན་རྟོག་སྤོང༌། ཐིག་ལེ་ལ་བརྟེན་ནས་བདེ་བ་དང༌། རླུང་ལ་བརྟེན་ནས་གསལ་བ་དང༌། རྩ་ལ་བརྟེན་ནས་མི་རྟོག་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདུས་མ་བྱས་པ་རྣམས་འཆར་རོ། །དེ་ལྟར་ཤིན་ཏུ་ཟབ་པའི་རྫོགས་རིམ་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་ཏེ་ལྷན་སྐྱེས་ཀྱི་ཡེ་ཤེས་བླ་ན་མེད་པ་རྣམས་ནི། བླ་མེད་རྒྱུད་སྡེ་རྣམས་ལས་འོག་མར་གྱུར་པ་ཕྱི་རྒྱུད་སྡེ་གསུམ་ལས་བསྡུ་བ་ཙམ་དང༌། མི་རྟོག་པ་བསྒོམ་པ་ཙམ་ལས་གསུངས་པ་མེད་དོ། །དེས་ན་དབང་རྣོན་བརྩོན་འགྲུས་དང་ལྡན་པ་ཚེ་གཅིག་ལ་རྡོ་རྗེ་འཆང་གི་སར་འགྲོ་བའི་ཉེ་ལམ། སྣོད་མིན་ལ་སྦས་ཤིང་སྐལ་མེད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པ་ཤིན་ཏུ་ཟབ་མོ་ཡིན་ནོ། །གསུམ་པ་དེའི་མཐུན་པའི་རྐྱེན་བསྐྱེད་རྫོགས་རྣམ་པ་གཉིས་ལམ་དུ་འགྲོ་ཞིང་དངོས་གྲུབ་གཉིས་འགྲུབ་པའི་གྲོགས་སུ་གྱུར་པ་དམ་ཚིག་ཡིན་ལ། དེ་བསྲུང་ཚུལ་ནི། དང་པོ་གསང་སྔགས་ལ་ཞུགས་ཤིང་དབང་ཐོབ་པའི་དུས་སུ་ཇི་ལྟར་ཁས་བླངས་པའི་སྔགས་ཀྱི་བརྟུལ་ཞུགས་སྤང་བླང་གི་གནད་ཐམས་ཅད་མི་ཉམས་པར་བསྲུང་དགོས་ལ། དེ་ཡང་གསང་སྔགས་ནི་ཉོན་མོངས་དང་འདོད་ཡོན་ཐམས་ཅད་ལམ་དུ་བྱེད་པའི་ཐབས་ཁྱད་པར་བ་ཡིན་པས། ཐེག་པ་འོག་མ་ལྟར་སྤང་བླང་ལ་དོན་དམ་པར་རྫས་སུ་མི་ལྟ་བར་མ་ཟད། ཐ་སྙད་ཙམ་དུའང་མཚན་མར་མ་ཞེན་པའི་སྒོ་ནས་སྔགས་ལམ་གྱི་ཁྱད་ཆོས་དང་ལྡན་པས་གང་ཟག་རང་རང་གི་རྒྱུད་ཚོད་དང་བསྟུན་པའི་ལྟ་སྒོམ་གྱིས་ཟིན་ནས་ལམ་དུ་བྱེད་པས་ཉོན་མོངས་རང་མཚན་པ་ཀུན་གྱི་གཉེན་པོར་འགྲོ་བའི་རྟེན་འབྲེལ་མི་འཆོལ་བར་བྱ་སྟེ། དཔེར་ན་རྨ་བྱའི་མགྲིན་པར་གཞན་དག་འཆི་བར་འགྱུར་བའི་བཙན་དུག་ཞུགས་ན་བཅུད་ལེན་དུ་གྱུར་ནས་འདབ་མ་ལྟ་ན་སྡུག་པ་ལྟར། རང་གི་གྲོགས་སུ་གྱུར་ཅིང་ལྟ་སྒོམ་གྱི་བོགས་འདོན་དུ་སྤྱད་དགོས་སོ། །དེ་ལ་དམ་ཚིག་དང་ནི་སྡོམ་པ་ཞེས་ཐ་སྙད་འདོགས་པའི་ཚུལ་གྱི་ཁྱད་པར་ནི། ས་མ་ཡ་ཞེས་པའི་སྒྲ་ལས་དྲངས་ན་དམ་ཚིག་སྟེ། དེ་ཡང་མི་ཉམས་པར་བསྲུང་ན་ཕན་ཡོན་ཐོབ་པས་དམ་ཚིག་ཏུ་བཤད་དེ། རྡོ་རྗེ་གུར་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་རླབས་ཐོབ་པ་ཡིན། །དམ་པའི་ཚུལ་བཞིན་དེ་སྤྱད་ན། །མི་མཐུན་ཕྱོགས་རྣམས་འཚིག་པར་འགྱུར། །ཞེས་སོ། །དམ་ཚིག་དེ་ལས་འདའ་བར་བྱ་བ་མ་ཡིན་ལ། སྡོམ་པ་ནི་གནང་བཀག་གི་མཚམས་ལ་དཔྱད་དེ་བླང་བྱ་སྒོ་གསུམ་དཀྱིལ་འཁོར་གྱི་ངོ་བོར་སྡོམ་པར་བྱ་བ་དང༌། བླང་བར་མི་བྱ་བའི་དངོས་པོ་མཚན་རྟོག་དང་བཅས་པ་ལས་ཀྱང་སྡོམ་པའི་མཚམས་ངེས་པར་བྱེད་པ་སྟེ། དེས་དེ་གཉིས་སྔགས་སྡོམ་ངོ་བོ་གཅིག་པུ་ལའང་ལྡོག་ཆས་དབྱེ་བའོ། །འདིར་ཚིག་རྐང་གཉིས་ཀུན་མཁྱེན་རྩོམ་གཞིར་བྲི་བསུབ་བྱས་འདུག་པས་མི་དགོས་གསུངས་སོ། སྔགས་ཀྱི་བསླབ་པ་ཀུན་གྱི་སྤྱི་དོན་ཏེ་རྟེན་གཞི་ནི་སྔགས་སྡོམ་ཡིན་ལ། དེ་མ་ཐོབ་པ་དང༌། ཀུན་དཀྲིས་ཚང་སྟེ་ལྟུང་ཉམས་དང༌། བསླབ་པ་ཕུལ་བ་ལ་སོགས་པས་བཏང་བ་དང༌། ལྟུང་བའི་ས་མཚམས་མི་ཤེས་པའི་སྨྱོ་བ་ལ་སོགས་འདུ་ཤེས་རང་བཞིན་དུ་མི་གནས་པ་ལ། ལྟུང་བ་དང་དངོས་གྲུབ་མེད་དེ་རྟེན་མིན་པའི་ཕྱིར་རོ། །དེ་ལྟ་བས་ན་སྔགས་སྡོམ་ལྡན་ཞིང་མ་ཉམས་པ་དང༌། བསླབ་པ་མ་བཏང་ལ། ཤེས་པ་རང་བཞིན་རྣལ་དུ་གནས་ཏེ་ལྟུང་ལྟུང་མིན་གྱི་ས་མཚམས་ཤེས་ཤིང་དྲན་ནུས་པ་དེ། ལྟུང་བ་དང་ནི་དངོས་གྲུབ་གཉིས་ཀ་འབྱུང་བའི་སྣོད་ལྟ་བུ་ཡིན་ནོ། །རྩ་ལྟུང་ལྔ་པ་བྱང་ཆུབ་ཀྱི་སེམས་བཏང་བ་ནི་ཕམ་པ་དངོས་ཡིན་ལ། དེ་ལས་གཞན་པའི་རྩ་ལྟུང་བཅུ་གསུམ་མམ་བཅུ་གཉིས་པོ་ལ། རྩ་ལྟུང་གི་དངོས་གཞིར་གྲུབ་བྱེད་ཀྱི་ཀུན་དཀྲིས་ཞེས་བྱ་བའི་ཡན་ལག་བརྩི་ཚུལ་ནི། སློབ་དཔོན་ལ་སྨོད་པ་ལྟ་བུའི་ཉེས་པ་ཞིག་བྱེད་བཞིན་པ་ན། ད་དུང་བྱ་བ་དེ་བྱེད་འདོད་མ་ལོག་པ་དང༌། བྱ་བ་དེ་ལ་ཉེས་དམིགས་སུ་བལྟས་ནས་འགྱོད་པ་མེད་པ་དང༌། རང་ངོར་ལྟོས་པའི་གསང་སྔགས་ཀྱི་སྡོམ་འགལ་གྱི་ཉེས་པ་བྱུང་བ་ཤིན་ཏུ་གནོང་སྙམ་པས་ངོ་ཚ་མི་ཤེས་པ་དང༌། གཞན་ངོར་ལྟོས་པའི་ཁྲེལ་ཡོད་མེད་པ་སྟེ། ཆོས་གསུམ་མམ་དེ་སྟེང་ཉེས་པ་དེ་དག་ལ་དགའ་ཞིང་མགུ་བ་བསྣན་པ་སྟེ་བཞིར་བྱེད་པའང་ཡོད་ལ། དེ་དག་ཀུན་གང་ལྟར་ཚང་བའི་ཀུན་སློང་ངན་པ་དེ་སྐྱེས་པའི་སྐད་ཅིག་གཉིས་པ་ནས་བྱ་བ་དེ་ཡོངས་སུ་རྫོགས་པའི་མཐར་གཏུགས་པ་དེ་སྲིད་དུ་རྒྱུན་ཆགས་བར་མ་ཆད་པར་ཡོད་པར་གྱུར་ན། ཀུན་དཀྲིས་ཚང་བའི་ལྟུང་བ་ཆེན་པོ་བསྐྱེད་པས་མཐུན་ཕྱོགས་སྡོམ་པ་གཅོད་ཅིང༌། གཉེན་པོའི་ཕྱོགས་ཕམ་པར་འགྱུར་བ་ཡིན་ནོ། །གལ་ཏེ་རྩ་ལྟུང་བསྐྱེད་པའི་ཀུན་སློང་སྐྱེས་པ་ནས་དངོས་གཞི་མ་རྫོགས་པའི་བར་དེར་དུས་ཀྱི་བར་ཆད་ནས་རྒྱུན་ཆགས་སུ་མེད་པའམ། འདི་ལ་ཉེས་པ་འདི་ལྟ་བུ་ཡོད་དོ་སྙམ་ནས་སྤྱོད་འདོད་ལོག་པ་དང༌། ངོ་ཚ་ཁྲེལ་ཡོད་ཀྱི་བློ་སྐྱེས་པ་དང༌། དགའ་མགུ་ལོག་པའི་ཡིད་ཅུང་ཟད་སྐྱེས་པ་སྟེ་ཆོས་གསུམ་གང་ལས་གཅིག་ཤོས་མ་ཚང་ན། དངོས་གཞི་བསྐྱེད་པར་བྱ་བའི་ཡན་ལག་ཐམས་ཅད་མ་ཚོགས་པས་ཕམ་པའམ་རྩ་ལྟུང་དངོས་མིན་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །ཀུན་དཀྲིས་བརྩི་ཚུལ་དེ་ཡིས་ལྟུང་བའི་མཚམས་ལེགས་པར་ངེས་ཤིང་ཤེས་པར་བྱས་ནས། རྩ་བ་དང་ཡན་ལག་གི་དམ་ཚིག་མཐའ་དག་ཀུན། རྩ་ལྟུང་བཅུ་བཞི་ཡན་ལག་གི་སྦོམ་པོ་བརྒྱད་ལྟ་བུའི་ནང་དུ་གནད་བསྡུས་ཏེ་ཡིད་ཀྱིས་བསྲུང་སེམས་མི་སྤོང་ལུས་ངག་གཉིས་ཀྱིས་དོར་བར་མི་བྱ་སྟེ། དགྲ་ལ་སོ་འཛུགས་པ་ལྟར་བསྲུང་བྱ་ཐམས་ཅད་མི་བརྗེད་པའི་དྲན་པས་ཉིན་ཐུན་གསུམ་དང༌། མཚན་མོ་ཐུན་གསུམ་སྟེ་ཆ་དྲུག་བགོས་པ་ལ། ཆ་རེའི་ནང་དུ་རྩ་ལྟུང་བཅུ་བཞི་པོའི་ཉེས་པ་བྱུང་ངམ་མ་བྱུང་བརྟག་དཔྱད་ཞིབ་ཏུ་བཏང་ནས་བསྔོ་བགྲང་བྱ། དེ་ལྟར་བྱས་ཚེ་གང་རུང་གི་ཉེས་སྐྱོན་གྱིས་གོས་པར་གྱུར་ན། བཏང་སྙོམས་མི་བྱ་བར་འགྱོད་པ་བསྐྱེད་ཅིང་ཕྱི་བཤོལ་མེད་པར་དེ་མ་ཐག་ཕྱིར་འཆོས་པའི་ཐབས་ལ་སེམས་ཤིང་བཤགས་པར་བྱའོ། །ཉེས་པ་གང་གིས་ཀྱང་གོས་པ་མིན་ན་དགའ་བ་བསྒོམ་ཞིང་དགེ་རྩ་གཞན་དོན་དུ་བསྔོ། །དེང་སྔོན་ཆད་ལྟུང་བས་གོས་སམ་མ་གོས་གང་ཡིན་ཀྱང༌། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་རྩ་ལྟུང་གི་ཉེས་བྱས་ཀྱི་ལས་ཕྱོགས་མཐུན་སྦོམ་པོ་ཙམ་གྱིས་ཀྱང་གོས་པར་མི་བྱ་བའི་སྡོམ་སེམས་ཤིན་ཏུ་བརྟན་པར་བྱའོ། །གང་ཚེ་ཉིན་མཚན་ཆ་དྲུག་གང་ཡང་རུང་བའི་ནང་དུ་བསྔོ་བགྲང་བྱེད་པའི་འདུ་ཤེས་རྨོངས་ཏེ་བརྗེད་པར་གྱུར་ན། དྲན་ཤེས་ཀྱི་སྒོ་ནས་བསྔོ་བགྲང་བྱེད་པ་ལས་འདས་ཏེ་ཁ་ན་མ་ཐོ་བའི་སྦོམ་པོ་ཞེས་པ་འབྱུང་ཞིང༌། སྔོ་བགྲང་དྲན་ཤེས་མ་བྱུང་བར་ཐུན་ཚོད་ཀྱི་ཆ་དྲུག་ཀའང་འདས་ན་སྦོམ་པོ་དྲུག་ཏུ་འཕེལ་བར་འགྱུར་ལ། དེ་ལྟར་འཕེལ་བའི་ཉིན་ཞག་དེའི་ཁོངས་སུ་དྲན་ཤེས་མ་སླེབས་ཏེ་ཕྱིར་བཅོས་པའི་ཐབས་མ་གྲུབ་ན། ཞག་ཕྱི་མའི་སྐྱ་རེངས་དང་པོ་འཆར་བ་དང༌། ཉེས་པ་སྦོམ་པོ་བཅུ་གཉིས་དག་ཏུ་འགྱུར་བར་བཤད་པས་ཉིན་ཞག་རེ་བཞིན་འཕེལ་འགྱུར་ལ་གཞིག་སྟེ་གཟབ་པར་བྱའོ། །ཡན་ལག་གི་དམ་ཚིག་ལའང་དེ་ཡིས་འགྲེ་ཤེས་པར་བྱའོ། །ཐོག་མར་དུས་འཁོར། གཤེད་དམར། དགྲ་ནག་སོགས་བླ་མེད་རྒྱུད་སྡེ་སྤྱིའི་ཉམས་ལེན་ལ་གཅེས་པའི་ཆིངས་ཆེན་པོ་ཡིན་པས། རྩ་ལྟུང་བཅུ་བཞིའི་རབ་དབྱེ་ལ་འདི་ལྟར་བརྟགས་པར་བྱའོ། །ཡུལ་ཁྱད་པར་གྱི་དབང་དུ་བྱས་ན་རང་གི་དང་པོ་དབང་ཐོབ་སློབ་དཔོན་སྨོས་ཅི་དགོས། སྔགས་རྒྱུད་ཚིག་བཅད་གཅིག་པ་ཡན་ཆད་ཀྱི་དོན་ཕན་སེམས་ཀྱིས་མ་ནོར་བར་བཀྲལ་ནས་བསླབ་པ་དང༌། སྒོམ་བྱུང་གི་གནད་རྡོ་རྗེ་ཐེག་པའི་ལམ་གྱི་མན་ངག་ཟབ་མོའི་ཁྲིད་ཚུལ་བཞིན་དུ་སྟོན་པ་སྟེ་གསུམ་ལ། བྱང་ཆུབ་སྙིང་པོའི་བར་དུ་ཆོས་ཀྱི་ལམ་སྟོན་དུ་འབྲེལ་བའི་ཕྱིར་ཞབས་ཏོག་རྣམ་པ་གསུམ་གྱི་སྒོ་ནས་གཡོ་ཟོལ་མེད་པར་བསྙེན་བཀུར་དགོས་པ་དེའི་ཁུར་བོར་བ་དང༌། ཞེ་སྡང་ཕྲག་དོག་ཀུན་སློང་ངན་པ་སོགས་ཀྱིས་བརྙས་ཤིང་སྨོད་པར་བྱེད་པ་ནི། མཚམས་མེད་ལྔ་བས་ཀྱང་ཐུ་བ་ཡིན་ལ། བཤགས་སྡོམ་གྱིས་སོར་ཆུད་པར་མི་བྱེད་པ་དེ་ལ། སྔགས་ཀྱི་དངོས་གྲུབ་ལྟ་ཅི་ཐར་པ་ཡོད་པ་མ་ཡིན་ཏེ་མར་གྱི་ཟང་ཐལ་དུ་འགྲོ་བ་ཡིན་ནོ། །གཉིས་པ་སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་པོ་སྤྱི་དང༌། བྱེ་བྲག་ཏུ་བསླབ་པའི་གནས་རྣམས་བདེ་བར་གཤེགས་པའི་གནང་བཀག་མཚམས་ལས་འདས་པ་དང༌། དེ་བཞིན་མཚན་ཉིད་ལྡན་པའི་བླ་མ་ཡི་གདུལ་བར་བྱ་བའི་ཡུལ། འདུལ་བའི་དུས་ཚོད་དང༌། དབང་པོ་དང༌། སྐལ་པའི་རིམ་པ་སོགས་ལ་དགོངས་ཏེ་སྔ་ཕྱི་འགལ་བ་ལྟ་བུ་དང༌། གནས་སྐབས་མི་འཚམས་པ་ལྟ་བུ་དང༌། ཆོས་དང་ཆོས་མི་མཐུན་པ་འདྲ་བ་ཅི་བྱུང་ཡང་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་ཡོད་དོ་སྙམ་དུ་གསུང་སྣ་ཁྲིད་ན་ཕྱིས་དེའི་དགོས་པ་ཤེས་ཤིང་དོན་དང་ལྡན་པར་འགྱུར་ལ། དེ་ལྟར་མིན་ན་མི་རུང་སྙམ་པའི་སྒོ་ནས་བཀའ་ལ་ཁྱད་དུ་བསད་མི་རུང་ལ། དེ་ཁྱད་དུ་བསད་ན་གཉིས་པ་ཉམས་པ་ཡིན་ནོ། །གསུམ་པ་ཡུལ་ནི་དབང་གྲལ་གཅིག་ཏུ་ཕ་མ་གཅིག་པའི་སྤུན་བཞིན་འདྲེས་པའི་མཆེད་ལ་ཀུ་རེ་ཡན་ཆད་ཞེ་སྡང་ཕྲག་དོག་འཁོན་འཛིན་གྱི་བསམ་པས་སྐུར་པ་འདེབས་པ་དང༌། མི་བཀུར་ཞིང་བརྙས་པ་བྱས་པ་ལ་སོགས་པ་ཀུན་དཀྲིས་ཚང་ན་དེ་ལྟུང་བ་འགྱུར་ཚུལ། སངས་རྒྱས་ཡེ་ཤེས་ཞབས་ཀྱི་རིམ་པ་རྣམ་པར་བཞག་པ་ལས། དཀྱིལ་འཁོར་སློབ་དཔོན་རིག་མ་གཅིག །དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ །ཞེས་དང༌། ཤཱནྟི་པས་ཀྱང༌། སྤུན་ཞེས་བྱ་བ་ནི་གང་དང་སློབ་དཔོན་གཅིག་ལ་དཀྱིལ་འཁོར་དུ་དབང་ཐོབ་པ་སྟེ། དེ་ལ་ཕྲག་དོག་གི་དབང་སོགས་ཀྱི་རྒྱུས་སྐྱོན་རྣམས་བརྗོད་པར་མི་བྱའོ། །ཞེས་སོགས་སྔ་ཕྱིར་བྱོན་བཞུགས་རྣམས་ཀྱི་དབྱེ་སྲོལ་མཁས་པ་རྣམས་ཀྱིས་དམིགས་ཀྱིས་བསལ་བར་མཛད་ན་ཡང༌། དེ་ཤིན་ཏུ་གཉན་པ་ཙམ་ལས་གཞན་བསྲུང་དགོས་ཏེ། དེ་ཡང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་རིགས་གཅིག་གིས་བསྡུས་པའི་སྤུན་ཡིན་པའི་ཕྱིར་སྤྱིའི་མཆེད་དང༌། བསྟན་སྒོར་ཞུགས་སོ་འཚལ་ཆོས་བརྒྱུད་གཅིག་པ་རིང་བའི་མཆེད་དང༌། གསང་སྔགས་སྡོམ་པར་དམ་ཚིག་གཅིག་པ་ཉེ་བའི་མཆེད་ཡིན་པས། དེ་རྣམས་ཀུན་ལའང་བསྲུང་དགོས་པ་མཚུངས་ཏེ། གསལ་བཀྲ་ལས། མཐའ་ཡས་སེམས་ཅན་རང་རིག་ཕྱིར། །གང་དག་བདག་ལས་གཞན་མེད་ཅིང༌། །བདེ་གཤེགས་སྙིང་པོའི་སྤུན་ཡིན་ཕྱིར། །མ་འོངས་སངས་རྒྱས་རང་བཞིན་ན། །སྤྱི་ཡི་མཆེད་དེ་ཕ་ཚན་བཞིན། །སངས་རྒྱས་ཆོས་ཞུགས་རིང་བ་དང༌། །ལྟ་སྤྱོད་མཐུན་པ་ཉེ་བར་བཤད། །ཕ་གཅིག་དམ་ཚིག་ནང་འདྲེས་པ། །ཞེས་སོ། །བཞི་པ་བསམ་པ་ངན་ཞིང་སྦྱོར་བ་རྩུབ་པས་ཀུན་ལ་གནོད་འཚེ་བྱེད་པའི་སེམས་ཅན་ཞིག་མཐོང་བའི་ཆོས་ཚེ་འདི་རང་གི་སྔོན་ལས་ཀྱིས་ལུས་སེམས་སྡུག་བསྔལ་གྱིས་མནར་བར་གྱུར་པ་དེ་ལ་དགའ་བ་བསྒོམས་ནས་སེམས་ཅན་གཅིག་ལའང་བྱམས་པའི་སེམས་གཏོང་བ་དེ་ནི། བྱང་ཆུབ་སེམས་དཔར་ཉེས་པ་རབ་ཏུ་ལྕི་བ་ཡིན་ན། སེམས་ཅན་གཞན་བདེ་བ་དང་བྲལ་བར་འདོད་པ་དེ་ལ་གསང་སྔགས་ཀྱི་རྩ་ལྟུང་འབྱུང་བ་སྨོས་ཅི་དགོས། ལྔ་པ་གཞན་དོན་དུ་བྱང་ཆུབ་དོན་དུ་གཉེར་བའི་དམ་བཅའི་བསམ་པ་དང་འགལ་བའི་བྱང་ཆུབ་སེམས་ཟུར་གཉིས་གང་རུང་ཉམས་ཏེ་སྤངས་པའི་བློ་སྐྱེས་པའི་མོད་ལ་སྨོན་སེམས་རྩ་བ་ནས་གཏོང་བའི་ཕྱིར། ཐེག་ཆེན་མདོ་སྔགས་ཀྱི་ལམ་གྱི་རྩ་བ་བྱང་སེམས་ཡིན་པས་དེ་བཏང་བ་ཙམ་གྱིས་ཀུན་དཀྲིས་ཚང་བའི་ཕམ་པར་འགྱུར་བ་ཡིན་ལ། ཡན་ལག་གཞན་ཚང་མི་དགོས་སོ། །གནང་བའི་སྐབས་བདུན་ནི། གསང་བའི་དབང་དང་གསུམ་པ་དང༌། །རོ་མཉམ་པ་དང་ལྷ་མཆོད་དང༌། །རིགས་རྒྱུད་སྤེལ་དང་རིལ་བུ་དང༌། །འཆི་ལྟས་བརྟགས་པའི་དུས་ཡིན་ནོ། །ཞེས་བདུན་པོའི་སྐབས་མ་གཏོགས་པར་ཆགས་སེམས་ཀྱི་ཀུན་སློང་གིས་ཁུ་བ་གཏན་ནས་ཉམས་རུང་བ་མིན་པ་ལ། དེར་ཁུ་བ་ཕྱུང་ན་ཕམ་ལྟུང་ངོ༌། །དྲུག་པ་ནི་སྤྱིར་ཐེག་པ་ཕྱི་ནང་གི་ཕྱོགས་ལ་ལྟ་ཅི། མུ་སྟེགས་པའང་མི་སྨོད་པར་གསུངས་ན་ཉན་རང་བྱང་སེམས་ཏེ་ཐེག་པ་གསུམ་གང་རུང་ལ་ལྟོས་པའི་རྒྱལ་བའི་བཀའ་མདོ་སྔགས་ཀྱི་ཚུལ་མཐའ་དག་དང༌། སྟོན་པ་པོའི་སློབ་དཔོན་སོགས་ལ་འཕྱ་སྨོད་ཀྱིས་དཔྱས་ཏེ་བརྙས་ཤིང༌། འདི་འདྲ་བ་ནི་སྟོན་པས་མ་གསུངས། བཀའ་མིན། ལམ་རྣམ་དག་མིན་ནོ་ཞེས་སྨྲ་བ་དང༌། གཞན་ཡང་ལས་ཕྲན་ཚེགས་དང༌། ལས་བཞི་དང༌། དངོས་གྲུབ་གཉིས་ཀྱི་རྒྱུར་རུང་བའི་དག་སྣང་དང༌། བཀའ་གཏེར་གྱི་ཕྱོགས་སུ་གཏོགས་པའི་སྔགས་ཆོག་དང༌། མན་ངག་དང༌། ཁྲིད་སོགས་དང༌། མདོ་སྔགས་ཀྱི་དགོངས་འགྲེལ་བསྟན་བཅོས་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་གསུངས་པ་གཞན་ཐམས་ཅད་རྒྱལ་བའི་བཀའ་དང་དགོངས་པ་མཐུན་ཞིང་རྗེས་སུ་གནང་བའི་བཀའ་དང༌། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་ཀྱི་བྱིན་གྱིས་བརླབས་པའི་བཀའ་དང་དབྱེར་མེད་ཀྱང་བཀའ་རུ་མ་བལྟས་ཏེ་བརྙས་ནའོ། །བདུན་པ་གསང་སྒྲོག་ནི། དབང་གི་ཆོ་ག་མ་བྱས་པ། རྗེས་གནང་ཙམ་ཡང་མ་ཐོབ་པ་ལ་བསྐྱེད་རྫོགས་སྟོན་པ་དང༌། ཆོ་ག་མ་རྫོགས་ཏེ་དབང་གོང་མ་མ་ཐོབ་པ་ལ་རྫོགས་རིམ་སྟོན་པ་དང༌། ཉམས་ཏེ་རྩ་ལྟུང་ཕྱིར་མི་འཆོས་ཤིང་ཁེ་ཉེན་ལ་ཡིད་མི་ཆེས་པ་དང༌། སྣོད་ངན་ཏེ་དབང་ཐོབ་ཀྱང་གསང་སྔགས་ཟབ་མོའི་ལྟ་སྤྱོད་ལ་སྐྲག་པའི་རིགས་དང༌། སྔགས་ཀྱིས་འདུལ་བའི་དུས་ཀྱིས་བསྐལ་ཏེ་ཟབ་མོ་སྟོན་པའི་སྐབས་སུ་མ་བབ་པ་དང༌། གནས་ཀྱིས་བསྐལ་ཏེ་དགག་བྱ་དམིགས་བསལ་ཡོད་པ་ལ། གསང་སྔགས་རྡོ་རྗེ་ཐེག་པའི་ཐུན་མིན་ཟབ་མོའི་དོན་དང༌། ཉམས་ལེན་གྱི་དགོངས་པ་དང༌། སྤྱོད་པ་རྨད་དུ་བྱུང་བ་འདི་ཞེས་ཁྲིད་ཀྱི་སྒོ་ནས་གསང་བ་བསྒྲགས་པ་ནི་དམིགས་བསལ་ཏེ་རྩ་ལྟུང་དངོས་གཞི་ཡིན་གྱི། གཞན་དུ་རིག་གཏད་དང་རྗེས་གནང་བཟླས་ལུང་ཙམ་གྱིས་ཀྱང༌། གསང་སྒྲོགས་དུ་འགྱུར་བར་ངོས་འཛིན་ཡོད་ནའང་འདིར་ནི་སྣོད་ལ་བརྟག་པར་གཅེས་ཏེ་རྩ་ལྟུང་དུ་འགྱུར་བའི་ཕྱིར་རོ། །བརྒྱད་པ་གཟུགས་སོགས་ཕུང་པོ་ལྔ་ནི་རྣམ་སྣང་ལ་སོགས་རྒྱལ་བ་རིགས་ལྔ་དང༌། འབྱུང་ལྔ་ཡུམ་ལྔ་དང༌། དེ་བཞིན་དུ་སྐྱེ་མཆེད་རྣམས་སེམས་དཔའ་སེམས་མ་སོགས་ལྷ་སྐུར་ཡེ་ནས་གནས་པ་མི་ཤེས་པར། ཀུན་འབྱུང་གིས་བསྐྱེད་པའི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་དུ་མངོན་པར་སྒྲུབ་པར་བྱེད་པའི་ཐེག་པ་འོག་མའི་རྟོག་གེའི་བློས་གཞལ་ཏེ། བརྙས་སེམས་ཀྱིས་ཡན་ལག་གཏུབ་པ་དང༌། དུག་དང་གཡང་སར་མཆོང་བ་སོགས་དང༌། སྨྱུང་གནས་སོགས་དཀའ་ཐུབ་མཐུ་ཡིས་ལྷག་པར་གདུང་བར་བྱེད་ཅིང་འདུ་ཤེས་ལོག་སྟེ་བརྙས་སེམས་མཐར་ཐུག་སྐྱེས་ཏེ་ཀུན་དཀྲིས་ཚང་ནའོ། །དགུ་པ་ཆོས་རྣམས་རང་བཞིན་གདོད་ནས་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོང་ཉིད་ཟུང་འཇུག་གི་དོན་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཉིད་ཡིན་གྱི། དེ་ལས་གཞན་སེམས་ཅན་གྱི་ཁམས་བདེ་གཤེགས་སྙིང་པོ་དང་འབྲེལ་བར་བཞུགས་པས་གློ་བུར་གྱི་དྲི་མ་དག་མ་དག་ཙམ་ལས་སངས་རྒྱས་སེམས་ཅན་དབྱེར་མེད་པའི་དོན་གསུངས་པ་ལ། བྱིས་པ་རྣམས་སྐྲག་པ་སྤངས་ཏེ་ལམ་ལ་སྤྲོ་བ་བསྐྱེད་ཕྱིར་རང་བཞིན་མེད་པ་ཙམ་ལ་དགོངས་ནས་གསུངས་པའི་ཕྱིར་ལྡེམ་དགོངས་སུ་བཟུང་སྟེ་ཐེ་ཚོམ་ཟོས་ནས། ཡང་དག་པའི་ལམ་དེ་ལ་དཀྲི་བར་སྤངས་བའི་བློ་སྐྱེས་ན་ཀུན་དཀྲིས་ཚང་བའོ། །བཅུ་པ་གདུག་པ་ཅན་མི་བསྒྲལ་བའི་ལྟུང་བ་དེ་ལ་སྤྱིར་དཀོན་མཆོག་གསུམ་དང༌། བྱེ་བྲག་རང་གི་བླ་མར་སྨོད་པ་དང༌། ཐབས་སྣ་ཚོགས་ཀྱིས་ལུང་རྟོགས་ཀྱི་བསྟན་པ་འཇིག་པར་བྱེད་པ་སོགས་ཁོངས་ནས་དམ་ཚིག་ཉམས་ཀྱང་མི་གསོ་ཞིང་ཉམས་པའི་སྤྱོད་པ་མི་གཏོང་བ་དང༌། སྔགས་ཀྱི་ཐེག་པར་ཞུགས་པ་ལས་སླར་ལོག་སྟེ་ཁྱད་གསོད་བྱེད་པ་དང༌། གསང་སྔགས་ཀྱི་ཆོས་ལ་འཁུ་བ་དང༌། སྔགས་སྤྱོད་ལ་འདུ་བར་མི་དབང་ཡང་རྐུ་ཐབས་སམ་ཤེད་སྤྱོད་ཀྱིས་འོང་བ་དང༌། སེམས་ཅན་ཡོངས་ལ་འཚེ་བ་དང༌། དམ་ཚིག་ཅན་ལ་དགྲ་བྱེད་པ་དང༌། མི་དགེ་བ་ཁོ་ནར་སྤྱོད་ཅིང་འཇུག་པ་ངན་པའི་ངང་ཚུལ་ཅན་ཏེ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དང༌། འབྲས་བུ་ངན་སོང་གསུམ་གཅིག་ཏུ་བརྩི་བ་སྟེ། གསལ་བཀྲ་ལས། དཀོན་མཆོག སངས་རྒྱས་སྐུ་གཟུགས་ཡན་ཆད། ཆོས་ལུང་རྟོགས། དགེ་འདུན་སེར་གོས་བྱོན་པ་ཡན་ཆད་དམ། སློབ་དཔོན་སྐུ་དགྲ་སློབ་དཔོན་ལ་འཚེ་བ་ནི། རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སློབ་དཔོན་ཡིན་ཕྱིར་གཉིས། །དམ་ཉམས་ལོག་དང་འཁུ་བ་དང༌། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང༌། །ཞེས་ནུས་པ་ཐོབ་པའི་རྣལ་འབྱོར་པས་དྲག་ཤུལ་གྱི་ཆོ་ག་ཡི་སྒོ་ནས་སྒྲོལ་བའི་ལས་མངོན་དུ་སྤྱོད་པའི་ཡུལ་ཏེ། དེ་རྣམས་ནི་མི་བསྒྲལ་ལ་བསྲན་ཅིང་བཟོད་ནས་དེ་ལ་ཡི་རང་བའི་སེམས་ཀྱིས་སྤྱོད་ལམ་འདྲིས་ཤིང༌། ཕན་འདོགས་པའི་བཤེས་སུ་སྦྲེལ་ནས་ལུས་ངག་གིས་བྱམས་པར་བྱས་པའོ། །བཅུ་གཅིག་པ་ནི། མིང་ཆོས་ཀྱི་དབྱིངས་ཞེས་འདྲ་དཔེ་མཚོན་བརྡ་སོགས་དང་བྲལ་ཞིང༌། ཐ་སྙད་ལས་འདས་ཀྱང་ཆོས་ཉིད་དེ་ཁོ་ན་ཉིད་ལ་ཐ་སྙད་པའི་བློ་ཚད་མས་སྟོང་དང་བདག་མེད་སོགས་གཞལ་ཀྱང༌། ཆོས་ཀྱི་བདག་མེད་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་ཐ་སྙད་པའི་བློའམ་ཤེས་པ་དང་རྫས་འགལ་བ་ཡིན་བཞིན། རྟོག་དཔྱོད་ཀྱི་རིག་པ་རྣོན་པོས་ཕུང་སོགས་ཆོས་རྣམས་སྟོང་པ་ཉི་ཚེ་བར་གནས་ལུགས་སུ་རློམ་ཞིང་ལྟ་བ་མཆོག་ཏུ་འཛིན་པའི་བློས། སྐྱེ་བ་མེད་པའི་གྲུབ་མཐའ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དོན་རྟོག་པ་རང་མཚན་པས་རློམ་སྟེ་འཇལ་བའོ། །བཅུ་གཉིས་པ་ནི་སྔགས་ཀྱི་སྣོད་རུང་མན་ངག་འཛིན་པ་ལ་དབང་བའི་གདུལ་བྱའམ། མིན་ཀྱང་རང་བཞིན་དུ་ཆོས་ལ་དད་པ་དང༌། འདུན་པ་དང༌། ཡིད་ཆེས་ཏེ་དད་པ་གསུམ་དང་ལྡན་པ་ལ། དེས་དོན་དུ་གཉེར་བའི་ཆོས་དེ་སྟོན་ནུས་བཞིན་དུ་ལེ་ལོ་སོགས་ཀྱི་དབང་གིས་མི་སྟོན་པ་ཙམ་མ་ཡིན་པར། གཡོ་སྒྱུ་སོགས་ཀྱི་ཀུན་སློང་ངན་པས་གཞན་དེའི་དོན་དུ་གཉེར་བྱ་དེ་ལ་འགལ་ཚིག་སྨྲས་ཏེ་སེམས་སུན་ཕྱུང་ནས། དད་པ་དང༌། འདུན་པ་ཕྱིན་ཅི་ལོག་ཏུ་སྐྱོགས་པས་ཆོས་དེ་ལ་དད་འདུན་ལོག་ཅིང་ཀུན་དཀྲིས་ཚང་བར་གྱུར་པའོ། །བཅུ་གསུམ་པ་དུས་ཚོད་འབྲེལ་བའི་སྤྱད་བྱའི་དམ་རྫས་གསང་སྔགས་དང་འབྲེལ་བའི་རིགས་ཤ་ལྔ་དང༌། བདུད་རྩི་ལྔ་སོགས་ལ་རང་རྒྱུད་དུ་བལྟས་ནས། དྲི་ང་ཞིང༌། རོ་མི་ཞིམ་པ་སོགས་ལ་ལ་སྤོང་ཞིང༌། དེ་ལས་ལྡོག་པ་ལ་ལ་དག་ནི་སྲེད་ཞེན་གྱིས་བསྟེན་པ་དང༌། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་རྟོགས་པས་ཡེ་ཤེས་ཀྱི་རྒྱན་དུ་བླང་དོར་མེད་པར་རོལ་པའི་སྔགས་ཀྱི་བརྟུལ་ཞུགས་ཇི་ལྟ་བ་བཞིན། ལྟ་སྒོམ་གྱི་སྟོབས་ཀྱིས་ཉམས་འོག་ཏུ་མ་ཆུད་པར་ཉན་ཐོས་ཀྱི་སྤྱོད་པ་ཕྱོགས་གཅིག་པར་ཞེན་པའི་མཆོག་འཛིན་གྱིས་མི་བསྟེན་པའམ། ལྟ་དགོངས་ཀྱི་གདེང་མེད་བཞིན་བབ་ཅོལ་དུ་སྤྱོད་པ་སྟེ་མཐའ་གཉིས་མལ་དུ་འཁྱམས་པ་དང་ཀུན་དཀྲིས་ཚང་བའོ། །བཅུ་བཞི་པ་ནི་རྣལ་འབྱོར་མ་སོགས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དག་ལ་སྨད་ན། ཡོ་ག་དང་བླ་མེད་གཉིས་ཀའི་རྩ་ལྟུང་དུ་གསུངས་ལ། མ་མོ་མཁའ་འགྲོ་ལ་སོགས་འཇིག་རྟེན་གྱི་ཚུལ་བཟུང་ནས་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་དམ་ཚིག་གི་རྗེས་གཅོད་པའི་སྔགས་ཀྱི་རྣལ་འབྱོར་མ་རྣམས་ནི་འཁོར་འདས་ཀྱི་སོ་མཚམས་འཛིན་པ་གནས་དང་ཞིང་ལས་སྐྱེས་པའི་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་རྣམས་ལ་སྨོད་པ་དང༌། འབྱུང་བ་ལྔ་ཡི་ཁམས་ལ་ཡུམ་ལྔ་ཡི་རང་བཞིན་དུ་མ་ཤེས་ནས་རང་རྒྱུད་པར་བལྟས་ཏེ་སྙིང་ནས་སྨོད་པར་བྱེད་པ་དང༌། སྤྱིར་བུད་མེད་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་དང༌། ཁྱད་པར་དུ་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སྐྱེད་པའི་ཟབ་མོའི་དབང་གི་རྟེན་གྱུར་བུད་མེད་སྨོད་ཅིང་ཀུན་དཀྲིས་ཚང་བའོ། །རྩ་ལྟུང་བཅུ་བཞིའི་ཡན་ལག་སྡོམ་པ་གཏོང་བྱེད་ཀྱི་ཕམ་པ་མིན་ཡང༌། དངོས་གྲུབ་ཐོབ་པ་ལ་གེགས་སུ་ཆེ་བའི་སྦོམ་པོ་བརྒྱད་ཡོད་དེ། དབང་གིས་རྒྱུད་མ་སྨིན་པ་དང༌། དམ་ཚིག་སྡོམ་པས་རྒྱུད་མ་སྦྱངས་པའི་ཐ་མལ་དུ་གནས་པའི་བུད་མེད་རིག་མར་བརྟེན་པ་དང༌། རྒྱུད་ལས་གསུངས་པའི་མཚན་ཉིད་མ་ཚང་ཞིང་བསྟེན་བྱར་འགལ་བའི་དྲན་པའི་ཁྲོན་པ་སྟེ་མཁའ་གསང་ནས། བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་ཆོ་ག་ཇི་ལྟ་བ་མ་ཡིན་བཞིན་པས་རིལ་བུའམ་བདེ་བ་སྐྱེད་པའི་རྒྱུར་བདུད་རྩི་སྟེ་དམར་ཆ་རླུང་སྟོབས་ཀྱིས་ལེན་པའོ། །དབང་མ་ཐོབ་པ་དང༌། ལྷག་པར་གསང་སྔགས་ཀྱི་ཆོས་ལ་དད་པ་མེད་པའི་རིགས་ལ། ཡི་དམ་ལྷ་ཡི་སྐུ་གཟུགས་དང༌། རྒྱུད་ལུང་མན་ངག་གི་སྒྲུབ་ཐབས་གླེགས་བམ། རྡོར་དྲིལ་སོགས་ཕྱག་མཚན། བཅའ་བའི་ཕྱག་རྒྱ་པད་ཀོར་སོགས་དགོས་མེད་དུ་སྟོན་པ་དང༌། ཚོགས་ཀྱི་འཁོར་ལོ་སོགས་གསང་སྔགས་ཀྱི་ཆོ་གའི་ཚོགས་གྲལ་དུ་འདུས་པའི་དུས་ན། བླ་མའམ་རྡོ་རྗེ་སྤུན་ལ་འཐབ་རྩོད་དང༌། བབ་ཅོལ་དུ་དྲན་ཤེས་མ་བསྟེན་པར་མཚར་གཏམ་སོགས་ཀྱལ་ཀས་བསམ་གཏན་གྱི་བརྟུལ་ཞུགས་ཐ་མལ་དུ་སྦྱར་ནས་གཡེང་བར་བྱེད་པའོ། །སྣོད་རུང་དད་པ་དང་ལྡན་པས་དམ་ཆོས་འདྲིལ་བ་ལ། དེའི་དོན་ཤེས་བཞིན་དུ་དེ་ལས་འགལ་བའི་སྙོན་དོར་ཏེ། དེ་ལས་གཞན་དོན་མེད་པ་ཞིག་ལན་དུ་ལྡོན་པའམ་སྨྲ་བའོ། །སྔགས་ཀྱི་ལྟ་སྤྱོད་ལ་སྐུར་ཞིང་ཉམས་སད་པ་སྟེ་ཚོད་ལྟ་བའི་ཉན་ཐོས་དངོས་སམ་རྟོག་གེ་པའི་ནང་དུ་ཞག་བདུན་ལོངས་པར་བསྡད་པ་དང༌། སྔགས་ཀྱི་རྒྱུད་སྡེའི་དོན་དང༌། ཕྱི་ནང་གསང་བའི་དེ་ཁོ་ན་ཉིད་ཀྱི་ཆོ་ག་མི་ཤེས་བཞིན་དུ། བདག་རྡོ་རྗེ་འཛིན་པར་རློམ་ནས་ང་རྒྱལ་གྱིས་གཞན་མགོ་སྐོར་བའི་རྫུན་དང་འགྲོགས་པའོ། །དབང་བསྐུར་ཙམ་ཐོབ་ཀྱང་སྔགས་ཀྱི་ལྟ་དགོངས་ཟབ་མོ་ལ་ཧ་ཅང་མི་དད་པའི་ཐེ་ཚོམ་ཅན་ཚོགས་བཤད་ཙམ་བསྟན་བྱའི་ཡུལ་དེ་ལ་སླར་ཡང་གསང་བའི་དོན་མན་ངག་སློབ་བཤད་དུ་འཆད་པ་སྟེ་གྲངས་བརྒྱད་པོ་འདི་ནི། ཀླུ་སྒྲུབ་ཀྱིས་བསྡུས་པ་དེ་བཞིན་དུ་ཆ་མཐུན་སློབ་དཔོན་དཔའ་བོ་དང༌། རྣལ་འབྱོར་མ་ལཀྵྨཱི་ཀ་ར་ཏེ་ཕུན་ཚོགས་འབྱུང་གནས་ཀྱིས་སྦོམ་པོ་བརྒྱད་འདྲ་བ་ལས་བདུད་རྩི་ལེན་པ་དང་སྔགས་པར་རློམ་པ་གཉིས་པོ་དེ་ལས་དོན་གཞན་པ། གྲངས་དུས་མཚན་མའི་བསྙེན་པ་གང་རུང་གིས་ལྷའི་རྣལ་འབྱོར་དག་པར་མ་བྱས་བཞིན་དུ་དབང་བསྐུར་བ་དང༌། རབ་གནས་སྦྱིན་སྲེག་སོགས་དཀྱིལ་འཁོར་གྱི་བྱ་བ་ལ་ཞུགས་ནས་སློབ་མ་འཁོར་དུ་བསྡུ་བར་རིངས་པ་སྟེ་སྔས་པ་དང༌། ཚོགས་འཁོར་གྱི་དུས་ལས་གཞན་དུ་ཡང་ཕྱི་དྲོའི་ཁ་ཟས་སོགས་སོ་བྱང་སྐབས་ཀྱི་བཅས་པ་ལ་དགོས་པ་ཆེན་པོ་ཡོད་པ་མི་ཤེས་པར་ཁྱད་གསོད་མེད་ཀྱང༌། ཇི་མི་སྙམ་དུ་འདའ་བ་ཡི་སྦོམ་པོ་རྣམས་ཀྱིས་ཀྱང་བདག་ཉིད་ཀྱི་བསླབ་པ་སུན་འབྱིན་ཏེ་སྐྱོན་ཅན་དུ་འགྱུར་ན། དངོས་གྲུབ་འཕྲོག་སྟེ་གེགས་བྱེད་པའི་རྒྱུར་འགྱུར་བར་གསུངས་པའི་སྦོམ་པོ་དེ་རྣམས་ལའང་བརྟག་པར་བྱ་བར་རིགས་སོ། །འདི་ལྟར་རྣལ་འབྱོར་བླ་མེད་རྒྱུད་སྡེ་ཐུན་མོང་གི །རྩ་ལྟུང་བཅུ་བཞིར་བྷ་ཝི་ལྷ་སྟེ་སློབ་དཔོན་དཔའ་བོས་བསྡུས་པ། བླ་མེད་ཀྱི་རྒྱུད་སྡེ་ཀུན་ལ་ཁྱབ་ཅིང་གསར་རྙིང་ཐམས་ཅད་ལ་ཡོངས་སུ་གྲགས་པ་སྟེ། གཞན་དུ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ་བཞི་པོ་སོ་སོའི་རང་ལུགས་ཀྱི་རྩ་ལྟུང་བཅུ་བཞིའི་གྲངས་ངེས་པ་ཡོད་དེ། འདི་ལྟར་དུས་ཀྱི་འཁོར་ལོ་དང༌། གསང་བ་སྤྱི་རྒྱུད། རྣམ་སྣང་མངོན་བྱང༌། དེ་ཉིད་སྣང་ཆེན་སོགས་ལས་གསལ་པོར་གསུངས་པ་རྣམས་ཀྱང་ངེས་པར་བྱའོ། །རྣལ་འབྱོར་ལ་བརྩོན་པ་དང་ལྡན་པ་རྣམས་ནི་འཆི་བའི་རྐྱེན་ལ་བབ་པའམ་སྲོག་གཏོང་དགོས་ཀྱང་སླ་སྟེ། དུས་རྟག་ཏུ་དམ་ཚིག་མངོན་ལྐོག་ཐུབ་པ་ཞིག་བསྲུང་བར་མ་བྱས་ན། སྔགས་ལམ་ལ་ཞུགས་ཤིང་སྤྱོད་པའི་སྐྱེས་བུ་དམ་ཚིག་ཉམས་ཤིང་ཕྱིར་མ་བཅོས་ན་སྦྲུལ་སྨྱུག་དོང་དུ་བཅུག་པ་བཞིན་དུ་ངན་སོང་དམྱལ་གནས་སུ་འགྲོ་བ་དང༌། དམ་ཚིག་རྣམ་པར་དག་ན་རིང་མཐའ་སྐྱེ་བ་བཅུ་དྲུག་གམ་ཉེ་བ་ཚེ་གཅིག་ནས་སངས་རྒྱས་འགྲུབ་པ་དང༌། གཉིས་པོ་དེ་ལས་འགྲོ་ས་གསུམ་པ་མེད་དོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་ལྟུང་བ་བྱུང་ན་བདག་ཉིད་འགྱོད་པ་དྲག་པོས་སུན་ཕྱུང་སྟེ་བསམ་སྦྱོར་གཉིས་ཀའི་ཉེས་ལྟུང་ལ་སྨད་ནས། ཕྱིར་བཅོས་ཐབས་ལ་བཤོལ་མེད་པར་དེ་མ་ཐག་ཏུ་འབད་པར་བྱའོ། །ཁྱད་པར་རྩ་ལྟུང་དང་པོ་སློབ་དཔོན་ལ་སྨོད་པ་ནི་ཉེས་པ་ཤིན་ཏུ་ལྕི་སྟེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། བླ་མ་ལ་ནི་སྨོད་པ་དང༌། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡིས་གཏོར་གྱུར་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང༌། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་སོ། །གལ་ཏེ་ལྟུང་བ་བྱུང་བར་གྱུར་ན། སྙིང་ནས་འགྱོད་པ་དྲག་པོའི་སྒོ་ནས་བླ་མ་ལ་དད་མོས་ཀྱིས་བསྙེན་བཀུར་བ་དང༌། འཁོར་གསུམ་ཡོངས་དག་སྟེ་ཡོད་དགུ་ཐམས་ཅད་འབུལ་ནས་ཐུགས་ཟིན་པར་བྱ་ཞིང༌། དེའི་རྗེས་སུ་དབང་བསྐུར་བསྐྱར་ནས་ཞུས་ཏེ་སྡོམ་པ་གསོར་གཞུག་ཅིང༌། བླ་མ་མི་བཞུགས་པའམ་ཕྱོགས་སུ་ཉེ་བར་རང་མི་གནས་པ་དང༌། ལམ་འཕྲང་གི་འཚེ་བས་བཀག་པ་ལྟ་བུས་མི་ནུས་ན། བླ་མ་དཀྱིལ་འཁོར་གྱི་ཁྱབ་བདག་ཏུ་ཤེས་པས་གསལ་གདབ་ལ་བདག་འཇུག་ལན་གྲངས་མང་དུ་བླངས་ནས་སོར་ཆུད་པར་བྱའོ། །དེ་བཞིན་དུ་གཞན་སྦོམ་པོ་གཙོར་གྱུར་པའི་ཉེས་ལྟུང་རྣམས་ལ་ཁྲེལ་ཡོད་དང་ངོ་ཚའི་རྟེན་དུ་གལ་ཏེ་བླ་མ་མེད་པར་གྱུར་ན་སྔགས་ཀྱི་སྡོམ་པ་ཡང་དག་དང་ལྡན་པའི་མདུན་བཤགས་པར་བྱ་སྟེ། སྙིང་པོ་རྒྱན་ལས། ལྟུང་སོགས་ཉེས་པའི་རིམ་པ་ལས། །དང་པོ་བདག་སེམས་སུན་ཕྱུང་སྟེ། །ཡུལ་མདུན་སྙན་གསན་དབབ་ནས་ཀྱང༌། །གསུམ་བླང་གསུམ་འགལ་བཤགས་པ་དང༌། །ཞེས་སོ། །དེ་ཡང་དཔའ་བོའི་སྟོན་མོ་སོགས་ཀྱི་རྗེས་ཕྱག་དང་སྤྱོད་ལམ་དུལ་བས། རྒྱལ་སྲས་རིག་པ་འཛིན་པ་ཆེན་པོར་མཁྱེན་པར་གསོལ་ནས། རང་གི་གསང་བའི་མིང་སྨོས་ནས། བདག་མ་རིག་པ་དང༌། ཉོན་མོངས་པའི་དབང་དུ་གྱུར་པས་རིག་པ་འཛིན་པའི་སྡེ་སྣོད་ཆེན་པོའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས་རྡོ་རྗེ་ཐེག་པའི་འདུལ་བ་དང༌། འགལ་བའི་ནོངས་པ་བླ་མ་ལ་སྨོད་པ་ལ་སོགས་པ་རྩ་བའི་ལྟུང་བ་བཅུ་བཞི་དང༌། ཡན་ལག་སྦོམ་པོའི་རྣམ་གྲངས་བརྒྱད་ལས་འདི་དང་འདི་བྱུང་བས། རྒྱལ་བ་སྲས་དང་བཅས་པ་རྣམས་དང༌། རིག་པ་འཛིན་པ་ཆེན་པོའི་སྤྱན་སྔར་འཆབ་སྟེ་སྦེད་ཅིང་གསང་ན་ནི། བདག་ཉིད་ཉེས་ལྟུང་དང་བྲལ་བའི་བདེ་བ་ལ་རེག་པའི་གནས་སྐབས་འབྱུང་བར་མི་འགྱུར་བས། འཆབ་པ་མེད་པར་སྙིང་ནས་བཤགས་ཤིང་ཕྱིན་ཆད་ལེགས་པར་སྡོམ་པར་བགྱིའོ། །ཞེས་གསོལ་ནས། བཤགས་ཡུལ་གྱིས། དེ་ལ་ཁྱོད་ཀྱི་ཉེས་ལྟུང་འདི་རྣམས་ལ་ཉེས་པར་མཐོང་ངམ་ཞེས་དྲིས་པ་ན། རང་གིས་མཐོང་ལགས་བརྗོད། བཤགས་ཡུལ་གྱིས་ཕྱིན་ཆད་ལེགས་པར་སྡོམ་པར་བྱེད་དམ་དྲི་བ་ན། རང་གིས་ཀྱང་སེམས་བརྟན་པའི་དམ་བཅའ་དང་བཅས་ཆོས་བཞིན་འདུལ་བ་བཞིན་དུ་སྤྱི་བོས་ནོད། ཅེས་མཐོང་སྡོམ་དྲི་བ་དང་བཅས་པ་ལན་གསུམ་བརྗོད་ལ། རྗེས་སུ་བཤགས་ཡུལ་གྱིས་ཐབས་ཡིན་ནོ། །ཞེས་ཉེས་ལྟུང་དག་པའི་ཐབས་ཡིན་པར་བསྟན་པས། རང་གིས་ལེགས་སོ་ཞེས་ངེས་ཤེས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟ་བུའི་ཕྱིར་བཅོས་འགྱངས་ན། ཞག་རེ་རེ་བཞིན་དུ་ཉེས་ལྟུང་གོང་འཕེལ་དུ་འགྲོ་བར་འགྱུར་ཏེ། སྙིང་པོ་རྒྱན་གྱི་རྒྱུད་ལས། རྟག་ཏུ་བག་མེད་པར་གནས་དང༌། །ཉེས་པ་ཆུང་ངུ་ཕྲ་མོ་ཡང༌། །སྦྲུལ་གྱི་མཆེ་བས་བཏབ་བཞིན་དུ། །ལུས་ངག་སེམས་ནི་ཉམས་པར་བྱེད། །ཅེས་སོ། །དེ་ལྟར་འཕེལ་བར་འགྱུར་བ་དེ་ཡི་གཉེན་པོ་རུ་དམིགས་ནས་ཉིན་མཚན་དྲུག་གམ་གསུམ་སོགས་སུ་གསང་ཆེན་རིགས་གཅིག་གི་རྡོར་སེམས་སྤྱི་བོར་བསྒོམ་སྟེ་སྟོབས་བཞི་ཚང་བའི་ངང་ནས། ཡིག་བརྒྱ་ཉེར་གཅིག་བརྒྱ་སྟོང་སོགས་མ་ཡེངས་པར་བཟླས་པས་རྟག་ཏུ་བཤགས་ཤིང་རྩ་ལྟུང་བཅུ་བཞིའི་བསྔོ་བགྲང་བརྗོད་པའི་བཤགས་ཚིག་བྷ་ཝི་ལྷས་མཛད་པ་སོགས་ཀྱང་གདོན་པར་བྱའོ། །དེ་ཡང་ཡི་གེ་བརྒྱ་པ་འདོན་ཚུལ་ནི། སྦོམ་པོའི་འགྲེལ་བ་ལས། དེའི་མེའི་སར་མིང་སྤེལ་བར་བྱའོ་ཞེས་པས། སརྦ་སིདྡྷི་མེ་ཆེ་གེ་མོ་པྲ་ཡཙྪ་ཞེས་གདོན་པས་ལྟུང་བ་འཕེལ་བར་མི་འགྱུར་བ་སྙིང་པོ་རྒྱན་ལས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་གཅིག་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་བརླབས་གྱུར་པས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྦྱང་བར་བྱ། །འབུམ་ཕྲག་དུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་སོ། །གསར་རྒྱུད་རྣམས་དང་ཐུན་མོང་དུ་མ་གྱུར་པའི་ཁྱད་པར་མདོ་དགོངས་པ་འདུས་པ་དང༌། རྒྱུད་སྒྱུ་འཕྲུལ་དྲྭ་བ་དང༌། སེམས་སྡེ་རྫོགས་པ་ཆེན་པོ་སྟེ་སྔ་འགྱུར་རྒྱུད་སྡེ་གསུམ་པོའི་རིང་ལུགས་ཀྱི་བསྲུང་བྱ་དམ་ཚིག་གི་རིམ་པ་ནི། ཞེས་པའོ། །དང་པོ་སྤྱི་མདོ་དགོངས་འདུས་ཀྱི་ལུགས་ནི། སྤྱི་མདོ་དགོངས་པ་འདུས་པར། སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་སྤྱད་དང་ཡིད་འོང་དང༌། །མི་འདོར་ཤེས་བྱ་བསྒྲུབ་པ་དང༌། །ཞེས་པས་རྩ་བའི་དམ་ཚིག་གསུམ་ནི། བསྲུང་བའི་ཡུལ་ལྷ་དང་བླ་མ་གཉིས་སུ་མེད་པ་གཙོ་བོ་ཡིན་ལ། སྲུང་ཚུལ་ཕན་འདོགས་པ་དང༌། གནོད་པ་སྤང་བའི་གཞིའི་གཙོ་བོ་ལུས་ཡིན་པས། སྐུ་ཡི་དམ་ཚིག་དུ་བླ་མ་དང་ལྷ་ལ་གུས་པར་བལྟ་ཞིང༌། མཆེད་དང་ལྕམ་དྲལ་གྱིས་མཚོན་པའི་འགྲོ་བ་ཐམས་ཅད་བླ་མའི་སྐུ་ཡི་གདུལ་བྱ་ཡིན་པས་གནོད་པ་སྤང་བ་དང༌། རྣམ་པར་སྨིན་པའི་ལུས་ཀྱི་སྣང་ཞེན་བསྐྱེད་རིམ་གྱིས་སྦྱོང་བར་བྱེད་པའོ། །དགེ་མི་དགེའི་རྣམ་འགྱུར་ཐམས་ཅད་ངག་ལ་བརྟེན་ནས་བསྐྱེད་པས། གསུང་གི་དམ་ཚིག་ཏུ་སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་དང༌། ངག་གི་ཉེས་པ་སྤང་ཕྱིར་བླ་མས་ཅི་གསུང་བསྒྲུབ་པ་དང༌། མཆེད་ལྕམ་གྱི་ངག་མི་གཅོག་པ་དང་བཅས་པའོ། །འཁོར་བར་བསྐྱེད་པའི་རྒྱུའི་གཙོ་བོ་ཡིད་ཡིན་པས། ཐུགས་རྡོ་རྗེ་ཡི་དམ་ཚིག་ཏུ་ཡིད་ཀྱི་ཉེས་པ་སྤང་ཞིང་གསང་བ་གཞན་ལ་མི་སྤེལ་བ་དང༌། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་ཅིང་བླ་མ་དང་ཐུགས་ཡིད་བསྲེ་བ་དང༌། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་སྤྱོད་པ་སྟེ། གསལ་བཀྲ་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་ཆེ། །སེམས་ཅན་ཁམས་ཀྱང་དེར་ཤེས་ཤིང༌། །སྣང་སྟོང་གཉིས་མེད་རྡོ་རྗེའི་སྐུ། །བྱས་མཐོང་ཐོས་པ་ཐམས་ཅད་ཀྱང༌། །སེམས་ཕྱིར་གང་ཡང་བྱས་སྣང་མེད། །དྲན་དང་ཤེས་བཞིན་སྔོན་བཏང་ལ། །དུས་གསུམ་རྒྱུན་དུ་མ་དྲན་ན། །ཐེག་ཆེན་སྔགས་པར་ཅི་ཡིས་ཆུད། །ཅེས་སོ། །དེ་ལྟར་རྩ་བའི་བསྲུང་བྱ་གསུམ་དང༌། ཡན་ལག་གི་དམ་ཚིག་ཐབས་ལྡན་དུ་སྤྱད་པར་བྱ་བ་ཏ་ན་སྒྲོལ། ག་ན་སྦྱོར་མ་བྱིན་པ་རྫུན་ངག་འཁྱལ་ཏེ་ལྔ་དང༌། ཡིད་འོང་སྟེ་སྤང་བྱར་མི་བལྟ་བ་ལམ་དུ་བྱེད་པ་ཉོན་མོངས་ལྔ་དང༌། སྨེ་བར་བལྟས་ནས་མི་འདོར་བ་དྲི་ཆེན་ དྲི་ཆུ་ མཾ་ས་ རཀྟ་ ཟིལ་པ་སྟེ་བདུད་རྩི་ལྔ་དང༌། ལྟ་བས་ལྷར་ཤེས་པར་བྱ་བ་ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུམ་ལྔ། ཡུལ་ལྔ་སེམས་མ་ལྔ། དབང་ལྔ་སེམས་དཔའ་ལྔ། ཁ་དོག་ལྔ་ཡེ་ཤེས་ལྔ་ཕུང་པོ་འབྱུང་ཡུལ་སོགས་ལྔ་དང༌། བསྒོམས་པས་དབྱེར་མེད་དུ་སྒྲུབ་པར་བྱེད་པ་དེ་བཞིན་གཤེགས་པའི་རིགས། རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་རིགས་ཏེ་ལྔའི་དབྱེ་བས་ཉི་ཤུ་རྩ་ལྔ་དང༌། རྩ་བའི་གསུམ་སྟེ་ཉེར་བརྒྱད་དོ། །རྒྱུད་སྡེ་སྒྱུ་འཕྲུལ་གྱི་ལུགས་རྩ་བའི་དམ་ཚིག་རྣམ་པ་ལྔ་གསུངས་ཏེ། གསང་སྙིང་ལས། བླ་མེད་མི་སྤོང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །གྲུབ་དང་བསྒྲུབ་པའི་དམ་ཚིག་མཆོག །ཅེས་དང༌། ཡན་ལག་གི་དམ་ཚིག་རྣམ་པ་བཅུར་བཤད་དེ། གཏི་མུག་ཆགས་དང་ཞེ་སྡང་དང༌། །ང་རྒྱལ་ཕྲག་དོག་མི་སྤོང་ངོ༌། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་ཆུ་མི་དོར་རོ། །ཞེས་སོ། །དང་པོ་རྩ་བའི་དམ་ཚིག་གི་ཕྱོགས་བཤད་པ་ལ་ནི། གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་པས། དང་པོ་བླ་མེད་མི་སྤང་ངོ༌། །ཞེས་བྱང་ཆུབ་ཀྱི་སེམས་གཉིས་ཏེ། དོན་དམ་བྱང་ཆུབ་ཀྱི་སེམས་ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོའི་ངང་དུ་འཇོག་པའོ། །ཀུན་རྫོབ་བྱང་སེམས་དེ་ལྟར་མ་རྟོགས་པའི་སེམས་ཅན་སྒྲོལ་འདོད་ཀྱི་ལྷག་པའི་བསམ་པ་སྟེ། ཡི་དམ་གྱི་ལྷ་བསྒོམ་པ་ཉིད་ལ་འདུ་བའི་དབང་དུ་མཛད་དེ་ལོགས་སུ་མ་གསུངས་སོ། །དེ་ཡང་ཐེག་ཆེན་སྤྱིའི་ལུགས་ཀྱི་བྱང་སེམས་མི་གཏོང་བ་དང༌། དཀོན་མཆོག་ལ་བསྙེན་བཀུར་མི་འདོར་བ་དང༌། སྔགས་ཕྱི་པས་དེའི་སྟེང་དུ་རང་གི་ལྷག་པའི་ལྷ་མཆོད་ཅིང་བསྒོམ་པར་བསྟན་པ་དེ་དག་ཀྱང་འདིར་སྟོང་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་ངང་ལས་རྟགས་ཀྱི་ལྷ་སྐུ་ཕྱག་རྒྱ་བསྒོམ་པ་ལ་འདུ་སྟེ། སངས་རྒྱས་དང་དགེ་འདུན་ནི་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་སེམས་ཀྱི་བྱེ་བྲག་ཡིན་ལ། ཆོས་ནི་དེའི་ཆོས་ཉིད་ཡིན་པས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ཆོས་ཉིད་ནི་ཀུན་རྫོབ་ཙམ་དུ་ཆོས་ཅན་བདག་ཉིད་གཅིག་པ་དང༌། དོན་དམ་སྤྲོས་པ་ཉེར་ཞིའི་རང་བཞིན་ཡིན་པས། ཟུང་འཇུག་ཡེ་ཤེས་དེ་ཡི་རྟགས་ཀྱི་ཕྱག་རྒྱ་ལྷ་སྐུ་ཡིན་ཏེ། དཀོན་མཆོག་འགྲེལ་ལས། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །དེ་སྩོལ་བའི་བླ་མ་དེ་རྟགས་ཀྱི་ཕྱག་རྒྱ་རྒྱ་ལྷག་པའི་ལྷ། །ཞེས་གསུངས། དེ་ལྟར་འདུ་བའི་ཚུལ་ཤེས་པར་བྱས་ནས་བཤད་བྱ་བཞི་སྟེ། དེ་ཡང༌། བླ་མ་ལ་བཀུར་བའི་ཡུལ་སློབ་དཔོན་དྲུག་སྟེ། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དབང༌། །ཉམས་ཆག་སྐོང་དང་ཤེས་རྒྱུད་འགྲོལ། མན་ངག་ལུང་གི་སློབ་དཔོན་དྲུག །ཅེས་པས། ཀུན་གྱི་བཀུར་གནས་སུ་གྱུར་ཅིང༌། རང་གིས་ཀྱང་ཆོས་འབྲེལ་ཅུང་ཟད་ཐོབ་པ་སྤྱིའི་སློབ་དཔོན་དང༌། རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་སློབ་དཔོན། དབང་བསྐུར་བ་པོ་དམ་ཚིག་དབང་གི་སློབ་དཔོན། ལྟུང་བ་བཤགས་པའི་ཡུལ་ཉམས་ཆག་སྐོང་བའི་སློབ་དཔོན། རྒྱུད་སོགས་འཆད་པ་པོ་ཤེས་རྒྱུད་འགྲོལ་བའི་སློབ་དཔོན། ཁྲིད་འཆད་པ་པ་ོ་མན་ངག་ལུང་གི་སློབ་དཔོན་ཏེ་དྲུག་ཡིན་ཞིང༌། དེ་དག་ལས་གསང་སྔགས་ཀྱི་ཆོས་བཀའ་དྲིན་ཐོབ་པ་ནི་རྡོ་རྗེ་སློབ་དཔོན་དུ་གྱུར་པས་གཉན་ལ། ཁྱད་པར་དབང་བསྐུར་རྒྱུད་བཤད་མན་ངག་སྟོན་པ་གསུམ་ཤིན་ཏུ་གཉན་པས་དེ་རྣམས་མི་སྤོང་ཞིང་བཀུར་སྟིས་ཇི་ལྟར་བསྙེན་པའི་ཚུལ་ནི། བཀའ་དྲིན་ཐོབ་ཚུལ་གྱི་དཔེ་དང་སྦྱར་ནས་རིམ་པར། གསལ་བཀྲ་ལས། ཡུལ་ལ་དབང་བའི་རྒྱལ་པོ་བཀུར་འོས་དང༌། །ལམ་འཛུད་ཁུ་བོ་དབང་ནོད་ཕ་དང་བཤགས་ཡུལ་མ་དང་རྒྱུད་འཆད་མིག །མན་ངག་སྟོན་པ་བས་སྙིང་ལྷག་པའི་ཚུལ་བལྟས་ཏེ། །ཞེས་སོ། སྔགས་རྒྱ་རྒྱུན་མི་བཅད་པའི་ཡུལ་ནི། གསལ་བཀྲ་ལས། རྩ་བ་ཧཱུྃ་སོགས། རྒྱུ་མ་ནོར་བ་དང་སྐྱེད་པ་རྐྱེན་དང་བཟླས་པ་ལས་སྔགས་དང༌། །དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་པས་སྔགས་གསུམ་དང་ཕྱག་རྒྱ་བཞི་པོ་རབ་ཆུ་བོའི་རྒྱུན་བཞིན་ཉིན་མཚན་ཐུན་ལ་གནས་པ། འབྲིང་ཟླ་རེར་དུས་དྲུག་གམ་བཞི་སོགས་དང༌། ཐ་མས་ཀྱང་ལོ་ཟླ་དུས་མཆོད་ཀྱི་རྒྱུན་མི་གཅད་པ་དང༌། མཆེད་ལ་བྱམས་ཡུལ་ནི་སྔར་སྤྱི་ཡི་མཆེད་སོགས།བཞི་པོ་ཡིན་ལ། དེ་རྣམས་ལས་ཀྱང༌། ཡང་དག་པའི་ལམ་དུ་ཞུགས་པའི་མཆེད་ཕྱི་མ་གསུམ་དང་དེའི་ནང་ནས་ཀྱང་འདྲེས་པའི་མཆེད་ལྷག་པར་གཉན་པར་ཤེས་པས། རིམ་པས་དེ་རྣམས་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་ལྷག་བསམ་གྱིས་བརྩེ་ཞིང་གདུང་བས་བྱམས་པར་བྱེད་པ་སྟེ། རྔམ་གློག་ལས། རྡོ་རྗེའི་སྤུན་ལ་གདུང་སེམས་ཀྱང༌། །འདྲེས་དང་མ་འདྲེས་ཡོངས་ཀྱི་སྤུན། །ཡང་དག་ལམ་དུ་ཞུགས་པ་ལ། །རྔན་སྐྱོན་དང་བཅས་པའི་སེམས་ཙམ་ཡང༌། །རྟག་ཏུ་སྤང་བར་བྱ་བ་ཡིན། །བརྩེ་ཞིང་གདུང་བའི་ཤུགས་ཕྱུང་ལ། །གཅིག་ལ་གཅིག་ནི་མིག་བཞིན་བལྟ། །མདོར་ན་སྲོག་ལའང་མི་ཆགས་པར། །སྤུན་དང་མིང་སྲིང་དགོས་པ་སྒྲུབ། ཅི་ཕྱིར་རྡོ་རྗེའི་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མེ་མར་འོད་དང་སྡོང་བུ་འདྲ། །ཞེས་སོ། །གསང་བ་མི་སྨྲ་བའི་ཡུལ་ནི། ཕྲ་རྒྱས་ལས། དམ་ཉམས་དེ་ལས་ལོག་པ་དང༌། །དམ་མེད་དཀྱིལ་འཁོར་མ་མཐོང་དང༌། འདྲེས་དང་མ་འདྲེས་ཐམས་ཅད་ལ། །ཞེས་ལྟ་བ་ཟབ་མོ་ནི་ཐེག་དམན་སོགས་བློ་འཕང་དམའ་བ་ཐམས་ཅད་ལ་གསང་ཞིང་སྤྱོད་པ་ནི་མ་འདྲེས་པ་ཐམས་ཅད་ལ་གསང་ངོ༌། ལྷ་ཡི་མིང་གཟུགས་སོགས་མ་འདྲེས་པ་ལ་བསྟན་ན་དམ་ཚིག་ཉམས་ཤིང༌། འདྲེས་པ་ལ་ཡང་སྒྲུབ་པ་མཐར་མ་ཕྱིན་བར་བསྟན་ནའང་དངོས་གྲུབ་ཉམས་པར་གསུངས་པས་གསང་ངོ༌། །གང་ཞིག་གསང་བར་བྱ་བའི་དོན་ནི། །ཕྲ་རྒྱས་ལས། སྤྱི་དང་བར་གསང་བཞི་བཞི་དང༌། །འོས་དང་གཉེར་གཏད་རྣམ་པ་བཅུ། །ཞེས་གསང་བ་བཅུ་པོ་དེ་རྣམས་རང་རང་གི་ཡུལ་དང་དུས་ཀྱི་དམིགས་ངེས་པས་གཞན་ལ་མི་བསྒྲགས་པའོ། །དེ་ལ་སྤྱི་གསང་བཞི་ནི། གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང༌། །ལྷ་ཡི་མིང་གཟུགས་གྲུབ་རྟགས་རྣམས། །སྤྱི་གསང་རྣམ་པ་བཞི་ཡིན་ནོ། །ཞེས་སོ། །བར་གསང་བཞི་ནི། དེ་ལས། སྒྲུབ་པའི་གནས་དུས་གྲོགས་དང་རྫས། །བར་དུ་གསང་ལ་བསྒྲུབ་པར་བྱ། །ཞེས་སོ། །གསང་བར་འོས་པ་ནི། ཐུན་མོང་མ་ཡིན་པའི་སྔགས་ཀྱི་སྤྱོད་པ་དང༌། དམ་ཚིག་གི་རྫས། མཆེད་ཀྱི་ངན་སྤྱོད་སོགས་མཐོང་ཐོས་སུ་མི་རུང་བ་རྣམས་དང༌། གསང་བར་གཉེར་གཏད་ནི། བླ་མ་དང་མཆེད་ལྕམ་གྱིས་གསང་བར་བཀའ་རྒྱས་བཏབ་པ་རྣམས་སོ། །རྩ་བའི་དམ་ཚིག་འདི་རྣམས་ལ་སྲུང་ཚུལ་དང་སྒྲུབ་ཚུལ་མི་འདྲ་བ་ཅུང་ཟད་རེ་སྣང་ཡང༌། བྱང་སེམས་དང་སྔགས་རྒྱ་གཉིས་བསྒྲུབ་པའི་དམ་ཚིག་གཞན་རྣམས་བསྲུང་བའི་དམ་ཚིག་ཡིན་ལ། དེ་ཡང་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་དབང་དུ་བྱས་ན། བླ་མ་དང་མཆེད་བསྲུང་བ་སྐུའི་དམ་ཚིག །སྔགས་རྒྱ་གསང་གི་དམ་ཚིག །གསང་བཅུ་ཐུགས་ཀྱི་དམ་ཚིག་ཡིན་ཞིང༌། བྱང་སེམས་ཀྱང་དེར་བསྡུ་སྟེ། བདེ་འདུས་ཞི་རྒྱུད་ལས། བྱང་ཆུབ་སེམས་གསུམ་བསྒོམ་པ་ནི། །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ །ཞེས་གསུངས་སོ། །རྩ་བའི་དམ་ཚིག་དེ་དག་ལ་དབྱེ་ན། བརྒྱ་དང་དྲུག་ཅུར་དབྱེ་བའང་ཡོད་དོ། །རྩ་བ་སྲུང་བྱེད་ཀྱི་ཐབས་སུ་གྱུར་པའི་ཡན་ལག་གི་དམ་ཚིག་ནི། མི་སྤང་བ་དང༌། མི་དོར་བའི་སྡེ་ཚན་གཉིས་སུ་བསྡུ་བར་བྱ་ཞིང༌། དང་པོའི་ཕྱོགས་ལ་ནི། གཏི་མུག །འདོད་ཆགས། ཞེ་སྡང་ང་རྒྱལ་ཕྲག་དོག་སྟེ་ཉོན་མོངས་པ་ལྔ་མི་སྤོང་བ་ཡིན་ནོ། །དེ་ཡང་ལོག་པའི་དུག་ལྔ་དང༌། སྦས་དོན་ཡང་དག་པའི་དུག་ལྔ་སྟེ་གཉིས་སུ་ཡོད། དེ་ལས་ལོག་པའི་དུག་ལྔ་ནི་ཉོན་མོངས་དངོས་ཡིན་ཞིང༌། དེ་མི་སྤོང་བའི་ཚུལ་ནི། ཆགས་སོགས་ཀྱི་རང་བཞིན་ཤེས་པས་ཉོན་མོངས་པའི་དེ་བཞིན་ཉིད་དམ་རང་གི་ངོ་བོ་ནི་ངོ་བོ་མེད་པ་ཡིན་ལ། དཔེར་ན་སྨིག་སྒྱུའི་ཆུ་ལ་ཆུ་རགས་མི་དགོས་པ་བཞིན། སྤོང་བྱེད་ཀྱི་གཉེན་པོ་མི་དགོས་ལ། ཐབས་ཀྱིས་ཟིན་ན་རྣ་བར་ཆུ་ཞུགས་པ་ཆུས་འགུགས་པའམ། རྨ་བྱས་དུག་ཟོས་པ་དང་འདྲ་བར་ཡེ་ཤེས་ཀྱི་གྲོགས་སུ་འགྱུར་བས་རང་གི་གཉེན་པོར་རང་ཆེ་བས་མི་སྤང་བ་སྟེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་སྟེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །དཀོན་མཆོག་བརྩེགས་པ་ལས། ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་བའི་ཆོས་ཀྱི་ཞིང་ལ་ཕན། །ཞེས་དང༌། ཐེག་བསྡུས་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་སོ། །དེ་ལྟར་ཡིན་པའི་རྒྱུ་མཚན་ནི། ཡེ་ནས་རིགས་ལྔར་གནས་པའི་ཚུལ་ཤེས་ནས་ལམ་དུ་བྱེད་པས། རྨོངས་པའི་སྒྲིབ་པ་དག་ནས་ཡེ་ཤེས་ལྔར་འགྱུར་ཏེ། །དཔེར་ན་སྣུམ་འདོད་པས་ཏིལ་མར་སྒྲུབ་པ་ལྟ་བུའོ། །དེ་སྐད་དུ་དམ་ཚིག་ཉེར་བརྒྱད་པ་ལས། ཕྲག་དོག་ལ་སོགས་ཉོན་མོངས་ལྔ་རྣམས་ནི། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར། །ཞེས་སོ། །དེ་ཡང༌། གཏི་མུག་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ་ཆོས་དབྱིངས་ཡེ་ཤེས་འདོད་ཆགས་སྣང་བ་མཐའ་ཡས་ཀྱི་དམ་ཚིག་སྟེ་སོར་རྟོག་ཡེ་ཤེས། ཞེ་སྡང་མི་བསྐྱོད་པའི་དམ་ཚིག་མེ་ལོང་ཡེ་ཤེས། ང་རྒྱལ་རིན་འབྱུང་གི་དམ་ཚིག་མཉམ་ཉིད་ཡེ་ཤེས། ཕྲག་དོག་དོན་གྲུབ་ཀྱི་དམ་ཚིག་བྱ་གྲུབ་ཡེ་ཤེས་སོ། །སྦས་དོན་ཡང་དག་པའི་དུག་ལྔ་ནི། །འཁོར་འདས་མཉམ་པ་ཉིད་དུ་རྟོགས་ནས་ལྟ་བ་ལ་ཕྱོགས་རིས་སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པ་གཏི་མུག །དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེས་ཆགས་པ་འདོད་ཆགས། ལོག་རྟོག་རྣམས་སྒྲོལ་བ་ཞེ་སྡང༌། མཉམ་ཉིད་རྟོགས་པས་ལྟ་བ་གཤོངས་སུ་མི་འབེབས་པ་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་ཆོས་ཉིད་ཀྱི་ཀློང་དུ་མི་ཤོང་བ་ཕྲག་དོག་སྟེ་འདི་རྣམས་ལྟ་བའི་ངང་སྐྱོང་བ་ལ་ཚང་བས་རྟག་ཏུ་ཉམས་ལེན་བྱའོ། །གཉིས་པ་མི་འདོར་བའི་ཕྱོགས་ནི། རྡོ་རྗེ་ཟིལ་པ། རཀྟ། དྲི་ཆེན། མཾ་ས། དྲི་ཆུ་སྟེ་བདུད་རྩི་ཆེན་པོ་ལྔ་ཡིན་ལ། དེ་དག་ཀྱང་དང་དུ་བླང་བྱར་ངེས་པ་སྟེ། གྲུབ་པ་བཞི་དང༌། ཡིན་པ་གསུམ། གྲུབ་པ་བཞི་ནི། ཆོས་ཉིད་ངོ་བོས་གྲུབ་པ་བདུད་རྩི་ལྔ་པོ་ཆོས་ཉིད་ཀྱི་ངོས་ན་གཙང་རྨེ་གང་དུའང་མ་གྲུབ་པའི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངོ་བོར་གྱུར་པས། དེ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རོལ་པར་དང་དུ་བླང་བར་བྱ་བ་དང༌། ཆོས་ཅན་རང་བཞིན་གྱིས་གྲུབ་པ་དེ་དག་ཆོས་ཅན་ལྟར་སྣང་བའང་རང་བཞིན་རྣམ་པར་དག་པ་རིགས་ལྔའི་རང་བཞིན་ཉིད་དུ་གྲུབ་པས་དེ་ལྟར་ཤེས་པའི་སྒོ་ནས་བླང་བྱ་དང༌། ནུས་པའི་མཐུས་གྲུབ་པ་དེ་དག་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བསྒྲུབ་ན་འགྲུབ་པའི་ནུས་པ་དང་ལྡན་པའི་དམ་རྫས་ཡིན་པས་བླང་བྱ་དང༌། བྱིན་གྱིས་རླབས་ཀྱིས་གྲུབ་པ་དམ་ཚིག་གི་རྫས་དེ་རྣམས་སྔོན་དཔལ་ཆེན་པོ་སོགས་ཀྱིས་དམ་ཚིག་གི་རྫས་སུ་བྱིན་གྱིས་བརླབས་པའི་དབང་གིས་ཚུལ་བཞིན་དུ་བསྟེན་པའི་སྒྲུབ་པོ་དེ་ལ་མ་མོ་མཁའ་འགྲོ་ཐམས་ཅད་འདུ་ཞིང་སྒྲུབ་པའི་གྲོགས་བྱེད་ཅིང༌། དངོས་གྲུབ་ཐོབ་པ་ལ་ཉེ་བས་དང་དུ་བླང་བར་བྱའོ། །ཡིན་པ་གསུམ་ནི། ནད་སེལ་བའི་སྨན་ཡིན་ཏེ། དྲི་ཆེན་གྱིས་དུག་ནད། དྲི་ཆུས་གག་པ། མཱྃ་སས་མཛེ་ནད། རཀྟས་གྲང་བ། བྱང་སེམས་དཀར་པོས་ཚ་བ་རྣམས་སེལ་ལོ། །ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་རྟེན་ཡིན་ཏེ། དྲི་ཆེན་གྱིས་མཐུ་ཆེ། དྲི་ཆུས་སྐད་སྙན། མཱཾ་སས་ཚེ་རིང༌། རཀྟས་བཀྲག་མདངས་གསལ། བྱང་སེམས་དཀར་པོས་མི་བརྗེད་པའི་གཟུངས་ཐོབ་པའོ། །རིགས་ལྔ་ཡེ་ཤེས་ལྔའི་རྟེན་ཏེ། དྲི་ཆེན་བུདྡྷའི་རིགས་ཆོས་དབྱིངས་ཡེ་ཤེས། དྲི་ཆུ་ལས་ཀྱི་རིགས་བྱ་གྲུབ་ཡེ་ཤེས། མཱཾ་ས་རིན་ཆེན་རིགས་མཉམ་ཉིད་ཡེ་ཤེས། རཀྟ་པདྨའི་རིགས་སོར་རྟོག་ཡེ་ཤེས། བྱང་སེམས་དཀར་པོ་རྡོ་རྗེའི་རིགས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་དག་གིས་མཚོན་ནས་ཆོས་ཐམས་ཅད་དག་མཉམ་གྱི་ངོ་བོར་རྟོགས་ནས་བླང་དོར་མེད་པའི་སྤྱོད་པ་ནི། སངས་རྒྱས་ཀུན་གྱི་བརྟུལ་ཞུགས་ཏེ་ཚུལ་ཡིན་པས་དེ་བཞིན་དང་དུ་བླང་ནས་སྤྱོད་པར་བྱའོ། །དེ་ལ་དབྱེ་ན། ཡན་ལག་བཅུ་པོ་མི་སྤང་བ་ལྔ་དང༌། མི་དོར་བ་ལྔ། དེ་རེ་རེ་ལ་ཐབས་ཀྱིས་ཟིན་པའི་ཆ་དང༌། ཤེས་རབ་དང་མ་བྲལ་བའི་ཆ་གཉིས་རེར་ཕྱེ་བས་བཅུ། དེ་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དབྱེ་བས་ལྔ་བཅུ་རེ་སྟེ་བརྒྱ། དེ་རེ་རེ་ལའང་ཤེས་རབ་ཐབས་སུ་ལྡན་པ་དང༌། ཐབས་ཉིད་ཤེས་རབ་དང་ལྡན་པའི་ཆ་ཤས་ཀྱིས་དབྱེ་བ་བྱས་ན་ཉིས་བརྒྱའི་གྲངས་སུ་ངེས་པ་ནི། རྩ་བའི་དབྱེ་གཞི་བཅུ་པོ་ཐབས་ཤེས་ཀྱིས་ཕྱེ་བས་ཉི་ཤུར་བསྡུ་བ་ནི། ཀུན་གཟིགས་རོང་པའི་ལུགས་ཏེ་རོང་ཟོམ་ཆོས་ཀྱི་བཟང་པོའི་དཀོན་མཆོག་འགྲེལ་དུ་གསུངས་སོ། །དེ་ལྟར་དབྱེ་བའི་ཁུངས་ནི། རྩ་རྒྱུད་ལས། རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ། །ཞེས་སོ། །གསུམ་པ་ལ་གཉིས། དང་པོ་བསྲུང་དུ་ཡོད་པའི་དམ་ཚིག་ནི། སེམས་ཀྱི་རང་བཞིན་ཇི་བཞིན་ངོ་འཕྲོད་ཅིང་ངང་སྐྱོང་ནུས་པའི་ཕྱོགས་ལ་ནི། ཕྱི་སྣང་བ་རྟེན་མེད་དུ་གོ །ནང་རིག་པ་ཡུལ་མེད་དུ་གོ་བའི་དུས་ན་རིག་པའི་གཤིས་ལ་སྤང་བྱ་གཞི་ལ་མ་གྲུབ་པས། བླང་དོར་གྱི་དགག་སྒྲུབ་གང་ཡང་མེད་པར་འཇོག་པ་ནི། མེད་པའི་དམ་ཚིག་སྟེ། ཐིག་ལེ་ཀུན་གསལ་ལས། རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་དང་སྲུང་བྱེད་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་ཚིག་གི་གྲངས། །ངས་མི་བསྲུང་བས་མེད་ཅེས་བྱ། །ཞེས་པ་ལྟར་དང༌། སྡོམ་པ་དང་སྡོམ་མིན། དངོས་དངོས་མེད། སྐྱེ་འགག་སོགས་གཉིས་ཆོས་དང༌། རྟོག་རློམ་ཐམས་ཅད་ཆོས་ཉིད་གཅིག་ཏུ་གྱུར། བལྟས་པས་མ་མཐོང་བས་རང་བཞིན་གཅིག །ཚིག་གིས་མི་མཚོན་པས་ཡེ་ཤེས་གཅིག་གི་ངང་བསལ་བཞག་མེད་པར་གནས་པའི་ཆ་ནས་ཐ་སྙད་བཏགས་ན་གཅིག་པུའི་དམ་ཚིག་ཞེས་བྱ་སྟེ། དེ་ཉིད་ལས། བསྲུང་དུ་མེད་པའི་དམ་ཚིག་ལས། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་ལ། །གཅིག་པུ་ཞེས་སུ་བཏགས་པ་ཡིན། །ཞེས་པ་དང་ནི། ཡང་དེ་ལྟར་ཕྱི་ནང་ཡུལ་མེད་དུ་རྟོགས་པ་དེ་གཅིག་པུའི་ངང་ལ་འཇོག་པའི་ཚེ་སྒོ་ལྔ་རང་ཡན་གྱི་རིག་པ་ལ་སྙེམ་བྱེད་ཀྱི་བློ་ཞེན་མི་འཇུག་པར་ཆོས་ཐམས་ཅད་ཆོས་ཉིད་ཡངས་པར་ལ་བཟླ་བ་ནི་ཕྱལ་བ་ཞེས་བྱ་སྟེ། ཀུན་བྱེད་ལས། དངོས་པོ་མི་སྤྱོད་ཡེ་ཤེས་མ་འགགས་པ། །དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན། །ཞེས་དང་ནི། གཞན་ཡང་དེ་ལྟ་བུའི་ཆོས་ཉིད་ཀྱི་རིག་པ་ཀ་དག་གི་གདངས་ལ་མཁྱེན་ཆ་ཡོན་ཏན་གྱི་ཆོས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་ཆོས་ཅན་སྣང་བཞིའི་ཉམས་ལེན་དང་མི་འབྲལ་བ་ལ་ལྷུན་གྲུབ་ཀྱི་དམ་ཚིག་ཡིན་ནོ་ཞེས་བྱ་བར་གྲགས་པ་སྟེ་དོན་ལ་ཐོད་རྒལ་སྣང་བཞིའི་ཉམས་ལེན་མིན་ཀྱང་ཀ་དག་གི་རིག་པ་སྐྱེ་འགག་དང་བྲལ་བའི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་ངོ་བོར་ལྷུན་གྱིས་གྲུབ་ཕྱིར་གཞན་ལས་བཙལ་དུ་མེད་ཕྱིར་དེ་སྐད་ཅེས་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་མ་ལུས་ཀུན། །ཡིད་ཆོས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་གྲུབ་པ་ཞེས་སུ་ང་ཡིས་བཤད། །ཅེས་སོ། །དེ་ལྟར་རྣམ་གྲངས་བཞིར་གསུངས་པ་ཡང་རིག་པ་ཀ་དག་གི་ངང་ཡེངས་བསྒོམ་དང་བྲལ་བར་བཞག་པ་ལ་ལྡོག་པས་དབྱེ་བ་ཙམ་ལས་ངོ་བོ་ཐ་དད་པ་མ་ཡིན་ནོ། །དེས་ན་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ནམ་མཁའ་ལྟ་བུའི་ངང་ནས་སྤང་བླང་གཉིས་ཀ་བྲལ་བས་བསྲུང་མཚམས་དང་བྲལ་བའི་ཆོས་ཉིད་དེ་ལ་རྟག་ཏུ་གནས་པ་རྣམས་ལ་འདའ་བར་བྱ་བའི་ཆོས་རྡུལ་ཙམ་མི་དམིགས་པས། རིག་པའི་ངོ་བོའི་བཞུགས་ཚུལ་ལ་རྟོགས་བྱ་དམ་ཚིག་ཆེན་པོ་བཞིའི་ཆིངས་ཀྱིས་བཅིངས་ནས། གནས་ལུགས་ཀྱི་གཤིས་དེ་ལས་གཞན་དུ་མི་གཡོ་བའི་དོན་དུ་བསྟན་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། དེ་དུས་བསྲུང་བའི་མཚམས་འདས་པའི། །དམ་ཚིག་ལྷུན་གྲུབ་ཆེན་པོའི་ངང༌། །མེད་དང་གཅིག་པུ་ཕྱལ་བ་ཡིས། །རྫོགས་ཆེན་ཉམས་ལེན་དེ་ཡི་གྲོགས་སུ་དེ་འགྱུར་རོ། །ཞེས་སོ། །ཚུལ་དེ་ནི་ཡེ་ནས་ཉམས་པ་མེད་པ་གཟུང་འཛིན་གྱིས་མི་ཕྱེད་པའི་གནས་ལུགས་དོན་གྱི་རྡོ་རྗེའི་ངང་ལ་གནས་པས་སྣང་སེམས་ཐམས་ཅད་ལ་ཆོས་སྐུའི་ཡེ་ཤེས་ཀྱིས་དབང་བསྒྱུར་བའི་ཕྱིར་རྒྱལ་པོའི་ལུགས་ཞེས་བྱ་ལ། འོག་མ་ཁྱད་དུ་གསོད་པའི་ཚིག་ཏུ་འཁྲུལ་པར་མི་བྱ་སྟེ། སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པས། རྒྱལ་པོ་ཆེན་པོ་ང་ཡི་གསང་སྔགས་འདི། །ལྟ་བ་ཆོས་སྐུ་དང་བསྟུན། སྤྱོད་པ་བྱང་ཆུབ་ཀྱི་ཕྱོགས་དང་བསྟུན་ནས། ལྟ་བའི་ཕྱོགས་ལ་སྤྱོད་པ་མ་ཤོར་བར་མཛོད། ཤོར་ན་དགེ་མེད་སྡིག་མེད་དུ་སོང་ནས་ཕྱིས་གསོར་མི་རུང༌། སྤྱོད་པའི་གྲོགས་སུ་ལྟ་བ་འབྲང་ན་དངོས་པོ་མཚན་མས་བཅིངས་ནས་གྲོལ་བར་མི་འགྱུར་རོ། །ང་ཡི་སྔགས་སེམས་ཕྱོགས་འདི་ལྟ་བ་ཤས་ཆེ། མ་འོངས་པ་ན་ཚིག་གི་གདེང་ནི་ཤེས་ཏེ་ལྟ་བའི་གདེང་མ་རྙེད་པ་མང་པོ་ཞིག་ངན་འགྲོར་འགྲོའོ། །ཞེས་གསུངས་སོ། །དེའི་ཕྱིར་ཉམས་ལེན་ལ་བརྟན་པ་མ་ཐོབ་ནས། རྫོགས་ཆེན་གྱི་ཆོས་སྐད་མཐོན་པོ་འབའ་ཞིག་གིས་དགེ་སྡིག་རྒྱུ་འབྲས་མེད། འདུ་འཛི་དང་ཡུལ་རྐྱེན་གྱིས་མི་གནོད། བསྒོམ་བྱ་དང་སྒོམ་བྱེད་མེད་ཟེར་ནས་ཐ་མལ་དུ་ལུས་པ་ནི་བསྟན་པའི་བླ་བཙོང་ཞིང་རང་གི་ཆོས་སྐལ་ཆད་པ་ཡིན་པས། སྒོ་གསུམ་ཆོས་དང་བསྟུན་པའི་སྒོ་ནས་ཉམས་ལེན་ལ་རྒྱུན་དུ་འབད་པ་ནི་ཤིན་ཏུ་གནད་ཆེའོ། །གཉིས་པ་བསྲུང་དུ་ཡོད་པ་ནི། གོང་དུ་བཤད་པ་ལྟ་བུའི་སྒོ་གསུམ་གྱི་སྤྱོད་པ་ལ་བླང་དོར་བྱེད་པའི་བྱ་བ་ལ་ཆེད་དུ་མ་བརྩོན་ཡང༌། ཡེ་བསྲུང་ཆེན་པོའི་དམ་ཚིག་ལ་གནས་པའི་སྟོབས་ཀྱིས་ཁ་ན་མ་ཐོའི་ཉེས་པ་ཐམས་ཅད་ཟིལ་གྱིས་མནན་ནས། ནམ་མཁའ་ལ་རྡུལ་གྱིས་མི་གོས་པ་བཞིན་ཉེས་པ་གང་གིས་ཀྱང་མི་གོས་པའི་རིགས་རྣམས་ལ་དེ་ལྟར་ཆོག་མོད། འོན་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་གསར་དུ་ཞུགས་པའི་ལས་དང་པོ་པ་རྣམས་ཀྱིས་རང་རྒྱུད་ཉེས་པས་མི་གོས་ཤིང༌། ཉམས་ལེན་རྣམ་པར་དག་པར་བྱ་བའི་ཕྱིར། བླ་མའི་བཀའ་བཞིན་བསྒྲུབ་ཅིང་སྤང་གཉེན་གང་ལའང་མ་ཞེན་པའི་སྒོ་ནས་ཉེས་པ་གང་གིས་ཀྱང་མི་གོས་པའི་ཐབས་ལ་དྲན་ཤེས་བག་ཡོད་དང་བཅས་པས་བརྩོན་ཞིང༌། གལ་ཏེ་ཉམས་པར་གྱུར་ན་ཡང་ཕྱིར་བཅོས་པའི་ཐབས་ཡོད་དེ། དཔེར་ན་རིན་ཆེན་གྱི་བུམ་པ་བཟང་པོ་ཞོམ་ཡང་བཅོས་སླ་བ་བཞིན། བླ་མའི་བཀའ་བཞིན་ཕྱིར་བཅོས་ན་སོར་ཆུད་ས་ཕྱིར་འབད་པས་བསྲུང་བ་གལ་ཆེ་སྟེ། འཇམ་དཔལ་བཤད་རྒྱུད་ལས། དབང་རྣམས་འཛིན་པའི་རྟེན་དག་ནི། །དམ་ཚིག་ཡིན་ཏེ་ཉམས་ན་ཡལ། །དཔེར་ན་གྱང་དང་རི་མོ་བཞིན། །ཞེས་པ་ལྟར་གཞི་དམ་ཚིག་མ་དག་ན་རྟོགས་པ་བཟང་པོ་རྒྱུད་ལ་སྐྱེ་བ་ནི་གནས་མེད་དོ། །དབྱེ་བའི་དབང་དུ་བྱས་ན། རང་ཤར་ལས། འབུམ་སྡེར་གསུངས་པའི་དམ་ཚིག་རྣམས། །མདོར་བསྟན་ལེགས་པར་ཡིད་ལ་ཟུངས། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །རྟོགས་བྱ་ལྟ་བའི་དམ་ཚིག་དང༌། །སྤྱོད་པ་རྒྱུན་གྱི་དམ་ཚིག་དང༌། །བསྒྲུབ་པ་སྤྱི་ཡི་དམ་ཚིག་དང༌། །ཐུན་མོང་སྤྱི་ཡི་དམ་ཚིག་དང༌། །སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༌། །ཡན་ལག་གྲངས་ཀྱི་དམ་ཚིག་དང༌། །གལ་མདོ་ངེས་པའི་དམ་ཚིག་གོ །ཅེས་བདུན་དུ་གསུངས་པ་དེ་རྣམས་ཀྱང་བསྡུ་ན་གསུམ་དུ་འདུས་ཏེ། ཞི་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ཁྱད་པར་གྱི་དམ་ཚིག་ལ་སེམས་ཕྱོགས་འདིར་སྤྱི་མདོ་དང་ཕྱོགས་མཐུན་སྐུ་གསུང་ཐུགས་གསུམ་དབྱེ་བའི་སྒོ་ནས། དམ་ཚིག་རྣམ་པར་བཀོད་པ་ལས། སྐུ་དང་གསུང་དང་ཐུགས་དག་ལས། །རེ་རེ་ལའང་དགུ་དགུ་སྟེ། །འཇུག་དང་ལས་ཀྱི་རྣམ་པས་བཤད། །ཅེས་པའི་གྲུབ་མཐའ་སྟེ་ཚུལ་ཉི་ཤུ་རྩ་བདུན་དུ་དབྱེ་བར་བྱ་སྟེ། དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པར་སྐྱེ་བ་ནི་བླ་མ་ལ་རག་ལས་ཏེ་དང་པོ་རྟོགས་པ་ངོ་སྤྲད། བར་དུ་གེགས་སེལ་བོགས་འདོན། ཐ་མ་ཆོས་ཉིད་ཟད་སར་སྐྱེལ་བར་བྱེད་ཕྱིར། བླ་མ་ནི་དུས་གསུམ་རྒྱལ་བ་ཀུན་འདུས་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་གསུམ་གྱི་ངོ་བོར་བཞུགས་ཕྱིར། བསྲུང་བྱའི་རྩ་བ་ནི་བླ་མའི་སྐུ་གསུང་ཐུགས་གསུམ་ཡིན་ལ། གསུམ་པོ་རེ་རེ་ལའང་ཕྱི་ནང་གསང་གསུམ་རེ་སྟེ་ཕྱེ་བས་གསང་གསུམ་གྱི་དམ་ཚིག་གསུམ་ཚན་གསུམ་གྱི་དབྱེ་བས་ཉེར་བདུན་ནོ། །དང་པོ་སྐུའི་ཕྱི་ཡི་གསང་བའི་དམ་ཚིག་ལ། སེམས་ཅན་ཡིན་ནོ་ཅོག་སྲོག་གཅོད་སྤང་བ་དང༌། ཕྱི་ཡི་ནང་ལ་མི་ཚངས་པ་སྤྱོད་པ་སྤང་བ་དང༌། ཕྱི་ཡི་ཕྱི་ལ་བརྐུ་བ་སྤང་བ་རྣམས་སོ། །དེ་བཞིན་སྐུ་ཡི་ནང་གི་ཕྱི་ལ་ཕ་མ་སྤུན་སྲིང་རང་ལུས་རྣམས་ལ་སྨོད་པ་དང༌། ནང་གི་ནང་ལ་ཐེག་པ་ཆེ་ཆུང་གི་ཆོས་རྣམས་ལ་འཇུག་པར་འདོད་པ་དང༌། ཞུགས་པ་དང༌། ཞུགས་ཏེ་གཟུགས་བརྙན་འཛིན་པའི་གང་ཟག་རྣམས་ལ་སྨོད་པ་དང༌། ནང་གི་གསང་བར། རང་ལུས་ལྷ་ཡི་དཀྱིལ་འཁོར་དུག་མཚོན་སོགས་ཀྱིས་གནོད་པ་བྱེད་པ་རྣམས་སྤང་བའོ། །འདི་ཡང་རྩ་བའི་དམ་ཚིག་རང་ལུས་ཞེས་པས་བསྡུ་དགོས་པར་སྣང་ངོ༌། །སྐུ་ཡི་གསང་བའི་གསང་བར་བླ་མའི་གྲིབ་མ་འགོམ་པ་དང༌། སྤྱན་སྔར་མཚོན་ཆ་འཛིན་པ་དང༌། རྐང་ལག་རྐྱོང་བ་དང༌། སྒེག་ཆོས་བྱེད་པ་སོགས་མ་གུས་པའི་བྱ་བ་བྱེད་པ་དང༌། གསང་བའི་ནང་ལ་བླ་མའི་ཡུམ་ལ་གཙེས་བ་དང༌། གསང་བའི་ཕྱི་ལ་རྡོ་རྗེའི་སྤུན་དང་སྲིང་མོ་རྣམས་ཀྱི་ལུས་དང་རྒྱན་སོགས་ལ་སྨད་པ་དང༌། དེ་དག་ལ་བརྡེག་གམ་བརྡེག་པར་བརྩམ་པའམ། བརྡེག་ཏུ་བཅུག་ཀྱང་རུང་སྟེ་དེ་རྣམས་སྤང་བའོ། །གསུང་གི་ཕྱི་ནང་གསང་གསུམ་ལ། དང་པོ་གསུང་གི་ཕྱི་ལ་རང་འདོད་ཀྱིས་འགྲོ་བ་ཕལ་ལའང་རྫུན་སྨྲ་བ་དང༌། ཕྱི་ཡི་ནང་ལ་ཕ་རོལ་དབྱེ་བའི་ཚིག་ཕྲ་མ་སྨྲ་བ་དང༌། ཕྱི་ཡི་གསང་བར་གཞན་གྱི་ཞེ་གཅོད་པའི་ཚིག་རྩུབ་མོ་རྣམས་སྤང་བའོ། །གསུང་གི་ནང་གི་ཕྱི་ལ་ཆོས་སྨྲ་བ་རྣམས་དང༌། ནང་གི་ནང་ལ་དོན་སེམས་ཤིང་སྒྲུབ་པ་རྣམས་དང༌། ནང་གི་གསང་བ་ལ་གནས་ལུགས་ཟབ་མོའི་དོན་བསྒོམ་པ་རྣམས་ལ་གཤེ་ཞིང་སྐུར་པ་འདེབས་པ་རྣམས་དང༌། མི་བཀུར་ཞིང་བརྙས་པ་རྣམས་སྤང་བའོ། །གསུང་གི་གསང་བའི་གསང་བ་ལ། བླ་མ་དང༌། གསང་བའི་ནང་ལ་བླ་མའི་ཡུམ་དང༌། གསང་བའི་ཕྱི་ལ་རྡོ་རྗེའི་སྤུན་སྲིང་སྟེ་དེ་རྣམས་ལ་སྨོད་པ་དང་འདི་གྱིས་ཤིག་ཅེས་པ་ལ་སོགས་པའི་ཚིག་རྣམས་དང་དུ་མི་ལེན་ཅིང་ཁྱད་དུ་གསོད་པ་རྣམས་སྤང་སྟེ་མི་བརྙས་པའོ། །ཐུགས་ཀྱི་ཕྱི་ནང་གསང་བའི་དམ་ཚིག་གསུམ་ལ། དང་པོ་ཕྱིའི་ཕྱི་ལ་བརྣབ་སེམས། ཕྱི་ཡི་ནང་ལ་འགྲོ་བ་ཕལ་པ་ཡན་ཆད་ལ་གནོད་སེམས། ཕྱི་ཡི་གསང་བར་གྲུབ་པའི་མཐའ་རྣམས་ལ་ལོག་ལྟ་སྟེ་ཡིད་ཀྱི་རྣམ་པ་གསུམ་སྤང་བ་དང༌། ནང་གི་ཕྱི་ལ་སྤྱོད་པ་ལོག་པ་བག་མེད་པ་དང་ཐོ་ཅོ་དང༌། ནང་གི་ནང་ལ་སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ་དང༌། ནང་གི་གསང་བ་ལ། ལྟ་བ་ལོག་པ་རྟག་ཆད་དང་མཐར་འཛིན་རྣམས་སྤང་བའོ། །གསང་བའི་གསང་བ་ལ་བླ་མ་ལ་མོས་གུས་དང༌། གསང་བའི་ནང་ལ་ཡི་དམ་གྱི་ལྷ་དང་རྡོ་རྗེའི་མཆེད་སྤུན་སོགས་དང༌། གསང་བའི་ཕྱི་ལ། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་པ་གསུམ་སྟེ། དེ་རྣམས་ཉིན་མཚན་ཐུན་དྲུག་ལ་སོགས་པ་དུས་ཀུན་ཏུ་མི་སེམས་པ་རྣམས་སྤངས་ནས་སེམས་ཤིང་དྲན་པར་བྱ་བའོ། །འདི་དག་གི་དོན་ནི་རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་ད་རེས་རང་རེ་རྣམས་འཁོར་བ་ལས་སྒྲོལ་བའི་ལམ་མཁན་བླ་མ་ཡིན་པས་དེའི་སྐུ་གསུང་ཐུགས་དང་འགལ་བར་མི་སྤྱོད་པའི་དོན་དུ་འདུས་པ་ཡིན་ཏེ། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བཀུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པར་འབྱུང༌། །ཞེས་སོ། །སྔགས་བླ་མེད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་ཆོས་རྣམས་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་རྟོགས་ནས་སྣང་སྤྱོད་ཐམས་ཅད་ལ་ཀུན་ཏུ་བཟང་པོའི་ཕྱག་རྒྱས་བཏབ་པ་ལས་མི་འདའ་བར་སྤྱད་ན་ཕལ་པ་རྣམས་འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་གང་གིས་ཀྱང་དེ་ལ་མི་གོས་པར་མ་ཟད། རང་གི་ཚོགས་རྫོགས་ཤིང་ཕན་པ་རླབས་པོ་ཆེ་སྒྲུབ་པར་བྱེད་པས། དེ་ལྟ་བུའི་ཐབས་ཀྱི་ཁྱད་པར་རྨད་དུ་བྱུང་བའི་དབང་དུ་གྱུར་པ་ཡན་ལག་གི་དམ་ཚིག་ཉི་ཤུ་ལྔ། ཏ་ན་སྒྲོལ་བ། ག་ན་སྦྱོར་བ། མ་བྱིན་ལེན་པ་དང༌། རྫུན་དང༌། ཀྱལ་པའི་ཚིག་ངག་འཁྱལ། དེ་དག་ནི་ལུས་ངག་གིས་སྤྱད་བྱ་ལྔ་པོ་སྟེ་དེ་ནི་རྟོགས་གོམས་ཀྱི་གདིང་དང་ལྡན་པ་དང༌། གཞན་དོན་འགྱུར་ངེས་སུ་གནང་བ་དང་བཀག་པའི་ས་མཚམས་ཇི་ལྟར་བཤད་པ་བཞིན་དུ་ཤེས་པས་སྤྱོད་པར་བྱེད་དོ། །འདོད་ཆགས་ཞེ་སྡང་ལ་སོགས་ཉོན་མོངས་ལྔ་ནི། མི་སྤང་བ་ལྔ་ཡིན་པས་དེ་ནི་འཆིང་བྱེད་རང་རྒྱུད་པ་དང་བྲལ་བར་སྤྱོད་པ་དང༌། དྲི་ཆེན་དྲི་ཆུ་མཾ་ས་རཀྟ་ཟིལ་པ་སྟེ་དཀར་ཆ་རྣམས་དང་ལེན་ལྔ་ལ་གཙང་སྨེའི་གཉིས་རྟོག་འབྲལ་བར་སྤྱོད་པ་དང༌། ཕུང་པོ་ལྔ་རིགས་ལྔ། འབྱུང་བ་ལྔ་ཡུམ་ལྔ། ཡུལ་རྣམས་སེམས་མ་ལྔ། དབང་པོ་ལྔ་སེམས་དཔའ་ལྔ། ཁ་དོག་ཡེ་ཤེས་ལྔའི་ལྷར་ཤེས་པར་བྱ་བ་ལྔ་ནི་དག་མཉམ་རྟོགས་པའི་ཤེས་རབ་སྟོབས་ཀྱིས་སྤྱོད་དོ། །རྡོ་རྗེ་རིན་ཆེན་པདྨ་ལས་དེ་བཞིན་གཤེགས་པའི་རིགས་ཏེ། བསྒྲུབ་བྱ་ལྔ་ནི་རྟོགས་པའི་དོན་དེ་ཉིད་ཆོ་ག་ལྔ་དང༌། ཏིང་འཛིན་སོགས་དག་མཉམ་དུ་གོམས་པའི་མཐུ་ཡིས་བསྒྲུབ་པར་བྱའོ། །དེ་ལྟར་ལྔ་ཚན་ལྔར་བཤད་པ་འདི་དག་དམ་ཚིག་གསལ་བཀྲའི་དགོངས་པ་སྟེ། དེ་ཉིད་ལས། སྤྱད་པ་ལྔ་དང་མི་སྤོང་ལྔ། །དང་དུ་བླང་དང་སྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཅེས་སོ། །ལྷག་པའི་དམ་ཚིག་ནི། ཕུར་པ་མྱང་འདས་ཆེན་པོའི་རྒྱུད་ལས། གཅན་གཟན་རྒྱལ་བླ་མར་མི་བརྙས་པོ་སེངྒེ་བསད་མི་བྱ། ཟ་མ་ཏོག་བླ་མའི་ཡུམ་ལ་མི་གཙེ་ཏུ་ངན་པའི་དུག་མི་སྤྱོ། རིན་པོ་ཆེ་ཡི་ལྕུག་དད་པ་ཅན་གྱི་ཚོགས་མི་བཅད་མ་རྩར་མི་བཅད། །གངས་ཀྱི་ཞུན་ཆུ་ཁོལ་དཀོར་ལ་མི་འབག་ཅིང་ཕུང་ཁྲོལ་གྱི་སྨྱོ་ཆུ་མི་འཐུང་མ་ཡོངས་མི་བཏུང༌། །པདྨ་རྒྱས་པའི་ཟེའུ་ཁ་མི་མཆེད་ཀྱི་རིག་མར་མི་སྤྱད་དབྱེ། །བུག་རྡོལ་ཅན་མཚན་ངན་མི་བསྟེན་གྱི་སྣོད་དུ་བཅུད་མི་བླུག །མ་བརྟགས་པ་ཡི་འདྲེ་ཅན་དང་རྩོད་ཅན་གྱི་ནོར་མི་བསྟེན་ཞིང་ནོར་དང་ཟས་མི་འབྲེལ་བྱིན་གྱིས་མ་བརླབས་པའི་ཟས་མི་ཟ། །ཤེལ་གོང་དཀར་པོ་རྫབ་ཏུ་བསྣུབ་སེམས་བསྐྱེད་ཉམས་མི་འཇུག་ མི་བྱ། །སྣོད་སྣོད་མིན་ལ་གདམས་པ་མི་སྟོན་ངན་ནང་དུ་སེངྒེའི་ཞོ་མི་བཞོ། །ཡིད་བཞིན་ནོར་བུ་ཐབ་སྣོད་ལྡན་གྱི་སློབ་མ་མི་སྤོང་ཏུ་བསྲེག་མི་བྱ། །བྱ་ཡི་རྒྱལ་པོ་ཁྱུང་གི་གཤོག་ཡུམ་མི་འབྲལ་བའི་དོན་བདེ་སྟོང་ལ་སྦྱོར་མི་བཅག །གནམ་ལྕག་སྡེར་མོ་ས་ལ་མཆེད་ལྕམ་ནང་འཐབ་མི་བྱེད་བརྡབ་མི་བྱ། །སྟག་གཟིག་རོལ་གཞན་གྱིས་འབགས་ལྷག་མི་སྤྱོད་པའི་ཟས་མི་བཟའ། །རྡོ་རྗེས་བླ་མའི་གདན་ས་ལ་མི་བརླམ་གཏམས་པའི་བྲག་རྣམས་ཡོངས་མི་བཤིག །རྡོ་རྗེ་ར་བས་བསྐོར་རང་དང་གཞན་དག་གི་མཚམས་རྒྱ་མི་དབྲལ་བའི་གོ་མི་ཧྲལ། །མུན་པ་སེལ་ཏིང་འཛིན་དང་ལྷག་མཐོང་མི་འབྲལ་བའི་སྒྲོན་མེ་ཡོངས་མི་གསོད། །རྡོ་རྗེའི་ཆུ་བཟླས་བརྗོད་དང་ཆོ་གའི་རྒྱུན་མི་ཚིག་གི་བར་མི་གཅོད་པ་བོ་འོལ་ཀ་བཅད་མི་བྱ། རྒྱལ་པོའི་རྟགས་ཀྱི་ཕྱག་རྒྱ་སྦྱིན་མི་བྱ་དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་རྒྱུད་ནས་གསུངས་པའི་བརྡ་གཞན་ལ་མི་བརྗོད། །རྡོ་རྗེའི་མཁར་རྫོང་གཏམས་པའི་རྨིང་མི་བཟློག །རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུག་ཅིང་སྐྱེ་བོའི་མཐུ་ལྡོག་མི་བྱེད་པ་དང༌། །རྒྱལ་མཚན་རྩེར་བཏགས་ནོར་བུ་རིན་པོ་ཆེ་རིགས་ཀྱི་བདག་པོ་བླ་མ་མི་སྤོང་བའོ། །འདོད་པར་གྱུར་པའི་མཚན་མས་དཔག་མི་བྱ། །ཞེས་ལྡེམ་དགོངས་ཀྱི་སྒྲས། སྤྱི་དང་ཁྱད་པར་དམ་ཚིག་ལ་གནས་ནས་ཚོགས་ཆེན་གྱི་སྒྲུབ་པ་ལ་སོགས་པའི་གནས་སྐབས་སུ་བསྲུང་ན་ལྷག་པར་བསྟན་པའི་དམ་ཚིག་ཉི་ཤུའོ། །གསལ་བཀྲ་ལས་ལྔ་ཚན་ལྔར་བསྟན་པ་དེ་དང་མཚུངས་པའི་རྣམ་གྲངས་སམ། དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལས། བསླབ་པའི་གཞི་སྡིག་པ་ལྔ། ཉེ་བའི་སྡིག་པ་ལྔ། གསོད་པ་ལྔ། འཁུ་བ་ལྔ། ཆགས་པ་ལྔ་སྟེ་བརྟུལ་ཞུགས་ཉི་ཤུ་ལྔ་ལས། དང་པོ་སྡིག་པ་ལྔ་སྤོང་བ་ནི། སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་སྲོག་འཚེ་ལྟ་ཅི། མནར་སེམས་དང་བཅས་པ། བསླུ་སེམས་ཀྱིས་རྫུན། དུད་འགྲོ་ཡན་ཆད་ཀྱིས་བདག་གིར་བྱས་པ་རྐུ་བ། འདོད་པའི་ལོག་གཡེམ། ཕུང་ཁྲོལ་གྱི་འབྱུང་གནས་མྱོས་ཆུ་བཏུང་བ་མྱོས་བྱེད་དང་ལྔ་ནི། འཁོར་བར་འཆིང་བྱེད་ཀྱི་ཞགས་པ་དང་མཚུངས་ལ། མ་བསྲུངས་ན་བརྟུལ་ཞུགས་ལྷག་མ་རྣམས་ཀྱང་མི་སྦྱིན་པས་བསླབ་པའི་གཞི་ལྔ་ཞེས་བྱའོ། །གཉིས་པ་ཉེ་བའི་སྡིག་པ་ལྔ་ནི། ཆོ་ལོ་མིག་མང་སོགས་རྒྱན་འགྱེད་པ་དང༌། བཟའ་བ་དང་རིན་གྱི་དོན་དུ་བསད་པའི་ཤ་སོགས་ཁ་ན་མ་ཐོ་བའི་ཟས་དང༌། དམག་འཁྲུག་ཚོང་གཏམ་སོགས་ངག་འཁྱལ་རིགས་དང༌། ཕ་མྱེས་ཀྱི་མཚུན་གསོལ་ནད་པའི་དོན་དུ་ནོར་ཕྱུགས་སོགས་ཀྱི་མཆོད་སྦྱིན་བྱེད་པ་འབྱུང་པོའི་ཆོས་ལུགས་ལ་དགའ་བ་དང༌། རང་གིས་བསད་པའི་ཤ་སོགས་ལས་གཞན་མི་བཟའ་ཞིང༌། གོས་དཀར་པོ་དང༌། བྱ་གག་གི་བཏུང་བ་འབའ་ཞིག་བསྟེན་པ་སོགས་ལྷ་མིན་གྱི་འཇུག་པ་ཅན་ཀླ་ཀློའི་ཆོས་ལུགས་ལ་སྤྱོད་པ་སྟེ་ལྔ་ནི་ཉེ་བའི་སྡིག་པ་ཡིན་པས་སྤང་ངོ༌། །གསུམ་པ་གསོད་པ་ལྔ་ནི། མཐོ་རིས་འདོད་པས་མཆོད་སྦྱིན་ལ་དམིགས་ནས་བ་ལང་གསོད་པ་དང༌། མ་མོ་མཆོད་པ་ལ་བྱིས་པ་གསོད་པ་དང༌། སྐྱེས་པའི་དོན་དུ་སྐྱེས་པ་གསོད་པ་དང༌། བུད་མེད་ཀྱི་དོན་དུ་བུད་མེད་གསོད་པ་སྟེ་མིའི་མཆོད་སྦྱིན་གཉིས། ལྷ་མིའི་བླ་མ་གསོད་པ་ཞེས་བྱ་བ་རྒྱལ་བ་སྲས་དང་བཅས་པའི་སྐུ་གཟུགས་དང་བཀའི་གླེགས་བམ་དང་མཆོད་རྟེན་རྣམས་བསྣུན་ཏེ་བཤིག་པ་ལ་གསོད་པའི་སྒྲས་བཏགས་ཏེ། འཚེ་བ་ཆོས་སུ་སྨྲ་བ་ཀླ་ཀློའི་ཆོས་ལུགས་སྡིག་ལས་རྔམ་ཆེན་དགེ་བར་འདོད་པའི་སྐབས་ཡོད་པས་ལོགས་སུ་དགར་ནས་དེ་ལས་ལྡོག་པའི་དོན་དུ་བཤད་པ་སྟེ། དེས་ན་དཀོན་མཆོག་ལ་བསྙེན་བཀུར་ལ་བསྙད་ནས། ཁལ་གཡག་ཕྱུགས་ལུག་གསོད་པ་ཡང་ཀླ་ཀློའི་གྲུབ་མཐའ་མ་ཤེས་ཀྱང་སྤྱོད་པ་ལ་མཚུངས་ལྡན་དུ་སློབ་པ་ཡིན་ནོ། །བཞི་པ་འཁུ་བ་ལྔ་ནི། དགེ་བའི་གྲོགས་པོ་དང༌། རྗེ་བོ་རྒན་རབས་དང་སངས་རྒྱས་དང་དགེ་འདུན་དང་བླ་མ་དང་མཁན་སློབ་སྟེ་ཡུལ་ལྔ་པོ་དེ་དག་ལ་ཁོང་ཁྲོ་ཞིང་འཁུ་བ་སྟེ་ལྔ་ཚན་བཞི་པོ་ཡིད་ཀྱིས་སྡོམ་ཞིང་སྤྱོད་ལམ་གྱི་སྒོ་ནས་སྤང་བར་བྱ་བའོ། །ལྔ་པ་ཆགས་པ་ལྔ་ནི། ཐེག་ཆེན་སྡེ་སྣོད་ཐམས་ཅད་ནས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ཞེས་པ་ནས། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱི་ཚོར་བའི་བར་ཏེ། དབང་ཤེས་ཕན་ཚུན་རྟེན་དང་བརྟེན་པར་འབྲེལ་བ་ལས་ཡུལ་ལྔ་ལ་ཞེན་ཅིང་ཆགས་ནས་ཡང་སྲིད་འཕེན་ནུས་ཀྱི་ལས་སུ་རྫོགས་པ་དེ་དག་སྤང་བར་བྱ་སྟེ། སྤོང་ཚུལ་ནི་བསྐྱེད་རིམ་གྱི་སྒོ་ནས་དབང་ཡུལ་དང་རེག་བྱ་རེག་ཤེས་སོགས་ལྷ་སྐུར་སྦྱང་ཞིང་རྫོགས་རིམ་སོ་སོར་སྡུད་པའི་རྣལ་འབྱོར་གྱིས་དབང་པོ་ལྔ་ཡུལ་ལྔ་ལ་འཇུག་པའི་རྒྱུན་གཅོད་པའོ། །དེ་ཡང་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉེར་ལྔ་ཞེས་རྒྱུད་འགྲེལ་ལས་གསུངས་པའི་དོན་ཏེ། དེ་དག་ལས་འདའ་བར་བྱ་བ་མ་ཡིན་པས་དམ་ཚིག་དང༌། སྒོ་གསུམ་དེའི་ངོ་བོར་སོན་པ་ཉིད་ཀྱིས་ན་བརྟུལ་ཞུགས་ཞེས་གྲགས་སོ། །གསང་འདུས་སངས་རྒྱས་མཉམ་སྦྱོར་ཟླ་གསང་སོགས་ཚིག་རྐང་གཅིག་འདི་མཆན་དཀྱུས་སུ་སོང་བ་འདྲ་སྟེ་རྣམ་མཁྱེན་ཤིང་རྟར་མི་འདུག་གོ་ བཻ་རོ་སྐ་ཅོག་སོགས་ནས་རིན་བཟང་ལ་ཐུག་གི་བར་སྔ་འགྱུར་ཏེ་སྔོན་དང༌། རིན་བཟང་ཕྱིན་ཆད་འགྱུར་བའི་རྒྱུད་སྡེ་ཡི་སྤྱི་དོན་དུ་གྱུར་པ་ཐུན་མོང་རིགས་ལྔའི་སྡོམ་པ་ལ། དང་པོ་སངས་རྒྱས་རྣལ་འབྱོར་ཏེ་དེ་བཞིན་གཤེགས་པའི་རིགས་ལ། སྨོན་འཇུག་སེམས་བསྐྱེད་ཀྱི་ཁྱད་པར་བདག་རྡོ་རྗེ་སེམས་དཔར་གྱུར་ནས། སེམས་ཅན་ཐམས་ཅད་ཀྱང་དེའི་གོ་འཕང་ལ་དགོད་པར་བྱའོ་སྙམ་པའི་སྨོན་སེམས་བླངས་ནས། འཇུག་སྡོམ་ནི་ཚུལ་ཁྲིམས་གསུམ་བརྟན་པོར་བཟུང་བས་ཤུགས་ལ་བླང་བར་གྱུར་ལ། དེ་ཡང་ཚུལ་ཁྲིམས་གསུམ་གྱི་ཁྱད་པར། ཐ་མལ་སྣང་ཞེན་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པ། འབྱུང་ལྔ་ཡེ་ཤེས་སུ་སྡུད་པ་དགེ་བ་ཆོས་སྡུད། ལས་བཞིའི་ཕྲིན་ལས་ལ་འཇུག་པའི་སེམས་ཅན་དོན་བྱེད་དོ། །མི་བསྐྱོད་པའི་རིགས་ལ་རྡོ་རྗེ་དང་དྲིལ་བུ་དང་ལྷའི་ཕྱག་རྒྱ་དང་བླ་མ་གཟུང་བ་རྣམས་སོ། །རིན་འབྱུང་གི་རིགས་ལ་ཆོས་དང་ནོར་དང་མི་འཇིགས་པ་དང༌། བྱམས་པ་རྣམས་སྦྱིན་པར་བྱའོ། །སྣང་མཐའི་རིགས་ལ། སོ་བྱང་སྔགས་ཀྱི་ཐེག་པ་གསུམ་འཛིན་ཅིང་ཆོས་རྣམས་བཤད་པའོ། །དོན་གྲུབ་ཀྱི་རིགས་ལ། སྲས་བཅས་རྒྱལ་བར་མཆོད་བསྟོད་སྦྱིན་སྲེག་སོགས་ཕྲིན་ལས་ཀྱི་རིགས་ཀུན་ལ་གུས་པར་བྱའོ། །རྟེན་གང་ཟག་ཁྱད་པར་བ་རྣལ་འབྱོར་བླ་མེད་ཀྱི་ལྟ་སྒོམ་སྤྱོད་པའི་གནས་གང་ཡིན་པ་གདེངས་སུ་གྱུར་ཅིང་རིགས་ལྔའི་སྡོམ་པ་ནི། དང་པོ་རྡོ་རྗེའི་རིགས་གྱུར་སྲོག་ལ་འཚེ་བ་སྟེ་སྲོག་གཅོད་པར་གསུངས་པ་ཡང༌། ཕྱི་ཞིང་བཅུ་ཚང་བའམ་ཉམས་པ་བདུན་ལྡན་བསྒྲལ་བ་དང༌། ནང་དེ་ལས་གཞན་དབུ་མར་རླུང་རྟོག་གསོད་པ་དང༌། གསང་བར་རྟོག་པ་སྐྱེ་མེད་དུ་གསོད་པའོ། །གཉིས་པ་རིན་ཆེན་རིགས་ལ་མ་བྱིན་བླང་བྱ་ནི། ནང་ལྟར་མཚན་ལྡན་གྱི་གཟུངས་མ་ཐབས་ཀྱིས་དབང་དུ་བྱ་བ་དང༌། སྐལ་མེད་སྐྱེ་བོའི་ནོར་འཕྲོགས་ཏེ་དགེ་བར་འཁྲིས་མེད་དུ་གཏོང་བ། གསང་བ་ལྟར་ན་རྫོགས་པའི་བྱང་ཆུབ་ཀྱི་ཡོན་ཏན་ཐམས་ཅད་སུས་ཀྱང་མ་བྱིན་པ་རང་སྟོབས་མཐུ་ཡིས་བླང་ངོ༌། །གསུམ་པ་པདྨའི་རིགས་ལ་རི་དྭགས་མིག་ཅན་མཆོད་པའམ་བསྟེན་པར་གསུངས་པས། གསང་བ་ལྟར་ན་ཤེས་རབ་ཀྱི་རང་བཞིན་སྟོང་པ་ཉིད་ཀྱི་བུད་མེད་རྣམ་ཀུན་མཆོག་ལྡན་མ། རིག་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ཀུན་ཏུ་སྤྱོད་པ་དང༌། ནང་ལྟར་ན་ཡིད་རིག་ཆོས་ཀྱི་ཕྱག་རྒྱ། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་གཉིས་བསྒོམ་པ་དང༌། ཕྱི་ལྟར་ན་དངོས་རིག་ལས་ཀྱི་ཕྱག་རྒྱ་དང༌། ཆོས་དང་དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་རྣམས་རང་བཞིན་གསུམ་དུ་བསྟེན་པ་ལ་འདུ་སྟེ། རིམ་པ་བཞིན་འདུ་ཤེས་གསུམ་ལྡན་གྱི་ལྷ་བསྒོམ་པ། ཐབས་ཟིན་གྱི་སྤྱོད་པ་རྟོགས་གོམས་ལྡན་པའི་ཕྱག་རྒྱ་གསུམ་དང་མཚུངས་ལྡན་བརྟེན་ནས་ཞུ་བདེས་དྲངས་པའི་དཔེའི་ཡེ་ཤེས་ལ་བརྟེན། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགྱུར་བ་མེད་པ་མངོན་དུ་བྱེད་པའོ། །བཞི་པ་ལས་ཀྱི་རིགས་ལ། ཕྱི་བླ་མ་དང༌། སེམས་ཅན་གྱི་སྲོག་དང༌། རང་གི་དམ་ཚིག་སོགས་ཀྱི་ཆེད་དུ་རྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོག །ནང་ལྟར་ངག་གི་རྩ་བ་སྲོག་རླུང་སྙིང་ཁར་ཐིམ་ནས་ཆོས་ཀུན་ཚད་མེད་པར་འཆར་བ་དང༌། གཞན་ལའང་རང་རང་མཐུན་པའི་ཆོས་སྒྱུ་མ་ལྟ་བུར་སྟོན་པ་དང༌། གསང་བ་ལྟར་སེམས་ཅན་ཐམས་ཅད་མེད་སྣང་འཁོར་བ་ལས་སྒྲོལ་བའི་རྫུན་ཚིག་སྒྱུ་མ་ལྟ་བུར་སྒྲོགས་པའོ། །ལྔ་པ་འཁོར་ལོའི་རིགས་ལ། ཕྱི་ལྟར་ན་བདུད་རྩི་ལྔ་དང་ཤ་ལྔ་སོགས་རྫས་རྣམས་དང༌། གཟུགས་སོགས་ཡུལ་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་སོགས་ལ་ཞེན་མེད་སྒྱུ་མ་ལྟ་བུར་སྤྱོད་དོ། །ནང་ལྟར་ན་དབང་ལྔའི་དྭངས་མ་སོགས་གཞིལ་ཏེ་མི་རྟོག་པའི་ཆོས་ཉིད་བཟའ་བ་དང༌། ཆང་བཏུང་བ་སྟེ་རྩ་རླུང་གི་ཞུ་བ་དེ་ཡས་བབ་མས་བརྟན་སོགས་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་བཟུང་བ་དང༌། གསང་བར་སྣང་སེམས་དག་མཉམ་ཆེན་པོར་སྒྲུབ་མེད་དུ་དག་པར་བྱེད་པའོ། །སྨོན་འཇུག་གི་སྡོམ་བཟུང་དེ་ཡི་རྗེས་སུ་རིགས་ལྔའི་སྡོམ་བཟུང་གི་ཡན་ལག་སེམས་བསྐྱེད་དེའི་དམིགས་རྣམས་སོ་སོར་ཕྱེ་བ་ཚིག་གིས་གབ་པ་ནི། ཉན་རང་སོགས་མ་བསྒྲལ་བསྒྲལ་དང༌། མ་གྲོལ་དགྲོལ། དབུགས་མ་དབྱུང་རྣམས་དབྱུང་བ་སོགས་བྱང་ས་དང་ཐུན་མོང་པ་རྣམས་ནི་ལེའུ་བརྒྱད་པའི་སྐབས་ལྟར་རོ། །ལྷ་དང་ལྷ་མིན་གསང་བ་པ་རྣམས་ལའང་མི་བརྙས་པ་དང༌། ཕྱག་རྒྱ་བཞོན་པ་མཚོན་ཆ་མཚན་མ་ལ་སྨད་པར་མི་བྱ་ཞེས། ལྷ་ལྷ་མིན་གཉིས་ནི་དངོས་བསྟན་ཏེ་མི་སྨོད་པ་དང༌། གསང་བ་པ་ནི་གནོད་སྦྱིན་ཏེ་སྟོན་པའི་བསྟན་པ་སྐྱོང་བ་རྣམས་དང༌། ཕྱག་རྒྱ་ནི་བཞི་ཀ་ལ་མི་སྨོད་པ་དང༌། ཁྱད་པར་ཡི་དམ་སོགས་སྐུ་གཟུགས་ཡོངས་རྫོགས་ལ་མི་སྨོད་པ་དང༌། བཞོན་པ་ནི་བླ་མའི་ཁྲི་སྟེན་དང་ཆིབས་པ་དང་དེ་ལ་སོགས་པའི་ཡོ་བྱད་རྣམས་སོ། །མཚོན་ཆ་ནི་རལ་གྲི་གཏུན་ཤིང་སོགས་ལྷ་ཡི་ཕྱག་མཚན་གྱི་ཆེད་དུ་བྱས་པའི་རིགས་རྣམས་ལ་མི་སྨོད་པ་དང༌། མཚན་མ་སྟེ་རིགས་ལྔའི་ཕྱག་མཚན་རྣམས་ལ་མི་སྨོད་པ་དང༌། གཞན་ཡང་ལྷའི་སྐུ་གཟུགས་དང༌། བླ་མ་དང༌། མཆོད་རྟེན་ལ་སོགས་པའི་སྐུ་གསུང་ཐུགས་རྟེན་ཐམས་ཅད་ཀྱི་གྲིབ་མ་འགོམ་ལ་སྨད་པའི་སྒྲ་ཡིས་བཀག་པ་ཡིན་པས། གལ་ཏེ་ཐབས་མེད་བྱུང་ན་བཛྲ་བེ་གཱ་ཨ་ཀྲ་མ་ཧཱུྃ་ཞེས་རྡོ་རྗེའི་ཤུགས་ཀྱི་སྔགས་རྒྱས་མཁར་བཏེགས་ཏེ་འགྲོ་བར་བྱའོ། །དེ་བཞིན་དུ་ལྷ་ལ་ཕུལ་བའི་མཆོད་རྫས་རྙིངས་པ་ལ་དམན་མར་གྲགས་ཏེ་མི་འགོང་མི་བཟའ་འགོམ་སར་ཁྱབ་གདལ་དུ་མི་དོར། མར་ཟན་སོགས་ཀྱིས་ལྷའི་ཕྱག་མཚན་གྱི་རྣམ་པར་བྱས་པའང་བཟའ་བར་བཀག་པ་ཡིན་པས་མི་བཟའོ། །ཁྱད་པར་དུ་རྡོ་རྗེ་ཐེག་པའི་རིགས་ལྔའི་དམ་ཚིག་ལས་གསོད་པ་དང༌། མ་བྱིན་ལེན་པ་དང་སོགས་ཁོངས་ནས་མི་ཚངས་སྤྱོད་དང༌། རྫུན་དང་ཕྲ་མ་ཚིག་རྩུབ་ངག་ཀྱལ་རྣམས་ཏེ་དངོས་བསྟན་ཉིད་དང༌། དགོངས་པ་ལུང་སྟོན་གྱི་ཚུལ་དུ་ཡོད་པའི་རླུང་རྟོག་དབུ་མར་གསོད་པ་དང༌། ཐེག་ཆེན་གྱི་དོན་དེ་ཁོ་ན་ཉིད་མ་བྱིན་པ་ལེན་པ་སོགས་ལྡེམ་དགོངས་ཀྱི་རྣམ་དབྱེ་མ་ཕྱེ་ན། སྔགས་པ་ཐུར་ལ་མནར་མེད་སོགས་ཀྱི་གནས་སུ་ལྷུང་བས་ན་བག་ཡོད་བྱེད་པ་གལ་ཆེའོ། །མདོར་བསྡུས་ཏེ་བཤད་ན། རང་ལ་ཡེ་ནས་གནས་པའི་སེམས་ཉིད་ཀྱི་གནས་ལུགས་ཉིད་མཁྲིས་ནད་ཅན་ལ་དུང་གི་དཀར་སྣང་གབ་པ་བཞིན་ཐོག་མེད་ནས་ཚོགས་བརྒྱད་ཀྱི་རྟོག་པས་བསྒྲིབས་ཏེ་མ་མཐོང་ཞིང་གབ་པའི་ཚུལ་དུ་ཡོད་པ་ལ། གསང་བ་ཞེས་བྱ་སྟེ། གསང་སྙིང་ལས། ཨེ་མ་ཧོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང༌། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང༌། །གཞན་དུ་མིན་ལས་ཤིན་ཏུ་གསང༌། །ཞེས་ཚུལ་བཞིའི་སྒོ་ནས་མངོན་སུམ་དུ་དེ་ཉིད་ཟབ་མོ་མ་རྟོགས་པར་དེ་སྲིད་སྐལ་དམན་རྣམས་ལ་བརྡ་ལ་སོགས་པའི་སྒོ་ནས། སྦས་པའི་གསང་བ་སྦྱོར་སྒྲོལ་སོགས་སྤྱོད་མི་ནུས་པའི་ཆ་ཐམས་ཅད་མངོན་པར་འཆལ་ཏེ་སྤྱོད་པར་མི་བྱེད་པར་དེ་འདྲའི་རིགས་ཀུན་ལ་གཟུར་ནས་དུས་ཚོད་དང་བསྟུན་ནས་གདམས་པར་བྱའོ། །སྡོམ་པའི་རྟེན་ནི་ཉིན་རེ་བཞིན་དུ་བྲམ་ཟེ་གསོད་པ་དང༌། ཕ་མ་གསོད་པ་སོགས་མཚམས་མེད་ཀྱི་ལས་ལ་སྤྱོད་པ་ལྟ་བུའི་སྡིག་ཅན་ཡིན་ཀྱང༌། སྔགས་སྡོམ་སྐྱེ་བའི་རྟེན་དུ་རུང་བས་ན། ཐེག་པ་འོག་མ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་ཐབས་ཀྱིས་ཆེ་ཞིང་ཁྱད་པར་དུ་འགྱུར་བ་སྨོས་ཅི་དགོས། ལྟུང་བ་སོ་སོའི་བླང་དོར་གྱི་མཚམས་མི་ཤེས་པ་དང༌། དེའི་གནད་འདོམས་པའི་བླ་མར་མི་གུས་པ་དང༌། བསླབ་པའི་གནས་ལ་གཟོབ་པར་མ་བྱས་ན་བག་མེད་པ་ལ་གོམས་པས་ཉེས་པ་འདོད་རྒྱལ་དུ་བྱེད་པ་དང་གསུམ། གལ་ཏེ་བག་ཡོད་བྱས་ཀྱང་ཉོན་མོངས་པ་ཤུགས་དྲག་ལ་མཐུ་ཆེ་བས་གཉེན་པོས་མགོ་མི་ནོན་པ་སྟེ། དེ་བཞི་པོ་ནི་ལྟུང་བ་འབྱུང་བའི་སྒོ་བཞི་ཡིན་ལ། དེའི་སྟེང་དུ་ལྟུང་བ་ལེགས་པར་ཤེས་ཀྱང་བརྗེད་ངས་ཆེ་བ་དང༌། དྲན་པ་མི་གསལ་བ་སྟེ་ལྟུང་བ་བྱུང་མིན་བརྟགས་པའི་ཤེས་བཞིན་ལྷོད་པ་གཉིས་བསྣན་པས་དམ་ཚིག་ཉམས་པའི་རྒྱུ་དྲུག་ཡིན་ནོ། །དེ་བས་ན་གཉེན་པོ་དྲན་པ་དང་ཤེས་བཞིན་གྱིས་ཉོན་མོངས་གང་ཆེ་དེའི་གཉེན་པོ་བསྐྱེད་པ་ཡིས། དཔེར་ན་ལོང་བ་དེ་ལ་སྨན་པ་མཁས་པས་ཐུར་དཔྱད་ཀྱིས་དབྱེ་བའི་གནས་སྐབས་ཐོབ་པ་ན། དེའི་ཤིན་ཏུ་བསྒྲིམས་ཏེ་བག་ཟོན་དང་བཅས་པས་བསྲུང་བ་ཇི་ལྟ་བ་དེ་བཞིན་དུ་སྔར་བཤད་པ་ལྟར་ཉིན་མཚན་ཐུན་དྲུག་ཏུ། སྤང་བླང་གནད་ལ་བསྒྲིམས་ཤིང་བསྒྲིམས་ཤིང་ལྷོད་པ་མེད་པར་བརྟགས་ལ་དཔྱད་པར་རིགས་སོ། །ཉམས་ན་གསོ་བའང་འོག་མ་ལས་འཕགས་ཏེ། ཉན་ཐོས་སྡོམ་ཁྲིམས་ཉམས་པ་སྟེ་ཕམ་པ་བཞི་གང་རུང་བྱུང་ནས་འཆབ་སེམས་མ་སྐྱེས་ན། བསླབ་པ་སྦྱིན་པས་ལན་བདུན་གསོར་ཡོད་ལ། སྤྱིར་ཕམ་པ་འཆབ་མེད་ཅན་བསླབ་སྦྱིན་བྱས་པ་དེ་ཡིས་བསླབ་པ་ཕུལ་ཏེ་དགེ་སློང་གི་སྡོམ་པ་བླང་དུ་ཡོད་པར་གསུངས་ཏེ། ཀརྨ་ཤ་ཏཾ་གྱི་འགྲེལ་པར་སྐྱེས་པ་ནི་རབ་ཏུ་བྱུང་བ་ལན་བདུན་ལེན་དུ་སྣང་བའི་ཕྱིར་ཞེས་བྱུང་བ་ལ་སོགས་པའོ། །འཆབ་པ་དང་བཅས་པ་ནི་ལན་གཅིག་ཀྱང༌། གསོ་བའི་ཡུལ་མེད་དེ་དཔེར་ན་རྫ་བེའུ་ཆག་པ་བཞིན་ནོ། །བྱང་སྡོམ་ནི་དཔེར་ན་རིན་ཆེན་ཉེར་སྤྱད་ཆག་པ་དང་འདྲ་སྟེ་མགར་མཁས་པས་བཅོས་སུ་ཡོད་པ་དང་མཚུངས་ལ། གཞན་རྐྱེན་དགེ་བའི་བཤེས་གཉེན་ལ་བསྟེན་ནས་གསོ་བ་ཡིན་ལ། གསང་སྔགས་ཀྱི་སྡོམ་པ་ཉམས་པ་ནི། རིན་ཆེན་གྱི་སྣོད་ཅུང་ཟད་ཞོམ་པ་ལྟར། གཞན་རྐྱེན་ལ་མ་ལྟོས་པར་རང་སྟོབས་བསྐྱེད་རྫོགས་སོགས་ཀྱི་མཐུ་ཡིས་གསོ་རུ་བྱར་ཡོད་པས་ཁྱད་པར་དུ་འཕགས་ཏེ། དེ་ཡང་བླ་མ་རྡོ་རྗེ་སློབ་དཔོན། རྡོ་རྗེའི་སྤུན་རྣམས་ལ་རྨི་ལམ་ཚུན་བརྙས་ཐབས་ཤོར་ན། འཕྲལ་དུ་སྒོ་གསུམ་གྱིས་གུས་ཤིང་བཀུར་ཏེ་ཚོགས་དང་ཡོ་བྱད་སོགས་ཀྱི་ཐུགས་མཉེས་པར་བྱས་ལ་ཉམས་པ་སྐོང་བའི་རྒྱུ་མཚན། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེའི་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང༌། །བརྡའམ་དངོས་སུ་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང༌། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང༌། །གལ་ཏེ་དྲན་པས་མ་ཟིན་ནས། །ཐལ་བར་གྱུར་ཀྱང་མ་བཤགས་ན། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་སོ། །དེ་རྣམས་ཀྱི་གསུང་གི་ཐ་ཚིག་ལས་ཉམས་ཤོར་ན་རྩ་བའི་བླ་མ་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་སངས་རྒྱས་རྡོ་རྗེ་ཆོས་སྐུ་མདོག་དམར་པོ་ཅན་སྤྱི་བོར་རམ། ཡང་ན་བདག་དང་དབྱེར་མེད་དུ་བསྒོམ་ལ་སྙིང་པོ་པདྨ་སཏྭའམ་དེའི་ཡིག་བརྒྱ་འབུམ་ཐེར་འདོན་པ་དང༌། བླ་མའི་ཡོན་ཏན་བརྗོད་པ་འབའ་ཞིག་ལ་དོན་དུ་གཉེར་བར་བྱའོ། །གནོད་སེམས་དང་གསང་བ་བསྒྲགས་པ་སོགས་ཐུགས་ཀྱི་དམ་ཚིག་ལས་ཉམས་ཤོར་ན། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོ་རྡོར་སེམས་སུ་གསལ་བའི་སྤྱི་བོར་བླ་མ་བསྒོམ་ལ། ཡན་ལག་བདུན་པ་ཕུལ་ནས་དབང་བཞི་བླངས་རྗེས་བླ་མ་རང་ལ་བསྟིམས་སྟེ་ལོ་གསུམ་སྨྲ་བ་བཅད་ལ་ཐུགས་ཡིད་དབྱེར་མེད་དུ་བསྲེས་པའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་གསོ་བའི་ཐབས་སུ་བཤད་དོ། །དུས་ལ་ལྟོས་པའི་ཉིན་མཚན་ཐུན་དྲུག་ཏུ་བཅད་པའི་ཆ་གང་རུང་ཞིག་གི་ནང་དུ་ལྟུང་བ་ལ་སྦྱོར་བའི་བྱ་བ་བརྩམས་ནས་ཐུན་དེའི་ནང་དུ་གཉེན་པོས་མ་སླེབ་པར་དུས་ཚོད་ལས་ཐལ་ཏེ། ཐུན་ཚོད་འདའ་བའི་མཚམས་ལ་ཐུན་གྱི་ལྟུང་བ་ཞེས་བརྗོད་པ་ཡིན་ལ། དེ་བཞིན་དུ་འགལ་བ་དང༌། ཉམས་པ་དང༌། འདས་པ་དང༌། རལ་བ་ཞེས་བཞི་པོའང་ཞག་དང་ཟླ་བ་དང༌། ལོ་གཅིག་དང༌། ལོ་གཉིས་སམ་གསུམ་ཚུན་ཆོད་འདས་ཏེ་ཐུན་ཚོད་ལ་བཤགས་པ་བྱས་ན་གསོ་བར་རུང་སྟེ། སྔ་མ་ལས་ཀྱང་ཕྱི་མ་ཕྱི་མར་ལྕི་ཞིང༌། ལོ་གསུམ་འདས་ན་བཤགས་པ་བྱས་ཀྱང་གསོ་བར་རུང་བ་མ་ཡིན་ལ། དེ་དག་ལས་དང་པོ་འགལ་ན། ཚོགས་ཀྱི་འཁོར་ལོ་སྔོན་དུ་འགྲོ་བར་བྱ་བ་དང༌། ཉམས་ན་བླ་མ་དང་ལྷ་ལ་བདོག་དགུ་སྤོང་དག་ཕུལ་ནས་བསྐང་ཞིང༌། འདས་ན་དེ་ལས་ཀྱང་ཕངས་པའི་བུ་དང་ཆུང་མ་ནོར་གྱི་དབྱིག་སོགས་རིན་པོ་ཆེ་གང་བཟང་ཕུལ་ནས་བསྐང༌། རལ་ན་རང་གི་སྲོག་ལའང་མི་ལྟ་བར་བརྩོན་འགྲུས་དྲག་པོ་དག་གིས་གསོ་བའི་རྣམ་བཞག་རྣམས་ནི། རྡོ་རྗེ་ཉི་མ་རྣམ་པར་བཀོད་པའི་རྒྱུད་སྡེ་ཉིད་ལས་གསུངས་སོ། །བསྡུས་ཏེ་དོན་གོང་དུ་བཤད་པ་དེ་ལས་གཞན་ཡང་འདི་ལྟར་བླ་མ་ལས། དབང་བཞི་པོ་བསྐྱར་ནས་བླང་བ་དང༌། རང་གི་དམིགས་པས་བདག་འཇུག་བླང༌། དབེན་པར་བསྐྱེད་རྫོགས་བསྒོམ་པ་དང༌། ལས་ཀྱི་བསྐང་བ་ནི་སྦྱིན་སྲེག་གཏོར་མ་བཟླས་བརྗོད་ལ་བརྟེན་པ་རྣམས་ཏེ། དེ་ཡང་ཀུན་ཏུ་ཉམས་པ་ལ་ཚིག་འབུམ་སུམ་ཁྲི། རྩ་བ་ཉམས་ན་ལྔ་ཁྲི་སུམ་སྟོང༌། ཡན་ལག་ཉམས་ན་ལྔ་སྟོང་སུམ་བརྒྱ། ཟླས་ཉམས་ཏེ་ཉམས་པ་དང་འགྲོགས་པ་ལ་བརྒྱ་ཕྲག་གསུམ། རང་གི་ཆེད་དུ་མིན་ཀྱང་གཞན་གྱི་ངོ་དགར་སོགས་ཞར་ཉམས་ལ་ལྔ་བཅུ་རྩ་གསུམ་མོ། །དེ་ཡང་རྫས་ཀྱིས་བསྐང་བ་དང༌། འདུན་པས་བསྐང་བ་དང༌། ཏིང་ངེ་འཛིན་གྱིས་བསྐང་བ་སོགས་བྱ་ལ། འཕོ་མེད་ཀྱི་ཚུལ་ཁྲིམས་རྫོགས་རིམ་རང་ལུས་ཐབས་ལྡན་སོགས་སྤྱི་དང༌། ཐིག་ལེའི་རྣལ་འབྱོར་འབར་འཛག་བསྒོམ་པ་དང༌། ཞི་བའི་སྦྱིན་སྲེག་དང༌། འཁོར་འདས་ལྷར་གསལ་བ་ལ་གཏོར་མ་གཏོང་བ་དང༌། ཡོ་ག་ནས་བཤད་པའི་དྲལ་བའི་སྔགས་རྒྱ་ལྟུང་བ་སློང་བའི་ཕྱག་རྒྱ་དང༌། དེའི་སྔགས་ཀྱི་རིམ་པ་ལ་བརྟེན་ནས་ངན་འགྲོ་དགུག་དྲལ་དང༌། དེ་བཞིན་དུ་རྡོ་རྗེ་ཡང་ཏོག་གི་རྒྱུད་ལས། ཡིག་འབྲུ་སྔགས་ཀྱི་སྦྱང་བ་ནི། །རྐང་མཐིལ་གཉིས་སུ་ཡཾ་གཉིས་བསམ། །གསང་བའི་སྒོ་རུ་རཾ་བསམ་མོ། །ལྟེ་བར་རིགས་དྲུག་ཡིག་འབྲུ་བསམ། །སྙིང་ཁར་ཕཊཿཀྱི་གདན་དག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བསམ། །ཡཾ་ལས་ཡེ་ཤེས་རླུང་བྱུང་སྟེ། །རཾ་ལས་ཡེ་ཤེས་མེ་སྦར་ནས། །རིགས་དྲུག་བག་ཆགས་ཐམས་ཅད་བསྲེག །སྒོ་གསུམ་སྐུ་གསུང་ཐུགས་སུ་གྱུར། །ཕཊཿཀྱིས་ཆོས་ཀྱི་དབྱིངས་སུ་འཕང༌། །ཞེས་པའང་མན་ངག་ཤིན་ཏུ་ཟབ་ལ། རྣམ་འཇོམས་སྨེ་བརྩེགས་སོགས་གཟུངས་ཀྱིས་བསྒྲུབས་པའི་བུམ་ཆུས་བཀྲུ་བ་དང༌། མཁའ་དབྱིངས་སུ་ཤར་བའི་དབང་ལྷ་ལས་རིགས་པའི་དབང་ལྔ་བླངས་ནས་བཀྲུ་བའི་འདུན་པ་དང༌། ཆུ་ཀླུང་སོགས་བཾ་ལས་མཱ་མ་ཀཱིའི་བདག་ཉིད་དུ་མོས་ནས་བརྟུལ་ཞུགས་ཀྱིས་ལུས་བཀྲུ་བ་སོགས་བཀྲུ་བའི་རིམ་པ་དང༌། གཏུམ་མོའི་མེས་ལྟེ་བར་ཀཾ་ཡིག་དང་སྙིང་ཁར་ཤ་ཟའི་གཟུགས་ཀྱི་སྡིག་པ་བསྲེག་པ་དང༌། རླུང་ལ་བརྟེན་ནས་སྦྱང་བ་ཡང་གཙུག་ལག་ཁང་སོགས་སུ་འཕན་དར་སོགས་བསྒྲེངས་པ་དང༌། ཚོགས་མང་དབུས་སམ་རྟེན་བྱིན་ཅན་གྱི་དྲུང་དུ་ཉེས་པ་བསྒྲག་པ་དང༌། ཚོགས་འཁོར་སོགས་དང༌། སྲོག་བསླུ་གསུང་རབ་སྤྱི་དང༌། ཐར་མདོ་དྲི་མེད་བཤགས་རྒྱུད་སོགས་བཀླག་པ་དང༌། གཟུངས་སྔགས་སྤྱི་དང་ཁྱད་པར་དེ་བཞིན་གཤེགས་པའི་ཡིག་བརྒྱ་བཟླ་བ་དང༌། མཎྜལ་འབུལ་བ་དང༌། ཡན་ལག་བདུན་པ་འབུལ་བ་དང༌། དེ་བཞིན་གཤེགས་པའི་སྤངས་རྟོགས་ཀྱི་གཟུགས་བརྙན་མཆོད་རྟེན་བཞེངས་པ་དང༌། མི་ནུས་པ་ཡིན་ནའང་སཱཙྪ་གདབ་པ་ལ་སོགས་ཉམས་ཆག་སྦྱོང་བའི་ཐབས་ཀྱིས་གཉེན་པོའི་རིམ་པ་ཟད་ཅིང་གཏུགས་སྲིད་པ་མ་ཡིན་ལ། དེ་དག་ནི་སྦྱོང་ཚུལ་སྤྱི་དང༌། ཁྱད་པར་སྤྱི་ཁྲུས་ན་རག་དོང་སྤྲུགས་བཤགས་པས་མི་འདག་པ་མེད་དེ། ཇི་སྐད་དུ། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆག་ཐམས་ཅད་བྱང་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང༌། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་སོ། །དེ་ལྟར་དམིགས་བཅས་ཀྱི་བཤགས་པ་ཀུན་ལ་འགྱོད་སེམས་བསྐྱེད་པ་ནི་ལྷག་པར་གཅེས་སོ། །མ་བཤགས་ན་ཚེ་འདིར་སྒྲུབ་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་ཞིང༌། བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འགྲིབ་པ་དང༌། ཚེ་ཐུང་ནད་མང་སོགས་དང༌། ཕྱི་མ་དམྱལ་བ་གང་གིས་ཀྱང་དོ་ཟླ་མེད་པའི་རྡོ་རྗེའི་དམྱལ་བར་ལྟུང་བར་འགྱུར་རོ། །དམ་ཚིག་དང་ལྡན་པ་ནི། སྐྱེ་བ་བཅུ་དྲུག་གམ། མྱུར་ན་ཚེ་འདིའམ་འཆི་ཁའི་བར་མ་དོར་སོགས་གང་རུང་བའི་དུས་དེར་གྲུབ་པ་བརྒྱད་སོགས་ཡོན་ཏན་འཐོབ་སྟེ། ཇི་སྐད་དུ། མཁའ་སྤྱོད། ཕ་རོལ་ལས་རྒྱལ་བྱེད་རལ་གྲི་གང་སྒྲུབ་ལག་ཏུ་ཐོགས་པའི་ལུས་མི་སྣང་རིལ་བུ་དང༌། །ཡུད་ཙམ་རྒྱ་མཚོའི་མཐའ་ཡང་འཁོར་བ་རྐང་མགྱོགས། མི་ཟད་པའི་གཏེར་གྱི་བུམ་པ་གནོད་སྦྱིན་སྡེ་བརྒྱད་བྲན་དུ་ཁོལ། །བཅུད་ལེན་དང་ནི་མིག་ལ་བྱུག་ན་གཏེར་སོགས་མཐོང་མིག་སྨན་ནོ། །ཞེས་དང༌། དབང་བཅུ་ནི། མདོ་ལམ་དུ་བཤད་པ་དེ་རྣམས་མ་དག་ས་བདུན་ན་ཕྱི་དང༌། དག་པ་གསུམ་ན་ནང་དུ་བཞག་པ་དང་གཉིས་ཡོད་དེ། དབང་བཅུ་ཤིན་ཏུ་རྣམ་དག་ནི་སངས་རྒྱས་ཀྱི་ས་ན་ཡོད་དོ། །དབང་ཕྱུག་བརྒྱད་ནི། ཕྲ་ཆོས་རྣམས་སྤྲོས་བྲལ་དུ་མཐོང་ཞིང་ཡང་འཇིག་རྟེན་ཁམས་རྣམས་སུ་འགྲོ་བ་ལ་ཕྲ་རབ་གཉིས་སྣང་ནུབ་པ་ནུས་པ་དང༌། །སྤྱོད་འདོད་ཡོན་ལྔ་ཆོས་ཉིད་ལ་རོལ་པར་ནུས་དང་བདག་མཐུ་སྟོབས་ཀྱི་བདག་པོར་གྱུར་པ་ཉིད་ཆེན་པོ་དང༌། །དགའ་འགྲོ་རྣམས་ཅི་འདོད་མགུར་བྱེད་དང་སེམས་ཅན་ཐམས་ཅད་ཚོགས་གཉིས་ཀྱི་དབང་དུ་འགྱུར། རྫུ་འཕྲུལ་གྱིས་ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཅེས་དེ་དག་གང་ལ་མངའ་བའི་གནས་སྐབས་རིག་འཛིན་རྣམ་པ་བཞི་སྔར་བཤད་པ་ལྟར་དང༌། སྐུ་རྣམ་པ་ཐམས་ཅད་དུ་ཤེས་བྱའི་གཟུགས་བརྙན་ཡོད་རྒུར་འཆར་བའི་ཁ་སྦྱོར། །གསུང་སྒྲ་ཚིག་གི་སྒྲིབ་བྲལ་ལོངས་སྤྱོད་རྫོགས། ཐུགས་གཟུང་འཛིན་གྱི་རྟོག་པ་ལས་གྲོལ་བའི་འགྱུར་མེད་བདེ་ཆེན་ལ་རོལ། །དཔྱད་མཐའ་ལས་གྲོལ་བའི་སོ་སོ་རང་རིག་པའི་མཚན་ཉིད་ཅན་ཏེ་བཞི་ནི་རང་དོན་ཕུན་ཚོགས་དང༌། སྙིང་རྗེས་གཞན་དོན་འབད་མེད་དུ་འབྱུང་བ་དམིགས་མེད་ཐུགས་རྗེ་ཆེན་པོ་དང༌། དེ་ཉིད་རྒྱུན་ཆད་མེད་པས་རྟག་པ། གདུལ་བྱའི་མོས་ངོར་སྐལ་པ་འཚམས་པའི་གཟུགས་སྐུ་སྣང་ཞིང་ཆོས་སྒོ་མཐའ་ཡས་འགོག་མེད་དུ་འཆར་བ་གཞན་དོན་ཕུན་ཚོགས་ཏེ་མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན་ཤུགས་ལ་འགྲུབ་པས། སྐུ་ལྔའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཏེ་འོག་མིན་གྱི་ཞིང་དུ་འགྲོ་ཞིང་དོན་གཉིས་ལྷུན་གྱིས་གྲུབ་པ་ལ་སངས་རྒྱས་ཞེས་བྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། རིག་པ་འཛིན་པའི་སྡེ་སྣོད་བསྟན་པའི་ཚོམས་ཏེ་ལེའུ་བཅུ་པའོ།། །།ཐབས་མཁས་ཐུགས་རྗེ་ཅན་རྒྱལ་བས་ལས་དང་པོ་པར་འཁོར་ལོ་དང་པོར་བདེན་བཞི་མི་རྟག་བཅུ་དྲུག་སོགས་དང༌། དབང་པོ་འབྲིང་ལ་འཁོར་ལོ་བར་པར་རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ། ངོ་བོ་སྟོང་པ་ཉིད་དེ་རྣམ་ཐར་གསུམ། བསྟན་བྱའི་ངོ་བོ་ཉམས་སུ་ལེན་བྱ་སོ་སོ་རང་རིག་པའི་ཡེ་ཤེས་ཆེན་པོ་ཉིད་བཀའ་ཐ་མས་སྟོན། བར་པའི་བསྟན་བྱ་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་བདེ་གཤེགས་སྙིང་པོ་རུ། རང་བཞིན་གྱིས་བཞུགས་པར་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་རྣམས་ལས་རྒྱ་ཆེར་གསུངས་ཤིང༌། དབང་རྣོན་ངོར་ཤེས་བྱའི་གཤིས་ཇི་ལྟར་གནས་པའི་ཚུལ་ཐ་མས་སྟོན་ཏེ། དེ་ལྟར་བར་ཐ་གཉིས་ཀྱིས་བསྟན་བྱའི་སྙིང་པོ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་པ་ཞི་བ་རང་བཞིན་སྤྲོས་པ་དང་བྲལ་ཞིང༌། འོད་གསལ་བའི་ཆོས་ཉིད་དེ་སེམས་དང་ཡེ་ཤེས་ལོགས་སུ་ཕྱེ་ནས། ཡེ་ཤེས་རང་གི་ངོ་བོ་རྗེན་པར་སྟོན་པ་ལ་རྫོགས་པ་ཆེན་པོ་ཞེས་བྱ་བར་གྲགས་པ་ཡིན་པས་ན། སྟོན་ཚུལ་ཙམ་ལས་མཐར་ཐུག་པའི་དོན་དུ་ནི་ཟུང་འཇུག་དབུ་མ་ ཕྲ་བ་ནང་གི་དབུ་མ་ ཆེན་པོ་དང་ཡང་དོན་གཅིག་གོ །དེ་ཡང་རང་རིག་པའི་ངོ་བོ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་པས་ན་རྫོགས་པ་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པས་ཆེན་པོའོ། །གཞི་ལམ་འབྲས་བུའི་རྫོགས་པ་ཆེན་པོ་རྣམས་གདུལ་བྱའི་ཁམས་གང་དུ། མོས་པ་དང་འཚམས་པའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ཞིང་གྲངས་མང་བའི་ལམ་བཟང་པོ་མྱང་འདས་སུ་དཀྲི་བར་བྱེད་པས། དམ་པའི་དོན་ཉན་ཐོས་ནས་ཨ་ནུའི་བར་མཐའ་དག་བློ་ཡི་དྲི་མ་བྱི་དོར་བྱེད་པ་ཁོ་ནའི་ཕྱིར་གསུངས་པས། ཐེག་པ་དེ་དག་གི་ཉམས་ལེན་སྡོམ་པ་གསུམ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། གསང་སྔགས་ཐུན་མོང་བའི་ལམ་གྱི་བསྐྱེད་པ་དང་རྫོགས་པའི་རིམ་པ་སོགས་ཇི་སྙེད་པ་དེ་ཀུན་ཀྱང་རྫོགས་པ་ཆེན་པོའི་ལམ་སྟེགས་ཡིན་ནོ། །འཁོར་འདས་དབྱེར་མེད་རང་བཞིན་རྫོགས་པ་ཆེན་པོ་གཏན་ལ་ཕབ་པའི་སྐབས་འདིར་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱིངས་ལས་མ་གཡོས་པའི་ཕྱིར། གནས་ལུགས་མ་རྟོགས་པའི་འཁྲུལ་སྣང་འདི་བྱུང་ཡང་རིག་པའི་རང་བཞིན་རྣམ་པར་དག་པ་ལས་གཞན་དུ་འགྱུར་བ་མེད་དེ། རི་རྭ་བཞིན་ངོ་བོ་ཅི་ཡང་མེད་དོ། །དེས་ན་འཁོར་འདས་གཉིས་ཀ་མ་གྲུབ་བཞིན་དུ་འཁོར་འདས་སུ་སྣང་བའི་གཞི་རིག་པ་ཡི་ཆོས་ཉིད་ཀྱང༌། ངོ་བོ་དག་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་སྤྲུལ་སྐུ་སྟེ་སྐུ་གསུམ་དུ་ཡེ་ནས་རྫོགས་པ་གཞི་དེ་ཉིད་ཀྱི་ངང་ལས་གཞི་སྣང་ཤར་བའི་དུས་ན། ཚོགས་བརྒྱད་ཀྱི་ཉེར་ལེན་སྤྲིན་དང་འདྲ་བ་རྣམས་རང་སར་དེངས་པས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རྣམ་པར་དག་པའི་སངས་རྒྱས་དང༌། གཞི་སྣང་དེ་ཉིད་ལྷན་སྐྱེས་མ་རིག་པས་བསྒྲིབས་ཏེ་ཀུན་ཏུ་བརྟགས་པ་ཅན་གྱི་མ་རིག་པས་རང་སྣང་ལ་ཡུལ་དུ་བཟུང་བས་གཟུང་འཛིན་གཉིས་སུ་མཆེད་དེ། མ་དག་འཁོར་བའི་རང་བཞིན་རྨི་ལམ་ལྟ་བུར་སྣང་བས་སེམས་ཅན་ཏེ་འཁོར་འདས་གཉིས་ཀྱི་ཆ་རུ་སྣང་ན་ཡང༌། གཉིད་ཀྱི་ངང་ན་རྨི་ལམ་གྱི་སྣང་བ་བཟང་ངན་ཅི་ཤར་ཡང་གཉིད་དེ་ལས་གཞན་དུ་མི་གཡོ་བ་བཞིན། གཞན་ལས་གསར་བྱུང་མིན་པས་གང་ནས་ཀྱང་མ་འོངས་ལ་གཞི་ལས་གཡོས་པ་མེད་པས་གཞན་དུ་འཕོ་བའང་མེད་དོ། །རེ་ཞིག་རྫོགས་པ་ཆེན་པོའི་ལམ་ལ་ཞུགས་པ་རྣམས་ཀྱིས། གཞི་དེ་ཡི་བཞུགས་ཚུལ་ཡིན་ལུགས་ལ་དཔྱད་པ་བཏང་སྟེ་རང་རང་གིས་ཇི་ལྟར་འདོད་པའི་ཕྱོགས་བཟུང་ནས། གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱི་ལུགས་ལ་རྣམ་པ་བདུན་ཏེ། ལ་ལས་ཀ་དག །ལ་ལས་ལྷུན་གྲུབ། ལ་ལས་མ་ངེས་པ་དང༌། ལ་ལས་ངེས་པ་དོན། ལ་ལས་ཅིར་ཡང་བཏུབ་པ་དང༌། ལ་ལས་ཅིར་ཡང་ཁས་བླང་དུ་བཏུབ་པ་དང༌། ལ་ལས་སྣ་ཚོགས་སུ་འཆར་བར་འདོད་པའི་གཞི་བདུན་པོ་ཐམས་ཅད་ཀྱང་གཏན་ལ་དབབ་བྱའི་ངོ་བོ་ནི། ཀ་དག་དང་ལྷུན་གྲུབ་ཟུང་དུ་འཇུག་པའི་གཞིའི་རང་བཞིན་གཅིག་པུའི་ཕྱོགས་རེ་རེ་ལ། སོ་སོར་འདི་ཁོ་ན་གནས་ལུགས་སོ་སྙམ་ནས་བློས་བཏགས་པའི་རང་རང་གི་གཞུང་འཛིན་པ་གཞན་རྣམས་ཀྱང་གཞིའི་ཕྱོགས་རེ་ཙམ་ལ་མ་རྨོངས་ཏེ་ཤེས་ནའང༌། རང་བཞིན་ཇི་བཞིན་མ་རྟོགས་པའི་སྐྱོན་ནི་དཔེར་ན། ཡེ་ཤེས་སྙིང་པོའི་མདོ་ལས། སྔོན་རྒྱལ་པོས་དམུས་ལོང་དུ་མ་བསགས་ཏེ་གླང་པོ་ཆེ་བསྟན་ནས། གླང་པོ་ཆེ་འདིའི་མཚན་ཉིད་སོ་སོར་སྨྲོས་ཤིག་ཅེས་བསྒོས་པས། སྣ་ལ་རེག་པ་རྣམས་ནི་ལྕགས་ཀྱུ་དང་འདྲའོ་ཞེས་ཟེར་རོ། །མིག་ལ་རེག་པ་རྣམས་ཀྱིས་ཕོར་པ་དང་འདྲའོ་ཞེས་ཟེར་རོ། །རྣ་བ་ལ་རེག་པ་རྣམས་ཀྱིས་ཞིབ་མ་དང་འདྲའོ་ཞེས་ཟེར་རོ། །རྒྱབ་ལ་རེག་པ་རྣམས་ཀྱིས་ཁྱོགས་དང་འདྲའོ་ཞེས་ཟེར་རོ། །མཇུག་མ་ལ་རེག་པ་རྣམས་ཀྱིས་ཐ་གུ་དང་འདྲའོ་ཞེས་ཟེར་རོ། །ལོང་བས་གླང་པོ་ཆེ་ལས་གཞན་སྨྲས་པ་མ་ཡིན་ཀྱང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་སྟོང་པ་ཉིད་དང༌། སྒྱུ་མ་ལྟ་བུ་དང༌། འོད་གསལ་བ་སོགས་ཐ་དད་སྨྲས་ཀྱང་ཐམས་ཅད་དུ་རྟོགས་པ་ནི་མ་ཡིན་ནོ། །ཞེས་དང༌། ཉན་རང་བྱང་སེམས་གསུམ་གྱིས་སངས་རྒྱས་ཀྱི་སྙིང་པོ་ཇི་བཞིན་མི་མཐོང་བའི་དཔེ། དམུས་ལོང་ཞིག་གིས་གཞན་ཞིག་ལ་མར་གྱི་ཁ་དོག་དྲིས་པས་ཁ་བ་དང་འདྲའོ་ཞེས་སྨྲས་པ་དང༌། དེས་ཁ་བ་ལ་རེག་པས་མར་གྱི་ཁ་དོག་གྲང་མོར་འཛིན་ཏོ། །དྲིས་པ། ཁ་བའི་ཁ་དོག་ཅི་འདྲ། སྨྲས་པ། ངང་པའི་གཤོག་པ་དང་འདྲའོ། །ངང་པའི་གཤོག་སྒྲ་ཐོས་པས་ ཁ་དོག་འུར་འུར་པོར་འཛིན་ཏོ། །དྲིས་པ། གཤོག་པའི་ཁ་དོག་ཅི་འདྲ། དུང་དང་འདྲའོ། །དུང་ལ་རེག་པས་འཇམ་པོར་འདུག་ན། །དེ་ཡང་འཇམ་པོར་འཛིན་ནོ། །དེ་ལྟར་ཁོང་ལོང་བ་བདུན་གྱིས་གླང་པོའི་སྐྱེ་མཆེད་དང༌། ངང་པའི་ཁ་དོག་བརྗོད་པ་ཇི་བཞིན་ནོ། །འདིར་ནི་རིག་པའི་ངོ་བོ་སྤྲོས་བྲལ་ཀ་ནས་དག་པ་ལ། རང་གསལ་མ་འགག་པའི་རང་གདངས་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཉི་མ་དང་ཟེར་ལྟ་བུ། ཡོན་ཏན་གྱི་ཆ་ཡེ་ནས་ལྷུན་གྱིས་གྲུབ་ཀྱང་སྣང་སྟོང་གི་ལྡོག་པ་ཐ་དད་པས་གཅིག་པ་མ་ཡིན་པ་དང༌། ངོ་བོ་གཅིག་ལས་མེད་པས་བུམ་པ་དང་དེའི་སྟོང་པ་དབྱེར་མེད་པ་ལྟར་རྫས་ཐ་དད་པ་མིན་ཏེ། དཔེར་ན་ཆུ་དང་རླན་བཞིན་ལ། འདི་ལྟར་སྟོང་པའི་ངོས་ནས་དབྱིབས་དང་ཁ་དོག་སོགས་ངོ་བོ་འདི་ལྟ་བུའོ་ཞེས་ངོས་གཟུང་རྒྱུའི་དངོས་པོ་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བས་རྣམ་གཅོད་ཀྱི་སྒོ་ནས་སྤྲོས་པ་ཐམས་ཅད་གཅོད་པ་ལས། རང་རང་གི་ངོ་བོ་ལ་ཡོངས་གཅོད་ཀྱི་སྒོ་ནས་འདི་ལྟར་ཞེས་བརྗོད་དུ་མེད་པས་ཀ་དག་ཅེས་བརྗོད་པ་ཡིན་ལ། དེ་ཡང་ནམ་མཁའ་བཞིན་ཅང་མེད་པ་མིན་ལ། སྣང་བའི་ངོས་ནས་གཏིང་གསལ་གྱི་ཆ་རང་གདངས་འགག་པ་མེད་པ་ཐུགས་རྗེའི་རྩལ་ཅིར་ཡང་འཆར་རུང་དུ་ཡོད་པས་ལྷུན་གྲུབ་བོ་ཞེས་བརྗོད་པ་ཡིན་ཏེ། མུ་ཏིག་ཕྲེང་བ་ལས། ངོ་བོ་ཀ་དག་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་ཅིར་སྣང་རྫོགས། །ཞེས་གསུངས་བ་ལྟར་རྟག་ཆད་ཞོར་ལ་སྤངས་པ་ཡིན་ནོ། །འོ་ན་ཁྱེད་ཀྱིས་ཀ་དག་དང་ལྷུན་གྲུབ་སོ་སོ་བའི་གནས་སྐབས་དེ་སྐྱོན་ཅན་དུ་བསྒྲུབ་ན། འདིར་ཡང་གཉིས་ཡིན་དུ་བཤད་པའི་སྐྱོན་དེ་མི་འདུའམ་ཞེ་ན། འདིར་ནི་གཞི་སེམས་ཀྱི་ཆོས་ཉིད་ངོ་བོ་གཅིག་ལ་ཡོད་མེད་དམ། སྣང་ཕྱོགས་ནས་ལྷུན་གྲུབ། སྟོང་ཕྱོགས་ནས་ཀ་དག་གཉིས་ལྡོག་པའི་དབྱེ་བ་ཙམ་ལས་རྫས་སུ་ཐ་དད་མེད་པས་འགལ་བ་གཉིས་འདུ་བའང་མ་ཡིན་ཏེ། དཔེར་ན་གཉིད་དུ་ཕྱོགས་པ་ན་རགས་ཕྲའི་རྟོག་པ་ཐམས་ཅད་རིམ་གྱིས་འགགས་ཏེ་གཉིད་འཐུག་ཏུ་འགྱུར་སྐབས་རང་བཞིན་བརྒྱད་ཅུའི་རྟོག་པ་འགགས་པའི་ཤེས་པའི་ངོ་ལ་རྨི་ལམ་མེད་པ་དང༌། མཆེད་པའི་མདངས་རླུང་གི་ཆས་ཁུར་བའི་ཤེས་ངོ་ལ་རྨི་ལམ་དུ་སྣང་བའི་གཉིད་དུས་ཀྱི་ཤེས་པ་གཉིས། གཉིད་གཅིག་གི་ངོ་བོ་ལས་མ་གཡོས་པ་ལྟར། ངོ་བོ་ཀ་དག་གི་ཆ་ལ་འཁྲུལ་པ་གཞི་ལ་མ་གྲུབ་པ་ཡིན་པས་འཁོར་བར་འཁོར་སྔར་ཡང་མ་མྱོང༌། ད་ལྟ་མི་མྱོང༌། མྱོང་བར་མི་འགྱུར་ནའང་རང་བཞིན་ལྷུན་གྲུབ་ཀྱི་རྩལ་ལམ་གདངས་འགགས་པ་མེད་པ་ལས་རོལ་པ་སྣ་ཚོགས་པ་འཁོར་འདས་ཅིར་ཡང་སྣང་རུང་བ་ཡིན་ནོ། །དཔེ་ཇི་ལྟར་ན། ནོར་བུ་བཻཌཱུརྻ་ཡི་རང་འོད་དང༌། འཇའ་ཤེལ་གཙང་མ་འཇའ་ལྡན་རྣམས་ཀྱི་རང་འོད་ནི། ནང་དུ་གཏིང་གསལ་གྱི་རང་བཞིན་ཡོད་ཀྱང་ཉི་འོད་སོགས་ཀྱི་རྐྱེན་གྱིས་མ་བསྐྱེད་པར་རང་འོད་ཕྱིར་མི་སྣང་བ་མངོན་སུམ་དུ་ཤེས་རུང་སྟེ། གཞི་དང་གཞི་སྣང་གི་དཔེ་དེ་བཞིན་དུ་འཆི་སྲིད་སོགས་གཞིའི་འོད་གསལ་ལ་གནས་ཚེ། ཀ་དག་གི་རིག་པ་སྟོན་གནམ་གཡའ་དག་པ་ལྟ་བུ་རྐྱེན་གང་ཡང་མེད་པའི་གནས་སྐབས་ན། གཟུགས་ལ་སོགས་པ་ཡུལ་དང་དེ་དག་འཛིན་བྱེད་ཀྱི་ཚོགས་དྲུག་སོགས་མ་དག་པའི་སྣང་བ་དང༌། སྐུ་དང་འོད་ཟེར་སོགས་དག་པའི་སྣང་བ་སྟེ། མདོར་ན་དངོས་པོ་མཚན་མར་སྣང་བའི་ཆ་ཐམས་ཅད་སྤངས་པ་སྟེ་དུས་དེར་མེད་ཀྱང༌། རང་བཞིན་ལྷུན་གྱིས་གྲུབ་པའི་རང་གདངས་ནང་གསལ་གྱི་ཚུལ་དུ་ཡོད་པ་ལྷུན་གྲུབ་ཀྱི་སྣང་བ་ཕྱི་ཤར་དུ་མཆེད་པའི་རྐྱེན་དང་མ་འཕྲད་པས་རྒྱ་མ་རལ་ཏེ་ཕྱིར་མ་ཤར་བ་གཞོན་ནུ་བུམ་པའི་སྐུ། ངོ་བོ་རྣམ་རྟོག་ཕྲ་རགས་ཐམས་ཅད་ཀྱིས་བསམ་བརྗོད་དང་བྲལ་བས་སྐྱེ་མེད་དུ་སྟོང་ལ། རང་གདངས་ལྷུན་གྲུབ་ཀྱི་ཆ་ལས་སྐུ་གསུམ་གྱི་སྣང་བ་མ་འགགས་པར་འཆར་རུང་དུ་ཡོད་པས། འཁོར་འདས་ཀྱི་སྣང་བ་ཀུན་གྱི་འཆར་གཞིར་གཞིའི་རིག་པ་དེ་ཉིད་དུ་བཞུགས་པ་ཡིན་ཀྱང༌། ཀ་དག་དང་ལྷུན་གྲུབ་ངོ་བོ་གཅིག་པས་སྟོང་པའི་འོད་གསལ་གཞི་ལས་གཞི་སྣང་གཡོས་པ་མེད་པའི་གནས་ལུགས་དེ་ལ་ནི་ཕུང་པོ་ལྔའི་དྲི་མས་གདོད་ནས་གོས་མ་མྱོང་བས་གཞི་སྣང་ཡེ་ནས་དག་པས་བྱང་ལ། སྐུ་གསུམ་གྱི་ཡོན་ཏན་རང་ཆས་སུ་ཡོད་པས་ཆུབ་ཅིང་འཆར་ཚུལ་ཅིང་ཡང་མ་འགགས་པས་སེམས་ཞེས་བྱ་ལ་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས། ཕྲ་བའི་ཡེ་ཤེས་ནང་གསལ་གྱི་ཚུལ་དུ་གནས་པ་དེའི་ཚེ་ན་ཁ་དོག་དང་བདག་གཞན་སོགས་མཚན་མ་དག་མ་དག་གི་འཁོར་འདས་འཁྲུལ་གྲོལ་གྱི་རྣམ་པ་ཅན་རིས་སུ་ཆད་པ་ཅན་དུ་ཕྱིར་མི་གསལ་བ་ཡིན་ནོ། །གནས་ལུགས་འཁོར་འདས་ཀྱི་སྤྱི་གཞི་དེ་ནི་ཀ་དག་གི་ངོས་ནས་སྐུ་དང་ཡེ་ཤེས་སུ་རང་བཞིན་གྱིས་གྲུབ་པ་མེད་པས་སངས་རྒྱས་མ་ཡིན། ཕུང་ཁམས་སྐྱེ་མཆེད་སོགས་མེད་པས་སེམས་ཅན་མིན་ནོ། །ཐིག་ལེ་ཉག་གཅིག་ཏུ་བརྗོད་ཀྱང་གཅིག་རྒྱུའི་དངོས་པོ་མེད་པ་དང༌། སྐུ་གསུམ་སོགས་བཏགས་ཀྱང་དབྱིངས་གཅིག་ལ་ཐ་དད་དུ་གྲུབ་པ་མ་ཡིན་ལ། སྤྲོས་པ་དང་བྲལ་བས་མཐའ་དབུས་སུ་བཞག་ཏུ་ཡོད་པ་མིན་ལ། རང་བཞིན་ལྷུན་གྲུབ་ཀྱི་ཆ་ནས་གཞལ་ན་སྟོང་པ་ཕྱང་ཆད་མ་ཡིན་པར་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཡིན་ཀྱང་དངོས་པོ་རྡོས་བཅས་སུ་གྲུབ་པ་མིན་ནོ། །འཁྲུལ་གྲོལ་གྱི་རྐྱེན་གང་ཡང་མེད་པའི་གནས་སྐབས་དེ་ནི། ངོ་བོ་ལ་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་གང་དུའང་མ་གྲུབ་པའམ་མ་ཕྱེ་བའི་ཀ་དག །རང་བཞིན་འགག་པ་མེད་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷུན་གྲུབ། ཐུགས་རྗེ་གོ་མ་འགགས་པས་མཛད་པ་ཕྲིན་ལས་འཁོར་འདས་ཀྱི་སྤྱོད་ཡུལ་ཀུན་ལ་ཁྱབ་པའི་སྣང་བ་གསུམ་དང་ཐབས་གཅིག་གི་རང་བཞིན་ལས་འདུ་འབྲལ་མེད་པའི་བདག་ཉིད་དུ་བཞུགས་པ་གཞི་རྐྱང་པའི་རྣམ་བཞག་གོ །གཞིའི་གནས་ལུགས་བུམ་སྐུའི་རང་གདངས་དེ་ཉིད་ཀྱི་ངང་ལས་གཞི་སྣང་ལྷུན་གྱིས་གྲུབ་པའི་ཆ་ཐམས་ཅད་འཆར་བར་འགྱུར་བ་ཡིན་ལ། གཞི་ཟུང་འཇུག་གི་འོད་གསལ་དེ་ལ་སྟོང་པའི་འོད་གསལ་ཟེར། དེའི་ངང་ལས་སྣང་སྟོང་ཟུང་འཇུག་རིག་པའི་ཡེ་ཤེས་ཕྱོགས་ལྷུང་དང་བྲལ་བ་སྲོག་གམ་སྙིང་པོའི་བདག་ཉིད་ཅན་དུ་བཞུགས་པ་ལ། གྱེན་རྒྱུ་རང་ངོ་ཤེས་པས་ཤེས་རབ་ཀྱི་རྟ་དང༌། ཐུར་སེལ་ཡུལ་སྣང་སད་པ་ཤེས་རབ་ཀྱི་ཟེར་མདངས་འོད་དང༌། མེ་དང་མཉམ་པ་སྨིན་པར་བྱེད་པའམ་འབར་བར་བྱེད་པས་སྟོབས་ཅན་དང༌། ཁྱབ་བྱེད་ཡོངས་སུ་གྲུབ་ཅིང་རྫོགས་པར་བྱེད་པའི་སྟོབས་ཅན་ཏེ་བཞི་པོ་ཡན་ལག་ཏུ་ཡོད་པའི་རླུང་ལྔའི་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཐམས་ཅད་འཆར་བའི་གཞིའམ་སྙིང་པོའི་ཚུལ་དུ་གདངས་འགག་མེད་རླུང་ལྔའི་སྟོབས་ཀྱིས་ཕྱིར་འཕགས་ཏེ་སྐྱོད་པར་བརྩམས་པས་ནང་འོད་གསལ་གྱི་སྐུ་ཡེ་ཤེས་ཐུགས་རྗེ་རྣམས་རླུང་ལྔ་དང་དབྱེར་མེད་རོ་གཅིག་ཏུ་གནས་པ་དངོས་སུ་གྲུབ་པ་མེད་པ། གཞོན་ནུ་བུམ་པའི་སྐུ་ཡི་ཚུལ་དུ་ཡོད་པ་དེའི་ཕྱི་རྒྱ་རལ་ནས། དུས་གཅིག་ལ་ཕྱིར་གསལ་དུ་གདོད་མའི་གཞི་ཀ་དག་གི་ངང་ལས་གཡོས་པ་མེད་བཞིན་དུ་ཡེ་ཤེས་འོད་ཀྱི་སྦུབས་སམ་གཞིའི་སྣང་བ་ཤར་བ་ནི། རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་ཞེས་བྱའོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་བ་གང་ཚེ་ངོ་བོའི་གདངས་ནམ་མཁའ་ལྟར་གོ་ཕྱེ་བའི་ཚུལ་དུ་རང་བཞིན་གྱི་གདངས་འོད་ལྔའི་རྣམ་པར་ཤར་བ་ན། ཐུགས་རྗེའི་རིག་གདངས་རྣམ་པའི་ཡུལ་དེ་ཉིད་ལ་དཔྱོད་པར་བྱེད་པའི་ཤེས་པར་ཤར་ཚེ་ཀ་དག་གི་ངོ་བོ་ནམ་མཁའ་སྤྲིན་བྲལ་བཞིན། མ་རིག་པ་ཞེས་བྱ་བ་གཞི་ལ་མ་གྲུབ་ཀྱང་ཐུགས་རྗེའི་གདངས་རིག་པར་ཤར་བ་ལ་ལྟོས་ཏེ་རང་སྣང་ངོ་མ་ཤེས་པའི་མ་རིག་ཅན་གྱི་ཆ་བཟུང་བས། དཔེར་ན་སྤྲིན་བྲལ་ནམ་མཁའ་ཇི་བཞིན་དྭངས་པའི་ཀ་དག་ལས། ལྷུན་གྲུབ་ཀྱི་སྣང་བ་ཕྱིར་གསལ་དུ་གཡོ་བ་ལ་འཆར་བའི་ཚུལ་དྲུག་སྒོ་གཉིས་ཏེ་བརྒྱད་དུ་ཤར་ཏེ། ལྷུན་གྲུབ་ལྟར་ཤར་ཏེ་ཐུགས་རྗེ་ལྟར་འཆར་བའི་སེམས་ཅན་གྱི་དོན་བྱུང༌། ཡང་ན་ལྷུན་གྲུབ་ཤར་བ་དེ་མི་བགྲང་བར་འོད་ལྟར་འཆར་བས་འོད་ཟེར་ཁྱབ་པར་སྣང༌། ཡེ་ཤེས་ལྟར་ཤར་བའི་ལོངས་སྤྱོད་མ་འགགས་པས། ཡེ་ཤེས་ཀྱི་རང་འོད་ཞིང་ཁམས་དག་པ་མངོན་སུམ་དུ་གསལ། ལྷ་སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པས་རིག་པ་སྐུ་རུ་སྨིན་ཏེ་སྣང་བ་ཐམས་ཅད་རིགས་ལྔའི་ཚོམ་བུར་སྣང༌། གཉིས་ཆོས་ཀྱི་འཛིན་པ་ཐམས་ཅད་དང་བྲལ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པ་གཅིག་དང་དུ་མ་ལས་གྲོལ་བའི་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པས་འཁྲུལ་སྣང་རང་རྒྱུད་པར་མི་གནས་ཏེ་ཆོས་ཉིད་ལ་དར་གཅིག་གནས་པའོ། །སྒོ་གཉིས་ནི་དེ་ལྟར་རང་སྣང་གི་ཡེ་ཤེས་སུ་སྣང་བ་དེ་རང་སྣང་ཡིན་པར་རིག་ན་གདོད་མའི་གཞི་ལ་ཀུན་ཏུ་བཟང་པོར་མངོན་པར་བྱང་ཆུབ་པའི་སྒོ་དང༌། མ་རིག་ན་སེམས་ཅན་འཁྲུལ་པའི་སྒོ་སྟེ་གཉིས་སོ། །འདི་ལ་སྣང་བ་འདིའི་ཡར་འཁྲུལ་མར་འཁྲུལ་ལས་ཀུན་ཏུ་བཟང་པོའི་གྲོལ་གཞི་ཤེས་པར་བྱའོ། །ཞེས་གསུངས་སོ། །གཞིའི་གནས་སྐབས་ན་སྣང་བ་ཐམས་ཅད་འཁྲུལ་སྟོབས་ཀྱིས་ཐིམ་སྟེ་སྣང་བ་ནང་གསལ་དུ་གནས་པ་དང༌། ལམ་གྱི་གནས་སྐབས་ན་གཞི་སྣང་སྣང་གཞི་སོགས་ནི་འཁྲུལ་གྲོལ་གཉིས་ཀ་འདྲེས་པ་དང༌། འབྲས་བུའི་གནས་སྐབས་ན་གཞི་སྣང་རང་སྣང་དུ་གྲོལ་སྟོབས་ཀྱིས་ཐིམ་སྟེ་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུའི་འཆར་གཞི་སྟེ་གཞི་ལམ་འབྲས་བུའི་ལྷུན་གྲུབ་གསུམ་མོ། །འཆར་ཚུལ་བརྒྱད་དམ་ལྷུན་གྲུབ་ཀྱི་སྦུབས་གསུམ་པོ་འདི་ནི་འཁོར་འདས་གཉིས་ཀ་ཕྱོགས་སུ་མ་ཆད་པར་འབྲེལ་བའི་སྒོ་འཕར་ཏེ། ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་ཤིན་ཏུ་རྣལ་འབྱོར་ཨ་ཏི་ཡོ་གའི་རྒྱུད་སྡེ་རྣམས་དང༌། དེའི་དགོངས་འགྲེལ་འཕགས་ཡུལ་རིག་འཛིན་དག་གི་མན་ངག་རྣམས་ཀྱི་ལྡེ་མིག་ལྟ་བུ་ནི། བོད་གངས་ལྡན་རི་ཡི་ལྗོངས་འདིར་ཡེ་ཤེས་དྲི་མ་མེད་པ་མཁྱེན་པའི་འོད་ཟེར་བློ་གྲོས་ཀྱི་སྣང་བ་སྟོང་དང་ལྡན་པའམ་འགྲོ་བའི་མིག་གཅིག་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་བཟང་པོ་གང་གིས་ཐེག་མཆོག་རིན་པོ་ཆེའི་མཛོད་དུ་ལེགས་པར་ཕྱེས་པ་ཡིན་ནོ། །གཞིའི་འོད་གསལ་ཀ་དག་གི་རང་གདངས་ཤར་བ་དེའི་ཚེ་གཞི་སྣང་རང་ངོ་མཐོང་བའི་སྐད་ཅིག་མར་ཁྱད་ཆོས་དྲུག་གི་ཚུལ་དུ་གྲོལ་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྔ་རོལ་དུ་བཞུགས་པའི་དང་པོའི་དུས་ནས་རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ངོ་ཤེས་པ་དེ་ནི་ཐོག་མའི་སངས་རྒྱས་གཟུང་འཛིན་བདེན་ཞེན་གྱི་ཉེས་པ་ཐམས་ཅད་ལས་གྲོལ་བ་སྤྱོད་ཡུལ་ཡོངས་སུ་དག་པའི་ཀུན་ཏུ་བཟང་པོ་དེས། ཇི་ལྟར་མཐོང་ཞིང་གྲོལ་བའི་ཁྱད་ཆོས་དྲུག་ནི་འདི་ལྟར་རང་ངོར་སྣང་བ། གཞི་ལས་འཕགས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་སྟེ། རིམ་པ་བཞིན་གཞི་སྣང་ཤར་བ་དེ་ལ་ཤེས་པ་ཁ་ཕྱིར་བལྟས་ཀྱིས་ཞེན་ནས་འཁྲུལ་པ་རྒྱུན་ཆགས་པར་མ་མཆེད་དེ། རང་རིག་པའི་ངོར་སྣང་བ་དང༌། རང་སྣང་དུ་རིག་པས་གྲོལ་འཁྲུལ་གང་དུའང་ལུང་མ་བསྟན་པའི་རང་བཞིན་གྱི་གཞི་དང༌། གཞི་སྣང་ལྷུན་གྲུབ་ཀྱི་ཆ་དེ་གཉིས་རང་བཞིན་དེ་ལས་འཕགས་ཏེ། གྲོལ་གཞི་རུ་སོང་བས་ཕྱིས་འཁྲུལ་གཞི་མི་བྱེད་པ་དང༌། སྔར་མེད་གསར་བྱུང་མེད་པས་གཞི་སྣང་གི་རིག་པ་ཉིད་རང་ངོ་ཤེས་ནས་འབྲས་བུ་ཡེ་ཤེས་སུ་སྨིན་པ་ཞེས། སྒྲིབ་བྱེད་དྲི་མ་བྲལ་བའི་ཤེས་རབ་བམ་ཡེ་ཤེས་ཀྱིས་ངོ་བོ་ཤེས་པས། སྐད་ཅིག་གཅིག་པོ་དེ་ཉིད་ལ་དབྱིངས་ལ་ཡོན་ཏན་རང་ཆས་སུ་ལྡན་པ་རང་སྣང་དུ་བག་ཆགས་སྣ་ཚོགས་པའི་ཀུན་གཞིའི་སྒྲིབ་པ་ཡེ་ནས་སངས་ཏེ་ཉི་མ་སྤྲིན་ལས་གྲོལ་བ་ལྟར་འཁོར་བའི་གཞི་ལས་ཁྱད་པར་དུ་འཕགས་པའི་བྱེ་བྲག་རབ་ཏུ་ཕྱེད་པ་དང༌། བྱེ་བྲག་ཕྱེད་པའི་ཐོག་གམ་དེ་མ་ཐག་ཏུ་ཤེས་རབ་ཉིད་ཀྱང་ངོ་བོ་ཉིད་སྐུར་སྨིན་ནས། ཡེ་ཤེས་ཆོས་ཀྱི་སྐུ་དང་དབྱེར་མེད་པར་ཀ་དག་གདོད་མའི་གཞི་ལ་བཙན་ས་ཟིན་ཏེ་རྟག་ཏུ་འཕོ་འགྱུར་མེད་པར་གནས་པ་དང༌། རང་རིག་མངོན་སུམ་དེ་གཞན་གྱིས་བསྟན་པ་སོགས་ལས་བྱུང་བའི་རྐྱེན་ལ་མ་ལྟོས་པར་རང་གི་ངོ་བོ་རང་སྟོབས་ཀྱིས་རིག་ནས་སངས་རྒྱས་པ་དང༌། གྲོལ་གཞི་གདོད་མའི་ངང་དུ་རང་སར་གནས་ཏེ་འཁྲུལ་པའི་རྐྱེན་མི་འཇུག་པའི་ཕྱིར་རོ། །དེ་ལྟར་ཁྱད་ཆོས་དྲུག་གིས་སྐུ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་རྒྱ་མཚོའི་འབྲས་བུ་བུམ་སྐུའི་བདག་ཉིད་དུ། གཞི་སྣང་མཐོང་བའི་ཚོགས་ཡེ་རྫོགས། སྒྲིབ་པ་ཡེ་དག་གིས་སྐད་ཅིག་གཅིག་ལ་མངོན་པར་བྱང་ཆུབ་པ་ནི་ཐོག་མའི་སངས་རྒྱས་སོ། །འདི་ལྟར་གང་ཚེ་དབྱིངས་དག་མཉམ་སྤྲོས་བྲལ་ཀ་དག་གདོད་མའི་གཞི་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། སྒྲིབ་བྱེད་བག་ཆགས་ལས་རྣམ་པར་གྲོལ་བའི་དབྱིངས་ཀྱི་ཡོན་ཏན་ནང་གསལ་དུ་རྒྱས་པའི་ལྷུན་གྲུབ་ཀྱི་སྒོ་ལས་རང་ཤར་ཏེ། རང་སྣང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་དང་རིགས་ལྔའི་སྐུ་རུ་སྣང་བར་བྱས་ནས། རིགས་ལྔ་དེ་ཡི་སོ་སོའི་རྩལ་ལས་རིགས་ལྔ་གངས་ཆེན་མཚོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་བརྟེན་པའི་ཞིང་ཁམས་རབ་འབྱམས་བསམ་ལས་འདས་པ་ཚངས་ཆེན་བསྐལ་པ་ནམ་མཁའ་དང་མཉམ་པར་བཀོད་པ་མཛད་དོ། །སྒྲིབ་པ་ཕལ་ཆེར་དག་པ་བྱང་སེམས་རྣམས་ལ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དང་སྟོན་པར་སྣང་བ་དང༌། མ་དག་པ་འཁོར་བའི་སྒོ་ལས་ཤར་བའི་སེམས་ཅན་རྣམས་ལ་ཇི་ལྟར་སྣང་བ་ནི། ཁམས་དང་མོས་པའི་བྱེ་བྲག་སྣ་ཚོགས་པ་ཅན་གྱི་སོ་སོའི་སྣང་བ་ཉིད་དང་མཐུན་པའི་མཆོག་གི་སྤྲུལ་སྐུ་ནས་སྣ་ཚོགས་སྤྲུལ་བའི་བར་སྟོན་པ་ཡིས། འཁོར་བའི་འཁྲུལ་སྣང་ཐམས་ཅད་སྟོངས་པར་མཛད་པའི་ཕྲིན་ལས་ཀྱི་འཇུག་པ་ཇི་སྲིད་ནམ་མཁའི་སྲིད་མཐའ་མ་ཟད་པ་དེ་སྲིད་དུ་ཟད་མི་ཤེས་པར་སྣང་བ་ཡིན་ནོ། །ཡེ་ནས་རང་བཞིན་དག་པའི་ཆོས་དབྱིངས་སམ་ཟག་པ་མེད་པའི་ཡེ་ཤེས་བདེ་གཤེགས་སྙིང་པོ་རང་ངོ་ཤེས་པའི་སྟོབས་ཀྱིས་གློ་བུར་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་དག་ནས་དག་པ་གཉིས་ལྡན་ཀྱི་འབྲས་བུ་མངོན་དུ་གྱུར་ཏེ་རྩོལ་བས་མ་བསྒྲུབས་ཀྱང་རང་བཞིན་ཡོངས་ཤེས་ཀྱི་ཤེས་རབ་ཀྱིས་ཡེ་ཤེས་ཀྱི་ཚོགས་དང༌། དབྱིངས་ན་ལྷུན་གྲུབ་ཏུ་ཡོད་པ་ཡོན་ཏན་ཐམས་ཅད་མངོན་དུ་གྱུར་པས་བསོད་ནམས་ཀྱི་ཚོགས་ཏེ་དགེ་བའི་ཚོགས་གཉིས་ཀྱི་ཡོན་ཏན་ལ་མངའ་དབང་རྫོགས་པའི་ལོངས་སྤྱོད་རྫོགས་སྐུའི་སྟོན་པ་ཆེན་པོ་དེའི་ཞིང་ཁམས་ཀྱི་བཀོད་པ་དང༌། གཞན་དོན་མཛད་པ་ཕྲིན་ལས་ཀྱི་རོལ་པ་སེམས་ཅན་རེ་རེའི་གྲངས་ལྟར་ཆོས་ཀྱི་དབྱིངས་དང་མཉམ་པར་སྣང་བས། སངས་རྒྱས་ཉིད་ཀྱི་ཡེ་ཤེས་ཀྱི་སྣང་བ་དེ་ཙམ་དུ་ཚད་ལས་འདས་ཏེ། རྒྱལ་སྲས་བྱང་སེམས་ཀྱིས་ཀྱང་དཔོགས་མཐའ་དང་བྲལ་ན་ཕལ་གྱི་བློར་བྱར་མི་བསམ་མོ། །སངས་རྒྱས་དེ་ལ་སེ་མས་དང་སེམས་བྱུང་གི་བག་ཆགས་ཟད་པས་ན་གཉིས་སུ་འཛིན་པ་ཡོད་པ་མིན་པས། གདུལ་བྱ་སེམས་ཅན་འདི་དང་འདི་ལ་འདུལ་བྱེད་ཀྱི་སྐུ་དང་མཛད་པ་འདི་ལྟར་སྟོན་ཞེས་རྣམ་པར་མི་རྟོག་ཀྱང༌། དགོས་འདོད་འབྱུང་བའི་ནོར་བུ་མཆོག་དང༌། དཔག་བསམ་གྱི་ཤིང་ཆེན་པོ་ལྟར། རྩོལ་བ་མེད་བཞིན་དུ་མཛད་པའི་ཕྲིན་ལས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ནས་ཐུགས་རྗེ་ཆེན་པོའི་གདངས་མ་འགགས་པར་གཞན་ངོར་སྣང་བ་ཡིན་ཏེ། ཐེག་མཆོག་རིན་པོ་ཆེའི་མཛོད་ལས། དབུ་མ་ཐལ་འགྱུར་བ་དག །སངས་རྒྱས་དངོས་ནི་ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ལ། རང་ངོར་ཡོད་མེད་ཀྱི་སྤྲོས་པ་ཞི་བའི་སྐུ་དང་ཡེ་ཤེས་ཙམ་ཡང་མ་གྲུབ་ཅིང༌། གཞན་སྣང་ལ་སངས་རྒྱས་ཀྱི་ཐུགས་རྗེ་དང༌། གདུལ་བྱའི་སྨོན་ལམ་ལས་གཟུགས་སྐུའི་ཕྲིན་ལས་དང་བཅས་པ་སྣང་བ་ནི། ནམ་མཁའ་ལྡིང་གི་མཆོད་སྡོང་དང༌། ནོར་བུ་དང༌། དཔག་བསམ་གྱི་ཤིང་ལྟར་འདོད་དེ། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་སོ། །གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཤར་བ་དེ་ཉིད་རང་སྣང་ཡིན་པར་མ་རིག་པས། ཞི་གནས་རྩེ་གཅིག་པའི་གཞི་ལས་འཁྲུལ་སྣང་མཆེད་ཚུལ་ལམ། སྤང་གཉེན་གྱི་གོམས་ཚུལ་ཏེ་གང་རུང་སེམས་མིང་བཞིའི་ཕུང་པོ་ལ་བརྟེན་པ་ཅན་གཟུགས་མེད་ཁམས་དང༌། ཡང་དག་པའི་ལྷག་མཐོང་དང་བྲལ་བའི་བསམ་གཏན་གྱི་སེམས་དྭངས་མ་འོད་ཀྱི་ལུས་ལ་བརྟེན་པ་ཅན་གཟུགས་ཁམས། སྣ་ཚོགས་སུ་སྣང་བ་འགྱུ་བའི་རྟོག་པ་རགས་པའི་སེམས་གདོས་བཅས་ཀྱི་ཤ་ཁྲག་གི་ལུས་ལ་བརྟེན་པ་ཅན་འདོད་ཁམས་སྟེ་ཁམས་གསུམ་སེམས་ཅན་དེ་རྣམས་སུ་སྣང་བ་ནི། ཐོག་མའི་གཞི་ཀ་དག་ལྷུན་གྲུབ་ཀྱི་ངོ་བོ་དེ་ལ། འཁྲུལ་པའི་སྣང་བ་རྒྱུ་དང་བཅས་པ་མ་མཆིས་ཀྱང་ཞེས་རྒྱུ་མེད་ཅེས་པའི་གཞི་ལ་མ་རིག་པ་མེད་པའི་དོན་ཡིན་གྱི། གཞི་སྣང་འཆར་རུང་དུ་ཡོད་པའི་གདངས་ཙམ་མེད་པར་བཤད་པ་མིན་ནོ། །འོ་ན་འཁྲུལ་པའི་གཞི་ཅི་ལས་བྱུང་ཞེ་ན། གཞི་ཡི་གདངས་རང་སྣང་དུ་སྒོ་བརྒྱད་པོ་ཤར་བའི་རྣམ་པ་རང་སྣང་ཡིན་པ་མ་ཤེས་པའམ་མ་རིག་པའི་ཆ་དེ་གཞི་ལའང་མེད། ཕྱིས་གཞི་ཐོག་ཏུ་གྲོལ་དུས་ནའང་མེད་པས་ན་གློ་བུར་གྱི་རྐྱེན་དེ་ནི། རིག་པའི་རང་རྩལ་སྒྲིབ་བྱེད་དུ་སོང་བས་ན་མ་རིག་པ་དང་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱ་སྟེ། དེ་ཉིད་ནུས་པ་ཇེ་ཐུར་སོང་ནས་དཔྱོད་བྱེད་ཀྱི་ཤེས་པའི་ནུས་པ་ཕྲ་མོ་ལང་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡིན་ལ། དེ་རང་གདངས་ཡིན་པ་མ་ཤེས་ནས་མྱུ་གུ་ལྟ་བུ་སོགས་མིང་དང་དོན་དང་བདག་ཏུ་རྟོག་པ་རགས་པ་མ་ཤར་ཀྱང་འཆར་རུང་དུ་སོང་བའི་ལྡོག་པ་ནི་ཀུན་ཏུ་བརྟགས་པ་ཡི་མ་རིག་པ་སྟེ་གསུམ་པོ་དེ་ལས་འཁྲུལ་པའི་རྐྱེན་བཞི་མཆེད་དེ། ཇི་ལྟར་མཆེད་ཚུལ་ནི། གཞི་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡོད་པ་ལས། ངོ་བོའི་གདངས་ནམ་མཁའ་ལྟར་གོ་འབྱེད་ཀྱི་ཆར་སོང་བ་ལ་རང་བཞིན་གྱི་གདངས་ཉིད་འོད་ཁྱིམ་གྱི་རྣམ་པ་ལྟར་ཤར་ཞིང་གནས་པ་འཁྲུལ་པའི་ཡུལ་ཅན་སྐྱེད་པའི་རྒྱུ་ཡི་རྐྱེན་སྐྱེས་བུ་གཟུགས་དང་ཡན་ལག་རང་ཆས་ལྟར་རོ། །རྒྱུ་རྐྱེན་དུ་སྣང་བ་དེ་ལ་ཐུགས་རྗེ་རིག་པའི་གདངས་རྟོག་དཔྱོད་ཀྱི་རྣམ་པ་ཕྲ་བ་ཤར་བ་དེའི་དབང་གིས་འཁྲུལ་པ་ཕྱི་མ་རྣམས་འབྱུང་བ་བདག་པོའི་རྐྱེན་བྱད་མེ་ལོང་དུ་འཛིན་པ་ལྟ་བུའི་ཆའོ། །དེ་ཉིད་ལྷན་དུ་ཚོགས་པ་ལས་ཕྱི་ཡུལ་དང༌། ནང་ཡུལ་ཅན་མེད་བཞིན་ཐ་དད་དུ་དམིགས་པའི་ཡུལ་དུ་སོང་བ་ནི་གཟུང་འཛིན་གཉིས་ཀྱི་དམིགས་པའི་རྐྱེན་ཏེ། མེ་ལོང་གཟུགས་བརྙན་ཐ་དད་མེད་ཀྱང་ཐ་དད་དུ་འཛིན་པ་ལྟར་རོ། །རྐྱེན་དེ་གསུམ་པོ་དུས་གཅིག་ཏུ་མཚུངས་པར་ལྡན་པ་ལས་འཁྲུལ་པ་རྒྱུན་མི་འཆད་པར་འབྱུང་བའི་རྐྱེན་བྱེད་པས་དེ་མ་ཐག་པའི་རྐྱེན་ཏེ། དེ་བཞི་པོ་ལས་རྒྱུ་དང་འབྲས་བུ་དང༌། མིང་དང་སྣང་བ་སྣ་ཚོགས་འཁྲུལ་ཚུལ་ཡང༌། བཀྲ་ཤིས་མཛེས་ལྡན་ལས། དེ་ཡང་རྐྱེན་བཞི་ཡིས་འཁྲུལ་ཏེ། ཐ་མ་རྐྱེན་བཞི་ལ་ཐུག་གོ །རྒྱུ་དམིགས་པ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་སྣ་ཚོགས་པའི་རྒྱུར་འཁྲུལ། བདག་པོ་ཡུལ་ཅན་དུ་འཛིན་པའི་རྐྱེན་ལས་མིང་སྣ་ཚོགས་སུ་འཁྲུལ། དམིགས་པ་བློ་ཅན་དུ་འཛིན་པའི་རྐྱེན་ལས་འབྲས་བུ་ཐུག་པ་མེད་པར་འཁྲུལ་ལོ། །དེ་མ་ཐག་འཛིན་པ་ཅན་གྱི་རྐྱེན་ལས་སྣང་བ་སྣ་ཚོགས་སུ་འཁྲུལ་ལོ། །ཞེས་གསུངས་པ་ལྟར་འཁྲུལ་ཡང་དེ་ལྟར་འཁྲུལ་ལ། ངོས་ཟིན་ན་དེ་དག་རང་ཐོག་ནས་གྲོལ་བའོ། །དེ་ལྟར་མ་གྲོལ་བ་རྣམས་ནི་རྒྱུ་རྐྱེན་ཚོགས་པ་ལས་རིམ་བཞིན་འཁྲུལ་པའི་སྣང་བ་འཁྲུལ་འཛིན་དང་བཅས་པ་གོམས་པ་སྟོབས་སུ་གྱུར་ནས་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་དང༌། ཉོན་མོངས་པའི་ཚོགས་གནས་དོན་ལུས་ཀྱི་བག་ཆགས་འཕེལ་བའི་དབང་གིས། འཁོར་བའི་གནས་མཐོ་དམན་དང་རིགས་སྣ་ཚོགས་པ་འདི་གྲུབ་པ་ལྟར་སྣང་བ་ཡིན་ཏེ། དེ་ལྟར་འཁོར་བའི་གནས་སྐབས་ན་མ་རིག་པ་ནས་བཟུང་རྟེན་འབྲེལ་བཅུ་གཉིས་ཤིང་རྟའི་འཕང་ལོ་བཞིན་ནོ། །དེ་ཡང་ཐུགས་རྗེའི་རང་འོད་ངོ་མ་ཤེས་པའི་མ་རིག་པ་གསུམ་ནི་མ་རིག་པའོ། །དེ་ལས་རྐྱེན་བཞི་ནི་འཁོར་བར་འདུ་བྱེད་དོ། །དེ་ལས་ཤེས་པ་རགས་པ་འཕེལ་བས་ཡུལ་གྱི་རྣམ་པ་ལ་དཔྱོད་པ་ནི་རྣམ་ཤེས་སོ། །དེ་ལས་ཐ་དད་པའི་མིང་དང་གཟུགས་སུ་འབྱུང་བ་ནི་མིང་གཟུགས་སོ། །དེའི་ཁྱད་པར་འབྱུང་བ་སོ་སོའི་ཆ་དང་ཁ་དོག་གྲུབ་པ་ནི་སྐྱེ་མཆེད་དོ། །དེ་ལས་ཡུལ་ལ་ལོངས་སྤྱོད་པ་ནི་རེག་པའོ། །དེ་ལས་དགའ་གདུང་བར་གསུམ་སྐྱེ་བ་ནི་ཚོར་བའོ། །དེ་ལས་བདེ་བ་ལ་སྲེད་ཅིང་སྡུག་བསྔལ་མི་འདོད་པའི་ཤེས་པ་ནི་སྲེད་པའོ། །དེ་ལས་ཡུལ་དང་དུ་ལེན་པ་ནི་ལེན་པའོ། །དེ་ལས་ལས་དང་ཉོན་མོངས་རྒྱས་ཏེ་ཕྱི་མའི་སྐྱེ་བར་འཕེན་པ་ནི་སྲིད་པའོ། །དེ་ལས་འགྲོ་བ་ཐ་དད་དུ་སྐྱེ་བ་ནི་སྐྱེ་བའོ། །དེ་ལས་བྱིས་གཞོན་གྱི་གནས་སྐབས་མྱོང་ནས་རྒས་པ་དང་ཤི་བ་ནི་རྒ་ཤིའོ། །ཚེ་འདི་ལྟ་བུ་ལ་མཚོན་ན་སྔ་མའི་འཆི་སྲིད་གཞིའི་འོད་གསལ་ནུབ་སྟེ། སྲིད་པ་བར་དོ་སྣང་རུང་གི་སྐད་ཅིག་དང་པོ་ངོ་མ་ཤེས་པ་ནི་མ་རིག་པ་སྟེ། དེ་ནས་བཟུང་ཕྱིས་འཆི་བའི་དུས་ལ་བབ་ཚེ་ཕྱི་དབུགས་ཆད་དུས་ཤི་བ་སྟེ་ལུགས་འབྱུང་བཅུ་གཉིས་ཡིན་ལ། དེ་ཕན་ཆད་ཀྱི་ཐིམ་རིམ་རྣམས་རྫོགས་ནས་གཞིའི་འོད་གསལ་སྟེང་དུ་སླེབ་པ་ནི་ལུགས་ལྡོག་སྟེ། དེ་ཡང་གཞི་དང་གཞི་སྣང་ལ་མ་རིག་པ་མེད་པ་དེ་ངོ་མ་ཤེས་ན་འཁོར་བ་ཡིན་ལ། ཤེས་ན་གྲོལ་བས་འཁོར་བ་མྱང་འདས་སུ་གྲོལ་བ་ཞེས་བྱའོ། །འདི་ལྟར་གཞི་སྣང་ལ་བདག་འཛིན་ཏུ་བརྟས་པའི་དབང་གིས་འཁོར་བ་སྣོད་བཅུད་ཀྱི་ཆོས་དཔག་ཏུ་མེད་པ་ཐམས་ཅད་བསྡུ་ན། མཐོ་རིས་གསུམ་དང་ངན་སོང་གསུམ་སྟེ་རིགས་དྲུག་དང༌། སྐྱེ་གནས་རྣམ་པ་བཞི་པོའང་མེད་བཞིན་དུ་རབ་རིབ་མཐུས་སྐྲ་ཤད་ལྟར་སྣང་བ་ལ། སྒྱུ་མའི་རང་གཟུགས་བཞིན་རང་གི་ངོ་བོ་ལ་རྡུལ་ཕྲན་ཙམ་ཡང་མ་གྲུབ་པ་སྣང་དུས་ཉིད་ནས་རང་བཞིན་མེད་པ། ཡོད་མ་མྱོང་བའི་སྟོང་གཟུགས་ཉག་གཅིག་ལ་བརྟེན་ནས་ད་ལྟའི་འཁྲུལ་སྐབས་འདིའི་ཐོག་མ་ལ་མ་རིག་པ་དང༌། མ་རིག་པའི་རོལ་པ་ལས་སེམས། སེམས་ཀྱི་རྒྱན་འཛིན་པ་ལས་ཡིད། ཡིད་ལས་ཉོན་མོངས་སུ་ཤར་བས་འཁྲུལ་ལོ། །དཔྱོད་བྱེད་ཡིད་དྲུག་ནི། མ་རིག་པ་དང་མཚུངས་ལྡན་གྱི་ཡིད་ལྷན་ཅིག་སྐྱེས་པའི་བདག་ཏེ་ངའོ་སྙམ་པ་དང༌། ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་ཀུན་ཏུ་བརྟགས་པའི་བདག་སོགས་དང༌། གཏན་བཟང་ངན་ལ་འབེབས་པའི་ཡིད་དང༌། ཀུན་ཏུ་ཚོལ་བའི་ བདེ་སྡུག་དང༌། རྣམ་པར་རགས་པའི་ཡིད་སྲོག་གཅོད་སོགས་དང་དུ་ལེན་པ་དང༌། ངེས་པར་འཇོག་སེམས་ལ་ཡང་ཡང་ངེས་པར་བྱེད་པའི་མི་བརྗེད་པའི་ཡིད་དོ། །དེ་ལྟར་ཡིད་དྲུག་པོ་ལངས་ཏེ་དེ་ནས་ཚོགས་དྲུག་གི་རྟོག་པ་ཤིན་ཏུ་རགས་པ་རྣམས་ཤར། དེ་ལྟར་མེད་པ་ལ་ཡོད་པར་འཛིན་པའི་རྣམ་པར་རྟོག་པའི་དབང་གིས་ཆོས་རྣམས་བཏགས་པ་བ་དེ་ལ། བདག་ཏུ་འཛིན་པའི་འཆིང་བ་དམ་པོ་དེ་ནི་རབ་ཏུ་མཐུ་ཆེ། སེམས་ཉིད་ནམ་མཁའི་ཁམས་ལྟ་བུ་ངོ་བོ་ཉིད་མེད་སྤྲོས་བྲལ་འཆིང་གྲོལ་གྱིས་དབེན་པ་འདི་ཡང༌། གཉིས་འཛིན་གྱིས་རབ་ཏུ་བཅིངས་ནས་ཆོས་དང་ཟག་གི་བདག་གཉིས་སུ་བདེན་པར་སྣང་ཞིང་མེད་པ་ལ་ཡོད་པར་བཟུང་ནས་དེ་ལ་ཞེན་པས་མགལ་མེའི་འཁོར་ལོ་བཞིན་ཏེ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། ཆོས་རྣམས་གང་ལའང་རང་བཞིན་འགའ་མེད་དེ། །སྒྱུ་མ་སྨིག་སྒྱུ་ཆུ་ཡི་ཟླ་བ་འདྲ། །མི་མཁས་བདེན་པར་ཞེན་པས་འཆིང་འགྱུར་ཏེ། །རྟག་ཏུ་རྫ་མཁན་འཁོར་ལོ་བཞིན་དུ་བསྐོར། །ཞེས་པ་ལྟར་ཕྱི་དོན་དུ་རང་བཞིན་མ་གྲུབ་ཅིང་ནང་སེམས་ཀྱི་བག་ཆགས་ཀྱི་རྣམ་སྨིན་ཡིན་པའི་རྒྱུ་མཚན་སྲིད་པ་འཁོར་བའི་གནས་ན། ཉི་མ་གཅིག་པུ་ལ་མི་སོགས་ལ་ལའི་སྣང་བ་གསལ་བྱེད་དང༌། འུག་པ་སོགས་ལ་ལའི་ངོར་མུན་པ་ལྟར་འགྱུར་ཞིང༌། དེ་བཞིན་དུ་ཆུ་བོ་གཅིག་པུ་འདི་ལ་ལྷ་སོགས་ལ་ལའི་བདུད་རྩི། མི་སོགས་ལ་ལའི་ཆུ་དང༌། དམྱལ་བ་པ་རྣམས་ལ་མེ་ལྟར་སྣང་བ་སྟེ་བདེ་སྡུག་བྱེད་ལས་སྣ་ཚོགས་པ་དང༌། དེ་སོགས་ཕན་ཚུན་ཀུན་ནས་རྣམ་པར་འགལ་བའི་འདུ་ཤེས་རྣམས། བག་ཆགས་གོམས་ཚུལ་གྱི་རྗེས་སུ་འགྲོ་བ་ལས། ཡུལ་གྱི་ངོས་ནས་ངེས་པ་འགའ་ཡང་མེད་དེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་སེམས་ཀྱིས་བརྟགས་པས་ན། །འཁྲུལ་པའི་སེམས་གདུལ་སླད་དུ་འབད་པར་མཛོད། །ཅེས་གསུངས་སོ། །སེམས་ཀྱི་བག་ཆགས་སྨིན་པ་ལས་གཞན་ཡུལ་མེད་པ་དེ་ལྟ་ནའང་སྣང་ཡུལ་འདི་དག་སེམས་དངོས་མ་ཡིན་ཏེ། དཔེར་ན་བཞིན་གྱི་གཟུགས་བརྙན་མེ་ལོང་ནང་ཞུགས་ཀྱང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་ཙམ་ལས་བཞིན་དང་མེ་ལོང་ནམ་ཡང་འདྲེས་མ་མྱོང་སྟེ། ཏིང་འཛིན་རྒྱལ་པོ་ལས། མེ་ལོང་ངོས་སམ་འབྲུ་མར་སྣོད་དག་ཏུ། བུད་མེད་ཁ་བཞིན་བརྒྱན་པས་བལྟས་པ་ན། །དེ་ན་བཞིན་གྱི་དཀྱིལ་འཁོར་ཀུན་སྣང་ཡང༌། །ཡོད་པ་མ་ཡིན་མེད་པའང་མ་ཡིན་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་བྱ། །ཞེས་སོ། །བག་ཆགས་ཀྱི་དབང་གིས་མེད་བཞིན་སྣང་བའི་ཆོས་ཐམས་ཅད་ལ་དེར་འཛིན་འཁྲུལ་པའི་སེམས་རྟོག་གློ་བུར་བ། དཔེར་ན་ཡུལ་གཟུགས་ལྟ་བུ་ལ་མཚོན་ན་ཐག་ཁྲ་མཐོང་བའི་ཚེ། མིག་བསླད་པའི་རྐྱེན་གྱིས་སྦྲུལ་དུ་འཛིན་བྱེད་ཀྱི་ཤེས་པ་རྟོག་མེད་ཚོར་ཕུང་གིས་བསྐྱེད་པའི་སེམས་ཀྱི་སྐད་ཅིག་མ་ཞེས་པ་དང་པོ་དེ་ནི་གཟུང་བའི་ཆོས་གཟུགས་སོགས་ཡིན་ལ། མདོ་སྡེ་པ་ལྟ་བུར་ཡུལ་གྱི་རྣམ་པར་ཤར་བ་དང༌། གཟུང་འཛིན་གཉིས་ཡུལ་དང་ཡུལ་ཅན་གྱི་སྒོ་ནས་མིན་ནོ། །དེའི་རྗེས་ལ་སེམས་བྱུང་གིས་རྟོག་དཔྱོད་ཞུགས་ཏེ་སྦྲུལ་དུ་ཤེས་པ་འཛིན་པ་ལ་སེམས་ཞེས་པའོ། །གལ་ཏེ་ཕྱི་རོལ་གྱི་སྣང་ཡུལ་སྦྲུལ་དངོས་ལ་སྦྲུལ་དུ་སྣང་བ་ཙམ་གཟུང་བ་ཡིན་ལ། འཛིན་པ་ནི་བདག་པོའི་ཞེས་གང་ལ་སྣང་བའི་གང་ཟག་དེའི་ཤེས་པ་ཙམ་ཞིག་ཡིན་པར་སྨྲ་བར་བྱེད་ན། གཟུང་འཛིན་ལས་གྲོལ་བའི་འཕགས་པ་རྣམས་ལ་སྒྱུ་མ་ལྟ་བུའི་སྣང་བ་མེད་པར་འགྱུར་བ་དང༌། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཕུང་པོ་སོགས་ཤེས་བྱ་ཐམས་ཅད་མཁྱེན་པ་ཡང་མི་རུང་བ་སོགས་སྐྱོན་དུ་མ་ཡོད་ལ། ཁྱད་པར་དུ་སྣང་བའི་སེམས་དང་སྣང་ཡུལ་སོ་སོར་མ་ཕྱེད་པར་སྣང་བ་ཐམས་ཅད་སེམས་ཡིན་ནོ་ཞེས་འདོད་པ་ནི་སྐྱོན་ཆེ་སྟེ། ཡིད་བཞིན་མཛོད་ལས། མི་ཤེས་པ་དེ་ཐམས་ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐལ། །སྐྱོང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག །ཅེས་པ་ལྟར་སྐྱོན་དུ་མ་འབྱུང་བ་དང༌། སྐྱེས་བུ་གཅིག་སངས་རྒྱས་ཚེ་ཐམས་ཅད་སངས་རྒྱས་དང༌། དངོས་པོ་ཡོད་ཚེ་སེམས་དེ་ཡང་སྣང་བ་ཉིད་དང་ལྷན་ཅིག་ཡོད་པར་འགྱུར་ཞིང༌། དངོས་པོ་མེད་པའི་ཚེའང་དེ་དང་ལྷན་ཅིག་འགྲོ་ལྡོག་བྱེད་པ་དང༌། རང་ཤི་ཚེ་ཡུལ་ཐམས་ཅད་མེད་པར་འགྱུར་བ་སོགས་སྐྱོན་དུ་འགྱུར་རོ། །དེ་ལྟར་གཟུང་འཛིན་དུ་གོལ་བའི་རྩ་བ་སྟོང་ན་མྱ་ངན་ལས་འདའ་ཚུལ་འདི་ལྟར། ཆོས་ཉིད་གང་དུའང་མ་གྲུབ་པའི་མ་རིག་པའི་དབང་གིས་གཟུང་འཛིན་སྒྲོ་བཏགས་གློ་བུར་བའི་རྐྱེན་ངར་འཛིན་ལྷན་སྐྱེས་བྱུང་ལ། སྲིད་པའི་རྩ་བར་འགྱུར་པའི་བདག་པོ་ནི་ང་སྙམ་པ་དང་ང་ཡི་བར་འཛིན་པ་ཉིད་ཡིན་ཏེ། འཇུག་པ་ལས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་སོ། །དེས་ན་དོན་ལ་ཡོད་པར་བཟུང་ནས་མེད་བཞིན་པ་ལ་འཁོར་བར་འཁྲུལ་པའི་གཞི་གཟུང་འཛིན་རྩ་བ་སྟོངས་ཏེ་རྒྱུན་ཆད་པར་གྱུར་ན། ཀུན་བྱེད་རྒྱལ་པོ་ཞེས་རིག་པ་ལ་སྨོས་ཏེ་འཁོར་བའི་ཆོས་གློ་བུར་གྱི་དྲི་མ་ཐམས་ཅད་རྒྱ་མཚོ་ལས་རླབས་ལྟར་སྔར་རིག་པའི་དབྱིངས་རང་ལས་བྱུང་ཞིང་ཕྱིས་སུ་ཡང་རང་ལ་ཐིམ་སྟེ་འཚང་རྒྱའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། །གཞིའི་བཞུགས་ཚུལ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཅིག་པའོ།། །།སྐལ་པ་དང་ལྡན་པའི་གང་ཟག་གང་ཞིག་འབྲས་བུའི་མཐར་ཐུག་སློབ་པ་མིན་པའི་གཞི་ཉིད་མངོན་དུ་གྱུར་པ་ཆོས་སྐུ་དང་གཟུགས་སྐུ་ཟུང་འཇུག་གི་གོ་འཕང་ལ། དཀྲི་ཞིང་སྦྱོར་བའི་དུས་གསུམ་རྒྱལ་བ་ཀུན་གྱི་མདོ་སྔགས་ཀྱི་གཞུང་ལམ་ཆེན་པོ་ཕྱིན་དྲུག་གི་ཡོན་ཏན་ཏེ་གནས་སྐབས་ལམ་གྱི་ཚོགས་གཉིས་རྫོགས་པ་དང༌། མཐར་ཐུག་འབྲས་བུ་སྐུ་གཉིས་འཐོབ་པར་བྱེད་པའི་ནུས་པ་ནི་རྣམ་པ་ཀུན་ཏུ་ཆོས་རྣམས་ཀྱི་གནས་ལུགས་སེམས་ཉིད་སྤྲོས་པ་དང་བྲལ་ཞིང༌། རང་བཞིན་གྱི་འོད་གསལ་བའི་དོན་མ་ནོར་བར་རྟོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྟེན་པ་ཡིན་ཏེ། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པ་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡང༌། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་རབ་ཏུ་ཟིན་གྱུར་པ། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །ཞེས་སོ། །ཐབས་ཤེས་ཟུང་དུ་འཇུག་པའི་ཆོས་ཉིད་ཀྱི་དོན་ཇི་བཞིན་མཐོང་བའི་ལམ་དེ་ནམ་ཡང་སྲིད་བ་དང་ཉན་རང་སོགས་གཞན་གྱི་རྒྱུར་མི་འགྱུར་རོ། །འོ་ན་དབུ་མ་པ་དང་མཚུངས་སམ་ཞེ་ན། འདི་ལྟར་ཡེ་ནས་རྫོགས་པའི་སེམས་ཉིད་རྫོགས་པ་ཆེན་པོའམ་བདེ་གཤེགས་སྙིང་པོ་ཡོན་ཏན་ཡེ་རྫོགས་སུ་བཞུགས་པའི་གཞི་ཉིད་ཡེ་ནས་རང་ལ་ཡོད་ཀྱང་ངོ་མ་ཤེས་པ་ཡེ་གསང་ཐབས་ཀྱིས་ཆོད་པ་གཞན་གྱིས་རྟོགས་པར་དཀའ་བ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་རྫོགས་རིམ་མཐར་ཐུག་པའི་ངོ་བོ་སྟོང་པ་ཉིད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ་དེ་ལ། དག་མ་དག་སོགས་ཀྱི་མཚན་ཉིད་མི་གནས་ཤིང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་དོན་ལ་བློའི་འཇུག་པ་དབྱིངས་སུ་ཞི་ནས་དབུ་མར་བཟུང་བའང་མེད་ཅིང་མི་དམིགས་པས། རང་གི་ངོ་བོ་ཉིད་སྤངས་པ་སྟེ་སྟོང་ལ། ལྷུན་གྲུབ་ཀྱི་ཆ་ནས་དྭངས་གསལ་གཡོ་བ་མེད་པའི་འོད་གསལ་ཡེ་ཤེས་ཀྱི་སྒྱུ་མ་མི་འགགས་པ་ནི་རྫོགས་པ་ཆེན་པོར་གྲུབ་པ་ཡིན་ནོ། །རང་ཕྱོགས་སྒྲུབ་ཅིང་གཞན་ཕྱོགས་རྒོལ་བའི་རྩོད་པ་མངོན་པར་འཕེལ་བའི་བསམ་བྱུང་གིས་བསྐྱེད་པའི་རྟོག་གེའི་རིག་པ་རྣོན་པོས་ནི། ཇི་ལྟར་བརྟགས་ཤིང་དཔྱད་ཀྱང་ཟབ་མོའི་དོན་ལ་སྐུར་འདེབས་ཚུལ་གྱིས་རྗེས་སུ་དཔག་པའི་དོན་དམ་ལས་འདས་ཏེ། ཀུན་རྟོག་གི་འཐོར་རླུང་གཡོ་བའི་ཕྱི་བཞིན་འབྲང་བས་ན། དོན་དམ་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་བསམ་ཡུལ་ལས་འདས་པའི་ཆོས་ཉིད་དེ་དང་འགལ་བ་ཅན་ཏེ། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློད་ནི་ཀུན་རྫོབ་ཡིན་པར་བརྗོད། །ཅེས་དང༌། ལང་གཤེགས་ལས། བྱིས་པ་ངན་པ་རྟོག་གེ་པ། །རོ་དང་འདྲ་བས་འདི་ལྟར་བརྟགས། །ཞེས་སོ། །དེ་ཁོ་ན་ཉིད་ནི་འཕགས་པའི་མཉམ་གཞག་གི་ཚེ་ནའང་སོ་སོ་རང་རིག་གི་ཡེ་ཤེས་སྤྲོས་བྲལ་ནི་ཡོངས་གཅོད་དུ་བསམ་ཞིང་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་རོ། །སེམས་ཙམ་མན་ཆད་ཀྱིས་གནས་ལུགས་ཇི་བཞིན་མ་རྟོགས་པས་དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེ་དང༌། རང་རྒྱུད་འཛིན་པ་དང་བཅས་པ་ས་མཚམས་དམན་པ་སྦྱོར་ལམ་མན་ཆད་ཀྱི་སོ་སྐྱེའི་རྟོག་གེ་ཡི་རྟོག་དཔྱོད་ལས་འདས་པ་རྒྱལ་བའི་ཡེ་ཤེས་རང་བྱུང་གི་དགོངས་པ་ནི། གདོད་ནས་གྲོལ་བའི་ཆོས་ཉིད་ཡིན་པས། ད་གཟོད་གྲོལ་བྱེད་ཀྱི་རྐྱེན་ལ་མི་འཇུག་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ལམ་དུ་རིག་པའམ་ཆོས་ཉིད་ཤེས་བྱ་གཞིའི་བཞུགས་ཚུལ་སྣང་ཕྱོགས་སུ་ཡོད་མཐར་མ་ལྷུང་བ། སྣང་བས་མ་བཅིངས་པ། སྟོང་པའི་རང་བཞིན་དངོས་པོའི་གཞི་ཐོག་ཏུ་ཕེབས་པ། སྟོང་ཕྱོགས་མེད་མཐར་མ་ལྷུང་བ། སྟོང་པ་དེ་ཡང་རང་བཞིན་འོད་གསལ་བའི་སྙིང་པོ་ཅན་ཏེ་ཟུང་དུ་འཇུག་པའི་འོད་གསལ་འགག་མེད་ནི། རིག་པ་རང་བྱུང་གི་ཡེ་ཤེས་བཅིངས་གྲོལ་དང་བྲལ་བ། སངས་རྒྱས་ཆོས་སྐུའི་དགོངས་པར་བཞུགས་པའི་ཆོས་ཉིད་ཀྱི་རང་རྩལ་སྐུ་དང་ཡེ་ཤེས་ཆོས་ཁམས་རྒྱ་མཚོ་ལྟ་བུར་ཡེ་ནས་འདུ་འབྲལ་མེད་པ་ནི། ཉི་མའི་སྙིང་པོ་ལ་འོད་ཟེར་འདུ་འབྲལ་མེད་པ་བཞིན་ཏེ། དེའི་ཚེ་ན་གཟུགས་སོགས་སྣང་ཡུལ་མ་འགགས་པར་ཤར་ཡང༌། དེ་ཡི་རྣམ་པས་རིག་པ་དེ་ལ་མ་གོས་པས་སྟོང་ལ། རིག་པ་ཡུལ་ཐོག་ཏུ་མ་ཤོར་བར་རང་སོ་ཟིན་པས་སྣང་ཡུལ་ལ་བློ་ཡིས་མ་གོས་པའམ་འཛིན་པས་སྟོང་སྟེ། ངོ་བོ་གང་དུའང་མ་གྲུབ་པའི་ཕྱིར་ན་སྟོང་པ་ཀ་དག་དང༌། ལྷུན་གྲུབ་ཀྱི་རྩལ་འགག་པ་མེད་པ་དེ་གཉིས་ཟུང་འཇུག་གཏད་མེད་ཀྱི་རིག་པ་བར་མེད་ཧར་སང་དུ་སོང་བ་ནི། བསལ་བཞག་དང་བྲི་གང་མེད་པའི་ཆོས་ཉིད་ཕྱམ་གཅིག་ཏུ་གནས་པ་སྟེ། ནམ་མཁའ་ཀློང་ཡངས་ལས། གང་ཡང་མ་སྤངས་ཀུན་ལས་འདས་པའི་དོན། །ཕྱོགས་བྲལ་རིག་པ་གཏད་མེད་རང་ཡན་ཏེ། །འདི་ཞེས་མི་མཚོན་བསམ་པ་ཀུན་དང་བྲལ། །གཉིས་མེད་ཡངས་པ་ཆེན་པོར་ཕྱམ་གཅིག་གོ །ཞེས་སོ། །ཆོས་ཉིད་བྱ་རྩོལ་དང་བྲལ་བ་བློ་འདས་རྫོགས་པ་ཆེན་པོའི་གནས་ལུགས་གང་ལ། ངོ་བོར་དབྱེ་བ་དང་བཟང་ངན་མ་གྲུབ་ཀྱང་དབང་པོ་དང་བློ་ཡི་རིམ་པས་འཇལ་ལུགས་རྣམ་པ་གསུམ་དུ་གསུངས་པ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་པ་ལྟར་རང་གི་སེམས་ཉིད་ལས་གཞན་དུ་གྱུར་པའི་ཆོས་གང་ཡང་སྤང་བྱ་ལས་གྲོལ་བར་གནས་པ་སེམས་ཀྱི་སྡེ་ནི། ཆོས་ཀུན་རིག་པའི་རོལ་པ་སྣ་ཚོགས་པའི་གསལ་ཤས་ཆེ་བ་རྩལ་དུ་མེ་ལོང་དྭངས་མའི་མདངས་ལྟར་གསལ་ལ་འགག་པ་མེད་པར་ཤར་ཏེ། ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་ཀུན། །སེམས་ཀྱིས་བྱས་ཤིང་སེམས་ཀྱི་ངང་དུ་གཅིག །ཅེས་སོ། །ཀློང་གི་སྡེ་ནི་ཡིན་མིན་ཕྱོགས་བྲལ་རང་སྣང་བཀོད་པའི་རྒྱན་སྟོང་ཤས་ཆེ་བ་ལས་སེམས་སྡེ་ལྟར་རང་རྩལ་མི་འདོད་དེ་ཕྱོགས་བྲལ་ཡེ་སྟོང་ཀློང་འབྱམས་ཆེན་པོའོ། །སེམས་སྡེ་ནི་རྩལ་ཏེ་ཉེ་བར་འཕྲོས་པ་ལྟ་བུ། ཀློང་སྡེ་རྒྱན་ཏེ་ཚུར་རིག་པ་ལྟ་བུའོ། །མན་ངག་གི་སྡེ་ནི་ཆོས་ཐམས་ཅད་མེད་བཞིན་སྣང་བས་ཡིན་ལུགས་གཤིས་ཐོག་ཏུ་ཕེབས་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བའི་སྟོང་པའི་གཟུགས་བརྙན་ཉག་གཅིག་ཡིན་ལ་རྣམ་རྟོག་གྲོལ་བ་དང་ངང་ལ་འཇོག་པ་གང་ཡང་མེད་པས་ཁྱད་པར་དུ་འཕགས་སོ། །ཀུན་ཀྱང་ཐོག་མཐའ་སྐྱེ་འགག་མེད་པས་གྲོལ་བར་བྱ་བའི་གཞི་སེམས་ཀྱི་ཆོས་ཉིད་ཡེ་ནས་གྲུབ་མ་མྱོང་བའི་སྨིག་སྒྱུ་ལ་ཆུ་རགས་མི་དགོས་པ་ལྟ་བུ་གཞི་གང་ཡང་མེད་པའི་བྱང་ཆུབ་སེམས། གང་གིས་སྒྲིབ་པ། གང་ཞིག་དགྲོལ་བར་བྱ་བ། ཐབས་གཞན་ཡང་སྤངས་པའི་ཡུལ་སྣང་མ་འགགས་པ་རང་གསལ་གྱི་གདངས་འགགས་མེད་དུ་དེ་ཡང་ཕྱང་ཆད་ལྟ་བུ་མ་ཡིན་པར་ཡེ་ནས་འགགས་མ་མྱོང་བས་སྟོང་བར་མཐོང་དགོས་ཀྱང་དེ་ལ་སྟོང་གཞི་དང་གནས་བྱེད་ཀྱི་རྩ་བ་མེད་པའི་རིག་པ་རང་གདངས་ཀ་དག་གི་ཀློང་ན་རང་གསལ་བ་ནི་གྲོལ་བ་ལྔའི་ཁྱད་ཆོས་དང་ལྡན་པ་ཡིན་ཏེ། ཡེ་གྲོལ་ནི། ཚོགས་བརྒྱད་སྤྲིན་ལྟ་བུའི་དབུས་ན་རིག་པ་ནམ་མཁའ་ལྟར་སྲིད་པའི་སྐྱོན་གྱིས་མ་གོས་ཤིང་སྤྲོས་པ་དང་བྲལ་བས་ན། ཕྱི་ནས་རྐྱེན་གྱིས་རྣམ་རྟོག་གང་ཤར་ཡང་བྱས་ཤིང་བཅོས་པ་མེད་པས། དང་པོ་ནས་ཡེ་གྲོལ་དུ་ཡོད་པ་ཡིན་ནོ། །རང་གྲོལ་ནི། བླ་མས་ངོ་རང་ཐོག་ཏུ་སྤྲད་པ་དེ་ཉིད་རང་བབས་སུ་འཇོག་པ་ལས་མེད། འོན་ཀྱང་རྣམ་རྟོག་རགས་པ་རྒྱུན་མཐུད་པ་གཉེན་པོ་ཅུང་ཟད་བརྟེན་དགོས་པའི་ཆོས་ཐམས་ཅད་རིག་པ་རང་གིས་རང་གྲོལ་བ། དཔེར་ན་ཆུ་འབབ་པ་ལ་དེད་མི་དགོས་པ་ལྟར་རྐྱེན་ལ་རག་མ་ལུས་སོ། །གཅེར་གྲོལ་ནི། རྣམ་རྟོག་འཁྲུལ་འབྱམས་སུ་སོང་ན་རིག་ངོ་ལ་བལྟས་པས་གྲོལ་བ། དཔེར་ན་ཁྱི་ལ་རྡོ་འཕངས་བས་རྡོ་དེད་པ་ལྟར། རྣམ་རྟོག་གི་རྗེས་བསྙེག་པ་མ་ཡིན་ལ། སེངྒེ་ལ་རྡོ་འཕངས་ན་གང་ཟག་ལ་བསྙེག་པ་ལྟར་རིག་ངོ་ལ་གཅེར་གྱིས་བལྟས་པས་གྲོལ་བ་ཡིན་པས་གཉིས་པོར་ལྟོས་པ་དང་ལྟོས་གཞི་ཀུན་དང་བྲལ་བའོ། །མཐའ་གྲོལ་ནི། རིག་པའི་ངོ་བོ་སྐྱེ་མེད་ཀྱི་ཆ་ནས་ཡོད་མཐའ་ལས་གྲོལ་ཀྱང༌། འགག་མེད་ཀྱི་ཆ་ནས་མེད་མཐའ་ལ་མི་གནས། རྒྱུན་མི་འཆད་པས་མེད་མཐའ་ལས་གྲོལ་ཀྱང༌། རྟག་དངོས་མིན་པས་ཡོད་མཐའ་ལ་མི་གནས། རྩལ་སྣང་སྣ་ཚོགས་སུ་འཆར་བས་གཅིག་པུར་མ་གྲུབ་པ་དང༌། སྤྲོས་པ་དང་བྲལ་བས་དུ་མར་གདགས་པའི་མཐའ་ལས་གྲོལ་བའི་ཀུན་ཏུ་བཟང་པོའོ། །གཅིག་གྲོལ་ནི། བདེན་པ་དབྱེར་མེད་ཀྱི་རིག་པ་སྤྲོས་བྲལ་ལ། གཅིག་དང་དུ་མ་མ་གྲུབ་ཀྱང༌། ཐ་སྙད་དུ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཅེས་བྱ་བར་བཏགས་པའི་ཟང་ཐལ་གྱི་ཡེ་ཤེས་གཅིག་པོ་རྣམ་རྟོག་ཐམས་ཅད་རིག་པའི་ཀློང་དེར་གྲོལ་བས་ཆོས་གང་ཡང་མེད་པ་ནམ་མཁའ་དྭངས་པ་ལྟར་མཚན་ཉིད་མེད་དོ། །གང་དག་འོག་ཏུ་འཆད་པའི་རྟོགས་མ་རྟོགས་ཀྱི་ཆ་མ་རིག་པ་ཚོགས་དང་བཅས་པའི་སེམས་ལས་འདས་པའི་གཞི་གནས་ཀྱི་རིག་པ་རྗེན་ཅེར་དུ་ངོ་སྤྲད་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཏེ། རིག་པའི་ཆོས་ཉིད་ཚུལ་བཞིན་དུ་རྟོགས་པ་རྣམས་ནི་གཞི་ལས་གཞི་སྣང་ངོ་ཤེས་ནས་རིག་པ་རང་བཞིན་མེད་པའི་ངང་དེར་གྲོལ་ཏེ། ཆོས་ཉིད་ཟད་སར་ཐུག་པ་ན་ཀུན་ཏུ་བཟང་པོའི་ཞིང་དུ་ཕྱིན་ཏེ་ཆོས་སྐུའི་རྒྱལ་ས་ཟིན་པའོ། །རིག་པའི་ཆོས་ཉིད་མ་རྟོགས་པའི་སེམས་ཅན་གཟུང་འཛིན་གཉིས་སུ་སྣང་སྟེ་རིག་པའི་དབྱིངས་དེ་ཉིད་ལས་མ་གཡོས་བཞིན་ཀུན་གཞིའི་ངང་དུ་འཁྲུལ་སྣང་འཁོར་བའོ། །མདོར་ན་སེམས་རིག་གཉིས་པོ་དེ་དཔེ་ཡི་རྣམ་པས་དབྱེ་ན། རིག་པ་ནི་ཚོགས་བརྒྱད་རླབས་ལྟ་བུས་མ་དཀྲུགས་པ་རྣལ་དུ་གནས་པ་རླབས་བྲལ་གྱི་རྒྱ་མཚོའི་ཆུ་ལྟ་བུ་དང༌། སེམས་ནི་རྣམ་རྟོག་གིས་དཀྲུགས་པ་ཆུ་བུར་བཞིན་ནོ། །རྟོག་མེད་གནས་པ་ཙམ་ནི་རིག་པ་མིན་ཏེ། མཉམ་བཞག་གི་སྐབས་འགྱུ་བ་མངོན་གྱུར་བ་འགགས་ནས་རྩེ་གཅིག་ཏུ་ཟིན་པ་སེམས་རྟོག་མེད་རིག་པ་ཡུལ་མེད་དུ་ཟིན་པ་རྟོག་མེད་གཉིས་གནས་པ་ཙམ་དུ་སེམས་རིག་མཚུངས་ནའང༌། འབྱེད་ཆོས་ནི་རིག་པ་རང་བཞིན་མེད་པའི་ཆོས་ཉིད་ཡོངས་ཤེས་ཀྱི་ངོ་བོར་བདེན་འཛིན་མཐའ་དག་དང་བྲལ་བ་ཟང་ཐལ་གྱིས་གསལ་ལ། སེམས་ནི་ལྟེང་ཀ་སྟེ་ཁྲོན་པ་ལྟ་བུར་འཁྱིལ་ཞིང་མ་རིག་པ་དང་མཚུངས་ལྡན་གྱིས་རིག་པ་རང་བྱུང་གི་སྒྲོན་མེ་སྒྲིབ་ནས་རྨོངས་ལ། རིག་པ་ནི་ཡིད་ཡུལ་དུ་མི་འཇུག་པ་སོ་སོ་རང་རིག་གི་ཡེ་ཤེས་ཏེ། དཔེར་ན་གནམ་སྟོང་ཟླ་བ་རང་འོད་ཕྱིར་མི་གསལ་ལ་གཏིང་གསལ་དང་འདྲ་བར་ཡེ་ཤེས་ལྔ་པོ་ལྷུན་གྲུབ་ཏུ་ཡོད་ཀྱང་ཡུལ་གྱི་རང་བཞིན་ལ་མི་རྟོག་གོ །སེམས་ནི་གནས་པ་ཙམ་ཡོད་ཀྱང་ཡུལ་སྣ་ཚོགས་པའི་རྗེས་སུ་འགྱུ་བས་བཅོ་ལྔའི་ཟླ་བ་རང་འོད་ཕྱིར་འཕྲོས་ཏེ་ཡུལ་ཐམས་ཅད་ལ་འདྲེས་པ་དང་མཚུངས་སོ། །ལྷག་མཐོང་གསལ་བའི་ཆ་ལ་མ་རིག་པའི་རྙོག་པ་མེད་པས་དྭངས་ལ། ཡུལ་གྱི་རྣམ་པས་གོས་པ་མེད་ལ་སྣང་སྟོང་ཟུང་དུ་འཇུག་པ་ནི་རིག་པའི་ཡོན་ཏན་ཡིན་ཏེ། དེ་ལས་གཞན་པའི་མྱང་འདས་གུད་དུ་མེད་ལ་ཚོགས་དྲུག་གི་ཡུལ་དང་ཀུན་ནས་འདྲེས་པ་ནི་སེམས་ཀྱི་ཁྱད་དེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །དེ་བཞིན་རིག་པ་ཟང་ཐལ་དུ་ངོས་ཟིན་པའི་ངང་ལ་གནས་ན་དེ་ནི་ཆོས་ཉིད་རང་གི་གཤིས་ལུགས་ལ་ཡེ་ནས་གནས་པའི་ཤེས་རབ་བམ་ལྷག་མཐོང་སྟེ། ངོ་བོ་བསལ་བཞག་དང་བྲལ་བ། བསམ་གཏན་ནི་ཐབས་གཞན་ལ་མ་ལྟོས་པར་རང་གསལ་ངར་དང་ལྡན་པས་བྱིང་རྒོད་དང་བྲལ་བ་ཡིན་ཞིང༌། སེམས་ལམ་དུ་བྱེད་པའི་བསམ་གཏན་ནི། དམིགས་པའི་ཡུལ་ལྷ་སྐུ་སོགས་ལ་འཛིན་སྟངས་དང་བཅས་པས་རྩེ་གཅིག་ཏུ་འཇོག་པ་ཡིན་པས་བསྒོམ་པའི་ཏིང་ངེ་འཛིན་དང་སྔར་གཏན་ལ་ཕབ་པའི་ལྟ་བའི་དོན་དེ་གཉིས་ཡུལ་བསྒོམ་བྱ་ལྟ་བའི་རང་བཞིན་རྟེན་དང་ཡུལ་ཅན་སྒོམ་བྱེད་ཏིང་ངེ་འཛིན་བརྟེན་པར་ཟུང་དུ་འབྲེལ་བས་ན། གཟུང་འཛིན་དང་བྲལ་བའི་རིག་པའི་སྒྲིབ་བྱེད་དུ་སོང་ནས་གནས་སྐབས་རྣམ་རྟོག་ངལ་གསོ་བའི་བསྟི་གནས་ཙམ་ལས་ཆོད་ཆུང་བ་ཉིད་དེ། རྫོགས་ཆེན་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། བསམ་གཏན་ཤེས་གཞི་བྱར་མེད་དང༌། །རྫོགས་ཆེན་ལྷག་མཐོང་རིག་པ་གཉིས། །འདྲ་དང་ནོར་བས་གོལ་ཏེ་འགྲོ། །ཞེས་སོ། །རིག་པ་ཡུལ་ལ་ཤར་བ་སྟེ་ཐུགས་རྗེའི་རྩལ་མདངས་མ་འགགས་པར་སྣང་བ་ཡིན་ཀྱང༌། རང་ངོ་དང་རྩལ་ཤར་བ་གཉིས་ཐ་དད་དུ་གྱེས་ཏེ་ཡུལ་གྱི་རྗེས་སུ་རྟོག་པ་མཐུད་ནས་རྩ་བ་ཆོད་པ་མིན་ཕྱིར་ཕྱི་ཚོགས་དྲུག་གི་ཡུལ་དུ་མ་དཔྱད། ནང་སེམས་སུ་མ་བརྟགས། བར་དུ་ཆོས་ཉིད་སྐྱེ་མེད་ལ་གཞག་བྱ་འཛིན་སྟངས་དང་བྲལ་བའི་ཆོས་ཉིད་བློ་འདས་ཀྱི་རིག་པ་རྗེན་པར་བུད་པས་གཞན་དུ་མི་འགྱུར་བའི་ཕྱིར། སྣང་བ་ཡི་ཟིལ་གྱིས་མི་ནོན་པ་དཔེར་ན་དངུལ་ཆུ་སར་ལྷུང་ན་རྡུལ་དང་མི་འདྲེ་བ་དང་འདྲ་ལ། སེམས་ནི་གཟུང་བའི་ཡུལ་ལ་རང་ངོ་མ་ཤེས་པ་འཛིན་པའི་ཆ་དང་བཅས་པ་ཡི། རྣམ་རྟོག་སྣ་ཚོགས་པ་ཉེ་བར་ལེན་པའི་ཕྱོགས་དང་འདྲེས་ནས་ལས་སོགས་པར་འགྱུར་ཏེ། ཀློང་དྲུག་ལས། རང་རིག་བསམ་པ་བྲལ་བ་དང༌། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང༌། །ཡིད་ཀྱི་དྲན་བསམ་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །དེ་ཡང་ངོ་བོ་རིག་པ་ལ་བཞག་དུས་སེམས་གང་དགར་རང་སངས་ལ་བསྐྱུར་བ་ཡིན་ནོ། །རང་བཞག་གནད་འདི་དོ་གལ་ཤིན་ཏུ་ཆེ་བ་ཡིན་གསུངས། རིག་པ་ནི་སེམས་ཀྱི་ཆོས་ཉིད་ཡིན་པས་ན། སེམས་ཅན་གྱི་དུས་ན་སེམས་དེ་ཉིད་གཞན་དུ་མ་སྤངས་བར་དེའི་ཁྱབ་བྱེད་དུ་ཡོད་ཀྱང༌། སེམས་དང་རིག་པ་གཉིས་སྣང་མུན་བཞིན་ལྷན་ཅིག་མི་འདུ་བས། རིག་པ་ངོ་འཕྲོད་དེ་རང་བབས་སུ་གནས་སུ་རྒྱུན་བསྲིང་ན་བཟུང་བའི་ཡུལ་དང༌། དེ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་མ་རིག་པ་དང་མཚུངས་ལྡན་གྱི་ཤེས་སྒྲིབ་ཅན་རང་དང་རྫས་གཅིག་པའི་ཆགས་སོགས་ཉོན་མོངས་རྣམས་ཀྱང༌། ཡུལ་དང་ཡུལ་ཅན་གྱི་གཟུང་འཛིན་དེ་དང་ལྷན་ཅིག་སྦྲན་ནས་ཏེ་གཅིག་གིས་གཅིག་ལ་སྐད་བཏང་བ་བཞིན་རིག་པ་ལ་བྲོས་ནས་ནམ་མཁར་སྤྲིན་དེངས་པ་བཞིན་རང་དེངས་ལ་འགྲོ་བ་ཡིན་ནོ། །དེ་ལྟར་བྲོས་ཤིང་འགགས་པས་གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་ཉོན་མོངས་པའི་བཙོན་ར་ཤིན་ཏུ་བརྒལ་དཀའ་བ་དེ་ལས། ཚེགས་མེད་དུ་ཐར་པ་ངེས་པར་འབྱིན་པར་བྱེད་པ་ཡི་མན་ངག་སྡེ་པ་ཡི་ཁྱད་པར་གྱི་ཆོས་ཡིན་ཏེ། ལམ་འདི་ལས་གཞན་དུ་གྱུར་པ་རྣམས་ལ་མན་ངག་འདི་དང་མི་ལྡན་པའི་ཕྱིར་ཏེ། འདི་ལྟར་ཉོན་མོངས་པའི་ཚོགས་ཐམས་ཅད་ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་སྤོང་ཞིང༌། བྱང་སེམས་ཀྱིས་སྟོང་ཉིད་སོགས་གཉེན་པོས་འདུལ་བ་དང༌། ཨ་ནུ་མན་ཆད་ཀྱི་སྔགས་སྤྱིར་ཉོན་མོངས་ལམ་དུ་བྱེད་པའི་ཐབས་གཏུམ་མོ་སོགས་ལ་བརྟེན་ནས་བདེ་སྟོང་དགའ་བཞིའི་ཡེ་ཤེས་བསྐྱེད་པའི་ལམ་ལ་གཏོང་ཀྱང༌། སྤང་གཉེན་གཉིས་མཉམ་དུ་མི་འབྱུང་བའི་ཕྱིར། མི་མཉམ་ན་ལམ་བྱེད་ཀྱང་མི་རིགས་སོ། །སེམས་སྡེར་རྟོག་པ་གང་སྐྱེས་ཐམས་ཅད་ངོས་ཟིན་ནས་གཤིས་ཐོག་ཏུ་གྲོལ་བར་འདོད་ཀྱང་ངོས་ཟིན་མཁན་དེ་སེམས་ཡིན་དགོས་ན། སེམས་རང་གིས་རང་མི་མཐོང་བས་མི་གྲོལ། ཀློང་སྡེར་སྣང་སེམས་ཐམས་ཅད་རིག་པའི་རྒྱན་དུ་བལྟས་ནས་ཆོས་ཉིད་གཅིག་ཏུ་མཉམ་པར་བཞག་ནས་དག་པར་འདོད་ཀྱང་རིག་པ་ནི་ཡེ་ཤེས་ངོ་བོ་ཡིན་པས་དེའི་ངང་ལ་སེམས་མེད་པའི་ཕྱིར། ཡེ་ཤེས་ཀྱིས་སེམས་མི་མཐོང་བས་དེ་ལྟར་དབྱིངས་ཀྱི་ངང་དུ་འཇོག་པ་སོགས་དག་བྱེད་ཀྱི་རྩོལ་བ་གང་ཡང་མི་དགོས་པ། རིག་པའི་ཆོས་ཉིད་ཀྱི་ཀློང་ན་ཆོས་ཅན་རང་ངོས་ནས་སྟོང་པ་དང༌། ཆོས་ཉིད་གཞན་ངོས་ནས་སྟོང་པའི་འདོད་ཞེན་གྲུབ་མཐའ་ཐམས་ཅད་རང་ཚུགས་ཞིག་སྟེ། སྤང་གཉེན་གང་ཡིན་ཀྱང་རང་གྲོལ་རྗེས་མེད་དུ་གྱུར་པ་ཤིན་ཏུ་ངོ་མཚར་བ་གཞན་ལས་ཁྱད་པར་དུ་འཕགས་པའོ། །དེ་བཞིན་མ་དག་པའི་རྟེན་ཀུན་གཞི་དང་ནི། ཡེ་ཤེས་ཀྱི་རྟེན་ཆོས་སྐུ་གཉིས་ཀ་དག་སྟོང་པའི་དབྱིངས་སུ་གཅིག་ཀྱང༌། ཆོས་སྐུ་ནི་རྒྱ་ཆེ་ལ་གཏིང་ཟབ་པ་རླབས་བྲལ་གྱི་རྒྱ་མཚོ་དང་འདྲ་ལ། ཀུན་གཞིའི་རྣམ་ཤེས་ནི་རིག་པ་དེ་ཡི་སྒྲིབ་ཆ་སྟེ། ཀུན་གཞི་ཞེས་དགེ་བའི་བག་ཆགས་ཀྱི་རྟེན་མི་དགེ་བའི་བག་ཆགས་རང་ཉིད་དག་བྱེད་ལྕགས་ཀྱི་བཙའ་ལྟ་བུ་དང༌། མི་དགེ་བའི་བག་ཆགས་ནི་ཆོས་སྐུའི་སྒྲིབ་བྱེད་ཙམ་ལས་ཀུན་གཞི་གཞན་ན་མེད་དོ། །གྲུ་པ་བཞིན་དུ་དགེ་མི་དགེའི་ལས་ལ་བརྟེན་ནས་འཁོར་འདས་གཉིས་ཀར་ལྡིང་ངོ༌། །གཞིའི་གནས་ལུགས་འོད་གསལ་དེ་ཉིད་ནས་ངོ་མ་ཤེས་ན་འཁྲུལ་པ་ཡིན་ལ། ངོ་ཤེས་ན་གྲོལ་བའི་ཆོས་དེ་ཉིད་ཀྱི་མཚན་ཉིད་ཀྱང༌། དཔེར་ན་རྨི་ལམ་སྣ་ཚོགས་ཀྱི་རྟེན་གཉིད་དུ་སོང་བ་དང༌། རྨི་ལམ་རྒྱུན་ཆད་ནས་དེ་ལས་སད་པ་བཞིན་ཏེ། འདི་ལྟར་ཀུན་གཞིའི་ངང་དུ་འཁྲུལ་པ་ན་ཡེ་ཤེས་ཀྱི་མཁྱེན་ཆ་མ་རིག་པས་སྒྲིབ་པ་ནི་སྒོ་ལྔའི་དབང་པོ་ནང་དུ་སྡུད་དེ་ཉམས་པའི་གཉིད་སྟུག་གི་གནས་སྐབས་ལྟར་ལ་མེད་སྣང་སྣ་ཚོགས་ལ་སྤྱོད་པ་ནི་དཔེར་ན་རྨི་ལམ་བཞིན་ནོ། །སྒྲིབ་པ་ལས་གྲོལ་ཏེ་ཆོས་སྐུའི་རང་ཞལ་མངོན་དུ་མཇལ་པ་ནི། གཉིད་དེ་ལས་སད་པའི་ཚེ་སྒོ་ལྔའི་ཡུལ་མངོན་སུམ་དུ་མཐོང་བའི་གནས་སྐབས་དང་འདྲའོ། །ཐོག་མའི་འཁོར་འདས་གང་དུའང་མ་ཕྱེ་བའི་གྲོལ་འཁྲུལ་གང་གིའང་རྒྱུར་ངེས་པ་མེད་པ་གཞི་ཡི་རིག་པ་ཀ་དག་གི་ངང་ནས་ལྷུན་གྲུབ་ཀྱི་གདངས་འགགས་མེད་དེ་དང༌། ལམ་མཐར་ཕྱིན་ཚེ་དག་པ་གཉིས་ལྡན་གྱི་གྲོལ་སའི་ཀ་དག་གློ་བུར་གྱི་དྲི་མ་བྲལ་བ་གཉིས་པོ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་དབྱིངས་ཀྱི་ངོ་བོ་ལ་འཕོ་འགྱུར་མེད་པས་རྫས་སུ་གཅིག་ཀྱང༌། སླད་ཀྱི་འཁྲུལ་པའི་གཞི་བྱེད་དང་མི་བྱེད་ཁྱད་པར་ནི། ཐོག་མའི་གཞི་ལྷུན་གྲུབ་ནི་མ་རིག་པ་ཆ་དང་བཅས་པའི་འཁོར་འདས་གཉིས་ཀའི་འཆར་གཞི་ཡིན་པས་འཁྲུལ་གཞི་བྱེད་ལ། གྲོལ་གཞི་ལ་མ་རིག་པ་མེད་པས་འཁྲུལ་གཞི་མི་བྱེད་པས་དེ་གཉིས་ཀྱི་ཁྱད་པར་ཤེས་པ་གཅེས་སོ། །ཚུལ་དེ་བཞིན་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་པས་གྲོལ་ས་ཀ་དག་ནང་གསལ་གྱི་ཡེ་ཤེས་དེ་དང༌། ད་ལྟའི་རྣལ་འབྱོར་པའི་མཉམ་གཞག་གི་ངོ་བོ་བརྗོད་མེད་ཀྱི་རྟོགས་པ་ལམ་གྱི་རིག་པ་ཀ་དག་ངང་ལ་མཉམ་པར་བཞག་པ་གཉིས་ཀྱང་གཉིས་སྣང་དབྱིངས་སུ་ནུབ་སྟེ་རང་བཞིན་སྤྲོས་པ་དང་བྲལ་བས་རྒྱ་གར་ཡང་མ་ཆད་ཅིང་སྣང་སྟོང་ལ་སོགས་པའི་ཕྱོགས་སུ་ལྷུང་བ་མེད་པར་མཉམ་པ་ཙམ་ཡིན་ནའང་གྲོལ་ས་ཀ་དག་གི་དབྱིངས་ཉིད་ནི་མ་དག་པའི་རླུང་སེམས་བག་ཆགས་ཀྱི་ཆ་དང་བཅས་པ་རྣམ་པར་བྱང་ཞིང་ལམ་བསྒོམ་སྟོབས་ཀྱིས་དག་པར་འགྱུར་བའི་ཕྱིར་འཁོར་བའི་འཁྲུལ་སྣང་མེད་པར་མ་ཟད་ཡེ་ཤེས་ཀྱི་གསལ་ཆའང་དབྱིངས་སུ་ཐིམ་ནས་མྱ་ངན་ལས་འདས་པའི་སྣང་བ་ཡང་མེད་པར་ཀ་དག་གི་རིག་པ་ཆོས་སྐུའི་ངང་ལས་མི་གཡོ་སྟེ་འཁོར་འདས་གང་དུའང་མི་གནས་སོ། །ལམ་དུས་སུ་རླུང་སེམས་མ་དག་པའི་ཆ་གཏན་ཟད་དུ་མ་སོང་བས་རྐྱེན་དབང་གཟུང་འཛིན་དང་འགྲོགས་ཤིང༌། གཉུག་མའི་རིག་པ་སྒྲིབ་བྱེད་སེམས་དང་སེམས་བྱུང་དྲི་མའི་ཆས་རིག་རྩལ་བསླད་ཅིང་ཁུར་བས་རིག་པ་ཀ་དག་གི་དབྱིངས་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་དངོས་སུ་གནས་པ་ནི་རེས་འགའ་ཙམ་མོ། །དེ་ལྟ་ནའང་སེམས་རང་བབས་སུ་འཇོག་པར་བསླབ་ན་ནམ་ཞིག་གི་ཚེ་ན་འཛིན་སྟངས་དང་བྲལ་བའི་རིག་པ་རྟོགས་ནུས་སོ། །དེ་བཞིན་དུ་ད་ལྟ་ལམ་འདིར་ཞུགས་ནས་ཉམས་ལེན་ལ་བརྩོན་ཞིང་ཁྱད་པར་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་གོམས་པ་བརྟན་པོ་རྣམས་བར་དོ་དང་པོར་མ་གྲོལ་ཀྱང་ཆོས་ཉིད་བར་དོའི་སྐབས་གཞི་ལ་ལྷུན་གྲུབ་ཏུ་ཡོད་པའི་རིག་གདངས་ལྷུན་གྲུབ་ཆེན་པོའི་ལྷ་སྐུ་ཞིང་ཁམས་སོགས་སྣང་བ་རྣམས་བསམ་གཏན་གྱི་ཞག་གྲངས་སུ་རིམ་གྱིས་འཆར་བ་དང༌། ད་ལྟའི་རྟོག་བཅས་བསྐྱེད་རྫོགས་བསྲེ་འཕོ་ལ་གོམས་པའི་སྟོབས་ཀྱིས་སྲིད་པ་བར་དོར་ལྷ་ཡི་སྐུ་སྒྱུ་མ་ལྟ་བུར་ལྡང་ནུས་པའི་སྒྱུ་ལུས་གཉིས་པོ་བར་དོར་ལྷ་སྐུར་སྣང་བ་ཙམ་དུ་མཚུངས་ཀྱང༌། སྣང་བ་ཞིང་ཁམས་སུ་ཤར་བ་དེ་གཉིས་སྔ་མ་ནི་འདུས་མ་བྱས་ཀྱི་རང་གདངས་རྩོལ་མེད་དུ་ཤར་བ་ཡིན་པས་རྒྱ་ཆེ་ཞིང་རང་སྣང་དུ་ངོ་ཤེས་པ་ཙམ་གྱིས་ནང་དབྱིངས་ཐོག་ཏུ་གྲོལ་བར་འགྱུར་བ་དང༌། ཕྱི་མ་ནི་བག་ཆགས་བཟང་གོམས་རླུང་སེམས་རྩལ་ལས་སྣང་བ་ཡིན་པས་གོང་མར་ལྟོས་ན་རྒྱ་ཆུང་ཞིང༌། ད་དུང་ལམ་གྱི་ལྷག་མ་བགྲོད་དགོས་པས་མི་གྲོལ་བའི་ཁྱད་པར་ཡོད་པ་ཤེས་དགོས་སོ། དེ་ལ་ལས་དང་པོ་པས་རྟོགས་པ་བླ་མའི་ཐུགས་རྗེས་ངོ་སྤྲོད་པ་དེ་ས་དང་པོའི་རྟོགས་པ་ཡིན་ལུགས་དཔེར་ན་ཤེལ་གདུང་དུ་བལྟས་པའི་ཚེ་རྒྱང་རིང་པོ་ན་ཡོད་པ་རྣམས་དྲུང་ན་ཡོད་པ་ལྟར་སྣང་བ་ལྟ་བུ་ཡིན་ཏེ་རང་སྟོབས་ཀྱི་ཚོགས་བསགས་པ་དང་སྒྲིབ་པ་དག་པ་ཏེ་རླུང་སེམས་སོགས་ཀྱི་ཁྱད་པར་དུ་རྫོགས་པ་ཆེན་པོའི་ལམ་འདིར་ཞུགས་པའི་ཉམས་ལེན་གྱི་གནད་གོམས་མཐར་ཕྱིན་པས་དམ་ཚིག་རྣམ་དག་བསྲུང་བའི་སྐལ་པ་ཅན་ཞིག་ཡིན་ན། ས་བཅུའི་བར་གྱི་རང་རང་གི་སྣང་བས་བསྡུས་པའི་བྱང་སེམས་རྣམས་ལ་སངས་རྒྱས་ལོངས་སྐུ་དེ་མཐོང་བ་ལ་ཡུན་རིང་འཐོགས་པ་མ་ཡིན་ཏེ། ལོངས་སྐུ་དེ་ཡི་དཔེ་བྱད་ནི་མེ་ལོང་དུ་ཤར་བ་ལྟར་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་སངས་རྒྱས་ཀྱི་ཐུགས་རྗེས་རང་བཞིན་སྤྲུལ་པའི་ཞིང་ཁམས་ལྷག་པར་བཀོད་པ་ལ་ཚེ་འདི་བརྗེས་མ་ཐག་ཏུ་སྲིད་པ་བར་དོར་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱི་མཐུས་ལམ་གྱི་ལྷག་མ་བགྲོད་ནས་མྱུར་དུ་གདོད་མའི་དབྱིངས་སུ་རྨི་ལམ་སད་པ་ལྟར་འགྲོའོ། །ཀོད་པ་ཆེན་པོ་ལས། སྙིགས་མ་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་བའི་སྙིང་པོ་འདི་ནི་མི་ཡུལ་སྣང༌། །དེ་རྗེས་འཛིན་པའི་གང་ཟག་སྐལ་པ་ཅན། །སྙིང་པོ་འདི་ནི་སུ་ལ་སྣང་གྱུར་པ། །དེ་དག་རྣམས་ནི་མི་འགྱུར་ས་ལ་འདའ། །གལ་ཏེ་སྙིགས་མ་ཚེ་ཐུང་ནད་མང་བས། །སྙིང་པོའི་དོན་འདི་གདིང་དུ་མ་གྱུར་ཀྱང༌། །འདི་ཉིད་མཐོང་བས་དབུགས་ཆེན་ཉིད་འབྱིན་པ། །བཅུ་གཅིག་ཀུན་ཏུ་འོད་དེ་སྤྲུལ་པའི་ཞིང༌། རྫུས་སྐྱེས་དག་པས་མངལ་གྱི་རྒྱ་ལས་གྲོལ། །ཞེས་སོ། །ཁྱད་ཆོས་དང་ལྡན་པ་དེ་ཡི་ཕྱིར་ན་རང་བཞིན་རྫོགས་པ་ཆེན་པོའི་ལམ་འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ལས་ཉེ་ལམ་མཆོག་ཏུ་གྱུར་པ་སྟེ། གློ་བུར་གྱི་དྲི་མ་གཤིས་ལ་མ་ཞུགས་པས་གཞི་ལ་འཆིང་གྲོལ་མེད་པ་གདོད་ནས་སྤྲོས་པ་ཐམས་ཅད་ལས་གྲོལ་བའི་རིག་པ་ཀ་དག་དེའི་ངོ་བོ་ནི། རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཏེ་ཡེ་ནས་སྟོང་པ་སྤྲོས་བྲལ་ངོ་བོ་སྟོང་པ་ཉིད་ལ་ཡོད་པ་ལྟ་ཅི་མེད་པའང་བྲལ་བ་བསམ་བརྗོད་ཡུལ་ལས་འདས་པའོ། །ཚད་དབྱིབས་གཉིས་ཆོས་སོགས་ལས་འདས་པས་ན་མཚན་ཉིད་བློ་ཡི་བརྗོད་པའི་ཡུལ་ལས་འདས་པས་བློ་རེག་གི་ཐུག་པ་སྤངས་པ། འབྲས་བུའི་ཆོས་སྐུ་དང་ཡེ་ཤེས་སོགས་ཉི་མ་ལ་ཟེར་ལྟར་རང་ཆས་ཡོད་པས་བླང་དོར་བྱ་རྩོལ་གྱི་འབྲས་བུ་ལ་སྨོན་པ་མེད་པ་རང་བབས་སུ་བཞག་པ་ལ་རིག་པའི་ཡོན་ཏན་ཐམས་ཅད་རྫོགས་པའོ། །རིག་པའང་ཤེས་བྱའི་ཡུལ་གཟུང་འཛིན་ལམ་ལ་མི་གནས་པས་ཕྱིར་ན། ང་དང་ང་ཡིར་འཛིན་པའི་དངོས་འཛིན་གྱི་ཆོས་ཡོད་མེད་ཀྱི་མཐའ་དང་བྲལ་བའོ། །དེ་ལྟར་ངོ་འཕྲོད་པའི་ལྟ་བ་དེའི་ངང་ལ་འཇོག་པ་ལས་གཞན་སྒོམ་པ་པོ་དང་བསྒོམ་པར་བྱ་བ་ཞེས་ལྟ་བ་ཐ་དད་པའང་མེད་དེ། ཤེས་པ་འདི་ཀའི་ངང་ལ་མ་བཅོས་རྣལ་མར་རང་བབས་སུ་བཞག་ན། ཟང་ཐལ་དུ་རིག་པའི་གནས་ལུགས་རྗེན་པར་མཐོང་ངོ༌། །མཐོང་བ་དེ་ཡི་རང་གི་ངོ་བོ་རྣམ་རྟོག་བཟང་ངན་ལས་གྲོལ་ཏེ་རྐྱེན་གྱིས་གཞན་དུ་མི་འགྱུར་ན། མ་རིག་རྣམ་རྟོག་གི་འཛིན་པས་སྲིད་པར་འཁྲིད་པའི་ལས་གསོག་པར་མི་ནུས་སོ། །འདི་ལྟར་ཕྱི་རོལ་ཡུལ་གཟུགས་སོགས་དང༌། དེར་འཛིན་གྱི་བློས་བདག་ཏུ་ཞེན་པའི་མ་རིག་པ་དང༌། དེ་ལས་བྱུང་བའི་རྟོག་ཚོགས་རྣམས། དབང་ཕྱུག་སོགས་གཞན་བྱེད་པ་པོས་མ་བྱས་ཏེ་གློ་བུར་དུ་སྐྱེས་པའི་སེམས་རྟོག་གིས་རྒན་མོས་སྟག་བསྒོམ་པ་ལྟ་བུ་དེ་ཉིད་ལ་ཞེན་པ་དང་རྟོག་གེའི་བག་ཆགས་མཐུ་བརྟས་པ་ལས་གྲུབ་པའི་ཕྱིར། །རྟེན་པར་བྱེད་པའི་སྣང་བ་འདི་དག་ཐམས་ཅད་གཞི་སེམས་ཉིད་ནམ་མཁའ་ལྟར་ཅིར་ཡང་མ་གྲུབ་པའི་ངང་ལས་རང་གདངས་འགག་མེད་ཀྱི་སྟོང་གཟུགས་ཅིར་ཡང་ཤར་བ་དང༌། རྩ་བ་སེམས་ཉིད་རང་གི་ངོ་བོ་གྲུབ་པ་མེད་བཞིན་མ་རིག་པས་བསླད་པ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེས་པ་ལྟར་སྣང་ཡང་སྐྱེས་ཙམ་ཉིད་ལས་རིག་པའི་ཆོས་ཉིད་སྐྱེ་བ་མེད་པར་རྫོགས་ཏེ། མུ་ཏིག་ཕྲེང་བ་ལས། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་རྣམ་རྟོག་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་བ་ཡི་ཆོས་ཉིད་ཀྱང༌། །བློ་ལ་འཁྲུལ་པའི་ཚུལ་དུ་སྣང༌། །ཞེས་སོ། །དེ་ལྟར་ལྟ་སྒོམ་སྤྱོད་གསུམ་ཟུང་འཇུག་ངང་ལ་གོམས་སུ་འཇུག་པ་ལས་གཞན་པའི་རྟོགས་པར་བྱ་བའི་འབྲས་བུ་ཞེས་པ་ཡོད་པ་མ་ཡིན་པས་བསྒྲུབ་མི་དགོས་ཏེ་དེ་ཉིད་ཀློང་དུ་ཕེབས་ཙ་ན། ཕྱི་ཡུལ་མེད་དུ་རྟོགས་པས་གཟུང་བའི་ཆོས་དག །ནང་ཡུལ་ཅན་དུ་མི་གནས་པས་འཛིན་པ་གཞི་མེད་རྩ་བྲལ་དུ་སོང༌། རྟེན་གཞི་མེད་པའི་རིག་པ་ལ་བློས་མཚོན་དུ་མེད་པས་ནམ་ཡང་འཁྲུལ་མི་ཤེས་པའི་ཚེ་ན་གསུང་རབ་ཀློག་པ་དང༌། ཚིག་དོན་བློ་ལ་འཛིན་པ་དང༌། དམིགས་པ་ལ་རྩེ་གཅིག་ཏུ་ཏིང་ངེ་འཛིན་བསྒོམ་པ་དང༌། བསྟན་བཅོས་སོགས་ཀྱི་དོན་ལ་སེམས་ཤིང་བརྟགས་པ་ལ་སོགས་པ་མཐའ་དག་ཀུན་རྟོག་གི་བློ་ཡི་གྲུབ་མཐའ་ཐ་སྙད་བཅོས་མའི་ཆོས་ལ་ལྟོས་མི་དགོས་པས། ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་མེད་པར་ལྟ་སྒོམ་སྤྱོད་པའི་ཁྲིགས་ཞིག །དྲན་པ་ཆོས་ཉིད་དུ་སངས་པས་ཆེད་དུ་བསྒོམ་པས་གཉེན་པོའི་ཆོས་ཟད། རིག་པ་ཆོས་སྐུར་ཤེས་པས་སངས་རྒྱས་དང་སེམས་ཅན་དུ་ཡེ་ནས་མ་གྲུབ་པའི་གདེང་རྙེད་པར་གྱུར་པ་ན། རང་རིག་གཟུང་འཛིན་དང་བྲལ་བ་དེ་ལས་གཞན་ན་ཡིད་སྨོན་གུད་ན་ཚོལ་དུ་མེད་པའི་ཆོས་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རྫོགས་པར་འགྱུར་བས་ན་འབྲས་བུ་ནི་རང་གི་རིག་པ་དེ་ཉིད་དོ། །ཁྲེགས་ཆོད་ལས་ཀྱང་ཁྱད་པར་བ་བླ་ན་མེད་པའི་ཐོད་རྒལ་གྱི་ལམ་ནི། བསྒོམ་དུས་ཁྲེགས་ཆོད་ཀྱི་ལྟ་བ་དེ་ལ་ངེས་པ་རྙེད་ནས་བཞུགས་སྟངས་དང་ནམ་མཁར་གཟིགས་སྟངས་སོགས་ཀྱིས་གནད་གཅུན་བས་རྣམ་རྟོག་རགས་པ་འགགས་ཤིང་ཕྲ་བ་རང་ཡལ་དུ་སོང་སྟེ། ཐོག་མ་ནས་དབྱིངས་ཀྱི་སྣང་བ་འོད་ལྔ་དང་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ནས་ལྷ་སྐུའི་བར་དབང་པོའི་མངོན་སུམ་དུ་མཐོང་བས་སྐུ་ཐིག་ལེ་ལ་སོགས་སྣང་བ་ལ་མ་ཞེན་ན་གོལ་བའི་གདངས་བྲལ་ནས་གཞན་སྟོང་ཉིད་གཤིས་ཤོར་གྱི་གོལ་ས་ཉུང་ཞིང༌། ཕྱི་འབྱུང་ས་རྡོ་རི་བྲག་སོགས་ཐ་མལ་གྱི་ཡུལ་སྣང་གི་བག་ཆགས་ཐོག་མེད་ནས་བཞག་པའི་རྡོས་བཅས་དྲི་མ་ངང་གིས་ཟད་པའི་དངོས་པོ་ཕྱི་ནང་ཐམས་ཅད་ལ་ཐོགས་མེད་ཟང་ཐལ་དུ་ཐར་བ་སོགས་འབྱུང་ཆེན་གྱི་ཡུལ་ཐམས་ཅད་ཡེ་ཤེས་འོད་གསལ་ཆེན་པོར་དྭངས་པར་བྱེད་པའི་ལམ་སྣང་བར་རྫོགས་ཤིང་མངོན་དུ་བྱེད་པ་ཡིན་པས། ནང་རང་གི་ཕུང་པོས་བསྡུས་པའི་འབྱུང་བ་རྣམས་ཁྲེགས་ཆོད་ཚད་དུ་ཕྱིན་པའི་སྟོབས་ཀྱིས། རྡུལ་ཕྲན་ཉིད་དུ་འགྲོ་བ་ཙམ་ལས་འོད་ལུས་སུ་དྭངས་པར་མ་ནུས་པའི་ཕྱིར་འཕོ་བ་ཆེན་པོའི་སྐུ་མི་འཐོབ་པའང༌། འཕོ་བ་ཆེན་པོ་ཟུང་འཇུག་གི་ཡེ་ཤེས་སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་རྡོ་རྗེའི་སྐུར་སྙིགས་མའི་དྭངས་མ་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་སྨིན་ནས་རྟེན་དེས་གཞན་དོན་འཁོར་བ་མ་སྟོངས་བར་དུ་མཛད་པ་ནི། རྒྱལ་དབང་པདྨ་བི་མ་ལ་ཛྙཱ་ན་སཱུ་ཏྲ་རྣམས་ལྟ་བུའོ། །རྒྱུ་མཚན་དེའི་ཕྱིར་ན་ཐེག་པ་འོག་མར་རང་གི་སྡེ་པས་ཡིད་དཔྱོད་ཀྱི་ལམ་ལས་འདས་པ་སེམས་ཀློང་སོགས་ལྟ་བ་སེམས་ཉིད་མཐའ་བྲལ་དུ་གཏན་ལ་ཕབ་པས། སྒོམ་པ་དེའི་ངང་དུ་མ་བཅོས་པར་འཇོག་པ་ལས་ལྷ་བསྒོམ་སོགས་མི་དགོས་ལ། སྒོམ་པ་གང་ཤར་རང་གྲོལ་དུ་འགྲོ་བས་དགག་སྒྲུབ་མི་དགོས་པར་སྤྱོད་པ། འབྲས་བུ་གཞན་དུ་མི་རེ་བས་ཡེ་ནས་འབྲས་ཆོས་སྐུ་དང་ཡེ་ཤེས་རང་རྩལ་དུ་རྫོགས་པས་འོག་མ་ཀུན་དང་ཁྱད་ཞུགས་པའི་ཁྱད་ཆོས་ཀྱི་མཚན་ཉིད་གནད་རྣམ་པ་བདུན་ཏེ། བརྩོན་འགྲུས་ཆེ་ཆུང་དབང་པོ་རྣོ་᪔ᝋམེད་པའི་གནད་དང༌། དེ་བཞིན་མངོན་སུམ་བལྟར་ཡོད་པས་ཡིད་དཔྱོད་ལ་མི་ལྟོས་པ་དང༌། དོན་ཇི་བཞིན་མཐོང་བས་ཚིག་ལ་མི་ལྟོས་པ་དང༌། རང་གསལ་མངོན་དུ་གྱུར་པས་གཞི་ལམ་འབྲས་བུ་དུས་ལ་མི་ལྟོས་པ་དང༌། རྒྱུ་འབྲས་བཟང་ངན་ལ་མི་ལྟོས་པས་འབད་རྩོལ་བླང་དོར་མེད་པ་དང༌། རང་བྱུང་གི་འོད་གསལ་ཁོང་ནས་འཆར་བས་ན་སོ་ལ་རྒན་གཞོན་མེད་པ་དང༌། སྐུ་གསུམ་ལམ་སྣང་དུ་རྫོགས་ནས་ཀ་དག་གི་ཀློང་དུ་ལྷུན་གྲུབ་རིག་པའི་གཏན་སྲིད་ཟིན་པའི་གནད་བདུན་ལེགས་པར་ཕྱེད་པ་མན་ངག་འདི་ལྟ་བུ་དང་འཕྲད་པའི་དོན་ཡིན་པས་འབད་པར་གདམས་སོ། །དེ་ལྟ་ཡིན་མོད་ཀྱི་འོན་ཀྱང་བདག་དང་བདག་གིར་འཛིན་པ་དང་བཅས་པའི་ཚོགས་བརྒྱད་གློ་བུར་བ་ནང་གི་འཁྲུལ་པའི་རྐྱེན། ཆོས་དབྱིངས་ཀ་ནས་དག་པའི་ཀློང་དུ་མ་ནུབ་པར་ཏེ་ནུབ་པར་བྱེད་མི་ནུས་པའི་སྣང་བ་ཡུལ་གྱི་བློ་ཅན་རྣམས་ལ་རིག་ངོ་ཅུང་ཟད་རེ་འཕྲོད་ཀྱང་གློ་བུར་བ་ཕྱི་ཡུལ་རྐྱེན་བཟང་ངན་ཏེ་ནད་གདོན་དང་ཐོབ་མངའ་ཐང་སོགས་རྐྱེན་གྱིས་བསླུ་བར་འགྱུར་བའི་ཕྱིར་ན། རྟོག་ཚོགས་ཐམས་ཅད་གཟུང་འཛིན་གྱི་ཆོས་སུ་སྣང་ཞིང་བསླད་པ་འདི་འདུལ་ཐབས་ལ་བརྩོན་དགོས་ཏེ། ཐ་མལ་པ་དེ་ཉིད་རང་ལུགས་འཁོར་བའི་གནས་སུ་འཕེན་པའི་ཚུལ་ལས་གཞན་དུ་མ་འགྱུར་པའི་སྲིད་པའི་རྩ་བར་གྱུར་པས་བདག་པོ་སྟེ་གཟུང་འཛིན་དེ་ཡིས། དང་པོའི་ལས་ཅན་རྣམས་ཀྱི་རིག་པའི་ངོ་བོ་ལ་སྒྲིབ་པའི་ཕྱིར་ན་ཐུན་མོང་པ་དང་མཐུན་པའི་སེམས་གནས་བསྒྲུབ་ཚུལ་ཡང༌། དེའི་གཉེན་པོ་ཞི་གནས་དང་ལྷག་མཐོང་ངོ་བོ་གཅིག་པ་ཡི་ཁྲིད་ཚུལ་དང༌། ཞི་ལྷག་སོ་སོ་བ་ཡི་འཁྲིད་ཚུལ་ཏེ་རྣམ་པ་གཉིས་ལས་འདིར་དང་པོ་ཞི་ལྷག་ངོ་བོ་གཅིག་པའི་ཕྱོགས་འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་དགོངས་པ་ལྟར། དམིགས་རྟེན་གང་རུང་ལ་སེམས་གཏད་ནས་དྲན་པ་ལ་བརྟེན་ནས་བསྒོམ་པའི་ཚེ་དེ་ལ་གནས་ཆའི་སེམས་རྩེ་གཅིག་པའི་བསམ་གཏན་དང༌། རང་བཞིན་མེད་པར་གསལ་ཆའི་སོ་སོར་རྟོག་པའི་ཤེས་རབ་ནི། ཞི་ལྷག་ཟུང་དུ་འབྲེལ་བ་ལས་ཐ་དད་པ་གཟུང་འཛིན་གཉིས་སུ་འཛིན་པ་མིན་པས་མཐའ་བྲལ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་སྟེ། མཉམ་གཞག་ཚེ་སྟོང་ཉིད་དང༌། རྗེས་ཐོབ་ཚེ་སྙིང་རྗེ་ཟུང་དུ་འབྲེལ་བའོ། །བསྒོམ་པའི་མདོ་ཐམས་ཅད་འདིར་བསྡུས་སོ། །གཉིས་པ་ཞི་ལྷག་སོ་སོ་བའི་ཕྱོགས་ལའང་དབྱེ་བ་གཉིས་སུ་གྲུབ་སྟེ། གཙོ་བོ་ཐོས་བསམ་གྱི་ཤེས་རབ་ལས་བྱུང་བ་དང༌། བསྒོམ་ཐབས་ཀྱི་གདམས་ངག་ལས་བྱུང་བ་སྟེ་གཉིས་ཡོད་པར་མདོ་ལས་ཀྱང་འབྱུང་ངོ༌། ཤེས་རབ་ལས་བྱུང་བ་ནི་སྒྲ་ཡི་རྗེས་སུ་མཐུན་པ་གཞུང་གང་རུང་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་དེའི་ངང་རང་བཞིན་མེད་པར་ངེས་ཤེས་བཅས་དཔྱད་འཇོག་དབུ་མ་དང་མཚུངས་སོ། །དང་པོ་ཐོས་པ་དང་བསམ་པའི་དོན་ལ་སེམས་གནས་པའི་ཐབས་དགུ་ལ་སོགས་པས་རྩེ་གཅིག་པར་རྣམ་རྟོག་ཞི་བ་དང༌། དེ་ལས་བདག་མེད་དང་སྤྲོས་བྲལ་གྱི་དོན་རྟོགས་ཏེ་དམིགས་པའི་འཛིན་སྟངས་དང་བྲལ་བ་ལྷག་མཐོང་མཚན་ཉིད་པ་ཡིན་པས་འབད་པས་སྒྲུབ་པ་ཉིད་དོ། །མན་ངག་ལས་བྱུང་བ་ནི་སྒྲ་ཚིག་རྟོག་དཔྱོད་ལ་མི་ལྟོས་པར་དོན་གྱི་རྗེས་སུ་འགྲོ་བ་སྟེ་ཞི་ལྷག་སྒྲུབ་པའི་ཐབས་བླ་མས་མན་ངག་བསྟན་པའི་དོན་ལ་མཉམ་པར་འཇོག་པ་སྟེ། དེ་ཡང་ཕྱིའི་དམིགས་པ་སྐུ་གཟུགས་ས་བོན་ལ་གཏད་ནས་བསྒོམ་པའམ། ནང་དམིགས་རླུང་ཐིག་སོགས་ལ་སེམས་འཛིན་པ་དང༌། ལུས་གནད་རྩ་རླུང་སོགས་གནད་དུ་གཅུན་པས་བདེ་གསལ་མི་རྟོག་པ་སྐྱེ་བ་སོགས་དམིགས་པ་དེ་དག་གི་ངང་ལ་སེམས་ནི་རྣམ་རྟོག་གིས་གཡོ་བ་མེད་པར་རྩེ་གཅིག་ཏུ་གནས་པ་ཞི་གནས་ལ། གང་སྣང་བ་དེ་ཡི་རང་བཞིན་གདོད་ནས་སྤྲོས་བྲལ་འོད་གསལ་བའི་བདག་ཉིད་ཅན་དུ་ཤེས་ནས་གང་དུའང་འཛིན་པ་མེད་པ་ནི་ལྷག་མཐོང་མཚན་ཉིད་པ་སྟེ། མདོར་ན་རྟོགས་པ་ཀློང་དུ་རྡོལ་བའི་གང་ཟག་རབ་ཀྱིས་ངན་རྟོག་ཐམས་ཅད་ཤར་དུས་དེ་ཉིད་ན་རྗེས་མཐུད་མེད་པར་གྲོལ་ན་གང་ཤར་ཀུན་ཆོས་སྐུར་ལྷོངས་པས། རྣམ་རྟོག་བཟང་ངན་གང་སྐྱེས་ཀྱང་མགོ་མཉམ་པར་གྱུར་པ་ན་གཉེན་པོ་གཞན་བསྟེན་མི་དགོས་ཏེ། ཉལ་འདུག་དཀྱིལ་འཁོར་གྱི་རོལ་པ། རྐང་རྗེས་རྡུལ་ཚོན་གྱི་ཐིག་ལེ། སྒུལ་སྐྱོད་ཐམས་ཅད་ཕྱག་རྒྱའི་རོལ་པ་ཡིན་ནོ། །འབྲིང་གིས་སྔར་གཏན་ལ་ཕབ་པའི་ལྟ་བའི་ངང་དྭངས་ཞི་ལྷག་ཟུང་འབྲེལ་གྱི་ལམ་ལ་གོམས་པས། བཟང་ངན་རྟོག་པ་མཐའ་དག་ནམ་མཁའི་དབྱིངས་སུ་སྤྲིན་དེངས་པ་བཞིན་ཀ་དག་གི་དབྱིངས་སུ་ནུབ་བོ། །ཐ་མས་མདོ་ཕྱོགས་ལྟར་ཐོག་མར་ཞི་གནས་འབའ་ཞིག་བཙལ་ཏེ། ལྷ་སྐུ་ས་བོན་གྲུ་ཆད་སོགས་གང་དམིགས་ཀྱང་གཏན་ཚུགས་ཀྱི་བརྟན་པ་ཐོབ་ནས། ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པ་བསྐྱེད་དེ་ཞི་ལྷག་ཟུང་འབྲེལ་ལ་གོམས་པར་བྱེད་ན། རིམ་གྱིས་མཐར་གྱིས་རྣམ་རྟོག་རང་སར་གྲོལ་བའི་དུས་ཞེས་བྱ་བ་དཔེར་ན་གསེར་གླིང་ནས་ས་རྡོ་མི་རྙེད་པ་བཞིན། སེམས་དང་སེམས་བྱུང་རྟོག་པ་གང་སྐྱེས་ཀྱང༌། སྣང་སེམས་དབྱེར་མེད་རོ་གཅིག་ཏུ་འདྲེས་ཚེ་གྲུབ་རྟགས་ཟང་ཐལ་སོགས་ཕལ་ཆེར་སྟོན་ནུས་ཤིང༌། གཞི་གྲོལ་ཀློང་ཡངས་ཆེན་པོར་འཆར་རོ། །རྣམ་རྟོག་དག་པར་བྱེད་པའི་ཐབས་ཀྱི་ལམ་མཆོག་ཏུ་བཟང་ངན་གྱི་རྟོག་པ་གང་ཤར་ཡང༌། དགག་པར་མི་བྱ་བསྒྲུབ་པར་བྱ་བ་མེད་ལ། ཐ་མལ་པ་ལྟར་རྗེས་སུ་མི་འབྲང༌། འཛིན་སྟངས་ཅི་ཙམ་ཡོད་ཀྱང་དང་པོ་དྲན་པ་བསྟེན་ཏེ་དྲན་པའི་ངང་མ་བོར་བ་གལ་ཆེ། དེ་ལ་གོམས་པ་ན་རིམ་གྱིས་སེམས་གནས་ཆ་ཐོབ་ཚེ་གཉིས་སྣང་ནུབ་བོ་སྙམ་པ་ལྟ་བུའི་ཉམས་དང༌། མངོན་ཤེས་སོགས་འཆར་ཡང་དེ་དག་བདེན་པར་མི་ཞེན་པ་གལ་ཆེ་སྟེ། ཉམས་སྣང་ལ་ནམ་ཞེན་བདུད་ཀྱིས་བར་དུ་གཅོད་པས་གང་དུ་ཡང་རོ་སྙོམས་ཀྱིས་སྐྱོང་བ་ཤིན་ཏུ་གལ་གནད་དོ། །གང་གི་ཡང་རྗེས་སུ་མི་འབྲང་རོ་སྙོམས་ཏེ་གོལ་ས་དང་བྲལ་ནས། སྐྱེ་མེད་དུ་རྟོགས་པའི་རིག་པ་རྣལ་མའི་ངང་དེ་ལས་མ་གཡོས་ཙམ་དུ་རང་སར་གནས་ཏེ་དབང་པོའི་སྒོ་མི་དགག་པར་ཚོགས་དྲུག་ཏུ་ལྷུག་པར་བཞག་ན། ཤ་ཡི་མིག་དང༌། ལྷ་ཡི་མིག་དང༌། ཤེས་རབ་ཀྱི་མིག་སོགས་སྤྱན་ལྔ་དང༌། སྔོན་གནས་རྗེས་དྲན་སོགས་མངོན་བར་ཤེས་པ་དྲུག་སོགས་པ་ཡུལ་སྣང་མ་འགགས་པར་འཆར་བའི་དབང་པོ་དང་ཤེས་པ་རང་བཞིན་དྭངས་པའི་ལམ་གྱི་ཡོན་ཏན་མཐའ་དག་རྩོལ་སྒྲུབ་མི་དགོས་པར་འཐོབ་པར་འགྱུར་ཏེ། གསང་སྙིང་ལས། ངོ་མཚར་ཆོ་འཕྲུལ་རྨད་ཀྱི་ཆོས། །གཞན་ནས་འོང་ཡོད་མ་ཡིན་ཏེ། །ཐབས་ལ་བརྟེན་པའི་ཤེས་རབ་ཉིད། དེ་ལྟ་བུ་ཡི་ངང་དུ་འབྱུང༌། །ཞེས་སོ། །རྣམ་རྟོག་དང་པོ་སྐྱེ་དུས་ཐ་མལ་པ་དང་སྐྱེ་ཚུལ་མཚུངས་ཀྱང་སྐད་ཅིག་གི་རྟོག་པ་ཙམ་གྱིས་ལས་མི་གསོག་ཀྱང་རྣམ་རྟོག་རྒྱུན་མཐུད་དེ་ཞེན་པས་འཆིང་བའོ། །རྟོག་པ་ཚོགས་དྲུག་གི་ཡུལ་དང་འབྲེལ་ན་ཐ་མལ་པ་འཁོར་བར་འཕེན་བྱེད་ལས་མི་འདའ་སྟེ། དེ་ལྟར་མ་ཡིན་པར་མེ་ལོང་གཡའ་དག་པ་ལྟ་བུར་དྭངས་པའི་ཤེས་པ་ལ། སྣང་ཡུལ་གཟུགས་སོགས་གཟུགས་བརྙན་ལྟར་མ་འགགས་པར་རྒྱ་མཚོ་ལ་གཟའ་སྐར་བཞིན་སྣ་ཚོགས་རོལ་པའི་ཆ་དེ་དབང་པོའི་གདངས་མ་འགགས་པའི་ཡོན་ཏན་དུ་བཀྲ་ཡང༌། སྣང་དུས་ཉིད་རང་གི་ངོ་བོས་སྟོང་སྟེ་ཡུལ་ལ་དེར་འཛིན་གྱི་རྗེས་དཔྱོད་བྱས་ཏེ་ཤེས་པ་སྣང་ཐོག་ཏུ་མ་ཤོར་ན། རྣམ་པར་འཛིན་པའི་བློ་ཡིས་གོས་པར་མ་གྱུར་ཏེ་འཛིན་མེད་དུ་འགྲོ་བ་དེས་ན། གཟུང་བའི་ཡུལ་དང་འཛིན་པའི་སེམས་གཉིས་ཕན་ཚུན་ཡུལ་ཡུལ་ཅན་གྱི་འབྲེལ་བ་ཡུལ་མེད་ཀྱི་རིག་པའི་ངང་དུ་ཆད་པས། སོ་སོ་རང་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངང་ལ་ཤུགས་འབྱུང་གི་དྲན་པ་བསྐྱངས་པས་ཕྱི་ནང་གི་འབྱུང་བའི་སྙིགས་མ་རང་དག་ཏུ་སོང་ནས་ཆོས་ཉིད་ཟད་སར་བསྐྱལ་ཏེ་རྒྱལ་ཀུན་གཤེགས་ཤུལ་ཡེ་ཤེས་བླ་མའི་ས་ལ་ཚེ་རབས་མང་པོ་དང་ཡུན་རིང་པོའི་མཐར་ལྟོས་མི་དགོས་པར་ད་ལྟ་ཉིད་དུ་ཕྱིན་པར་འགྱུར་རོ། །མདོར་ན་རང་བཞིན་རྣམ་དག་གི་དབྱིངས་ཀྱི་ལམ་ནི་ཆོས་ཐམས་ཅད་གཞི་ཀ་དག་གི་ངོ་བོར་ཆོས་ཉིད་གཅིག་ཏུ་དབྱིངས་དེ་མ་བོར་བར་རྟོགས་པ། རིག་པའི་ལམ་ནི་ཤེས་རབ་ཁྱད་པར་ཅན་འདི་གཉིས་དོན་ལ་དབྱིངས་རིག་ཟུང་འཇུག་གོ །འོད་གསལ་གྱི་ལམ་ནི། འཁོར་འདས་ཀྱི་སྣང་ཆ་འཛིན་པའི་རྒྱང་ཞགས་ཆུ་ཡི་སྒྲོན་མ། སྙིང་ནས་མིག་ཏུ་འབྲེལ་བའི་རྩ། ཀ་དག་གི་གདངས་ཐིག་ལེ་ཟླུམ་གོར་དུ་ཤར་བས་ཐིག་ལེ་སྟོང་པའི་སྒྲོན་མ་དེ་རྣམ་པ་གཉིས་པོ་ལ་བརྟེན་ནས་འོད་གསལ་གྱི་སྣང་བ་འཆར་ཞིང་འཕེལ་བར་བྱེད་དོ། །ཕྱི་དབྱིངས་ནམ་མཁའ་ཆེས་དྭངས་པ་ལྟར་རྐྱེན་བྲལ་ནང་དབྱིངས་རྩལ་སྒོམ་བྱུང་གི་ཤེས་རབ་རིག་གདངས་ལུ་གུ་རྒྱུད་རིག་པ་སྐྱེ་མེད་དུ་འཕོ་འགྱུར་བྲལ་བའོ། ཁྲེགས་ཆོད་ལམ་ནི་རྟོག་ཚོགས་ཐམས་ཅད་ཀ་དག་ཏུ་ཐག་བཅད་པས་གཞི་མེད་ཡུལ་མེད་རྟེན་མེད་མིང་མེད་དུ་སོང་ནས་ཤར་གྲོལ་དུས་མཉམ་སྟེ། འདས་རྗེས་ལས། སྣང་སྲིད་ཐམས་ཅད་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་སོ། །ཐོད་རྒལ་ལམ་གྱི་ངོ་བོ་ནི། དབྱིངས་དང་རིག་པ་གཉིས་པོ་སྒྲོན་མ་གཉིས་པོའི་ལམ་དུ་སྣང་ཞིང་ཤེས་རབ་རང་བྱུང་གི་སྒྲོན་མེའི་རྩལ་དང་གདངས་ཀྱི་ཡོན་ཏན་གསུམ་ལྡན་དུ་འཆར་བ་ཡིན་ནོ། །འདི་དག་རང་བཞིན་རྫོགས་པ་ཆེན་པོ་ཡི་ཐུན་མོང་མ་ཡིན་པའི་ལམ་མཆོག་ལྔར་སྐུ་གསུམ་ལམ་སྣང་དུ་རྫོགས་ནས་ཚེ་ལུས་གཅིག་ལ་འབྲས་བུ་ཁྱད་ཆོས་དྲུག་ལྡན་གཞི་ཐོག་ཏུ་ཕྱིན་པ་དང༌། འབྲིང་དང་ཐ་མའང་བར་དོར་གྲོལ་བ་མཁྱེན་འཚལ་ནས་མེད་སྣང་གློ་བུར་བ་ཡིན་པས་མ་རིག་པའི་གྲོགས་དང་འཁྲུལ་པའི་བསླུ་བྲིད་ཀྱིས། མུ་མཐའ་མེད་པ་འཁོར་བའི་འབྲོག་དགོན་འཇིགས་སུ་རུང་བར། འཆིང་བྱེད་ཀྱི་ལས་དང་དེ་ཀུན་ནས་སློང་བྱེད་ཀྱི་ཉོན་མོངས་པའི་འདུ་བྱེད་ལྕགས་སྒྲོག་ལྟ་བུ་དག་གིས། དེ་རིང་ཕན་ཆད་དེ་ད་ལྟར་ཡན་ཆད་ལ་བཅིངས་པ་དེ་ལ་སྐྱོ་བའི་སེམས་བསྐྱེད་ནས་ཞི་བ་དམ་པ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གྲོང་ཁྱེར་ག་ལ་བ་དེར་མྱུར་དུ་མྱ་ངན་ལས་འདའ་ཞིང༌། གདོད་མའི་ས་ལ་གཏན་སྲིད་ཟིན་ནས་འགྲོ་དོན་རྩོལ་མེད་དུ་འབྱུང་བའི་ཁྲེགས་ཆོད་ཐོད་རྒལ་གྱི་ལམ་སོགས་ལམ་མཆོག་ལྔ་པོ་མྱུར་དུ་བསྙེན་པར་མཛོད་ཅིག །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། རང་བཞིན་རྫོགས་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གཉིས་པའོ།། །།སྔར་བཤད་པའི་སྐབས་སུ་གཞི་སྣང་རང་ངོ་ཤེས་ནས་གྲོལ་བ་ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་གིས་འཕགས་ཏེ། སངས་རྒྱས་ལོངས་སྐུའི་ཞིང་ཁམས་ཀྱི་བཀོད་པ་ལའང་གདུལ་བྱ་ལ་སྣང་ཚུལ་མདོ་ཙམ་བསྟན་པ་དེ་ཉིད་རྒྱས་པར་བཤད་པ་ལས་འབྲས་བུ་གཞན་བཤད་པ་མེད་པས། དེ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་གཞི་ཡི་གནས་ལུགས་གཏན་ལ་ཕབ་ནས་ལམ་ཐུན་མིན་བྱ་རྩོལ་མེད་པའི་མཚན་ཉིད་ལེགས་པར་རྟོགས་ནས་གོམ་པས། གདོད་མའི་གཞི་ཇི་བཞིན་མཐར་ཕྱིན་ཏེ་འབྲས་བུ་རྟེན་སྐུ་དང་བརྟེན་པ་ཡེ་ཤེས་གཉིས་ནི། སྔར་གཞི་ལ་མེད་པ་ཞིག་ལམ་བསྒོམས་པས་ཀྱང་གསར་དུ་ནི་གཞན་ལས་མ་བྱུང་སྟེ། རིག་པའི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་འཁོར་བའི་བག་ཆགས་ཐམས་ཅད་འཛིན་པའི་རྟེན་མཚན་ཉིད་ཐེག་པར་ཀུན་གཞི་གནས་འགྱུར་དང༌། སྔགས་ནང་རྒྱུད་མ་ཧཱ་ལྟར་ན་དེ་ཉིད་ལྷར་སྣང་དང༌། དོན་ལ་ནི་གཞི་སྣང་ངོ་མ་ཤེས་པ་ཡིན་པས་ཀུན་གཞིའི་རྙོག་པ་དྭངས་པ་ན། དེ་ལ་བརྟེན་པའི་སེམས་དང་སེམས་བྱུང་ཡུལ་དང་བཅས་པའང་ཆོས་ཀྱི་དབྱིངས་སུ་ཞི་བ་ཡིན་ཏེ། རྒྱུད་བླ་མ་ལས། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ཡང་དཔེར་ན་ཉི་མ་སྤྲིན་གྱིས་བསྒྲིབས་པ་ཡང་རྩ་བ་ནི་ཉི་མའི་རང་རྩལ་ལ་ཐུག་སྟེ། ཉི་ཟེར་གྱི་རྩལ་རྒྱ་མཚོར་ཕོག་པས་དྲོད་རླངས་ན་བུན་མཁར་འཁྲིགས་པས་སྤྲིན་དུ་སོང་སྟེ་ན་བུན་ལོང་ལོང་པོ་དེས་ཉི་མ་ཉིད་བསྒྲིབས་པ་ལྟར། ཚེ་རབས་ཐོག་མེད་ནས་འཁྲུལ་པའི་དབང་གིས་དུས་གང་དུ་གཞི་ཡི་རིག་པ་སྐུ་གསུམ་གྱི་རང་བཞིན་ཅན་དེ་ལས་གཞི་ལྷུན་གྲུབ་ཀྱི་རྩལ་སྣང་གཡོས་པ་ཡི་ཚེ་ན་རང་སྣང་དུ་ངོ་མ་ཤེས་པར། བདག་དང་གཞན་དུ་འཛིན་པའི་བག་ཆགས་གོམས་པ་དེའི་རོལ་པ་ཤེས་བྱའི་ཡུལ་སྣོད་བཅུད་འཁྲུལ་ཆོས་སུ་ཤར་བའི་ཆ་དང་བཅས་པ་འཛིན་པའི་ཡུལ་ཅན་ཚོགས་བརྒྱད་ཀྱི་རྟོག་པ་སྲིད་པ་ཉེར་ལེན་གྱི་རང་བཞིན་ཅན་རིག་པའི་ཡེ་ཤེས་སྒྲིབ་བྱེད་གློ་བུར་གྱི་སྤྲིན་དང་འདྲ་བ་རྣམས། ཆོས་དབྱིངས་སུ་རྣམ་པར་དག་པའི་ཚེ་རང་བྱུང་གི་ཡེ་ཤེས་མངོན་དུ་འགྱུར་ཚུལ་དཔེར་ན། ཉི་མ་ལྟར་ལྷུན་གྱིས་གྲུབ་པ་ནི། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་ཀྱི་སྒྲིབ་པ་མེད་པ་ཆོས་དབྱིངས་ནམ་མཁའ་ལྟ་བུའི་ངང་དུ་རང་བཞིན་གྱིས་འོད་དུ་གསལ་བ་ཡིན་ནོ། །སྟོང་ཉིད་ཆོས་སྐུའི་ངོ་བོ་སྐུ་གསུམ་དབྱེར་མེད་རྡོ་རྗེའི་སྒྲས་བསྟན་པ་ཆོས་དབྱིངས་དག་པ་གཉིས་ལྡན་གྱི་ཆ་ནས་མི་འགྱུར་རྡོ་རྗེ། ཡོན་ཏན་གྱི་སྣང་ཆ་སོ་སོར་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་སྣང་སྟོང་ཟུང་འཇུག་གི་རང་གདངས་འགགས་མེད་ལ། གཉིས་སྣང་གི་འཇུག་པ་ཐམས་ཅད་དང་བྲལ་བ་ཆོས་དབྱིངས་ཡེ་ཤེས་ཏེ། ནང་གསལ་སྐུ་གསུམ་པོ་འདི་ལ་ཡེ་ཤེས་གཅིག་གིས་དབྱེ་ན། ཡེ་དོན་གྱི་ཀུན་གཞི་ཆོས་དབྱིངས་སྒྲིབ་བྲལ་རིག་པའི་ངོ་བོ་ལ་སྒྲིབ་བྱེད་བག་ཆགས་སྣ་ཚོགས་པའི་རྟེན་ཀུན་གཞི་སྒྲིབ་གཉིས་བག་ཆགས་མཐའ་དག་ཚོགས་གཉིས་ཀྱིས་བསལ་ལ། ངོ་བོ་ཡེ་དག་ཉིད་ལ་གློ་བུར་དྲི་མ་གཉིས་པོ་ཆ་དང་བཅས་སྤངས་པ་གློ་བུར་བྲལ་དག་སྟེ། དག་པ་གཉིས་དང་ལྡན་པ་མཐར་ཐུག་གི་འབྲས་བུ་བྱང་ཆུབ་མཆོག་གི་དངོས་གཞི་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད། གདོད་མའི་དབྱིངས་ཀྱི་ཆོས་ཉིད་མངོན་དུ་གྱུར་པས་སངས་རྒྱས་དག་མཉམ་ཆེན་པོར་སྨོན་པ་མེད་པའི་དབྱིངས་ལ། དཔེར་ན་ཉ་རྒྱས་ཟླ་བ་འོད་སྣང་གི་སྤྲོས་པ་ཕྱིར་གསལ་བ་ཅན་དེ་ཉིད་གནམ་སྟོང་གི་ཆ་ལ་དབྱིངས་སུ་ནུབ་ཏེ་འོད་སྣང་མི་མངོན་པ་ལྟར། ཡུལ་ཡུལ་ཅན་རྣམ་པ་ཀུན་ཏུ་མི་རྟོག་པའི་ཆོས་ཉིད་འཕོ་འགྱུར་དང་བྲལ་བ་རང་བཞིན་མེད་པ། སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་དབྱིངས་ཀྱི་ཆར་ངོ་བོ་རྟག་པ་འདུས་མ་བྱས་ཡེ་ཤེས་ཀྱི་སྙིང་པོ་ཅན་མི་འགྱུར་རྡོ་རྗེའི་སྐུའོ། །ཡོན་ཏན་གྱི་རྣམ་པ་ཀུན་གྱི་མཆོག་ལྡན་འཕགས་པའི་མཉམ་བཞག་གི་སྟོང་ཉིད་སྣང་སྟོང་ཟུང་འཇུག་གི་ཆ་སྤྲོས་པ་མཐའ་དག་ཞི་བའི་དབྱིངས་སུ་གློ་བུར་གྱི་དྲི་མ་རང་སར་དག་པའི་སྟོབས་བཅུ་ལ་སོགས་ཡོན་ཏན་གྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ཀུན་སངས་རྒྱས་པའི་སྐད་ཅིག་མ་དེར་བྱང་ཆུབ་ཀྱང༌། སྐུ་དང་ཡོན་ཏན་གྱི་སྣང་ཆ་རང་རང་ངོ་བོར་མ་འདྲེས་པའི་ཚུལ་དུ་ཡོད་པས་ན། སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད་ཐུགས་རྗེ་ཆེན་པོ། བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་སོགས་སངས་རྒྱས་ཀྱི་ཡོན་ཏན་སྤངས་རྟོགས་ཀྱི་ཆ་ནས་གཞལ་བ་ལ་ནི། མངོན་པར་བྱང་ཆུབ་པའི་སྐུའི་མཁྱེན་ཆ་མ་འགགས་པ་མེ་ལོང་ཡེ་ཤེས་སོ། །ཕྱི་ཤེས་བྱའི་ཡུལ་གཟུགས་སོགས་ལ་ཡུལ་ཅན་བློ་ཡི་འཇུག་པ་ཞི་བས། ནང་ཤེས་བྱེད་ཀྱི་བློ་ལ་མཚན་མར་འཛིན་པའི་བདེན་ཞེན་མཐའ་དག་དབྱིངས་སུ་ནུབ་པའི་ཀུན་རྫོབ་ཆ་དང་བཅས་པ་སྤངས་ནས། དེ་ཁོ་ན་ཉིད་གཞི་གནས་སོ་སོ་རང་རིག་མཐའ་བྲལ་གྱི་དོན་རྟག་ཆད་གང་གིའང་མཐར་མ་ལྷུང་བ་ཡེ་ཤེས་ཀྱི་གསལ་ཆ་དབྱིངས་སུ་ཐིམ་སྟེ་ཞི་བ་ལ་གནས་ཀྱང་མ་རྨུགས་པ་ཞེས་མཁྱེན་ཆ་གཏན་མེད་དུ་སོང་བ་མ་ཡིན་པར་ཤིན་ཏུ་ཕྲ་བའི་ནང་གསལ་གྱི་ཡེ་ཤེས་ནི་མཁྱེན་ཆ་འགག་པ་མེད་པ། སྐུ་དང་ཡེ་ཤེས་རྒྱ་མཚོའི་རྟེན་ནི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ཤིན་ཏུ་མཉམ་པར་བཞག་པ་དང་མ་བཞག་པ་མི་མངའ་བ་སངས་རྒྱས་རྣམས་ཀྱིས་མཐོང་གི་གཞན་གྱིས་ནི་མིན་ནོ། །རྟེན་ནམ་འཆར་གཞིའི་ལྡོག་པ་གང་ཡིན་པ་དེ་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད་དོ། །སོ་སོ་རང་གིས་རིག་བྱར་གནས་པ་ནང་གསལ་སྐུ་གསུམ་རྒྱལ་བའི་ཁམས་ཞེས་པ་སྟེ། དོན་ལ་གཅིག་དང་དུ་མར་གྲུབ་པ་མ་ཡིན་པས་དངོས་པོ་ཅན་མ་ཡིན་པ་དང༌། ཇི་སྙེད་མཁྱེན་ཆ་ནང་དུ་གསལ་བས་དངོས་མེད་ལས་ཀྱང་འདས་ལ། རང་བཞིན་རྣམ་པར་དག་པས་ནམ་མཁའ་ལྟར་སྐུ་དང་ཡེ་ཤེས་སོགས་རྣམ་པར་མི་རྟོག་ལ། མ་དག་པའི་མཚན་མས་གོས་པ་མེད་ཅིང་རྣམ་འགྱུར་གྱི་སྤྲོས་པ་ཕྱི་གསལ་དབྱིངས་སུ་ཞི་ལ། དེའི་རང་བཞིན་ནི་ངག་གི་ཡུལ་ལས་འདས་ཏེ་ཆོས་ཉིད་དོན་དམ་བདེན་པས་བསྡུས་པའི་ཕྱིར་ན། རྟོག་དཔྱོད་དང་ཐ་སྙད་ཀྱི་དཔེ་དང་གཏན་ཚིགས་སྒྲ་སོགས་ཀྱིས་ཀྱང་མི་མཚོན། བློ་སྟེ་སེམས་དང་སྙམ་བྱེད་དེ་སེམས་བྱུང་དང་དཔེ་སོགས་དང་འགལ་བའི་ཕྱིར། རྒྱལ་བའི་ཡོན་ཏན་མཐའ་དག་ས་བཅུའི་དབང་ཕྱུག་གིས་ཀྱང་སྤྱོད་ཡུལ་མིན་ནོ། །འདྲེན་པ་སངས་རྒྱས་རྣམས་ཁོ་ན་ལ་མངོན་སུམ་དུ་གྱུར་པའི་གནས་ནི། ཆོས་ཀྱི་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བ་སྟེ་དེ་ནི་བསམ་གྱིས་མི་ཁྱབ་པས་ཟབ་པ། སེམས་དང་སེམས་བྱུང་གི་རྣམ་རྟོག་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ཞི་བ། ཟུང་འཇུག་གི་སྤྲོས་པ་ཐམས་ཅད་དང་བྲལ་བས་རང་བཞིན་དེའི་མཁྱེན་ཆ་འགག་པ་མེད་པའམ་འཕོ་འགྱུར་དང་བྲལ་བས་གཞོན་ནུ། ཕྱི་གསལ་ལོངས་སྐུར་མ་སྤྲོས་པའི་ནང་གསལ་དུ་བཞུགས་པའམ། སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་འཆར་བའི་གདངས་མ་འགགས་པས་བུམ་པའི་ཁང་མཛེས་ནང་ཞེས་ཐ་སྙད་བཏགས་ཏེ། རྒྱུད་ལས། ཕྱི་དང་ནང་མེད་པ། ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་སོ། །དེ་ལྟ་བུའི་ཀློང་ན་དུས་གསུམ་སངས་རྒྱས་རྣམས་ནི་དགོངས་པ་མཉམ་པར་རྟག་ཏུ་བཞུགས་ཀྱང༌། རང་སྣང་དབྱིངས་སུ་ཐིམ་པའི་རྣམ་པའི་ཆ་ནས་གཞལ་ཏེ་སངས་རྒྱས་གཅིག་གིས་གཅིག་མི་གཟིགས་ཏེ། རྨད་བྱུང་རྒྱལ་པོ་ལས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གཅིག་གིས་གཅིག་མི་གཟིགས་པའི་ཚུལ་གྱིས་བཞུགས་ཏེ། ཞེས་སོ། །དེ་ཡང་ཆོས་རྣམས་ཀྱི་རང་བཞིན་ནི་གཅིག་དང་དུ་མའི་སྤྲོས་པ་བྲལ་བའི་བདག་ཉིད་ཅན་དུ་གནས་ལ། དབྱིངས་དེའི་རང་བཞིན་དུ་རྟོགས་པ་མཐར་ཕྱིན་པ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེའི་ཕྱིར་ཆོས་ཉིད་ཀྱི་ངོས་ན་སངས་རྒྱས་ཐམས་ཅད་དགོངས་ཀློང་རོ་གཅིག་ཏུ་གྱུར་ནས་གཟིགས་བྱ་གཟིགས་བྱེད་མེད་པས་དཔེར་ན་བཻཌཱུརྻའི་ནམ་མཁའ་ལ་རང་གི་ངོ་བོ་འདི་ལྟར་ཡོད་ཅེས་སྨྲ་མི་ཤེས་པ་ལྟར་མི་གཟིགས་སོ། །ཐོག་མར་ཡང་གཞི་ལས་གཞི་སྣང་ཤར་བའི་ངོ་མ་ཤེས་པ་ཙམ་གྱིས་འཁོར་བར་སྣང་ལ་མཐར་གྲོལ་ན་ཡང་ཞི་དབྱིངས་སུ་རོ་གཅིག་ཏུ་གྱུར་པས་ན་རང་བྱུང་རང་ལ་ཐིམ་ཞེས་པའོ། །ནང་དབྱིངས་སྤྲོས་བྲལ་གྱི་ངང་ལས་མི་གཡོ་ཡང་འོད་གསལ་གྱི་མཁྱེན་ཆ་འགག་པ་མེད་པའི་ཡེ་ཤེས་ཀྱི་རང་གདངས་ལས་ལྷུན་གྲུབ་ཀྱི་སྒོ་བརྒྱད། ཐུགས་རྗེ་ཕྱིར་གསལ་ཐེག་ཆེན་ཆོས་ལ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བ་ནི། གནས་འོད་གསལ་སྟུག་པོ་བཀོད་པ་དང༌། དུས་གཞིར་རྫོགས་བསམ་མི་ཁྱབ་པ་དང༌། སྟོན་པ་རིགས་ལྔའི་སངས་རྒྱས་དང༌། ཆོས་རང་བཞིན་རྫོགས་པ་ཆེན་པོ་དང༌། འཁོར་ཉིད་ལས་མི་གཞན་པ་སྟེ། ངེས་པ་ལྔ་དང་ལྡན་པར་ཤར་ཞིང༌། དེ་ཡང་གཙོ་བོ་འཁོར་སོགས་སོ་སོར་མ་འདྲེས་པར་གསལ་བ་སྐུ་དང་ཞིང་ཁམས་དང༌། མཚན་དཔེ་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་རྣམས་བཞུགས་པའོ། །དང་པོ་གནས་ནི་རིག་པའི་ཡེ་ཤེས་ཀྱི་རང་རྩལ་རྩོལ་སྒྲུབ་བྲལ་བས་ལྷུན་རྫོགས་རང་སྣང་གང་གིའང་འོག་ཏུ་མ་གྱུར་པས་འོག་མིན་གྱི་ཞིང་ཡེ་ཤེས་རང་སྣང་གི་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པའི་ཕྱིར་ན་སྟུག་པོ་བཀོད་པ་སྟེ། དེ་ན་ཡེ་ཤེས་ལྔ་ཡི་རང་རྩལ་འགག་མེད་དུ་ཤར་བའི་འོད་ཟེར་གསལ་འཚེར་འབར་བས་མཁའ་དབྱིངས་ཐམས་ཅད་དབང་པོའི་མཚོན་ཆས་ཏེ་འཇའ་ཚོན་གྱིས་བཀབ་པ་བཞིན་དུ་ཁྱབ་ཅིང༌། སྟོང་ཉིད་སྙིང་རྗེའི་བརྡར་གཞི་རིན་པོ་ཆེ་ལས་གྲུབ་པའི་རང་བཞི་ན་མནན་ན་ནེམ་ཞིང་བཏེགས་ན་འཕར་བ་ལ་སོགས་པ་དེ་ལྟ་བུའི་བཀོད་པ་ཕུན་ཚོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཟུང་འཇུག་ཡེ་ཤེས་ལྔའི་རང་བཞིན། ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའི་རྟགས་གཞལ་མེད་ཁང་གྲུ་བཞིའི་རྣམ་པར་མཛེས་པ་སྒོ་འཕར་རྣམ་བཞིར་ལྡན་པ་ནི་རྣམ་ཐར་སྒོ་གསུམ་དང༌། འདུས་མ་བྱས་ཤིང་འོད་གསལ་བ་སྟེ་བཞི་དང༌། ཚད་མེད་བཞིར་མཚོན་པའི་བརྡའོ། །རྣམ་ཐར་བརྒྱད་མཚོན་ཕྱིར་པདྨ།༡ སྒྲོམ་བུ།༢ རྟ་རྐང༌།༣ ཟར་ཚག༤ ཤར་བུ།༥ ཆུན་འཕྱང༌།༦ རིན་པོ་ཆེའམ་རྡོ་རྗེའི་ཁྱུང་མགོ་སྟེ་རྟ་རྐང་ངམ་རྟ་བབས་བརྒྱད་ལྡན། ཡེ་ཤེས་ལྔར་སྣང་བས་དགོས་འདོད་ཀྱི་རེ་བ་སྐོང་བའི་བརྡར་རྩིག་པ་ཕྱི་ནང་རིམ་པ་ལྔ་གློ་འབུར་བཞི་དང་བཅས་པ། ཆོས་ཉིད་མི་འགྱུར་བའི་བརྡར་ཕ་གུ་སེར་པོ་དང༌། རིན་པོ་ཆེའི་དྲྭ་ཕྱེད་འཕྱང་བ་ཉི་ཟླའི་རླུང་བསྐྱོད་དང་བཅས་པ། འགྲོ་རྣམས་ཐུགས་རྗེས་སྐྱོབ་པའི་བརྡར་མདའ་ཡབ། ཆོས་ཉིད་བསམ་མི་ཁྱབ་པའི་བརྡར་པུ་ཤུ་མཆོད་རྟེན་སུམ་བསྒྲིགས་ཅན། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རང་སྣང་རྒྱན་དུ་རོལ་པའི་བརྡར་སྣམ་བུར་འདོད་པའི་ཡོན་ཏན་མིག་ཡངས་མ་སྟེ་མཆོད་པའི་ལྷ་མོ་གཟུགས་རྡོ་རྗེ་མ་སོགས་བདེ་སྟོང་མཆོད་སྤྲིན་རྩེ་ཞིང་དགའ་བའི་རྣམ་འགྱུར་གར་སྟབས་སྣ་ཚོགས་པའི་གཡོ་བ་ཅན། ཡོན་ཏན་ཕྲིན་ལས་སྣ་ཚོགས་པའི་བརྡར་སྟེང་ཕྱོགས་རྔ་ཡབ་འཕན་གདུགས་རྒྱལ་མཚན་དགོས་འདོད་འབྱུང་བའི་ནོར་བུའི་ཏོག །རིན་པོ་ཆེའི་རིགས་སོགས་དར་ཟབ་སྣ་ཚོགས་པའི་བླ་བྲེ། པདྨ་ལ་གནས་པའི་ཆོས་འཁོར་རིན་པོ་ཆེ་བཅུ་གསུམ་གྱི་ཟར་ཚགས་དང་བཅས་པའི་གཙང་ཁང་ཕྱུར་བུར་མཛེས་ཤིང༌། ཆོས་དབྱིངས་རྒྱ་ཚད་དང་བྲལ་བའི་རྟགས་སུ་ཆུ་ཞེང་དང་མཐོ་དམན་སྲིད་ཚད་དུ་མི་མངོན་པར་གང་བལྟས་གང་དུ་གྱུར་པ་ཡེ་ཤེས་འོད་ལྔ་དྭངས་པའི་གཞལ་ཡས་ཁང་ལས་མི་འདའ་བར་སྣང་ཞིང༌། ཡོན་ཏན་ཚད་བཟུང་མེད་པའི་བརྡར་གཞལ་ཡས་ཁང་གི་ཚད་གྲངས་ཀྱིས་མཐའ་མི་གཏུགས་པ་མཁའ་དབྱིངས་ཐམས་ཅད་སྣོད་གྱུར་བཞིན་གསལ་བར་སྣང་བའོ། །དེ་ལྟ་བུའི་རྟེན་གཞི་གཞལ་མེད་ཁང་མཁའ་དབྱིངས་ཁྱབ་པ་རེ་རེའི་ནང་ན། བརྟེན་པའི་གཙོ་བོ་རིགས་ལྔ་ཡི་གདན་ཁྲི་ནི། ཐུགས་མི་འཇིགས་པ་མཚོན་ཅིང་བདུད་བཞི་འཇོམས་པའི་བརྡར་འཕྲོག་བྱེད་དེ་སེངྒེའི་ཁྲི། མི་དགེ་བ་བཅུ་འདུལ་བའི་བརྡར་གཉིས་འཐུང་སྟེ་གླང་པོའི་ཁྲི། རྫུ་འཕྲུལ་ལ་མངའ་བརྙེས་པའི་བརྡར་ཅང་ཤེས་ཏེ་རྟ་མཆོག་གི་ཁྲི། དབང་བཅུ་མཐར་ཕྱིན་པའི་བརྡར་ཟློས་གར་ཅན་ཏེ་རྨ་བྱའི་ཁྲི། ཕྲིན་ལས་བཞི་སྒྲུབ་པའི་བརྡར་ཤང་ཤང་ཏེའུ། འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་ཆུ་སྐྱེས། ཐབས་ཤེས་ཟུང་འཇུག་གི་བརྡར་ཉི་ཟླའི་སྟེང་དུ་བཞུགས་པའོ། །དུས་གསུམ་སོགས་ལས་འདས་ཏེ་ཆོས་ཉིད་འཕོ་མེད་གཞིར་རྫོགས་ཀུན་ཏུ་བཟང་པོ་འདུས་མ་བྱས་པའི་དུས་ན། སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་རྟག་བརྟན་ལྷུན་གྲུབ་ཆེན་པོར་ངོ་བོ་ཆོས་ཉིད་ལས་གཡོ་བ་མེད་པས་འཕོ་འགྱུར་བྲལ་བའི་ཡེ་ཤེས་ཀྱི་སྐུ་མཚན་བཟང་སོ་གཉིས། དཔེ་བྱད་བརྒྱད་ཅུ་སོགས་ཡོངས་སུ་རྫོགས་པའི་དགོངས་བརྒྱུད་སྟོན་པ་ལྔ་སྣང་སྟེ། ཀུན་རིག་རྣམ་སྣང་མཐིང་ཀ་ཆོས་དབྱིངས་ཡེ་ཤེས། མི་བསྐྱོད་རྡོ་རྗེ་དཀར་པོ་མེ་ལོང་ཡེ་ཤེས། རིན་ཆེན་འབྱུང་ལྡན་སེར་པོ་མཉམ་ཉིད་ཡེ་ཤེས། གསུང་པདྨའི་རིགས་འོད་མཚན་སྟོང་འབར་ལེ་བརྒན་ཏེ་དམར་པོ་སོར་རྟོག་ཡེ་ཤེས། ཕྲིན་ལས་དོན་ཡོད་གྲུབ་པ་ལྗང་གུ་བྱ་གྲུབ་ཡེ་ཤེས་ཏེ་ཡབ་ལྔ་ནི་ཞལ་གསུམ་ཕྱག་དྲུག་གོ །ཕྱག་མཚན་ནི། རྡོ་རྗེ་མེ་ལོང་ལས། གཡས་ནས་རིམ་པར །རྡོ་རྗེ་འཁོར་ལོ་རལ་གྲི་འབར། །གཡོན་ནས་དྲིལ་བུ་པདྨ་རིན་པོ་ཆེ། །གཞན་གང་འཁོར་ལོའི་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །ཞེས་སོ། །ཐབས་ཤེས་དབྱེར་མེད་པས་རང་རང་རིགས་ཀྱི་ཡུམ་དབྱིངས་ཕྱུག་མ། སྤྱན་མ། མ་མ་ཀཱི། གོས་དཀར་མོ། དམ་ཚིག་སྒྲོལ་མ་རྣམས་ཡབ་མདོག་ཞལ་གཅིག་ཕྱག་གཉིས་གཡས་རང་རྟགས། གཡོན་དྲིལ་བུ་དང་བཅས་པ་རྣམས་ཡོན་ཏན་ཐམས་ཅད་རྫོགས་པ། ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་ཆེན་པོར་བཞུགས་པའོ། །སྟོན་པའི་ཐུགས་ཡེ་ཤེས་ཆེན་པོ་འཁོར་གྱི་ཚུལ་དུ་སྣང་བ་རང་ལས་མི་གཞན་པའི་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་ལ་སོགས་པའི་འཁོར། སྒོ་བ་བཞི་དང༌། དེ་བཞིན་སོ་སོའི་ཡུམ་སྒོ་མ་བཞི་དང་བཅས་པའོ། །སྨྲ་བསམ་བརྗོད་འདས་ཀྱི་རང་བཞིན་རྫོགས་པ་ཆེན་པོའི་ཆོས་འཁོར་ནི། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྣང་སྟོང་ཟུང་འཇུག་དེ་ཉིད་སྒྲིབ་གཉིས་མཐའ་དག་དང་བྲལ་བ་རྟོགས་པའི་འོད་གསལ་དེའི་ངང་ལས་མི་གཡོ་ཙམ་ལས་གཞན་མེད་ཀྱང་དེ་ཆོས་འཁོར་གྱི་སྒྲས་སྨོས་སོ། །གྲགས་པའི་སྒྲ་བརྗོད་པའི་ཚིག་མཚན་མའི་ཡུལ་ལས་འདས་པར་འཁོར་རྣམས་ལ་སྣང་བར་བསྐོར་བ་ནི། མདོ་ལས། རྒྱལ་བའི་སྲས་པོ་ཅང་མི་གསུང༌། །མ་གསུངས་པ་ཉིད་རྒྱ་ཆེར་གསུངས། །ཞེས་སོ། །སྟེང་ཁང་ཞི་བ་བྱང་ཆུབ་སྙིང་ཁ་མི་ཤིག་ཐིག་ལེ་ཡེ་ཤེས་ལྔའི་རང་འོད་ལྷ་ཚོགས་བཞི་བཅུ་རྩ་གཉིས་གསལ་བའི་བདག་ཉིད་ཅན་དུ་ཡོད་པ་ལ་སྙིང་པོའི་གནས་རང་སྣང་འོག་མིན་གྱི་ཞིང་ན་དབང་མཛད་ཞི་བ་བཞི་བཅུ་རྩ་གཉིས་སུ་བཞུགས་ཡོད་པ་ལས། དབྱིངས་ཡེ་ཟུང་འཇུག་ལ་དམ་པའི་སྟངས་དཔྱལ་སྣང་སྟོང་ངམ་ཐབས་ཤེས་དུ་སྨོས་པ་ཀུན་བཟང་ཡབ་ཡུམ་གཉིས་ནི་ལོངས་སྤྲུལ་གཉིས་ཀྱི་སྤྲུལ་གཞི་སྟེ། གཙོ་འཁོར་ཀུན་ལ་ཁྱབ་བྱེད་དུ་ཡོད་པའི་ཐུགས་ཀྱི་རང་བཞིན་ལ་ཞལ་ཕྱག་སོགས་མེད་པར་བརྡལ་བ་ཆོས་ཀྱི་སྐུ་ཡིན་པས་དཀྱིལ་འཁོར་དུ་མ་བཀོད་པ་ཡིན། ལྷ་ལ་སོགས་པའི་འགྲོ་དྲུག་སོ་སོའི་གནས་སུ་དོན་མཛད་པའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ནི་གཞན་གདུལ་བྱའི་ངོར་སྤྲུལ་པར་ཤར་རོ། །རང་སྣང་དོན་གྱི་འོག་མིན་གྱི་གནས་ལོངས་སྐུའི་ཞིང་ན་བཞུགས་པའི་གཟུགས་སྐུ་དངོས་སྣང་ནི་རྒྱལ་བ་སུམ་ཅུ་རྩ་བཞི་སྟེ། གཙོ་བོ་རིགས་ལྔ་ཡབ་ཡུམ་བཅུ་ལ་ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་སྒོ་སྐྱོང་ཡབ་ཡུམ་བརྒྱད་དེ་ཉེར་བཞི་འཁོར་གྱི་ཚུལ་དུ་བཞུགས་སོ། །རྒྱུད་སྡེ་འོག་མའི་ལུགས་ལྟར་ཕུང་ཁམས་གནས་སུ་དག་པའམ། དཔལ་རྡོར་སེམས་སྒྱུ་འཕྲུལ་དྲྭ་བའི་ལུགས་ཆོས་ཉིད་སྟོང་པ་ཉིད་དང་ཆོས་ཅན་སྣང་བ་ཉིད་ནི་རང་བཞིན་གྱི་རྡོ་རྗེ་ཕུང་པོ། །དེའི་ཡན་ལག་ཏུ་ཕུང་ལྔ་ཡབ་ལྔ་ཁམས་ལྔ་ཡུམ་ལྔ། ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་དང༌། དེ་དག་གི་ཁམས་བཅུ་གཉིས་དང༌། རྣམ་པར་ཤེས་པའི་ཁམས་དྲུག་སྟེ་བཅོ་བརྒྱད་པོ་སེམས་དཔའ་དང་སེམས་མ་སྒོ་སྐྱོང་ཁྲོ་བོ་ཁྲོ་མོའི་རང་བཞིན་དུ་ཡེ་ནས་གནས་པའི་ཕྱིར་སྲིད་གསུམ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་སུ་གདོད་ནས་རྣམ་པར་དག་པའི་ལྷ་གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེན་པོར་གནས་པ་ཡིན་ནོ། །ཚུལ་འདི་དག་སྒྱུ་འཕྲུལ་དྲྭ་བ་སངས་རྒྱས་མཉམ་སྦྱོར་གསང་འདུས་རྒྱུད་སྔ་ཕྱི་གཉིས་སོགས་བླ་མེད་རྒྱུད་སྡེ་ཕལ་མོ་ཆེ་ལས་ལུས་གྲུབ་ཀྱི་དཀྱིལ་འཁོར་ནི། ཇི་སྙེད་བསྟན་པ་རྣམས་རང་སྣང་གིས་བསྡུས་པའི་ཞིང་ཁམས་ཡིན་པས་དེ་རྣམས་དང་རྣམ་དག་ཚུལ་ཀྱང་མཚུངས་པ་ཡིན་ནོ། །སྤྱིར་གཞི་དུས་ཀྱི་རང་སྣང་ནི་ལོངས་སྤྱོད་རྫོགས་སྐུ་ལ་ཁྲོ་བོ་མེད་པར་འདོད་པའང་ཡོད་ཀྱང༌། དོན་གྱི་དུས་ན་ཐབས་ཤེས་ནམ་ཡང་འདུ་འབྲལ་མེད་པས་ཤེས་རབ་ཀྱི་རིག་གདངས་ལས་ཁྲོ་བོའི་དཀྱིལ་འཁོར་སྣང་བ་ཡིན་པས་འདིར་རང་སྣང་ཁྲོ་བོའི་དཀྱིལ་འཁོར་འདི་ནི་འབྲས་དུས་ཁོ་ན་ལ་བཤད་པ་ཡིན་པས་གཞི་དུས་རྟོག་དཔྱོད་ཚོགས་ཀྱི་དག་དྲན་མེད་པར་བཞེད་དོ། །ཞི་བའི་གཞལ་ཡས་ཁང་གི་འོག་ན་རང་བྱུང་གི་ཁང་པ་ཚོགས་ཆེན་འདུས་པའི་ཕོ་བྲང་ལྷུན་གྲུབ་ཏུ་སྣང་བ་ནི། ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་རང་བཞིན་འབྱུང་བ་རིམ་བརྩེགས་རུས་པའི་རི་རབ་དང་བཅས་པའི་ཁར་རིན་པོ་ཆེའི་བྲག་ཆེན་གཏམས་པའི་སྟེང་ཡེ་ཤེས་ཀྱི་རང་འོད་མེའི་ཕུང་པོ་རབ་ཏུ་འབར་བའི་ཀློང་ན་གཞལ་ཡས་ཁང་ཐོད་མཁར་ཕྱི་ནང་རིམ་པ་དགུ་རྔམ་ཞིང་འཇིགས་སུ་རུང་བ། སྒོ་ཁྱམས་རིམ་པ་དགུ་པའི་བར་ཁྱམས་དགུ་པོ་ནང་རིམ་པར་དང་པོ་གསུམ་སེར་དཀར་དམར་བ། དེ་ནས་གསུམ་སེར་དམར་དཀར་བ། དེ་ནས་གསུམ་ནག་པོ་དང་ཕྱོགས་མདོག་དཀར་སེར་དམར་ལྗང་ཁུའོ། །སྒོ་ཕྱི་མར་རྒྱུ་འབྲས་ཀྱི་རྟ་བབ་གཉིས་ལས་དང་པོ་སྟེགས་བབས་ཞོན་གྱི་ཚུལ་དུ་ཡོད་ཅིང༌། གཉིས་པ་སྒོ་ཁང་གི་སྟེང་ན་རྒྱན་གྱི་རྣམ་པར་ལྡན་པ། ཕོ་བྲང་དབུས་མའི་ནང་དུ་གྲུ་ཆད་བཞི་པོ་གྲུ་ཆད་ལས་ཆ་ཕྲན་ཕྱེད་མཐོ་བའི་ཕྱོགས་མདོག་གློ་འབུར་གྱིས་མཛེས་པའི་སྟེང་ན་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེའི་བྲག་དང༌། རྡོ་རྗེའི་རྩེ་གསུམ་རྩེ་ལྔ་སོགས་བྲག་ཆེན་གཏམས་པའི་སྟེང་པདྨ་དཀར་པོ་འདབ་མ་སྟོང་བརྡལ་བ་ལ། ཐབས་ཤེས་ཀྱི་རང་བཞིན་ཉི་མ་ཉེར་བཞི་དང་ཟླ་བ་ཉེར་བཞི་ཁ་སྦྱོར་དུ་བཀོད་པའི་སྟེང་དབང་ཕྱུག་ཁྱོ་ཤུག་ནི། ཉི་ཤུ་རྩ་བཞི་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ་དཔའ་གཏུམ་སྟག་དང༌། འཇིགས་བྱེད་སེངྒེ་དང༌། གདུག་པ་གཟིག་དང་ནི། གཏུམ་པ་དོམ་དང༌། སྟོབས་ཆེན་གླང་པོ་དང༌། བརྗིད་པའི་མ་ཧེ་དང༌། འཛིན་པའི་ཆུ་སྲིན་དང༌། ཞེ་སྡང་ལྟོ་འགྲོ་སྟེ་བྱོལ་སོང་གི་གཙོ་བོ་བརྒྱད་པོ་རེ་རེས། དྲེགས་པ་ཕོ་རྣམས་ཁ་སྦུབ་ཏུ་ཡོད་པའི་སོག་ཕྲག་དང་མོ་རྣམས་གན་རྐྱལ་དུ་ཡོད་པས་ནུ་ཕྲག་ཏུ་བཟུང་ཞིང་བརྫིས་པའི་སྟེང་ན། འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོ་བཅོམ་ལྡན་འདས། འཇིག་རྟེན་གསུམ་ན་ཆེ་བའི་ལྷ་ཆེན་པོ་སོགས་ལས་ཀྱང་མཆོག་ཏུ་གྱུར་པས་སམ། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཡོན་ཏན་གཅིག་ཏུ་རྫོགས་པས་ཆེ་བའི་ཆེ་མཆོག་སྐུ་མདོག་ཨིནྡྲ་ནཱི་ལའི་མདངས་ཅན། ཉི་མ་བྱེ་བའི་འོད་ལྟར་འབར་བའི་གཟི་བྱིན་དང་ལྡན་པ། ཞལ་བདུན་གསུམ་ཉེར་གཅིག་གི་རྩ་ཞལ་སྐུ་མདོག་དང་མཚུངས་པ། གཡས་ཞལ་གསུམ་སེར་དམར་ལྗང་བ། གཡོན་ཞལ་གསུམ་དམར་སྔོ་ལྗང་བ། དེ་སྟེང་དབུས་ཞལ་སེར་པོ། གཡས་གཉིས་དམར་པོ་དང་ལྗང་གུ། གཡོན་གཉིས་མཐིང་དང་དཀར་པོ། དེ་སྟེང་དབུས་ཞལ་མཐིང་ག །གཡས་གཉིས་སེར་ལྗང༌། གཡོན་གཉིས་དཀར་དམར། དེའི་སྟེང་དབུས་སྨུག །གཡས་དཀར། གཡོན་ལྗང༌། ཀུན་གྱི་སྟེང་ཞལ་དམར་པོ་རྟ་སྐད་འཚེར་བའོ། །ཞབས་བརྒྱད་བགྲད་པ་ཕྱག་ནི་བཞི་བཅུ་རྩ་གཉིས་ཀྱིས་དང་པོ་གཉིས་ན་ཀུན་བཟང་ཡབ་ཡུམ་དང༌། ལྷག་མ་གཡས་ཀྱི་ཉི་ཤུ་ན་རིགས་ལྔ་སེམས་དཔའ་བརྒྱད་ཁྲོ་བོ་བཞི་མཐོ་རིས་ཀྱི་ཐུབ་པ་གསུམ་དང༌། གཡོན་ཉི་ཤུ་ན་ཡུམ་ལྔ་སེམས་མ་བརྒྱད་ཁྲོ་མོ་བཞི་ངན་སོང་གི་ཐུབ་པ་གསུམ་སྟེ་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་བསྣམས་པ། རུས་པའི་ཕྱག་རྒྱ་དྲུག་དང༌། དུར་ཁྲོད་ཀྱི་ཆས་བརྒྱད་དང༌། དཔལ་གྱི་ཆས་བརྒྱད་ཀྱིས་བརྒྱན་པ། དབུ་རེ་རེ་ལ་སངས་རྒྱས་ཀྱི་སྐུ་རེ། དེའི་དབུར་རིན་ཆེན་བདུན་གྱི་མཆོད་རྟེན་རྩེ་མོ་ཏོག་སྟོང་གི་འོད་ཟེར་འབར་བ། གནམ་ཞལ་ཡུམ་མཆོག་དབྱིངས་ཕྱུག་མ་སྔོན་མོ་དབུ་དགུ་ཕྱག་བཅོ་བརྒྱད། ཞབས་བརྒྱད་བགྲད་པ། རྩ་བའི་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་འཛིན་པ། ལྷག་མ་གཡས་བརྒྱད་ན་གནས་ཀྱི་མ་མོ་དང༌། གཡོན་བརྒྱད་ན་ཡུལ་གྱི་ཕྲ་མེན་བསྣམས་པ། ཡབ་ཡུམ་ཁྲོ་མཁར་ཏེ་སྨན་སྒྲུབ་སྐབས་ལྟ་བུར་དཀྱིལ་འཁོར་གྱི་དབུས་སུ་དབང་མཆོག་ཧེ་རུ་ཀ་དང༌། དེའི་དབུ་ཐོག་ཏུ་དབྱིངས་ཕྱུག་མ། དེའི་དབུ་ཐོག་ཏུ་ཆེ་མཆོག་རྣམས་ཐོ་བརྩེགས་ཀྱི་ཚུལ་ལམ། ཡང་ན་དབང་མཆོག་གི་ཕྲག་པ་གཉིས་ཡུམ་གྱིས་བརྫིས་ནས་ཡུམ་གྱི་མཁར་ཡབ་ཀྱི་དབུ་ཕྱེད་ནུབ་པ་སོགས་དབུ་སྦྱོར་དང༌། གནམ་ཞལ་མའི་དབུ་བརྒྱད་ཆེ་མཆོག་གི་ཞབས་བརྒྱད་ཀྱིས་བརྫིས་པས་ཡུམ་གྱི་ཞལ་དབུས་མའི་སྤྱན་དང༌། ཡབ་ཀྱི་གསང་བ་སྦྱོར་བའོ། །དེ་སོགས་མཉམ་པར་སྦྱོར་བའི་ཚུལ་དུ་བཞུགས་པ། སྲིད་པ་ཁམས་གསུམ་དང་ཞི་བ་ཐེག་དགུའི་ལམ་དང་འབྲས་བུའི་ཆོས་ཁམས་མ་ལུས་པ་ཀུན་བཅོམ་ལྡན་འདས་དཔལ་ཆེན་ཉིད་ཀྱི་ཞབས་ཀྱི་གདན་ཁྲི་ནས། སྟེང་གི་དབུ་རྒྱན་འཁོར་ལོའི་བར་ལ་རང་བཞིན་གྱིས་རྫོགས་པར་སྣང་སྟེ་འདོད་ཁམས་ཁྲག་གི་རྒྱ་མཚོར་རྫོགས། གཟུགས་ཁམས་ཞིང་ཆེན་གྱི་ས་གཞི་ལ་རྫོགས། གཟུགས་མེད་ཀེང་རུས་ཀྱི་རི་རབ་ལ་རྫོགས། ཉན་རང་བྱང་སེམས་གསུམ་རིན་པོ་ཆེའི་བྲག་ཆེན་ལ་རྫོགས། ཕྱི་རྒྱུད་གསུམ་རྡོ་རྗེའི་བྲག་ཆེན་ལ་རྫོགས། བསྐྱེད་པའི་རྣལ་འབྱོར་པདྨ་དཀར་པོ་ལ་རྫོགས་པ་དང༌། རྫོགས་པའི་རྣལ་འབྱོར་དབུ་རྒྱན་གྱི་སངས་རྒྱས་དང་རྒྱལ་མཚན་བཅུ་ལ་རྫོགས། རྫོགས་པ་ཆེན་པོའི་རྣལ་འབྱོར་ཏོག་སྟོང་འོད་འཕྲོ་བ་ལ་རྫོགས་པ་སོགས་སོ། །མ་ཧཱ་མན་ཆད་གདན། ཨ་ནུ་སྐུ་ལུས། ཨ་ཏི་དབུ་ཐོག་རྒྱལ་མཚན་ཏོག་ལ་རྫོགས་པའོ། །གཙོ་བོ་དཔལ་ཆེན་པོའི་མདུན་དུ་དབང་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཞི་པ་ཡུམ་ཁྲོ་མོ་དབྱིངས་ཕྱུག་མ་དང་ནི་མཉམ་པར་སྦྱོར་བའི་ཚུལ་གྱིས་བཞུགས་པ། སྒོ་གསུམ་ལ་བདག་ཏུ་འཛིན་པ་དང་ཁམས་གསུམ་ས་དགུ་དག་པའི་ཧེ་རུ་ཀ་དཔལ་དགུ་ལས། དབང་མཆོག་གི་མདུན་དུ་བཛྲ་ཧེ་རུ་ཀ་དང་འཁོར་ལོའི་རྩིབས་བརྒྱད་ཀྱི་ཕྱོགས་བཞིར་བུདྡྷསོགས་བཞི་དང༌། མཚམས་བཞིར་རཀྴ་སོགས་བཞི་སྟེ་དཔལ་དགུ་པོ་ཐམས་ཅད་ཞལ་གསུམ་ཕྱག་དྲུག་ཡབ་ཡུམ་མཉམ་པར་སྦྱོར་བའི་ཚུལ་དུ་བཞུགས་སོ། །གློ་འབུར་བཞི་དང་གྲུ་ཆད་རྣམ་བཞི་སྟེ་བརྒྱད་ལ་རྣམ་ཤེས་ཚོགས་བརྒྱད་དག་པ་ཀཽ་རཱི་མ་ལ་སོགས་བརྒྱད། དཀྱིལ་འཁོར་དང་པོའི་ཁྱམས་ལ་ཡུལ་བརྒྱད་དག་པའི་རང་བཞིན་སེང་གདོང་སོགས་ཕྲ་མེན་བརྒྱད། གཉིས་པའི་ཁྱམས་ལ་ཕྱོགས་མཚམས་ཀྱི་དངོས་པོ་གནས་སུ་དག་པ་ཉི་ཟེར་ཅན་ལ་སོགས་སྤོར་མ་རྣམ་པ་བརྒྱད། སྒོ་བཞིར་འབྱུང་བ་བཞི་དག་པ་རྒྱས་འདེབས་མ་སོགས་སྒོ་མ་བཞི་དང༌། གསུམ་པའི་ཁྱམས་ལ་སྒལ་ཚིགས་ཉེར་བརྒྱད་དག་པས་དབང་མོ་ཉི་ཤུ་བརྒྱད། ཀུན་ལ་རང་རང་གི་སྒོ་མ་བཞི་བཞིར་ལྡན་ཅིང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་སྐུ་མཚན་དཔེའི་དཔལ་དང༌། གསུང་རྔམས་པའི་གདངས་ཀྱི་དཔལ་དང༌། ཐུགས་སྙིང་རྗེའི་དཔལ་དུ་འབར་བའི་རྣམ་རོལ་གར་དགུའི་ཉམས་ཀྱིས་བརྗིད་དོ། །ཁྱམས་གསུམ་པོ་ཡན་ཆད་འདི་དག་སངས་རྒྱས་རང་སྣང་ལོངས་སྐུའི་དཀྱིལ་འཁོར་ཏེ། གཞི་ཀ་དག་ཕྱི་གསལ་གྱི་སྣང་ཆ་ཡེ་ནས་ལྷུན་གྲུབ་གཞི་སྣང་ཐབས་ཀྱི་ཆ་ནས་ཞི་བ་དང༌། ཤེས་རབ་ཀྱི་ཆ་ལས་ཁྲོ་བོར་ཤར་བ་ཡིན་པས་རང་ལུགས་སུ་ཁྲོ་བོ་ལ་རང་སྣང་ལོངས་སྐུར་འདོད་པ་ཡིན་ཞེས་པའང་ཡོད་ལ། ལྷུན་གྲུབ་དོན་གྱི་འོག་མིན་ཡིན་ནོ། །བཞི་པའི་ཁྱམས་ལ་ཤར་དུ་མཁའ་འགྲོ་དགའ་བྱེད་མ་སོགས་བདུན་དང༌། ལྷོར་འཇོམས་བྱེད་མ་སོགས་བདུན་དང༌། ནུབ་ཏུ་གནོད་སྦྱིན་མ་སོགས་བདུན། བྱང་དུ་ཕག་གདོང་མ་སོགས་བདུན། སྒོ་བཞིར་མཁའ་འགྲོ་བུམ་སྣ་མ་ལ་སོགས་པ་བཞི་སྟེ་མཁའ་འགྲོ་སུམ་ཅུ་གཉིས། ལྔ་པའི་ཁྱམས་ལ་རྡོ་རྗེ་ཀུན་གྲགས་སོགས་མ་མོ་བདུན། སྒོ་བཞིར་གླིང་བཞིའི་མགྱོགས་མ་སོགས་སྲིང་མོ་བཞི་རྣམས་སོ། །དྲུག་པའི་ཁྱམས་ལ་ཕྱོགས་རེར་གསུམ་རེ་དང༌། སྒོ་བཞིར་རེ་རེ། ཤར་ནུབ་གཉིས་སུ་བཀའ་ནོད་པ་རེ་རེ་སྟེ་གིང་ཆེན་རྡོ་རྗེ་འབྱུང་པོ་སོགས་དྲུག་ཚན་གསུམ་སྟེ་བཅོ་བརྒྱད་དོ། །བདུན་པར་རྣམ་རྒྱལ་དང་སྙེམས་མ་སོགས་ཁྲོ་བོ་ཡབ་ཡུམ་བཅུ་ཕྲག་དྲུག་ཕྱོགས་མཚམས་བརྒྱད་དུ་གསུམ་གསུམ་དང༌། ཤར་ནུབ་ཀྱི་ནང་དང་སྒོ་བཞིར་རེ་རེའོ། །བརྒྱད་པའི་ཕྱོགས་བཞིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ཕོ་ཉ་དྲུག་ཅུ་རེ་གནས་པས་ཉིས་བརྒྱ་བཞི་བཅུ་སྟེ་ཕྱོགས་མདོག་ཏུ་སྣང་ངོ༌། །དགུ་པའི་ཁྱམས་ལ་ཕོ་ཉ་མ་མོ་དྲུག་ཅུ་རྣམས་ཕྱོགས་བཞི་པོ་རེ་རེར་བཅོ་ལྔ་བཅོ་ལྔའོ། །ཁྱམས་བཞི་པ་ནས་དགུ་པའི་བར་དུ་འཁོད་པ་འདི་རྣམས་ལོག་འདྲེན་མ་རུངས་པ་རྣམས་འདུལ་ཕྱིར་གཞན་སྣང་སྤྲུལ་པས་བསྡུས་པའི་ཕྱིར། རིགས་དྲུག་ངོར་ཐུབ་དྲུག་ལྟ་བུར་བགེགས་སོགས་གདུལ་བྱ་སོ་སོའི་རང་ངོར་སྣང་བ་ཡིན་པ་དེ་ཕྱིར་རང་སྣང་འོག་མིན་གྱི་དཀྱིལ་འཁོར་མིན་ནོ། །དེ་དག་རང་སྣང་དུ་བཞུགས་པའི་ཚུལ་ཆོས་སྐུའི་ཡེ་ཤེས་འདུས་མ་བྱས་པ་ངོ་བོ་ཉིད་ཀྱིས་རྟག་པའི་ངང་ལས་ཕྱི་རུ་གསལ་བར་སྣང་བའི་རང་གདངས། ཕུན་སུམ་ཚོགས་པ་ལྔ་ལྡན་ལོངས་སྐུར་རྫོགས་པའི་གནས་རྒྱུན་ཀྱི་རྟག་པའི་ཞིང་ཁམས་སུ་ལྷུན་གྱིས་གྲུབ་ནས་སྤྲུལ་པ་རྒྱུན་མི་འཆད་པར་རྟག་པའི་འཆར་གཞིར་བཞུགས་པ་ནི། སློབ་པའི་ལམ་མཐར་ཕྱིན་པའི་དུས་གང་དུ་ཁམས་ལ་སྒྲིབ་པར་བྱེད་པ་དྲི་མ་མཐའ་དག་སྤངས་པར་གྱུར་པའི་སངས་རྒྱས་ཁོ་ནའི་རྒྱུད་ཀྱི་བསྡུས་པ་ཡི་ཡེ་ཤེས་ཀྱི་རོལ་པ་གནས་དང་སྟོན་འཁོར་སོགས་སྣང་བ་ཉིད་ཀྱི་ཕྱིར། རྟེན་ཞིང་ཁམས་དང་གཞལ་ཡས། བརྟེན་པ་གཙོ་འཁོར་དུ་སྣང་ཡང་ཕྱི་ནང་མཆོག་དམན་མེད་དེ་ཐམས་ཅད་ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་གཅིག་གི་རྣམ་རོལ་དུ་མཉམ་པ་ཡིན་ནོ། །དེ་ལྟར་རང་སྣང་ལོངས་སྐུ་ཀུན་གྱི་ཐུགས་ཀྱང་ཆོས་སྐུའི་ངང་ལས་མ་གཡོས་པས་རྣམ་པར་མི་རྟོག་ཅིང་གསུང་ནི་སྒྲ་ཚིག་གི་མཚན་མ་ལས་འདས་པས་བརྗོད་པ་དང་བྲལ་ལ། སྐུ་ནི་གཟི་བརྗིད་ཆེན་པོར་སྣང་བས་མཚན་དང་དཔེར་གསལ་བར་རྫོགས་ཤིང༌། རང་སྣང་ཆོས་ཐམས་ཅད་ཡེ་ཤེས་མཐོང་བ་དག་པའི་སྤྱན་གྱིས་གཟུགས་སྐུ་ཕན་ཚུན་གཅིག་གིས་གཅིག་གཟིགས་པ་ལ་དུས་ནམ་དུ་ཡང་སྒྲིབ་པ་མེད་དོ། །དེ་ལྟར་དུས་གསུམ་རྒྱལ་བ་རྣམས་ཀྱི་ཁམས་དང་ཡོན་ཏན་གྱི་སྤྱོད་ཡུལ་ནི་ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པས། བླ་ན་སྟེ་གོང་ན་མེད་ཕྱིར་རྟག་ཆད་ཀྱི་མཐར་མ་ལྷུང་ལ། སྲིད་ཞིའི་ཕྱོགས་ཀྱིས་མ་བསྡུས་པའི་ཕྱིར་ས་དང་པོ་ནས་བཅུ་པའི་བར་གྱི་དག་པའི་སེམས་ཅན་ཆེན་པོ་བྱང་སེམས་འཕགས་པ་རྣམས་ཀྱིས་ཀྱང་མཐོང་བར་མི་ནུས་ཏེ་རྒྱལ་བའི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དེ་དང་འགལ་བའི་ཁམས་ཀྱི་སྒྲིབ་པའི་ཆ་ད་དུང་མ་སྤངས་ཕྱིར། འདས་དང་མ་འོངས་པ་དང་ད་ལྟ་སྟེ་འདུས་བྱས་ཀྱི་དུས་གསུམ་ཀུན་རྫོབ་པ་ཀུན་གྱི་ངེས་པ་ལས་འདས་པའི་རང་སྣང་དོན་གྱི་འོག་མིན་ཆེན་པོ་ན། རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པའི་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་དུས་བཞིའི་བདག་ཉིད་ཅན་གཙོ་འཁོར་དགོངས་པ་མཉམ་ཕྱིར་ངོ་བོ་ལ་བཟང་ངན་ཐ་དད་མེད་པས་གཅིག་ཏུ་མཐུན་པའི་རང་སྣང་ངོ༌། །རང་སྣང་ལོངས་སྐུ་དེ་ཉིད་ངང་ལས་དག་མ་དག་གི་གདུལ་བྱ་སེམས་ཅན་རྣམས་འདུལ་བའི་ཕྱིར། སྟོན་པའི་ཐུགས་རྗེ་ལས་འདུལ་བྱེད་སྟོན་པ་གསུམ་དུ་རྩོལ་མེད་བཞིན་བཀོད་པ་ནི། ལོངས་སྐུ་དང་ཚུལ་མཐུན་པར་རང་བཞིན་སྤྲུལ་པ་དང༌། འགྲོ་དྲུག་གི་སྟོན་པར་སྣང་བ་འགྲོ་འདུལ་སྤྲུལ་པ་དང༌། སེམས་ལྡན་དང་བེམ་པོ་སོགས་སུ་སྣང་བ་སྣ་ཚོགས་སུ་སྤྲུལ་པ་སྟེ་གསུམ་ལས། དང་པོ་རང་བཞིན་སྤྲུལ་སྐུ་ནི། རྒྱལ་བ་ཆོས་ཀྱི་སྐུའི་ཡེ་ཤེས་ཕྱིར་གསལ་དུ་སྣང་བ་འོག་མིན་གྱི་ཞིང་ན་དབྱིངས་སྣང་ལོངས་སྐུའི་རྣམ་པར་བཞུགས་པའི་དཔེ་བྱད་ནི་དྭངས་ཤེལ་ནང་འཕོས་པ་སྟེ་ཤར་བ་ལྟ་བུའི་རྒྱལ་སྲས་འཕགས་པ་གདུལ་བྱ་མཆོག་རྣམས་ལ་སྣང་བའི་གཟུགས་བརྙན་ནི་རང་སྣང་གི་སྟོན་པ་དང་ཆ་འདྲ་བས་ལོངས་སྐུར་ཡང་བགྲངས་ལ། གདུལ་བྱའི་སྣང་བས་བསྡུས་པས་སྤྲུལ་པའི་ཕྱོགས་སུ་ཡང་བགྲངས་པས་ཕྱེད་སྤྲུལ་ལོངས་སྐུའི་གནས་ཏེ། དཔེར་ན་སྟོན་ཟླ་དྭངས་མཁར་ཤར་ཚེ་ཆུ་སྣོད་དྭངས་རྙོག་དང་མཐུན་པར་གདུལ་བྱའི་ངོར་སྣང་ངོ༌། །དབུས་ན་སྐུ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་རྩལ་ལས་དབང་ཕྱུག་ཆེན་པོའི་འོག་མིན་གྱི་ཞིང་དང༌། ཤར་ན་ཐུགས་མེ་ལོང་ཡེ་ཤེས་ཀྱི་རྩལ་ལས་མངོན་པར་དགའ་བའི་ཞིང་དང༌། ལྷོ་ན་ཡོན་ཏན་མཉམ་ཉིད་ཡེ་ཤེས་ཀྱི་རྩལ་ལས་དཔལ་དང་ལྡན་པའི་ཞིང་དང༌། ནུབ་ན་སོར་རྟོག་ཡེ་ཤེས་ཀྱི་རྩལ་ལས་པདྨ་བརྩེགས་པའི་ཞིང་དང༌། བྱང་ན་ཕྲིན་ལས་བྱ་གྲུབ་ཡེ་ཤེས་ཀྱི་རྩལ་ལས་ལས་རབ་གྲུབ་པའི་ཞིང་དང་རྣམ་པ་ལྔར་སྣང་བ་ཡིན་ནོ། །ཞིང་ཁམས་ལྔ་པོ་དེར་རིམ་པ་བཞིན་གཟུགས་ཀྱི་རྒྱལ་པོ་རྣམ་པར་སྣང་མཛད་དང༌། ལ་སོགས་པའི་སོགས་ཁོང་ནས་རྣམ་པར་ཤེས་པའི་རྒྱལ་པོ་མི་བསྐྱོད་པ། ཚོར་བའི་རྒྱལ་པོ་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་རྒྱལ་པོ་སྣང་བ་མཐའ་ཡས། འདུ་བྱེད་ཀྱི་རྒྱལ་པོ་དོན་ཡོད་གྲུབ་པ་སྟེ། སྟོན་པ་མཆོག་ལྔ་པོ་མཚན་དང་དཔེ་བྱད་སོགས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། གདུལ་བྱའི་དབང་གིས་ཞི་དང་ཁྲོ་བོའི་རྣམ་འགྱུར་རང་སྣང་ལོངས་སྐུ་དང་ཆ་འདྲ་བར་མཐུན་སྣང་དཔག་ཏུ་མེད་ཅིང་མཐའ་ཡས་པར་སྣང་ངོ༌། །དེ་ལྟར་ཞིང་ཁམས་ལྔ་པོར་སྟོན་པ་ལྔ་སོ་སོར་སྣང་ཡང་རྒྱུད་ཐ་དད་པ་མ་ཡིན་པར་སངས་རྒྱས་ཀྱི་ཡེ་ཤེས་གཅིག་གི་རྣམ་རོལ་དུ་ཤར་བའི་རིགས་ལྔའི་ཐུགས་ཡེ་ཤེས་རྣམ་པ་ལྔ་པོ་རེ་རེ་ལའང༌། འདི་ལྟར་རྣམ་སྣང་གི་ཐུགས་ཆོས་དབྱིངས་ཡེ་ཤེས་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་བཞི་ཡོད་པ་ལྟར། གཞན་མེ་ལོང་ལྟ་བུའི་ཡེ་ཤེས་ལའང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཆོས་དབྱིངས་ཡེ་ཤེས་སོགས་བཞི་དང་ལྡན་པས་མཚོན་ལྷག་མ་རྣམས་ལ་ཡང་བཞི་བཞིའི་འཁོར་དང་བཅས་པའི་ཡེ་ཤེས་ཉི་ཤུ་རྩ་ལྔ་ལས། དང་པོ་ཆོས་དབྱིངས་ཡེ་ཤེས་ཆོས་ཐམས་ཅད་ཆོས་ཉིད་ལ་ཐ་དད་མེད་པ་ལྟར་མཚན་འཛིན་གང་གིས་ཀྱང་གཡོ་བ་མེད་པ་ནི་སྣོད་བཅུད་ཐམས་ཅད་ལ་ཁྱབ་ཅིང་ངོ་བོ་བརྗོད་མི་ནུས་ཏེ། དཔེར་ན་ནམ་མཁའི་གཟུགས་སྨྲ་བརྗོད་ལས་འདས་པ་བཞིན་ཆོས་ཐམས་ཅད་ལ་ཁྱབ་ཅིང་བརྗོད་པ་དང་བྲལ་བ་མཁྱེན་ཡང༌། ཤེས་བྱའི་མཐའ་ལས་འདས་པས་ཆོས་དབྱིངས་སུ་རོ་གཅིག་གོ །གཉིས་པ་མེ་ལོང་ཡེ་ཤེས་ནི། དཔེར་ན་མེ་ལོང་ངོས་ནི་གཟུགས་བརྙན་འཆར་རུང་དུ་དྭངས་ཀྱང༌། རྩོལ་སྒྲུབ་དང་བྲལ་བ་བཞིན་མཁྱེན་ཆ་འགག་པ་མེད་པའི་ཡེ་ཤེས་གཟུང་འཛིན་གྱི་རྡུལ་དང་བྲལ་བ་ནི། མངོན་པར་འདུ་བྱེད་པའི་གཡོ་རྩོལ་མེད་བཞིན་མཆེད་པའི་ཤེས་བྱ་མཁྱེན་ཚུལ་ལྡོག་པའི་དབྱེ་བས་ཡེ་ཤེས་ཕྱི་མ་གསུམ་འཆར་བའི་གཞི་ལྟ་བུར་གྱུར་པའོ། །གསུམ་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་བཟང་ངན་མེད་པར་རོ་མཉམ་པ་མཉམ་ཉིད་ཀྱི་རང་བཞིན་ཡིན་ལ། དེ་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་ཆོས་ཀུན་བཟང་ངན་བླང་དོར་སོགས་མཚན་ཉིད་མེད་པར་སྲིད་ཞི་དབྱེར་མེད་སྤྲོས་པ་ཐམས་ཅད་ཞི་བའི་དབྱིངས་སུ་ཐུགས་ཞུགས་པའི་ཚུལ་དུ་མཁྱེན་པའོ། །བཞི་པ་རྟེན་འབྱུང་གི་ཆོས་ཐམས་ཅད་རྒྱུ་འབྲས་མ་འདྲེས་པར་སྣང་བ་ནི་སོ་སོར་རྟོག་པ་ཡིན་ལ། དེ་མཁྱེན་པའི་ཡེ་ཤེས་ཀྱིས་ཀྱང་ཆོས་ཉིད་ཇི་ལྟ་བ་བདག་མེད་པ་དང༌། ཆོས་ཅན་ཤེས་བྱ་ཕུང་སོགས་ནས་རྣམ་མཁྱེན་གྱི་བར་ཆོས་ཇི་སྙེད་པ་ཐམས་ཅད་རྟག་ཐོགས་མེད་པར་མཁྱེན་པའོ། །ཡེ་ཤེས་ལྔ་པ་བྱ་བ་ནི་གཞན་དོན་གྱི་མཛད་པ་ཡིན་ལ་དེ་རྩོལ་མེད་དུ་གྲུབ་ཅིང་མཁྱེན་པའི་ཡེ་ཤེས་ཀྱིས་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གཞན་ཕན་རླབས་ཆེན་སྒྲུབ་པའི་ཚུལ་ཅན་ལ་སྒྲིབ་བྱེད་ཀྱི་ཆ་ཆགས་ཐོགས་སྤངས་པའི་མཛད་པ་འཁོར་བ་མ་སྟོངས་བར་ལྷུན་གྱིས་གྲུབ་པའོ། །ཡེ་ཤེས་དེ་རྣམས་བསྡུ་ན། ཆོས་དབྱིངས་ཡེ་ཤེས་ཇི་ལྟ་མཁྱེན་པའི་ཡེ་ཤེས། གཞན་བཞི་ཇི་སྙེད་མཁྱེན་པའི་ཡེ་ཤེས་སོ། །སྟོན་པ་རང་ལས་རྒྱུད་གཞན་པའི་ཚུལ་གྱི་འཁོར་ནི་ས་དང་པོ་ནས་བཟུང་ས་བཅུའི་བར་གྱི་བྱང་སེམས་འབའ་ཞིག་དང་ཐབས་གཅིག་ཏུ་བཞུགས་པ་ལ། ཆོས་ཕུན་སུམ་ཚོགས་པ་སྐུ་ཡིས་ཐེག་པ་ཆེན་པོའི་ཆོས་རྣམས་གདུལ་བྱའི་བློ་ལ་འཇལ་བའི་ཐབས་ཀྱི་འོད་ཟེར་བཀྱེ་བས། རང་རང་གི་བྱད་ཀྱི་དྲི་མ་རང་གིས་མི་མཐོང་བ་དེ་མེ་ལོང་གི་ནང་དུ་གསལ་ནས་ཁྲུས་སོགས་ཀྱིས་སྦྱོང་བ་ལྟར། སར་གནས་བྱང་སེམས་དེས་སྤྲུལ་པའི་ལོངས་སྐུ་ལ་བལྟས་པས་རང་སྒྲིབ་ཡོད་པ་ངོས་ཟིན་པས་ད་དུང་བྱང་སེམས་བདག་དང་སྟོན་པ་ལོངས་སྐུའི་ཁྱད་པར་ཇི་ལྟར་ཡིན་པ་མཐོང་ནས། བྱང་ཆུབ་ཆེན་པོའི་འབྲས་བུ་ལ་སྒྲིབ་པའི་དྲི་མ་གཏིང་དཔག་དཀའ་བ་སྟེ་ཤེས་སྒྲིབ་ཀྱི་ཆ་ཤིན་ཏུ་ཕྲ་བ་ངོས་ཟིན་དཀའ་བ་དག །ཡོངས་སྦྱོངས་ཀྱིས་རིམ་གྱིས་སྦྱངས་ཏེ་ཡང་ས་དང་པོ་ལ་སེར་སྣ། གཉིས་པར་ཚུལ་འཆལ། གསུམ་པར་ཁོང་ཁྲོ། བཞི་པར་ལེ་ལོ། ལྔ་པར་རྣམ་གཡེང༌། དྲུག་པར་ཤེས་འཆལ། བདུན་པར་ཐབས་ལ་མི་མཁས་པ། བརྒྱད་པར་གཞན་དོན་གྱི་སྙིང་སྟོབས་ལ་སྒྲིབ་པ། དགུ་པར་སྨོན་པའི་དོན་ལ་གཡེལ་བ། བཅུ་པར་ཤེས་སྒྲིབ་ཕྲ་མོ་དང་བཅས་པ་དག་ནས་བཅུ་གཅིག་ཀུན་ཏུ་འོད་ལ་འགྲོ་སྟེ་བྱང་ཆུབ་པའི་ཚུལ་གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མེ་ལོང་བཞིན་དུ་སྐུ་ལ་སྣང༌། །དེ་ནས་ས་བཅུ་རིམ་གྱིས་འབྱང༌། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཅེས་སོ། །གཟུགས་བརྙན་ལོངས་སྐུའི་སྟོན་པ་དེ་ཇི་ཙམ་སྣང་བའི་དུས་ནི་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས། འཇིག་རྟེན་མགོན་པོ་ཆོས་སྐུ་ངོ་བོ་ཉིད་མེད་པའི་དབྱིངས་མི་ཟད་རྒྱན་གྱི་འཁོར་ལོ་སྐུ་གསུང་ཐུགས་ཀྱི་ངང་དུ་སྟོན་འཁོར་དགོངས་པ་གཅིག་ཏུ་མ་གྱུར་གྱི་བར་དུ་མྱ་ངན་ལས་འདའ་ཚུལ་མི་སྟོན་པས། འཆི་བའི་བདུད་བཅོམ་ཞིང་དག་པའི་འཇིག་རྟེན་བྱང་སེམས་རྣམས་ལ་ཐེག་ཆེན་ཡོན་ཏན་གྱི་འབྱོར་པ་ཁྱད་པར་ཅན་བསྒྲུབ་པའི་སླད་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པའོ། །གདུལ་བྱའི་གཏི་མུག་ལ་སོགས་སྦྱང་བྱའི་དྲི་མ་ཉོན་མོངས་པ་བག་ཉལ་ལྔ་པོ་གང་གི་གཉེན་པོར་ཆེ་བའི་འོག་མིན་སོགས་ཞིང་ཁམས་ལྔ་དང༌། ཞིང་དེར་སྟོན་པར་བསྟན་པའི་སྐུ་རྣམ་སྣང་སོགས་ལྔ་ཡིས་ཆོས་དབྱིངས་ཡེ་ཤེས་སོགས་ཐ་སྙད་ལས་འདས་པའི་ཆོས་རབ་ལྔ་བསྟན་པས་གཏི་མུག་གནས་འགྱུར་བ་ཆོས་དབྱིངས་ཡེ་ཤེས་སོག་ཡེ་ཤེས་རྣམ་པ་ལྔ་པོ་ཐོབ་པའི་ཚུལ་ཡང༌། སྒྱུ་འཕྲུལ་བརྒྱད་ཅུ་པར། འདོད་ཆགས་ལ་སོགས་ཉོན་མོངས་ལྔ། །རྣམ་དག་ཡེ་ཤེས་ལྔར་བཤད་དོ། །ཞེས་པ་གཏི་མུག་གི་དྲི་མ་སྦྱོང་དུས་བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་ལས་ཆོས་དབྱིངས་ཡེ་ཤེས། དེ་བཞིན་ཞེ་སྡང་ལ་རྣམ་པར་ཤེས་པའི་རྒྱལ་པོ་ལས་མེ་ལོང་ཡེ་ཤེས། ང་རྒྱལ་ལ་ཆོར་བའི་རྒྱལ་པོ་ལས་མཉམ་ཉིད་ཡེ་ཤེས། འདོད་ཆགས་ལ་འདུ་ཤེས་ཀྱི་རྒྱལ་པོ་ལས་སོར་རྟོག་ཡེ་ཤེས། ཕྲག་དོག་ལ་འདུ་བྱེད་ཀྱི་རྒྱལ་པོ་ལས་བྱ་གྲུབ་ཡེ་ཤེས་ཏེ་ཡེ་ཤེས་ཀྱི་ཆོས་ལྔ་བསྟན་པས་གནས་འགྱུར་ཐོབ་པ་ཡིན་པར་གསུངས་སོ། །དེ་ལྟར་ལྔ་ཚན་ལྔ་ཡང་ས་བཅུ་དང་སྦྱར་ན། མཐོང་ལམ་གྱི་དུས་སུ་ཀུན་བརྟགས་ལས་གྱུར་པའི་གཏི་མུག་གནས་གྱུར། ཀུན་གཞི་དབྱིངས་སུ་ནུབ་པ་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་ས་དང་པོ་རབ་ཏུ་དགའ་བ་ཐོབ། རྣམ་སྣང་མཐོང༌། དེ་ནས་རིམ་པར་སྒོམ་ལམ་ཆུང་ངུ་གསུམ་དུ་ང་རྒྱལ་གནས་གྱུར། ཡིད་ཀྱི་རྣམ་ཤེས་དབྱིངས་སུ་ནུབ། མཉམ་ཉིད་ཡེ་ཤེས་བརྙེས། དྲི་མེད་འོད་བྱེད་འོད་འཕྲོ་གསུམ་ཐོབ། རིན་འབྱུང་མཐོང༌། འབྲིང་གསུམ་དུ་ཆགས་རྟོག་གནས་གྱུར། ཉོན་ཡིད་དབྱིངས་སུ་ནུབ། སོར་རྟོག་ཡེ་ཤེས་ཐོབ། སྦྱང་དཀའ་མངོན་གྱུར་རིང་སོང་གསུམ་ཐོབ། སྣང་མཐའ་མཐོང༌། ཆེན་པོ་གསུམ་ལ་ཞེ་སྡང་གི་རྟོག་པ་ནུབ། ཀུན་གཞིའི་རྣམ་ཤེས་གནས་གྱུར། མེ་ལོང་ཡེ་ཤེས་བརྙེས། ས་བརྒྱད་པ་ཐོབ། མི་བསྐྱོད་པ་མཐོང༌། ས་དགུ་དང་བཅུ་པར་ཕྲག་དོག་གི་ས་བོན་དག །སྒོ་ལྔའི་ཤེས་པ་དབྱིངས་སུ་ནུབ། སོ་སོ་ཡང་དག་རིག་པ་བཞི་ཐོབ། བྱ་གྲུབ་ཡེ་ཤེས་བརྙེས། དོན་གྲུབ་མཐོང༌། དེ་ལྟར་མཐོང་ལམ་ནས་བཟུང་ས་བཅུ་རྒྱུན་མཐའི་བར་སྒོམ་ལམ་ས་དགུ་རིམ་གྱིས་རྫོགས་ནས་ས་བཅུའི་མཐར་འོད་ཟེར་ཆེན་པོའི་དབང་ཐོབ་ནས་རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ་བའོ། །ཕྱེད་སྤྲུལ་དུ་གདགས་པའི་འཐད་པ་ཞིང་ལྔ་པོ་འདི་ས་བཅུའི་བྱང་ཆུབ་སེམས་དཔའ་ཁོ་ན་ལས། ཉན་རང་སོགས་གདུལ་བྱ་གཞན་གྱི་སྤྱོད་པའི་ཡུལ་དུ་དངོས་སུ་སྣང་བ་མིན་ཞིང༌། དེ་བཞིན་སྟོན་པ་ལྔ་པོ་ལོངས་སྤྱོད་རྫོགས་སྐུར་སྣང་ན་ཡང༌། འཁོར་དང་ཞིང་ཁམས་སོགས་རང་སྣང་ཐུན་མོང་མ་ཡིན་པ་ཁོ་ན་མིན་ཏེ་རྒྱུད་གཞན་པ་བྱང་སེམས་སར་གནས་རྣམས་ཀྱི་སེམས་དག་པའི་སྣང་བས་བསྡུས་པ་ཡིན་པའི་ཕྱིར། ཕྱེད་སྣང་ལོངས་སྐུའི་རང་བཞིན་སྤྲུལ་པའི་ཞིང་ཁམས་ཞེས་ཉི་ཟླ་ཁ་སྦྱོར་ཆེན་པོའི་རྒྱུད་ཀྱིས་བསྟན་པ་ཡིན་ནོ། །ཁྱད་པར་ཐུན་མོང་མ་ཡིན་པའི་ལམ་རང་བཞིན་རྫོགས་པ་ཆེན་པོ་ཡི་གདམས་ངག་དང་འཕྲད་པའི་གང་ཟག་དེ་ནི་དབང་པོ་ཐ་མ་ཡིན་ཡང་ས་ཐོབ་པའི་ངེས་པ་སོགས་ལ་སྤྱིར་ལམ་ཐུན་མོང་པར་ས་ལམ་རིམ་གྱིས་བགྲོད་དགོས་ཀྱང་འདིར་ས་ལམ་གཅིག་ཆོད་ཡིན་པས་གཞན་ལ་ལྟོས་མི་དགོས་པར། ད་ལྟ་སྙིང་གར་ཡོད་པའི་རིག་གདངས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དམ་པ་མངོན་སུམ་དུ་སྣང་བ་ཡིད་དཔྱོད་ལས་འདས་པ་དེ་རུ། བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་སོགས་ཀྱི་ཐབས་ཁྱད་པར་བའི་གནད་ཀྱིས་གཅུན་ནས་གནས་ལུགས་མཆོག་གི་དོན་གཟིགས་པའི་བླ་མ་དམ་པས་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་ཏེ་ངོ་སྤྲད་ནས་བྱིན་གྱིས་བརླབས་པ་དང༌། དེའི་སྲོག་དམ་ཚིག་དག་ཅིང་མ་ཉམས་ལ། ཉིན་དུས་བཞུགས་སྟངས་དང་གཟིགས་སྟངས་ཀྱི་རང་སྣང་མངོན་སུམ་ཟེར་གདངས་ཀྱི་འོད་གསལ་ངང་དང༌། མཚན་མོ་སྙིང་ཁའི་འོད་གདངས་ཤེས་བྱ་བུམ་འཇུག་གི་མན་ངག་ལ་གོམས་པ་རྣམས་ཀྱིས་དེ་ལྟར་ཉམས་སུ་བླ་ངས་ཀྱང་སྣང་བ་ཆེར་ཡང་མ་འཕེལ། རྟོགས་པས་ཆོས་ཟད་ཀ་དག་གི་དགོངས་པ་ངོ་མ་འཕྲོད་པས་རྟོགས་པའི་རང་བཞིན་ཚད་དུ་མ་ཕྱིན་ཏེ་ཚེ་འདིར་མ་གྲོལ་ཡང༌། མི་དགེ་བའི་འཇུག་པ་སྲབ་སྟེ་རྨི་ལམ་དགེ་བར་འགྱུར་བའི་སྐལ་ལྡན་དེ། སྔོན་གོམས་དང་ཆོས་རྣམས་ཀྱི་ཆོས་ཉིད་བདེན་པ་དང་བླ་མའི་བྱིན་རླབས་ཀྱིས། ལུས་རྟེན་གྱི་རྒྱ་རལ་བའི་ཚེ་ན་སྲིད་པ་བར་དོར་བག་ཆགས་ཟད་ནས་ས་ཐོབ་རྣམས་དང་རང་བཞིན་སྤྲུལ་པའི་ཞིང་དེར་སྐལ་པ་མཚུངས་པར་གྱུར་ནས། རང་ལ་ཡོད་པའི་གཞི་སྣང་ལྷུན་གྲུབ་ཀྱི་སྒོར་སངས་རྒྱས་ཐུགས་རྗེས་འོད་ཟེར་བཀོད་པའི་ཕྱོགས་བཅུ་སྤྲུལ་པའི་ཞིང་དག་པར་འགྲོ་བའོ། །སྤྱིར་ཞིང་བཅུ་མེ་རི་འབར་བ་དང༌། བཅུ་གཅིག་ཡོད་ཀྱང་ཁྱད་པར་སྲིད་ཞི་ལས་རྣམ་པར་གྲོལ་ཞིང་གདོད་མའི་ས་ལ་དབུགས་ཆེན་འབྱིན་བར་བྱེད་པ་ཞིང་ཁམས་ལྔ་པོར་བསྡུས་ཏེ་བསྟན་པ་ནི། ཤར་ནས་རིམ་བཞིན་ཤར་ན་མངོན་དགའི་ཞིང་གཞི་དང་གཞལ་ཡས་སོགས་ཤེལ་ལས་གྲུབ་པ་དང༌། ལྷོར་དཔལ་དང་ལྡན་པའི་ཞིང་སུ་ཝརྞ་སྟེ་གསེར་ལས་གྲུབ་པ་དང༌། ནུབ་པདྨ་བརྩེགས་པའི་ཞིང་པདྨ་རཱ་ག་ལས་གྲུབ་པ་དང༌། བྱང་ན་རིན་ཆེན་རྣམ་པར་བཀོད་པའམ་ལས་རབ་གྲུབ་པའི་ཞིང་རིན་པོ་ཆེ་ཨིནྡྲ་ནཱི་ལའི་ས་གཞི་དང་གཞལ་མེད་ཁང་སྟེ་དེ་རྣམས་ཀྱང༌། སྒོ་ཁྱམས་བཞི་དང་ལྡན་པའི་སྟེང་རྟ་བབས་ཀྱིས་བརྒྱན་པ་ཕྱོགས་བཞིར་སྣང་བྱེད་བ་གླང་མིག་ལྟ་བུ་ལས་ཉི་མ་ཤར་བ་ན་ནང་དུ་འོད་ལྔ་དང་བྱང་དུ་འོད་ལྗང་འཆར་བ། ཟུར་བཞིར་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་དང༌། དེའི་བར་དྲིལ་བུ་དང་གཡེར་ཁས་སྦྲེལ་བའི་དཔྱངས་ཐག་རླུང་གིས་བསྐྱོད་པའི་སྒྲ་ལས། རྣམ་ཐར་སྒོ་གསུམ་དང་ལྡན་པའི་ཆོས་ཀྱི་སྒྲ་དབྱངས་དར་དིར་དུ་སྒྲོག་པ། ཕྱོགས་བཞིར་རླུང་གིས་བསྐྱོད་པའི་དྲི་ཞིམ་པོ་སྣ་ཚོགས་འབྱུང་བས་སྤོས་སྤྲིན་གཡོ་བའི་དར་སྣ་ཚོགས་པའི་བ་དན་བཞི་ཡོད་པ། གཞལ་ཡས་ཁང་གི་ཕྱི་རིམ་ཡན་ལག་བརྒྱད་དང་ལྡན་པའི་རྫིང་བུའི་འགྲམ་ན། ཏཱ་ལའི་ལྗོན་པ་དྲི་བཟང་གི་ངད་དང་ལྡན་པ་ལོ་མ་དང་ཡལ་ག་རྣམས་རིན་པོ་ཆེ་སྣ་ཚོགས་ཀྱི་དྲྭ་ཕྱེད་འཕྱང་འཕྲུལ་གཡོ་བ་ཅན་མང་པོས་བརྒྱན་པ། དེ་འི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་པ། དེར་བྱ་རིགས་འདི་ལྟ་སྟེ། མཐིང་རིལ་དང༌། ཤང་ཤང་ཏེའུ་དང༌། རྨ་བྱ་དང༌། ཀ་ཏ་རི་དང༌། ནེ་ཙོ་མི་སྐད་འབྱིན་པ་དང༌། ངང་པ་གཞོན་ནུ་དང༌། རི་*no sa?སྐེགས་དང༌། ཟེར་མོ་དང༌། སྦབ་དང༌། ཀངྐ་རི་དང༌། ལྷའི་བྱ་དྲིལ་བུའི་སྒྲ་ཅན་དང༌། ཁུ་བྱུག་དང༌། གསེར་གྱི་རྡོ་རྗེའི་གཟུགས་ཅན་ཀྲི་ཏི་པ་ལ་སོགས་པ་སྟེ། གཡུ་ལྟར་སྡོ་བ་དང༌། བྱེ་རུ་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་དང༌། དུང་ལྟར་དཀར་བ་སོགས་ཁ་དོག་སོ་སོར་ཕྱེད་པའི་བྱ་རིགས་སྣ་ཚོགས་པ་རྣམས་ཀྱིས་སྐད་སྙན་ཡིད་དུ་འོང་བ་སྒྲོག་ཅིང༌། མགྲིན་པའི་རྒྱུད་མང་ཕྱོགས་མཐར་དུས་ཀུན་ཏུ་འཁྲོལ་བས་དགའ་བར་བྱས་པ་དང༌། ཞིང་དེ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ལ། ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་ཞིང༌། ཉོན་མོངས་པའི་གནོད་པ་མེད་པས་མཆོག་ཏུ་བདེ་ལ། བྱུང་སྲིད་ནའང་རང་བཞིན་ཞི་བའི་ནུས་པ་དང་ལྡན་པའི་ཆུ་ཀླུང་ལ་ཁྲུས་བྱས་པ་དང༌། ལོངས་སྤྱད་པ་ཙམ་གྱིས་སེལ་ཞིང་ཕྱིས་འདུ་བའི་ནད་དག་མི་འབྱུང་བ་དང༌། གཞན་ཡང་གོས་རྒྱན་སོགས་ཡིད་ལ་ཅི་དང་ཅི་བསམ་ཐམས་ཅད་དྲན་པའི་མོད་ལ་འབྱུང་ཞིང༌། མདོར་ན་ཞིང་སྔ་མ་གསུམ་སུམ་ཅུ་རྩ་གསུམ་པའི་ལྷ་དང་ལོངས་སྤྱོད་མཉམ་ཞིང༌། ལས་རབ་གྲུབ་པ་ནི་གཟུགས་ཁམས་ཀྱི་ལྷ་དང་མཉམ་མོ། །ཕྱི་རིམ་ན་རིན་ཆེན་སྣ་བདུན་ལས་གྲུབ་པའི་ལྕགས་རི་ཕ་གུ་ཅན་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཆོས་ཁྲི་དང་ལྡན་པ་ཡོད་དོ། །ཞིང་མཆོག་དེ་ན་རིགས་བཞིའི་སྟོན་པ་རྡོར་སེམས་རིན་འབྱུང་སྣང་མཐའ་དོན་གྲུབ་སྟེ་བཞི་པོ་ཡིས། ཉིན་མཚན་གྱི་དུས་བཞིར་དམ་པའི་ཆོས་ཀྱི་སྒྲ་སྒྲོག་པ་རྒྱུན་མི་འཆད་དེ། དེ་ཡང་རྡོ་རྗེ་སེམས་དཔའ་སོགས་སྟོན་པ་གསུམ་གྱིས་སྲོད་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་ཆོས། ནམ་ཕྱེད་ན་སྔགས་ཕྱི་པའི་ཆོས། ཐོ་རངས་ན་སྔགས་ནང་པའི་ཆོས། ཉིན་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དོན་ཡོད་གྲུབ་པས་སྲོད་ལ་གདམས་ངག་གི་ཁྲིད་ཆོས། ཐོ་རངས་སྤྱོད་པའི་ཆོས། ནམ་ཕྱེད་ན་དབང་བསྐུར་བའི་ཆོས། ཉིན་ཕྱེད་ན་ལྟ་སྒོམ་གྱི་ཆོས་སྟོན་ཏོ། །ཞིང་ཁམས་དེ་དག་ཀུན་གྱི་དབུས་ཀྱི་བར་སྣང་ན་ཧེ་རུ་ཀ་དཔལ་ཆེན་པོའི་ཞིང་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ན་གཞལ་ཡས་ཁང་འདི་ལྟ་བུ་སྟེ། ཐོད་མཁར་གྲུ་བཞི་པ། ཐོད་པ་སྐམ་པོས་འབྲས་བུ་བྱས་པ། ཤ་ར་རི་ཡོད་པས་རྩིག་པ་བྱས་པ། བྷནྡྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དཔང་ཚད་ལས་འདས་པ་གནམ་ལྕགས་ཀྱི་གཟེར་གྱིས་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན། ཆུ་སྲིན་ཁའི་ཀ་གཞུ། ལྷ་ཆེན་བརྒྱད་ཀྱི་གདུང་དུ་བྲེས་པ། མཆོག་ཆེན་པོས་གྲབ་བཏང་བ། ཉིན་མོ་རླུང་འཚུབས་པ། མཚན་མོ་མེ་འབར་བ། གྲུ་བཞི་ན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་རཀྟའི་རྦ་ཀློང་འཁྲུགས་པའོ། །གཞལ་ཡས་ཁང་དེ་ན་སྟོན་པ་སྤྲུལ་པའི་སྐུ་ཕྱི་ལྟར་རྒྱལ་བ་ཤཱཀྱ་ཐུབ་པ་དང༌། ནང་ལྟར་རྡོ་རྗེ་འཆང་དུ་སྣང་བ། གསང་བ་ལྟར་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བའི་བཅོམ་ལྡན་འདས་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང༌། ཁྲོ་བོའི་ཆ་བྱད་དུ་བསྟན་པ་ལག་ན་རྡོ་རྗེ་ལ་སོགས་དཔའ་བོ་དང༌། མཁའ་འགྲོ་པུརྞ་ཉེ་བར་ཞི་དང༌། ཚངས་པ་དུང་མགྲིན་ཅན་དང༌། དྲང་སྲོང་ཟླ་འོད་གཞོན་ནུ་དང༌། ཡང་འཁོར་མཁའ་འགྲོ་ཨེ་ཀ་ཙ་ཏི་སྤུན་དྲུག་དང༌། དེའི་བྲན་མོ་བཅུ་བཞི་དང༌། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང༌། ཡང་གཡོག་འབུམ་ཁྲི་འབུམ་སྟོང་ལ་སོགས་པ་མཁའ་འགྲོའི་སྤྲིན་ཕུང་དཔག་ཏུ་མེད་པ་འཕྲོ་བ་དང༌། དགའ་རབ་རྡོ་རྗེ་ལ་སོགས་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའི་དབུས་ཉིད་ན། འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་འཁོར་བསྐོར་ནས་འཁོར་གྱི་རྒྱུད་གྲོལ་བར་མཛད་དོ། །ཞིང་དེ་རྣམས་ལ་པདྨ་ལས་རྫུས་ཏེ་སྐྱེས་པའི་རྒྱལ་སྲས་དཔག་ཏུ་མེད་པ་ཐམས་ཅད་ཀུན་ཀྱང་ལྷ་དང་ལྷ་མོ་དང་ཁྱེའུ་དང༌། བུ་མོའི་རྣམ་པ་གསང་སྔགས་བླ་མེད་ཀྱི་བརྟུལ་ཞུགས་མཐར་སོན་པའི་དྲང་སྲོང་དངོས་གྲུབ་རྣམ་པ་གཉིས་བརྙེས་པའི་བདག་ཉིད་ཅན་ནོ། །དེ་རྣམས་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་ཅིང་བག་ཆགས་འཛིན་པའི་ཀུན་གཞི་དང༌། ཉོན་མོངས་ཅན་གྱི་ཡིད་དང༌། དེ་དང་ལྡན་པའི་སྒོ་ལྔའི་འཇུག་པ་སྟེ་སེམས་གསུམ་ཀྱང་མེད་ལ། འཁྲུལ་པ་སྐྱེད་བྱེད་དཔྱོད་པར་བྱེད་པའི་ཡིད་དྲུག་དང་ནི་རྩ་བའི་ཉོན་མོངས་པ་དྲུག་ཀྱང་མེད་ཅིང༌། མ་རིག་པ་གསུམ་ཀྱང་མེད་ལ་རྐྱེན་བཞི་ཡོད་མ་ཡིན། དེ་དང་མཚུངས་པར་ལྡན་པ་སེམས་སེམས་བྱུང་རྣམས་ཀྱང་མེད་དོ། །ཞིང་དེ་དག་ནི་སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་བྱིན་རླབས་ལས། རང་བཞིན་ཉིད་དུ་བཀོད་པ་ཡིན་པའི་ཕྱིར་རང་བཞིན་ནི་སྤྲུལ་པའི་ཞིང་ཞེས་རྒྱལ་སྲས་རིག་པ་འཛིན་པ་རྣམས་ལ་གྲགས་སོ། །ཞིང་ལྔ་པོ་དེ་དག་སྣང་བའི་རྒྱུ་ནི་སྙིང་ག་ན་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་རིན་པོ་ཆེ་ནང་གསལ་བའི་རང་གདངས་དང༌། དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པའི་སྣང་བ་ལས་ཤར་བ་ཡིན་པས་ན་རང་བཞིན་རྫོགས་པ་ཆེན་པོའི་མངོན་སུམ་འོད་གསལ་ལ་གོམས་པའི་གསང་ལམ་དུ་སྣང་བ་ཡིན་པ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས་བསྟན་ཏོ། །གཞན་དུ་དེ་མཐུན་གནས་ཐུན་མོང་དུ་གྲགས་པ་ཟངས་མ་དོག་དཔལ་རི། ཤམྦྷ་ལ། ལྕང་ལོ་ཅན་ལ་སོགས་པ་ལྟ་བུ་བདེ་ཆེན་སྔགས་ལ་སྤྱོད་པ་རྣམས་ཀྱི་རང་སྣང་དག་ཞིང་སྟེ། དེ་ཡང་ཡུལ་ཉེར་བཞི་ལྟ་བུའི་གནས་ཀྱིས་མཚོན་ན་ནམ་མཁའ་ནས་འོང་བའི་ལྷ་དང་དྲི་ཟ་ལ་སོགས་པས་བཟུང་བའི་གནས་བརྒྱད་ལ་མཁའ་ལ་སྤྱོད་པ་ཞེས་གྲགས་པ་དང༌། ས་སྟེང་ནས་འོང་བའི་གནོད་སྤྱིན་སྲིན་པོའི་འཁོར་སོགས་ཀྱིས་བཟུང་པའི་གནས་བརྒྱད་ལ་ས་སྤྱོད་ཟེར། ཡང་ཀླུ་དང་རི་རབ་ཁོང་སེང་ནས་འོང་བའི་ལྷ་མིན་སོགས་ཀྱིས་བཟུང་བའི་གནས་བརྒྱད་ལ་ནི་ས་འོག་ལ་སྤྱོད་པ་ཞེས་གྲགས་སོ། །དེ་ལྟ་བུའི་ཞིང་དེ་རྣམས་སུ་དོན་གྱི་འོད་གསལ་ལ་དབང་ཐོབ་པའི་ལྷན་ཅིག་སྐྱེས་མའི་ཡེ་ཤེས་ཀྱི་ཌཱཀི་མ་དང༌། དང་པོ་ནས་ཡུལ་ཆེན་ཉེར་བཞིར་སྤྱོད་པའི་ཞིང་སྐྱེས་མ་དང༌། སྔགས་ཀྱི་སྒོམ་སྤྱོད་གོམས་པའི་སྟོབས་ཀྱིས་གནས་དེ་དག་ཏུ་བགྲོད་ནུས་པའི་སྔགས་སྐྱེས་མ་ལ་སོགས་པ་རིག་འཛིན་དཔའ་བོ་དང་རྣལ་འབྱོར་མ། རྡོ་རྗེ་ཐེག་པའི་ལམ་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་སྟོབས་ནུས་མཐུན་པར་སད་པའི་དབང་གིས་རྗེ་བཙུན་མ་ཧཱ་གུ་རུ་དང༌། གསང་བདག་ལག་ན་རྡོ་རྗེ་ལ་སོགས་པའི་ཚོམ་བུའི་འཁོར་དང་ལྷན་ཅིག་ཏུ་ཚོགས་པ་རྣམས་དང་སྐལ་པ་མཉམ་པའི་རིག་འཛིན་གྱི་གྲལ་གང་ཡིན་པ་དེ་ཐམས་ཅད་དུ་སོང་ནས། བསྐྱེད་རྫོགས་ཀྱི་ལམ་གྱི་འཕྲོ་སྦྱོང་སྟེ་རང་རང་གི་ལམ་སྟོན་དུ་གྱུར་པའི་རིག་པ་འཛིན་པ་ཡི་རྡོ་རྗེའི་བླ་མ་རྣམས་ནི་གནས་འདི་དང་ཞིང་འདིར་བཞུགས་འདིར་མི་བཞུགས་ཞེས་མེད་དེ་མོས་གུས་དག་པའི་སྣང་ངོར་རང་ཉིད་གང་དུ་སོང་བའི་ཞིང་དེར་མངོན་སུམ་རབ་ཏུ་བཞུགས་པའི་དྲུང་ནས། སྔགས་ཀྱི་ལྟ་བ་ཟབ་མོའི་བོགས་འདོན་དང༌། དེ་ལ་བརྟེན་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་ནུས་དེ། རིག་འཛིན་བླ་མའི་ཕྲིན་ལས་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པར་དད་ལྡན་རྗེས་སུ་བཟུང་བ་དང༌། སྣོད་མིན་ཚར་གཅོད་པ་སོགས་མོས་པ་དང་འཚམས་པར་དོན་བྱེད་པའོ། །ཞིང་འདི་དག་རང་གི་མོས་གུས་དང་དག་སྣང་སོགས་དགེ་བའི་ས་བོན་མཐུ་བརྟས་པ་དང༌། བསྐྱེད་རིམ་གྱིས་རང་སྣང་དག་པར་ཤར་བ་དང༌། རྫོགས་རིམ་གྱིས་རྩ་ཐིག་རླུང་སེམས་ལས་སུ་རུང་བ་སོགས་ཟབ་མོའི་བརྟུལ་ཞུགས་མཐར་སོན་པའི་གསང་སྔགས་ཀྱི་ནུས་མཐུ་རང་དབང་དུ་སོན་ཏེ་གྲུབ་པ་ཐོབ་པ་རྣམས་ལ་སྣང་བ་དེ་ལས་གཞན་མ་དག་པའི་རྟོག་དཔྱོད་རང་རྒྱུད་པས་འདོད་པ་ཅན་གྱི་སྒོ་ནས་སོང་ན་ཕྱིན་དུ་ཡོད་པ་ཡི་གནས་རིས་སུ་ཆད་པ་ཅན་མཐུན་སྣང་དུ་གྲུབ་པར་བསམ་པར་མི་བྱ་ལ་རང་སྣང་དག་པ་ཁོ་ན་ལ་སྣང་བར་ཤེས་པར་བྱའོ། །ཆོས་སྐུ་སྤྲོས་བྲལ་དེ་ཉིད་ཀྱི་ངང་ལས་སྣང་བའི་ལོངས་སྤྱོད་རྫོགས་པ་ཡི། སངས་རྒྱས་ཀྱི་སྐུ་ཡི་གནས་དྲུག་ལས་ཡི་གེའི་སྤྲིན་གྱི་ཕྲེང་བའི་འོད་ཟེར་རབ་ཏུ་འཕྲོས་པས་རིགས་དྲུག་གི་འཇིག་རྟེན་རྣམས་སུ་འགྲོ་བ་འདུལ་བར་བྱེད་པའི་སྤྲུལ་པའི་སྐུ་མཆོག་སྣང་བ་ནི། མཁའ་འགྲོ་སྙིང་ཐིག་ལས། ལོངས་སྐུ་ཡབ་ཡུམ་གྱི་ལྗགས་ལས། འ་ཆོས་ཉིད་སྤྲོས་དང་བྲལ་བའི་སྒྲ། ཨ་གཟུང་འཛིན་གཉིས་སྣང་དག་པའི་སྒྲ། ཧ་ཆོས་ཉིད་རང་བྱུང་གི་སྒྲ། ཤ་ཤེས་རབ་འགག་པ་མེད་པའི་སྒྲ། ས་ཆོས་ཉིད་རང་བྱུང་གི་སྒྲ། མ་ཆོས་ཉིད་མཉམ་པ་ཉིད་ཀྱི་སྒྲ་སྟེ། ཡི་གེ་དྲུག་པའི་འཁོར་ལོས་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་འཇིག་རྟེན་དྲུག་གི་ཕྱོགས་མཚམས་ཀུན་ཏུ་འབྲེལ་བས་ཕྱེད་སྤྲུལ་ཏེ། ལོངས་སྐུའི་དཀྱིལ་འཁོར་ལ་སྣང་བ་རང་བཞིན་སྤྲུལ་པའི་སྐུ་དང༌། ཐུབ་པ་དྲུག་སྟེ་འགྲོ་འདུལ་སྤྲུལ་སྐུ་དང༌། སོ་སོའི་སྣང་བ་དང་མཚུངས་པར་བཟོ་དང་སྐྱེ་བ་ལ་སོགས་པ་མ་དག་པ་སྤྲུལ་པའི་སྐུ་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བའི་དོན་མཛད་ཅེས་པ་ལྟར་མཐོ་རིས་གསུམ་དང་ངན་སོང་གསུམ་སྟེ། གནས་རིགས་དྲུག་གི་གདུལ་བྱ་སོ་སོའི་སྣང་བ་ལ་དེ་དང་འཚམ་པའི་སྤྲུལ་པ་བསྟན་ཏེ་འགྲོ་བ་དྲུག་པོར་རང་རང་གི་རྒྱལ་པོ་སོགས་མིང་གི་མངོན་བརྗོད་ལྷ་དབང་བརྒྱ་བྱིན་ལ་སོགས་པ་ལྟ་བུ་སྐལ་པ་དང་འཚམས་པར་རྗེས་སུ་འགྲོ་བའི། འདུལ་བྱེད་རིག་པའི་གསང་སྔགས་གྲུབ་པ་རྣམས་མཚན་དཔེ་ཅན་མེ་ཆུ་ཐོགས་པ་ཞིག་དམྱལ་གནས་སུ་མེད་མོད་རང་གི་སྣང་ཚུལ་གྱི་དབང་ལས་ཆོས་རྒྱལ་ལ་སོགས་པར་སྣང་ནས། དེ་དག་གིས་སྡུག་བསྔལ་གཏད་པའང་སྡུག་བསྔལ་ཟད་པའི་ཕྱིར་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་ནི་ངེས་པའོ། །ཞེས་འགྲེལ་པར་གསུངས་སོ། །དེ་ཡང་རང་གི་མོས་པ་དང་འཚམས་པར་ལྷའི་རྔ་བོ་ཆེ་སོགས་སྣང་ཚུལ་མཚོན་པའི་སྐྱེས་བུ་ཐུབ་པ་དྲུག་སོགས་གདུལ་བྱའི་བྱེ་བྲག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་ཡན་མན་དུ་རྒྱ་ཐེམ་བརྩེགས་པ་ལྟ་བུ་དང༌། ཕན་ཚུན་ཟ་འོག་ཁ་ཕྱེ་བ་ལྟ་བུ་ཚད་མེད་དུ་སྣང་བ་དེ་སྙེད་དང་མཉམ་པར་རབ་ཏུ་སྤྲུལ་ནས། གདུལ་བ་བཞི་ཡི་ཚུལ་གྱིས་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་བསམ་མི་ཁྱབ་པར་མཛད་དོ། །དེ་ཡང་དང་པོ་སྐུ་བསོད་ནམས་ཆེན་པོས་འདུལ་བ་ནི། དགའ་ལྡན་གནས་ནས་འཕོ་བ་སོགས་མཆོག་གི་སྤྲུལ་སྐུ་ཡི་མཛད་པ་ཆེན་པོ་བཅུ་གཉིས་སོགས་སུ་སྟོན་ནས་འགྲོ་དོན་མཛད་པ་ཡིན་ནོ། །གཉིས་པ་གསུང་གི་མཛད་པ་གདུལ་བྱའི་རྣ་བར་ཚིག་གི་སྡེབ་སྦྱོར་ལེགས་པ་དང༌། ཚངས་དབྱངས་དྲུག་ཅུ་དང་ལྡན་པའི་གསུང་གིས་བསྟན་པའི་ཐེག་པའི་རྣམ་གྲངས་ཉན་རང་བྱང་སེམས་སྟེ་ཐེག་པ་གསུམ་མམ་བླ་མེད་ཀྱི་ཐེག་པ་གཅིག་རྣམས་སྟོན་པར་མཛད་ལ་ཆོས་སྒོ་གང་ཡང་གདུལ་བྱའི་སེམས་ཅན་རང་རང་གི་འདུ་ཤེས་སྣ་ཚོགས་པའི་རྗེས་སུ་འགྲོ་བ་ཡིན་ཏེ། སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་ཆ་མཉམ་དང་བཅས་པ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་རེ་ཕྱེ་བའི་གྲངས་ཀྱི་གཉེན་པོར་དགོངས་ཏེ་གསུངས་པ་ལ་སྡེ་སྣོད་གསུམ་སྔགས་དང་བཅས་པ་བཞི་པོ་རེ་རེ་ལའང་ཉི་ཁྲི་ཆིག་སྟོང་རེ་ཕྱེ་བས་ཆོས་ཀྱི་སྒོ་འཕར་བརྒྱད་ཁྲི་བཞི་སྟོང་གྲངས་སུ་གསུངས་པ་ལྟར་སྣང་ཡང༌། རྣམ་པར་རྟོག་པའི་ཀུན་སློང་གིས་བསྐྱེད་ཅིང་ལྕེ་མཆུའི་རྩོལ་བས་སྒྲ་ཚིག་རང་མཚན་པ་མ་ཡིན་པར་གདུལ་བྱའི་སེམས་ཅན་གྱི་ཁམས་ལ་རྒྱལ་བའི་ཐུགས་རྗེའི་བྱིན་རླབས་ཀྱི་མཐུས་སྣང་བ་ཡིན་ཏེ། ངས་ནི་ཅི་ཡང་མ་བསྟན་ཏེ། །སེམས་ཅན་རྣམས་ལ་ཁྱབ་གདལ་སྣང༌། །ཞེས་པ་ལྟར་གསུང་གཅིག་གིས་ཀྱང་གདུལ་བྱའི་བློ་ཡི་ཁྱད་པར་སྣ་ཚོགས་པའི་ངོར་སོ་སོའི་རྣམ་པར་རིག་པ་དེ་ཉིད་དང་མཐུན་པར་ཐ་དད་པར་ཤར་བ་ཡིན་ནོ། །གསུམ་པ་ཐུགས་ཀྱིས་གདུལ་བ་ནི་གདུལ་བའི་དུས་འདུལ་བྱེད་ཀྱི་ཐབས་སྣ་ཚོགས་པར་དུས་གསུམ་ཆགས་ཐོགས་མེད་པར་མཁྱེན་ཅིང་གཟིགས་པ་སྔོན་གནས་རྗེས་དྲན་གྱི་མངོན་པར་ཤེས་པ་དང༌། དེ་ལྟར་དུས་གསུམ་གྱི་དངོས་པོ་ཐམས་ཅད་མ་འདྲེས་པར་གཟིགས་ཀྱང་འདི་ནི་དུས་སོ་ཞེས་མཚན་མ་ཅན་དུ་སོ་སོར་མི་རྟོག་སྟེ་དུས་གསུམ་སྐྱེ་མེད་ཀྱི་དབྱིངས་སུ་བག་ཆགས་རང་ཟད་གྱུར་པའི་དུས་བཞི་མཉམ་པ་ཉིད་ཀྱི། རང་བཞིན་གདོད་མའི་གནས་སྐབས་ཀུན་ཏུ་བཟང་པོའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་མཁྱེན་པ་ཟག་ཟད་མཁྱེན་པའི་མངོན་ཤེས་དང༌། གཞན་སེམས་ཅན་གྱི་དགེ་མི་དགེ་ལུང་མ་བསྟན་སོགས་སེམས་རྒྱུད་སྣ་ཚོགས་པ་མཁྱེན་པ་སྟེ་གཞན་སེམས་ཤེས་པའི་མངོན་ཤེས་དང༌། དེ་བཞིན་དུ་སེམས་ཅན་གྱི་མོས་པ་དང་མཐུན་པའི་དོན་སྤྱོད་པ་རྫུ་འཕྲུལ་ཆེན་པོའི་མངོན་ཤེས་དང༌། གཟིགས་པ་ལྷའི་སྤྱན་གྱིས་འཇིག་རྟེན་ཀུན་གྱི་སེམས་ཅན་རྣམས་འདི་ནས་འཆི་འཕོ་ཞིང་འདིར་སྐྱེའོ་ཞེས་སོགས་མཁྱེན་པ་ལྷ་ཡི་མིག་གི་མངོན་ཤེས་དང༌། གསན་པ་སྙན་གྱི་མངོན་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་ཀྱི་སྒྲ་གསན་པ་སོགས་ལྷའི་རྣ་བའི་མངོན་ཤེས་ཏེ་དྲུག་དང༌། གཞན་ཡང་མཁྱེན་པའི་སྟོབས་བཅུ་ལ་སོགས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔག་ཏུ་མེད་པའང༌། མདོར་བསྡུ་ན་མངོན་ཤེས་དྲུག་པོ་དེ་རྣམས་ཐུགས་ཀྱི་རྗེས་སུ་འགྲོ་བས་གདུལ་བྱ་དུས་ལས་སྐད་ཅིག་ཀྱང་ཡོལ་བ་མེད་པར་དོན་མཛད་དོ། །བཞི་པ་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་གདུལ་བར་བྱ་བ་ཀུན་ཏུ་འགྲོ་བའི་བློ་དང་མཐུན་པར་སྐུ་དང་ཞིང་ཁམས་ཉི་ཤུ་རྩ་ལྔ་སོགས་སྣ་ཚོགས་པ་དང༌། ཀུན་ཏུ་ཐུགས་སྤངས་རྟོགས་བསམ་གྱིས་མི་ཁྱབ་པ་དང༌། དེ་བཞིན་ཀུན་ཏུ་ཞལ་ཞི་བ་དང་ཁྲོ་བོ་སོགས་དང༌། དུས་ཀུན་ཏུ་གསུང་གི་གསང་བ་བསམ་མི་ཁྱབ་པ་ཡན་ལག་རྒྱ་མཚོའི་བརྡ་ཐབས་ཀྱིས་ཆོས་སྟོན་པའོ། །དེ་ལྟར་འདུལ་བཞི་པོས་འགྲོ་དོན་མཛད་པ་ན་སྐུ་གསུང་ཐུགས་གསུམ་གྱིས་ནི་དངོས་སུ་དོན་མཛད་ལ། ཕྲིན་ལས་ཀྱིས་ནི་དངོས་བརྒྱུད་གཉིས་ཀར་མཛད་ལ། མདོར་ན་ཀུན་དུ་མཛད་པ་ལྷུན་གྲུབ་རྒྱུན་མི་འཆད་དོ། །དེ་ལྟར་ཆོས་སྐུའི་དབྱིངས་ལས་ལོངས་སྐུ་དང་དེ་ལས་སྤྲུལ་པའི་སྐུ་མཆོག་རྣམས་ཀྱིས་མཁྱེན་ཆ་ཆོས་ཉིད་ལ་ལྟོས་ཇི་ལྟའི་ཡེ་ཤེས་ཀྱིས་ཟབ་མོ་དོན་དམ་བདེན་པ་དང༌། ཆོས་ཅན་གཟིགས་པ་ལ་ལྟོས་ཇི་སྙེད་མཁྱེན་པ་ཡི་ཡེ་ཤེས་ཀྱིས་ཀུན་རྫོབ་བདེན་པ་ཡི་ཆོས་ཐམས་ཅད་མ་འདྲེས་པར་སོ་སོར་མཁྱེན་པའི་ཡེ་ཤེས་གཉིས་པོ་དེ་ཉིད་ཀྱིས་གདུལ་བྱའི་རྒྱུད་འགྲོལ་ཞིང༌། དེ་ཡང་བརྗོད་བྱ་དོན་དང་ལྡན་པ་དང༌། རྗོད་བྱེད་ངག་ཚིག་དྲི་མ་མེད་པ་དང༌། བྱེད་ལས་ཉོན་མོངས་ཉེ་བར་སྤོང་བ་དང༌། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པ་སྟེ་ཁྱད་པར་བཞི་དང་ལྡན་པས་ཕྱི་རོལ་པ་ལ་སོགས་པས་བསྟན་པ་དང་མ་འདྲེས་ཤིང་ཐུན་མོང་དུ་མ་གྱུར་པའི་ཆོས་ཚུལ་མཐའ་ཡས་པར་སྟོན་པའོ། །དེ་ལས་ཡང་སྤྲུལ་རྣམ་པ་བརྗོད་མི་ལང་སྟེ་འགྲོ་བ་བསམ་གྱིས་མི་ཁྱབ་པར་དེ་སྙེད་སྤྲུལ་པའང་བསམ་གྱིས་མི་ཁྱབ་བོ། །འོན་ཀྱང་འགྲོ་བ་དྲུག་གི་གནས་རིགས་དེ་སྙེད་དུ། ལྷ་རྣམས་འདུལ་བྱེད་ཚངས་པ་དང༌། ལྷ་ཡི་དབང་པོ་བརྒྱ་བྱིན་དང༌། བདེ་འབྱུང་སྟེ་ཁྱབ་འཇུག་སོགས་གནས་རིགས་སོ་སོའི་གཙོ་བོས་འཁོར་རྣམས་ཀྱི་སྡུག་བསྔལ་སེལ་བར་བྱེད་ལ། དེ་བཞིན་དུ་མི་ལ་ཡང་ཐེག་པ་སོ་སོའི་རིགས་དང་མཐུན་པར་ཉན་རང་བྱང་སེམས་རྣམས་དང༌། དགེ་བཅུས་ཁྲིམས་ཀྱིས་འདུལ་བར་འོས་པའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། རྒྱལ་ཕྲན་བློན་པོ་སོགས་དང༌། དེ་བཞིན་ལྷ་མ་ཡིན་ལ་ཐག་བཟང་རིས་ལ་སོགས་དང༌། བྱ་རྣམས་ལ་ཤིང་རྟ་མོ་དང༌། རྨ་བྱའི་རྒྱལ་པོ་གསེར་ལྡན་དང༌། སྲེག་པ་ལ་སོགས་པ་དང༌། རི་དྭགས་རྣམས་ཀྱི་ཕྱིར་དུ་སེངྒེའི་རྒྱལ་པོ་ཡི་དམ་བརྟན་པ་དང༌། ཤ་ར་བྷ་དང༌། ཀུནྡ་ལ་སོགས་པ་སྤྲུལ་པའི་རྣམ་རོལ་རྡོ་ཤིང་ཡན་ཆད་བསམ་གྱིས་མི་ཁྱབ་བོ། །མདོར་ན་དམྱལ་བ་ཡི་དྭགས་ཀྱི་འགྲོ་བ་སོགས་སེམས་ཅན་རྣམས་གང་དང་གང༌། འདུལ་བྱེད་དེ་དང་དེ་འདྲའི་གཟུགས་སྤྲུལ་ནས། སེམས་ཅན་དོན་ལ་སྙོམས་ལས་དང་གཞན་དབང་སོགས་དུས་ནམ་ཡང་གཡེལ་བ་མེད་པར་སྤྲུལ་པའི་རྣམ་པར་རོལ་པའི་གྲངས་འདི་ནི་ཕྱོགས་བཅུའི་འཇིག་རྟེན་དྲུག་གི་ཞིང་རབ་འབྱམས་རྣམས་སུ་སྣང་བ་ཡིན་ལ། འཇིག་རྟེན་དྲུག་ནི། གསང་སྙིང་ལས། ལས་ཀྱི་དབང་གིས་སྣྲེལ་གཞི་དང་ཡན་མན་གྱི་འཇིག་རྟེན་དྲུག་གི །ཞེས་སྣྲེལ་གཞི་དང་ཡན་མན་གྱི་སེམས་ཅན་གནས་པའི་སྣོད་ཀྱི་བྱེ་བྲག་གྲུ་བཞི་དང༌། ཟླུམ་པོ་དང༌། ཟླ་གམ་དང༌། གྲུ་གསུམ་དང༌། གཞི་ཕྱལ་པ་དང༌། སྟེང་གཡོགས་མེད་པ་སྟེ་དྲུག་གོ །སྣྲེལ་གཞི་ཞེས་པ་སོགས་ནི་ཕལ་པོ་ཆེ་ལས། ལས་ཀྱི་བྱེ་བྲག་བསམ་མི་ཁྱབ། །དམྱལ་བའི་འཇིག་རྟེན་ཐུར་འཕྱང་ཞིང༌། །གཤིན་རྗེའི་འཇིག་རྟེན་སྣྲེལ་གཞི་སྟེ། །བྱོལ་སོང་ལྷ་མི་གྱེན་དུ་འགྲོ། །ཞེས་པ་ལྟར་རོ། །དེ་ལྟར་འཇིག་རྟེན་དྲུག་གི་འགྲོ་བ་དེ་དག་རང་རང་གིས་ལས་བསགས་ཚུལ་དང༌། ལས་དེས་བག་ཆགས་དགེ་བ་དང་སྡིག་པ་དང་འདྲེས་མ་དག་བྱས་པའི་རྒྱུ་ལས་ནི་འབྲས་བུའི་དུས་ཀྱི་གནས་རིགས་ལྷའི་བདེ་བ་དང༌། དམྱལ་བའི་སྡུག་བསྔལ་ཁོ་ནར་སྤྱོད་པ་དང༌། མི་སོགས་འགའ་ལ་འདྲེས་མ་དང༌། ལྷ་མི་སོགས་སྟེང་དང༌། ངན་འགྲོ་འོག་སྟེ་མཐོ་དམན་ལྟར་འཁྲུལ་ངོར་སྣང་བའི་གནས་སྐབས་རྒྱལ་བའི་ཐུགས་རྗེས་རྣམ་པར་འཕྲུལ་པ་ཡང་ཚད་མེད་པར་འགྲོ་བ་རང་རང་གི་སྣང་བ་དང་མཐུན་པའི་སྟོན་པས་དོན་སོ་སོར་མཛད་ཅིང༌། ཆོས་ཀྱང་མ་ངེས་པ་སྣ་ཚོགས་སུ་གདུལ་བྱའི་བློ་རྟོག་ལྟར་སྣང་སྟེ། སྤྱིར་རྒྱལ་བའི་བཀའ་ལ་ཞལ་ནས་གསུངས་པ་དང༌། བྱིན་གྱིས་བརླབས་པ་དང༌། རྗེས་སུ་གནང་བའི་བཀའ་གསུམ་དུ་ཡོད་ཅིང༌། བྱིན་གྱིས་བརླབས་པ་ལའང་གསུམ་ལས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་གསུམ་དུ་ཡོད་པར་གསུངས་པས་མཚོན་སྟོན་པ་པོའང་མ་ངེས་ཏེ། བཤད་སྦྱར་ལས། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང༌། །པདྨོ་དག་དང་དཔག་བསམ་ཤིང༌། །རྔ་བོ་ཆེ་ལས་བྱུང་བ་ཡང༌། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་དང༌། སྡུད་པ་ལས། རྒྱལ་བའི་ཉན་ཐོས་གང་དག་ཇི་སྙེད་ཆོས་སྟོན་དང༌། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང༌། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཅིའི་ཕྱིར་ཞེ་ན་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །དེ་ལ་མི་མཆོག་སློབ་མར་གྱུར་པས་མངོན་བསླབས་ཤིང༌། །མངོན་སུམ་བྱས་ནས་བསླབ་པ་ཇི་བཞིན་སྟོན་བྱེད་པ། །སངས་རྒྱས་མཐུས་བྱེད་རང་གི་སྟོབས་ཀྱི་མཐུས་མ་ཡིན། །ཞེས་པ་ལྟར་རོ། །སྟོན་ཚུལ་ཡང་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་སྤོས་ཀྱི་ཡོངས་སུ་བརྩེགས་པའི་ཞིང་ཁམས་ན། བྱང་ཆུབ་སེམས་དཔའ་སྤོས་ཀྱི་ཤིང་ཆེན་པོའི་དྲུང་ན་གནས་པ་ན། ཤིང་དེའི་དྲི་ཚོར་བ་ཙམ་གྱིས་རྒྱུད་ལ་རྣམ་པར་ཐར་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ན་ལ་ལ་ཁ་ཟས་ཟོས་པས། ལ་ལ་ཆོས་གོས་གྱོན་པས། ལ་ལ་སྐུ་ལ་བལྟས་པས། ལ་ལ་རྨི་ལམ་ལ་སོགས་པས་སངས་རྒྱས་ཀྱི་མཛད་པ་ཉེ་བར་བསྒྲུབ་པའང་ཡོད་དེ་བསམ་གྱིས་མི་ཁྱབ་བོ། །ཞེས་སྒྲ་ཚིགས་མ་ངེས་པར་སྣང་ཚུལ་དཀོན་མཆོག་བརྩེགས་པ་ལས་བྱུང་བ་བཞིན་ནོ། །དོན་མཛད་པའི་དུས་ཀྱང་མ་ངེས་པར་གདུལ་བྱ་རང་རང་གི་སྐལ་བ་དེའི་རྗེས་སུ་འགྲོ་བ་ཡིན་ལ། མ་དག་ཞིང་གི་འགྲོ་བ་མཐའ་དག་ལ་དེ་ལྟར་སྣང་བ་ཡིན་ནོ། །གདུལ་བྱའི་འགྲོ་བ་གང་ཞིག་ལ་འདུལ་བྱེད་ཀྱི་སྤྲུལ་པ་སྣ་ཚོགས་སྣང་བ་ཡང་དྲི་བྲལ་རང་བཞིན་ཤེས་པའི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་པ་དང༌། སེམས་ཅན་སོ་སོའི་སྨོན་ལམ་དང་དགེ་བའི་ལས་སྣང་འཛོམ་པ་ལས། ནང་གསལ་དབྱིངས་ཀྱི་སྐུ་གསུམ་པའི་ཐུགས་རྗེ་ཕྱིར་གསལ་དུ་ཤར་བའི་ཡེ་ཤེས་དང་ཕྲིན་ལས་དག་པའི་གཟུགས་སྐུ་གཉིས་དང༌། ཁྱད་པར་སོ་སྐྱེའི་ངོར་མཆོག་སྤྲུལ་ཤཱཀྱ་སེངྒེ་སོགས་འགའ་ཞིག་སྣང་བ་ནི་གཉིད་དུ་སོང་བའི་རྨི་ལམ་གྱི་ནང་དུ་སངས་རྒྱས་མཐོང་བ་ལྟར་རང་གི་སེམས་སྣང་ཙམ་ཡིན་ལ། རྨི་ལམ་ལྟ་བུར་སྤྲུལ་པའི་ཆོས་བསྟན་པ་དེ་གཉིས་པོ་ལ་ཡང་ངོ་བོ་ཉིད་མེད་ཀྱང་སངས་རྒྱས་ཞེས་རང་བཞིན་གཉིས་པ་ཞིག་མ་གྲུབ་ལ། གང་ལ་སྣང་བའི་སེམས་དེ་ཡང་བདག་མེད་ཅིང་འོད་གསལ་བ་དང༌། གང་ཞིག་སྣང་བའི་སངས་རྒྱས་དེ་ཡང་སྟོང་པ་ཉིད་རང་བཞིན་མེད་པས་གསོག་ཏུ་རིག་པར་བྱའོ་ཞེས་ཟབ་མོའི་མདོ་སྡེ་དག་ལས་གསུངས་ཏེ། དཀོན་མཆོག་བརྩེགས་པ་ལས། ངས་ནི་རྨི་ལམ་ལྟ་བུའི་འགྲོ་བ་ལ། །རྨི་ལམ་ལྟ་བུར་སྤྲུལ་ནས་ཆོས་བསྟན་ཡང༌། ངོ་བོ་མེད་དེ་རང་བཞིན་གཉིས་སུ་མེད། །བདག་མེད་སྟོང་པ་གསོབ་ཏུ་རིག་པར་བྱ། །ཞེས་སོ། །རྒྱུ་མཚན་དེ་བས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྨི་ལམ་ལྟ་བུའི་རོལ་པ་ལ་ཡིན་པའི་ཕྱིར་དང༌། གདུལ་བྱའི་སྣང་བའི་སྤྲུལ་པའི་སངས་རྒྱས་ཀྱང་ངོ་བོ་ཡེ་ནས་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ལས་མ་གཡོས་ན་ཡང་སྤྲུལ་པའི་གཟུགས་བརྙན་གདུལ་བྱ་ཉིད་དང་མཐུན་པར་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ལྟར་སྣང་བའི་ཕྱིར། རང་བཞིན་མེད་པ་འཁོར་འདས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་མ་དག་པའི་འགྲོ་ངོར་ཐུགས་རྗེས་རོལ་པའི་སྤྲུལ་པ་སྣང་བ་ཡང༌། ཇི་སྲིད་འཁོར་བ་མ་སྟོངས་པ་དེ་སྲིད་དུ་གདུལ་བྱ་དེའི་རྗེས་སུ་འགྲོ་བའི་དོན་རྒྱུན་མི་འཆད་པར་སྣང་ལ། དེ་ལྟར་གདུལ་བྱ་འདུལ་བྱེད་གཉིས་ཀྱང་དབྱིངས་གཅིག་ལས་མ་གཡོས་བཞིན་དྲི་བཅས་གནས་སྐབས་ན་འཁོར་བ་དང༌། དྲི་མ་ལས་གྲོལ་བའི་ཚེ་མྱང་འདས་རྣམ་འགྱུར་དུ་ཤར་བའི་གནས་ལུགས་གཤིས་ཐོག་ཏུ་ཕེབས་པ་ལ་དེ་ཁོ་ན་ཉིད་མཐོང་བའི་སྐྱེས་བུ་ཞེས་བྱ་སྟེ། ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་ལས། སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཅན་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་སུས་ཤེས་སྐྱེས་བུ་མཆོག་ཏུ་འགྱུར། །ཞེས་སོ། །འདིར་བཤད་པའི་རང་བཞིན་སྤྲུལ་སྐུ་འདི་མདོ་ཕྱོགས་སུ་ལོངས་སྐུ་ཡིན་པས་དེ་ཉིད་ངང་ནས་ངོ་བོ་ཐ་མི་དད་ཀྱང་ཐུབ་དྲུག་སོགས་སེམས་ལྡན་དང་བེམ་པོ་སོགས་སྣ་ཚོགས་སུ་སྤྲུལ་པ་ནི། ཡིད་ཀྱི་བྱེད་པ་པོ་དང་ཆོས་སུ་བྱ་བ་མེད་བཞིན་དུ་རི་བྲག་ཡུལ་ལྗོངས་ལ་སོགས་པར་སྐུ་གསུང་ཐུགས་རྟེན་རྣམས་རང་བཞིན་དུ་བྱོན་པར་སྣང་བ་དང༌། ཡུལ་ཉེར་བཞི་ལ་སོགས་པའི་བཀོད་པ་དང༌། མགར་བ་ལྷ་བཟོ་སོགས་ཀྱི་འདུ་བྱེད་ལས་བྱུང་བ་ཡི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྣང་བརྙན་འབུར་དུ་བྱས་པ་དང་རིས་སུ་བྲིས་པ་དང༌། ཐགས་སུ་བཏགས་པ་སོགས་རྒྱལ་བའི་ཕྲིན་ལས་ཡིན་ཏེ། མདོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ཏེ། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་དང༌། ཁྱད་པར་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་ནས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་སྣང༌། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་གྱིས། །ཞེས་པ་ལྟར་ཁྱད་པར་ཅུང་ཟད་ཙམ་ཡོད་པ་མ་ཡིན་ནོ། །གཞན་ཡང་གནྡྷོ་ལ་སྟེ་གཙུག་ལག་ཁང་དང༌། ཁང་བཟང་དང༌། སྐྱེད་མོས་ཚལ་དང༌། གནས་ཁང་ཉེར་སྤྱད་གང་ཡང་མེད་པའི་མྱ་ངམ་ཐང་དུ་འཁྱམས་པ་རྣམས་ལ་སྤྲུལ་པའི་གྲོང་ཁྱེར་དུ་སྣང་བ་དང༌། མེ་ཏོག་སྣ་ཚོགས་པའི་པདྨའི་ཚལ་དང༌། དགོས་འདོད་འབྱུང་བའི་དཔག་བསམ་ཤིང་དང༌། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། ཆུ་བོ་རྣམས་ལ་གྲུ་དང༌། གཟིངས་དང༌། ཟམ་པ་དང༌། དེ་བཞིན་དུ་བགྲོད་པར་བྱེད་པའི་ཤིང་རྟ་དང༌། ཟས་གོས་ལ་སོགས་པ་གང་ལ་གང་འདུལ་གྱིས་སེམས་མེད་བེམ་པོའི་ཚུལ་དུ་སྣང་བ་རྣམས་རང་གི་སྒྲིབ་པའི་མཐུས་དངོས་སུ་མི་སྣང་ཡང༌། སྡུག་བསྔལ་ལས་ཐར་བ་དང་བདེ་བ་ལྡན་པའི་གཞིར་གྱུར་པའི་ཐབས་དང་བཅས་པ་རྣམས་སོ། །སྐྱེ་བ་སྤྲུལ་སྐུ་ནི་དངོས་སམ་བརྒྱུད་ནས་ཕན་འདོགས་པར་བྱེད་པ་སྟེ། མུ་གེའི་ཚེ་ན་ཉ་ཡི་རྒྱལ་པོ་པདྨ་སྐྱེས་ཏེ་ཉ་བོ་ཆེ་རུ་སྤྲུལ་ནས་རང་གི་ཤ་ཡིས་ཚིམ་པར་བྱེད་པ་དང༌། སྨན་གྱི་གསོར་མི་རུང་བའི་ནད་ཀྱིས་གདུངས་བའི་སྐྱེ་བོ་རྣམས་ལ་སྲོག་ཆགས་དེས་པ་རུ་སྤྲུལ་ནས་རང་གི་ཤ་ཟ་རུ་བཅུག་ནས་ནད་སེལ་བར་བྱེད་པ་དང༌། མི་མང་པོ་སྲིན་མོའི་གླིང་དུ་སྲོག་གི་འཇིགས་པས་མནར་བ་ལ་ཅང་ཤེས་བ་ལ་ཧ་རུ་སྤྲུལ་ནས་བསྒྲལ་བ་དང༌། མི་གཙང་བའི་འདམ་དུ་སྐྱེས་པའི་སྲིན་བུའི་རིགས་རྣམས་ལ་གསེར་གྱི་བུང་བ་ལ་སྤྲུལ་ནས་སྒྲས་བུང་བུང་ཞེས་བསྒྲགས་པས་ཚེ་འཕོས་ཏེ་ཐམས་ཅད་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་ཁ་ན་སྤོས་ཀྱི་དྲི་ངད་ལྡང་བ་ཞེས་བྱ་བ་ཤ་སྟག་ཏུ་གྱུར་པ་སོགས། སྤྲུལ་པ་སྣ་ཚོགས་སུ་རྣམ་པར་སྣང་བ་ཀུན་གནས་སྐབས་དང་མཐར་ཐུག་ཕན་པ་དང་བདེ་བའི་གཞིར་གྱུར་ན་ཡང༌། འདི་ལྟར་དོན་བྱེད་སྙམ་པའི་རྟོག་པ་མེད་ཅིང༌། བྱེད་རྩོལ་གྱི་གཡོ་བ་མེད་བཞིན་དུ་ཇི་སྐད་བཤད་པ་དེ་ལྟ་བུའི་སྤྲུལ་པས་འགྲོ་བའི་དོན་ཆེན་གྱིས་ནི་དངོས་དང་བརྒྱུད་ནས་ཕན་བདེའི་དཔལ་དུ་ཉེ་བར་གནས་ཏེ། ལས་བརྒྱ་པ་ལས། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་མི་མངའ། །ཞེས་སོ། །དེ་ལྟ་བུའི་ཕྲིན་ལས་དེ་དང་པོར་ཡང་དབྱིངས་ལས་བྱུང་ཞིང་མཐར་ཡང་དབྱིངས་སུ་སྤྲོས་པ་ཉེ་བར་ཞི་ཚུལ། གལ་ཏེ་སྐུ་དངོས་ཀྱིས་གདུལ་བར་བྱ་བའི་དུས་ཡོལ་ཏེ་དོན་མཛད་ཟིན་ནས་གདུལ་བྱ་སྤྱི་དང་བྱེ་བྲག་གང་ཡང་མེད་པའི་གནས་སྐབས་ན། དེ་འདུལ་བྱེད་ཀྱི་གཟུགས་སྐུ་དབྱིངས་སུ་ནུབ་པར་གྱུར་པའི་ཚུལ་དེ་མཚོན་པར་བྱེད་པའི་དཔེ་ནི། ཇི་ལྟར་ན་ས་སྟེང་གི་ཆུ་སྣོད་གང་ཡང་རུང་བ་དེ་མེད་ཚེ་དེར་ཤར་བའི་ཆུ་ཟླའི་གཟུགས་བརྙན་དེ་ཡང༌། སྤྲུལ་གཞི་ནམ་མཁའི་ཟླ་བ་ཉིད་ལ་ཐིམ་པ་ཞེས་གཅིག་ལ་གཅིག་འདྲེས་པ་ལྟ་བུ་མིན་ཀྱང་གར་སོང་ཆ་མེད་དུ་ཡལ་བ་ལྟར། དག་མ་དག་གི་གདུལ་བྱའི་སྣང་བས་བསྡུས་པའི་སྤྲུལ་པ་ནས་རང་བཞིན་སྤྲུལ་པའི་བར་དུ་སྣང་བ་རྣམས། རང་སྣང་དོན་གྱི་འོག་མིན་ལོངས་སྤྱོད་རྫོགས་པའི་དབྱིངས་སུ་ཐིམ་ནས་དབྱེར་མེད་དུ་གྱུར་ཏེ་སྣང་ཆ་མི་མངོན་ནོ། །རང་སྣང་ལོངས་སྐུ་དེ་ཡང་ཆོས་སྐུར་ཐིམ་ཚུལ་དཔེར་ན་ཚེས་བཅུ་དྲུག་ནས་གནམ་སྟོང་གི་བར་དུ་ཟླ་བ་གཅིག་ཤོས་ནས་གཅིག་ཏུ་ཐིམ་པའམ་གཏན་མེད་དུ་སོང་བ་མེད་ཀྱང་ཕྱིར་གསལ་གདངས་ནང་དབྱིངས་འོད་སྣང་ཕྱིར་སྤྲོས་པ་མེད་པའི་གཏིང་གསལ་གྱི་ངང་ཐིམ་པ་ལྟར། ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་རང་སྣང་དུ་ཤར་བ་དེ་ཡང་ནང་དབྱིངས་སྤྲོས་པ་མེད་པའི་ཆོས་ཀྱི་སྐུའི་ཡེ་ཤེས་ཆེན་པོར་འཁྱིལ་བ་སྟེ། སྒྲོན་མ་སྣང་བྱེད་ལས། ཆོས་སྐུའི་ཡེ་ཤེས་གཞི་གནས་ཏེ། །ཤེས་པའི་ཆ་ནས་གསལ་བྱེད་ལ། །འཛིན་པ་རགས་པའི་རྟོག་པ་མེད། །ངང་ངམ་ཤུགས་ཀྱི་ཐུགས་རྗེ་འོ། །གསལ་ཞིང་ཤེས་པ་རིག་དང་བཅས། །ཆ་ལ་འདྲེས་པ་མེད་པར་གནས། །ཞེས་སོ། །དེ་ལྟ་བུའི་སྐུ་གསུམ་གྱི་དགོངས་པ་རོ་གཅིག་ཏུ་གྱུར་པའི་གནས་སྐབས་དེ་ཉིད་ལ། དབུ་མ་ཐལ་འགྱུར་བ་རྣམས་ནི་སེམས་དང་སེམས་བྱུང་གི་འཇུག་པ་གཉིས་སྣང་ཤིན་ཏུ་ཕྲ་བའང་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་དབྱིངས་སུ་བུད་ཤིང་ཟད་པའི་མེ་བཞིན་ཞི་བའི་ཚེ། ཐེག་དམན་གྱི་དགྲ་བཅོམ་ལྟ་བུ་བག་ཆགས་ཕྲ་བའང་མ་ཟད་པའི་འགོག་པ་ཉི་ཚེ་བ་ཙམ་མ་ཡིན་པར་རྒྱལ་བའི་འགོག་པ་མཐར་ཐུག་དམ་པ་ཞེས་འདོད་ལ། འཇུག་པ་ལས། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་སོ། །ཆོས་སྐུ་དབྱིངས་སུ་འཁྱིལ་ཚུལ་འདིར་རང་བཞིན་རྫོགས་པ་ཆེན་པོའི་ལུགས་སུ་ནི། གློ་བུར་གྱི་དྲི་མ་ཚོགས་བརྒྱད་དང་བཅས་པའི་ཁམས་གསུམ་གྱིས་བསྡུས་པའི་སེམས་དང་སེམས་བྱུང་ཐམས་ཅད་འགགས་ཀྱང་སོ་སོ་རང་རིག་ཡེ་ཤེས་ཉིད་ནི་འགག་པ་མ་ཡིན་ཏེ། ཡོན་ཏན་མཐའ་དག་ཉི་མ་དང་ཟེར་བཞིན་རྒྱུན་མི་འཆད་པ་ལྐོག་གྱུར་དུ་ཡོད་ཚུལ། ཀུན་གསལ་ལས། གནམ་སྟོང་ནུབ་མོ་ཟླ་བ་རྫོགས་གྱུར་ཀྱང༌། །ཉི་མའི་སྟོབས་ཀྱིས་མངོན་དུ་མི་སྣང་བས། །ཚེས་གཅིག་གོང་ནས་བཅོ་ལྔར་རྫོགས་གྱུར་ཏེ། །དེ་ནས་ཟླ་བ་བསྐྱེད་དུ་མེད་པ་ལྟར། །རིན་ཆེན་སྦུབས་ལ་འདུ་འབྲལ་མེད་ཀྱིས་ཀྱང༌། །འཁྲུལ་པའི་སྟོབས་ཀྱིས་མངོན་དུ་གསལ་མ་ནུས། །ཞེས་པ་ལྟར་སློབ་ལམ་པས་སྒྲིབ་པ་རིམ་གྱིས་བསལ་ནས་སངས་རྒྱས་པའི་ཚེ་ན་ཕྲ་ཞིང་རྟོགས་དཀའ་བའི་ཡེ་ཤེས་ནང་གསལ་ཆོས་ཀྱི་དབྱིངས་དང་དབྱེར་མེད་དུ་གཟུགས་སྐུ་ཕྱིར་གསལ་གྱི་ཆ་ཐིམ་ལ་གདངས་འགག་པ་མེད་ཅིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་ན་རང་བཞིན་མ་རྨུགས་པ་གཞོན་ནུ་བུམ་པའི་སྐུ་ནང་གསལ་མངོན་དུ་གྱུར་ཏེ་ཟླ་བ་ཉ་གང་བ་ལྟར་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་དེ་ལས་གོང་དུ་བགྲོད་པ་མེད་ལ། ཐུགས་རྗེའི་ཟེར་རམ་གདངས་དེ་ཡང་གནས་དུས་གང་དུ་གདུལ་བྱའི་ཡུལ་འགྲོ་བ་སྣང་བ་དེའི་མོད་ཉིད་ལ། འགག་པ་མེད་པ་ཐུགས་རྗེའི་གདངས་ལས་ཡེ་ཤེས་ཕྱིར་གསལ་སྐུ་དང་ཕྲིན་ལས་རྒྱུན་མི་འཆད་པར་རྩོལ་མེད་དུ་མཆེད་པའི་གཞི་རུ་གྱུར་པ་སྟེ། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་ཅིང་ཤིན་ཏུ་མཉམ་པར་བཞག་པ་གཉིས་སྣང་མཐའ་དག་དབྱིངས་སུ་ནུབ་པའི་ཆོས་ཉིད་ནི། འབྲས་བུ་སངས་རྒྱས་ཁོ་ནའི་མ་འདྲེས་པའི་ཆོས་མཉམ་པར་མ་བཞག་པ་མེད་པའི་ཡོན་ཏན་ལྷུན་གྲུབ་ཆེན་པོའི་གོ་འཕང་ཡིན་ལ། དེ་ཡང་དབྱིངས་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུའི་ངང་ན། ཉི་མ་དང་ཟེར་བཞིན་སྐུ་དང་ཡེ་ཤེས་བྲི་གང་འཕོ་འགྱུར་མེད་པར་ལྷུན་གྲུབ་ཏུ་བཞུགས་ཏེ། ཀུན་མཁྱེན་ཆེན་པོའི་གསང་འགྲེལ་ལས། རྒྱུད་ཀྱི་མཛད་པ་རྫོགས་ནས་དགོངས་པ་ཆོས་ཉིད་དུ་བཞུགས་པའི་ཚུལ་བརྗོད་པའི་སྐབས་སུ། རྒྱུད་ཀྱི་དོན་དེ་སྐད་ཅེས་བརྗོད་པས་རང་སྣང་འོད་གསལ་དུ་བཀོད་པའི་དེ་བཞིན་གཤེགས་པ་རིགས་ལྔ་ཏིལ་གྱི་གོང་བུ་ལྟར་ཇི་སྙེད་ཀྱིས་ནམ་མཁའི་དབྱིངས་ཀྱི་མཐའ་དབུས་ཁྱབ་པ་དེ་དག་ཐམས་ཅད་གཉིས་སུ་མི་དམིགས་ཤིང༌། ངོ་བོ་དབྱེར་མེད་པར་དགྱེས་ནས་དུས་གསུམ་འཕོ་འགྱུར་མེད་པའི་ངང༌། གཞི་རྫོགས་ལྷུན་གྱིས་གྲུབ་པའི་རང་བཞིན། དུས་བཞི་ཆོས་ཉིད་འཁོར་ལོ་མཉམ་པ་ཉིད་ཀྱི་དབྱིངས་སུ་མཐའ་དབུས་མེད་པའི་ཞིང་ཁམས་སྣང་ཞིང་བཀོད་པ་ཐམས་ཅད་སྟོན་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ལས་ལྷུན་སྟ?་པོ་བཀོད་པའི་རྒྱན་ཉིད་དུ་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཉིད་དེ། ནམ་མཁའ་བཞིན་དུ་རང་བཞིན་འཕོ་འགྱུར་དང་འཕེལ་འགྲིབ་མེད་པའི་ཚུལ་གྱིས་བཞུགས་སོ། །ཞེས་སོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་ལས། མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པའི་ཚོམས་ཏེ་ལེའུ་བཅུ་གསུམ་པས་གཞུང་དོན་ཡོངས་སུ་རྫོགས་སོ།། །།སྤྱིར་བསྟན་བཅོས་རྩོམ་པ་དང་དགོངས་འགྲེལ་སོགས་རང་སྟོབས་ཀྱི་ཤེས་རབ་ཀྱིས་འགྲེལ་བ་རྒྱུ་གསུམ་ཚང་དགོས་ཚུལ་ནི། གཞུང་འདི་རྩོམ་པ་པོ་བདག་རྒྱུད་མཚན་ཉིད་འཕགས་པ་ས་ཐོབ་ལ་སོགས་པའི་སྣོད་ཀྱི་དཔྱད་པ་ཐམས་ཅད་ཡོངས་སུ་རྫོགས་ཏེ་མ་ཚང་བ་མེད་པར་གྱུར་པ་ནི། འཕགས་བོད་ཀྱི་མཁས་གྲུབ་རྒྱལ་སྲས་སློབ་མར་གྱུར་པའི་བསྟན་བཅོས་བྱེད་པ་པོ་རྣམས་ཡོན་ཏན་ལེགས་པར་ཚང་ནས་རྒྱལ་ཚབ་ཏུ་གྱུར་པའི་བསྟན་པའི་ཆོས་མཛོད་འཛིན་པས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་སོགས་མཛད་པ་བཞིན་འདིར་ཡང་ཆུ་དྭངས་པར་གཟུགས་བརྙན་འཆར་བ་ལྟར་བསམ་ཡས་མཆིམས་ཕུར་སྒྲུབ་པར་གཞོལ་བའི་ཚེ། བདེ་གཤེགས་རི་རབ་མར་མེ་རྒྱལ་མཚན་དུ་འགྱུར་བའི་འཇིག་རྟེན་གསུམ་གྱི་མགོན་པོ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་སྐུས་བྱིན་གྱིས་བརླབས་ཏེ་ཡེ་ཤེས་ཀྱི་སྐུའི་ཞལ་མངོན་སུམ་དུ་མཐོང༌། གསུང་གིས་བྱིན་གྱིས་བརླབས་ཏེ་བསྟན་བཅོས་རྩོམ་པའི་གནང་བ་བྱིན། ཐུགས་ཀྱིས་བྱིན་གྱིས་བརླབས་ཏེ་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཏེ་དེ་ལྟར་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས། ཐུགས་རྗེས་དབུགས་འབྱིན་པར་མཛད་པས་བསྟན་བཅོས་རྩོམ་པའི་སྤོབས་པ་སྐྱེས་པ་ཡིན་གྱི། གལ་ཏེ་དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་ན། རྣམ་གྲོལ་གྱི་ལམ་མིན་ལས་སྣ་ཚོགས་པའི་འཁོར་བའི་གཡང་སར་རྟག་ཏུ་འཕྱན་པར་འགྱུར་བས་ན་དལ་བའི་རྟེན་བཟང་སྟོང་ལོག་བྱས་པར་ཟད་དོ། །རྒྱུ་མཚན་དེ་ཕྱིར་ན་གཞུང་འདི་ལ་བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ལེགས་པར་ཚང་བས་བཤད་པའི་ཆ་སྐྱོན་མེད་རྣམ་དག་མཆིས་པ་ནི། བླ་མའི་བྱིན་རླབས་དང་རང་གིས་བསྒོམས་བྱུང་གི་སྟོབས་ཀྱིས་ཆོས་ཉིད་བདེན་པ་མངོན་སུམ་དུ་མཐོང་ཞིང༌། དེ་ལྟར་མཐོང་བ་དེ་ཡང་ཡི་དམ་ལྷ་དང་འདུ་འབྲལ་མེད་ཅིང་མངོན་སུམ་ལ་ཤེས་བྱ་བདེན་གཉིས་ཀྱི་རྣམ་བཞག་སོ་སོར་འབྱེད་པའི་ཤེས་རབ་ངང་གིས་སྐྱེས་ཏེ་རྒྱུ་དེ་རྣམས་ཚང་བ་ལས་བརྩམས་པ་ཡིན་གྱི་མངོན་སུ་མ་མཐོང་བཞིན་རྗེས་དཔག་ཐོས་བསམ་གྱི་རྟོག་གེའི་རིག་པས་མཆོག་འཛིན་སོགས་མ་བསྐྱེད་པས་ན། ཉེས་འགལ་མེད་ཀྱང་གྲུབ་མཐའ་འཛིན་པ་པོ་རྣམས་རང་རང་གིས་འདོད་པའི་གཞུང་གི་ཕྱོགས་དང་འགལ་ན་འཆགས་ལ་བཟོད་པར་མཛོད་ཅེས་པའོ། །རྒྱལ་བས་དྲང་ངེས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་རྒྱ་ཆེ་ཞིང་གཏིང་དཔག་དཀའ་བའི་དོན་ནི། ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ཉིད་ལས། །དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་ཤིང༌། རྗེས་ཐོབ་ལ་ཇི་སྙེད་པའི་ཆོས་ཐམས་ཅད་མ་ནོར་མ་འདྲེས་པར་སོ་སོར་མཁྱེན་པའི་ཡེ་ཤེས་ཀྱིས་རྟོགས་པའི་གནས་ཡིན་གྱི། དེ་ལས་གཞན་དུ་ཕྱོགས་ཙམ་ལས་ཇི་བཞིན་མི་རྟོགས་ལ། ཁོ་བོས་ནི་མཁྱེན་གཉིས་ཡེ་ཤེས་མངོན་དུ་གྱུར་ནས་གསུང་རབ་ཀྱི་དགོངས་དོན་ཟབ་མོ་ཡང་དག་བར་མཐོང་ནས་བརྩམས་པ་འདི་ལ། ཤེས་རབ་གསུམ་གྱིས་ཞུགས་ཏེ་ཉམས་སུ་བླང་ན་ནམ་ཡང་བསླུ་བ་མེད་དོ་ཞེས་གདམས་པར་མཛད་དོ། །དེ་ལྟར་ལེགས་པར་བརྩམས་པའི་དགེ་བ་འདི་ཡི་མཐུ་ལ་བརྟེན་ནས་བདག་དང་མཐའ་ཡས་པའི་སེམས་ཅན་རྣམས། རྒྱལ་བའི་རིང་ལུགས་ནོར་བ་མེད་པའི་ཐེག་ཆེན་མདོ་སྔགས་ཀྱི་ལམ་བཟང་པོ་སྒྲིབ་པ་གཉིས་ཀྱི་རྙོགས་པ་དྭངས་པའི་སྟེ་སྐྱོན་གྱིས་མི་བརྫི་བར་གཟིངས་ཆེན་པོར་ཞུགས་ནས། འབྲས་བུ་མཐར་ཐུག་བྱང་ཆུབ་ཆེན་པོའི་གོ་འཕང་མཐའ་གཉིས་ཀྱི་དྲི་མ་ཉེ་བར་ཞི་བ་ཆོས་དང་གཟུགས་སྐུའི་ཡོན་ཏན་རིན་ཆེན་གླིང་དམ་པ་དེར་མྱུར་དུ་ཕྱིན་པར་ཤོག་ཅིག །དེ་ལྟར་མ་ཐོབ་ཀྱི་བར་དུ་ནགས་མཐོང་ཉམས་དགའ་བ་རི་དྭགས་སྣ་ཚོགས་ཕན་ཚུན་དཀྱུ་ཞིང་རྩེ་བའི་སྨན་ལྗོངས་ཡིད་དུ་འོང་བ་ན། དུས་བཞིའི་མངོན་རྟོགས་གསར་དུ་ངོམ་པའི་ལྗོན་པ་རྣམས་ཀྱིས་ནི། དེར་གནས་པའི་དྲང་སྲོང་རྣལ་འབྱོར་པ་རྣམས་ལ་མི་སྙན་པའི་གཏམ་སྒྲོག་པར་མི་བྱེད་ལ། སྙིང་ལ་འབབ་ཅིང་ཡིད་དུ་འོང་བའི་སྒྲ་སྣ་ཚོགས་པར་སྨྲ་པའི་བྱ་ཡི་ཚོགས་དག་གིས་ཀྱང༌། དུག་སྦྲུལ་གདུག་པ་འཁྲི་ཞིང་འཁྱིལ་བའི་ཤིང་གི་དྲུང་ན་འདུག་པ་ལྟ་བུའི་འཁོར་བ་འདིར་སྙིང་ནས་སྐྱོ་བའི་ངེས་འབྱུང་གི་ཤིང་རྟས་རྣལ་འབྱོར་པའི་ཡིད་ཐར་པར་འདྲེན་པའི་སྐད་སྙན་གྱི་ཅ་ཅོ་ཤིན་ཏུ་ཞི་བ་སྒྲོག་པའི་སྒྲ་ཐོས་པ་སོགས་ནགས་ཀྱི་ཡོན་ཏན་ལ་བརྟེན་ནས། དབང་པོ་རྣམ་གཡེང་ཉེ་བར་ཞི་བའི་བསམ་གཏན་ཞི་ལྷག་ཟུང་འཇུག་གི་དཔལ་ཕུན་སུམ་ཚོགས་པ་ཐོབ་པར་ཤོག་ཅིག །མདོར་ན་གནས་ལུགས་རྟོགས་པའི་ལྟ་བ་ནི་རྟོག་གེའི་ཡིད་བྱེད་མཐར་འཛིན་གྱི་རླུང་གིས་མ་དཀྲུགས་པ་སེངྒེ་ལྟ་བུ་ལ། སྒོ་གསུམ་གྱི་སྤྱོད་པ་ཝ་ལྟ་བུ་ཐམས་ཅད་རྒྱལ་བའི་ཐུགས་ཀྱི་སྲས་དམ་པ་བྱང་སེམས་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་འགྲོ་བའི་མགོན་པོ་རྣམས་ཀྱི་རྗེས་སུ་འགྲོ་བས། སྐྱེ་བ་འདི་ནས་བཟུང་ཚེ་རབས་ནམ་ཡང་སེམས་ཅན་གཞན་གྱི་བ་སྤུའི་ཁུང་བུ་གཅིག་ཙམ་ལའང་གནོད་པའི་ཁུར་དུ་མི་འགྲོ་ཞིང༌། ཐབས་ལ་མཁས་ཤིང་རླབས་ཆེན་པོའི་ཕྲིན་ལས་ཀྱིས་དངོས་དང་བརྒྱུད་གང་རུང་གིས་མཐའ་ཡས་པའི་འགྲོ་བ་མ་ལུས་པའི་ཕན་བདེའི་དཔལ་དུ་འགྱུར་བར་ཤོག་ཅིག་ཅེས་པའོ། །ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ། གཙང་ལ་སྟོད་པ་ཆོས་རྗེ་བྲག་ཕུག་པས་བསྐུལ་བའི་ངོར། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་རྫོགས་ཆེན་པ་ཆོས་སྐུའི་དགོངས་པ་རང་བྱུང་དོན་གྱི་རྡོ་རྗེ་ཡི་གནས་ལུགས་ནམ་མཁའ་ལྟར་མངོན་དུ་གྱུར་ནས་ལོངས་སྐུའི་ཡེ་ཤེས་མཁྱེན་བརྩེའི་དཀྱིལ་འཁོར་མཆོག་ཏུ་རྒྱས་ཤིང་སྤྲུལ་སྐུ་འི་མཛད་པ་གང་འདུལ་ཕྲིན་ལས་ཀྱི་འོད་ཟེར་སྟོང་འཕྲོ་བ་ཡིད་ཅན་ཀུན་གྱི་ལམ་སྟོན་དུ་གྱུར་པ། མཚན་གཞན་འཇིགས་མེད་གླིང་པ་ཞེས་གྲགས་པའི་རིག་སྔགས་འཆང་བ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས། ཆེ་རིང་ལྗོངས་ཀྱི་དབེན་གནས་འོད་གསལ་གཉུག་མའི་ཕོ་བྲང་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བའོ།། །།སྨྲས་པ། ཀ་དག་རང་བྱུང་རྡོ་རྗེ་དབྱིངས་ཆེན་པོར། །ལྷུན་གྲུབ་འོད་གསལ་ཡོན་ཏན་པདྨའི་ཚལ། །དབང་ཆེན་ཡེ་ཤེས་རོལ་པའི་རིག་རྩལ་འཆང༌། །སྐུ་གསུམ་དབྱེར་མེད་འཇིགས་བྲལ་གླིང་པས་སྐྱོངས། །ཐུགས་རྗེའི་ཕྲིན་ལས་རྟོགས་པ་ཆོས་ཀྱི་སྐུའི། །འདྲ་འབག་ཡོངས་རྫོགས་བསྟན་པའི་མཆོད་སྡོང་ཆེ། ཡོན་ཏན་རིན་ཆེན་མཛོད་ཀྱི་ཤིང་རྟའི་ལམ། །གསལ་བྱེད་སྐལ་བཟང་ཀུན་དགའི་དཔལ་དུ་སྤེལ། །འཁྲུལ་པའི་བློ་རྒྱུད་ཆོས་བཟང་ཚལ་ཞུགས་ནས། ཐེག་གསུམ་འགལ་མེད་ཆོས་ཀྱི་ལམ་བགྲོད་གཉེན། །མ་འཁྲུལ་བདེ་མྱུར་ཡེ་ཤེས་མཆོག་གི་སར། །སྦྱོར་བྱེད་ལེགས་བཤད་ལྟ་བུའི་ལང་ཚོའི་གསོས། །མཚན་དོན་གསལ་བྱེད་ནོར་བུའི་མེ་ལོང་འདི། །རང་ཉིད་ཐོས་བསམ་སྒོམ་པའི་ལག་རྗེས་དང༌། །དོན་མཐུན་ཆོས་གྲོགས་དགྱེས་སྟོན་འགྱུར་སྙམ་གྱིས། །འགྲོ་ཀུན་རྣམ་གྲོལ་བགྲོད་པའི་མིག་གྱུར་ཅིག །ཐེག་མཆོག་བསྟན་པའི་བཤད་སྒྲུབ་ལས་གསུམ་འཕེལ། །སྙིགས་མའི་སྐྱེ་དགུ་ཕན་བདེའི་དཔལ་གྱིས་འབྱོར། བདག་གཞན་ཡང་དག་གཞུང་བཟང་འདི་ལྟ་བུ། །འཆད་ཉན་སྒོམ་པས་དོན་གཉིས་འགྲུབ་གྱུར་ཅིག །ཅེས་མཁས་གྲུབ་བཟང་པོའི་སྤང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པའི་རྡོ་རྗེ་སློབ་དཔོན་ངག་དབང་གྲགས་པ་བསྟན་འཛིན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཡོན་ཏན་མཛོད་མཆན་འགྲེལ་གཞུང་ཟུར་དུ་མ་ཕྱག་བྲིས་དངོས་ལས་ཞལ་བཤུས་ཀྱིས་གཞུང་གཅིག་ཏུ་སྡེབས་ནས་ཞུ་དག་གི་སྲི་ཞུ་སྐབས་བར་མཚམས་རྣམས་སུ་རང་ཚིག་གིས་ཞལ་སྐོང་ཅི་རིག་པར་བགྱིས་ཤིང་སླད་ནས་འཕྲུལ་སྤར་དུ་སྤེལ་འགྲེམ་སྐབས་དབུ་གཤམ་གྱི་ཚིགས་བཅད་འདི་ལྟར་བྲིས་ཞེས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་དང༌། དད་སློབ་དཀོན་མཆོག་བསྟན་འཛིན་ནས་ཡང་ཡང་བསྐུལ་བ་བཞིན་སློབ་གྲལ་དུ་གཏོགས་པ་མངྒ་ལ་ཤྲཱི་བྷཱུ་ཏིས་རྡོར་གླིང་ཀུན་བཟང་ཆོས་འཁོར་གླིང་ནས་བྲིས་པ་ཐེག་པ་མཆོག་གི་ལམ་སྲོལ་ལ་བྱ་བ་བྱེད་པར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 08:10, 1 June 2024
Wylie title | yon tan rin po che'i mdzod kyi mchan 'grel theg gsum bdud rtsi'i nying khu | |
---|---|---|
Location | dil mgo mkhyen brtse bka' 'bum Volume 16, Text 1, Pages 1-328 (Folios 1a to 328b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Source Author(s) | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | Khyentse, Dilgo. Yon tan rin po che'i mdzod kyi mchan 'grel theg gsum bdud rtsi'i nying khu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 16: 1-328. Delhi: Shechen Publications, 1994. | |
Genre | Commentary with Annotations - mchan 'grel | |
Colophon |
།ཅེས་མཁས་གྲུབ་བཟང་པོའི་སྤང་རྟོགས་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་པའི་རྡོ་རྗེ་སློབ་དཔོན་ངག་དབང་གྲགས་པ་བསྟན་འཛིན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཡོན་ཏན་མཛོད་མཆན་འགྲེལ་གཞུང་ཟུར་དུ་མ་ཕྱག་བྲིས་དངོས་ལས་ཞལ་བཤུས་ཀྱིས་གཞུང་གཅིག་ཏུ་སྡེབས་ནས་ཞུ་དག་གི་སྲི་ཞུ་སྐབས་བར་མཚམས་རྣམས་སུ་རང་ཚིག་གིས་ཞལ་སྐོང་ཅི་རིག་པར་བགྱིས་ཤིང་སླད་ནས་འཕྲུལ་སྤར་དུ་སྤེལ་འགྲེམ་སྐབས་དབུ་གཤམ་གྱི་ཚིགས་བཅད་འདི་ལྟར་བྲིས་ཞེས་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་དང༌། དད་སློབ་དཀོན་མཆོག་བསྟན་འཛིན་ནས་ཡང་ཡང་བསྐུལ་བ་བཞིན་སློབ་གྲལ་དུ་གཏོགས་པ་མངྒ་ལ་ཤྲཱི་བྷཱུ་ཏིས་རྡོར་གླིང་ཀུན་བཟང་ཆོས་འཁོར་གླིང་ནས་བྲིས་པ་ཐེག་པ་མཆོག་གི་ལམ་སྲོལ་ལ་བྱ་བ་བྱེད་པར་གྱུར་ཅིག། | |
/ces mkhas grub bzang po'i spang rtogs kyi yon tan phul du phyin pa'i rdo rje slob dpon ngag dbang grags pa bstan 'dzin klong chen ye shes rdo rje'i yon tan mdzod mchan 'grel gzhung zur du ma phyag bris dngos las zhal bshus kyis gzhung gcig tu sdebs nas zhu dag gi sri zhu skabs bar mtshams rnams su rang tshig gis zhal skong ci rig par bgyis shing slad nas 'phrul spar du spel 'grem skabs dbu gsham gyi tshigs bcad 'di ltar bris zhes rje de'i sku gsung thugs kyi sras lcam dral dang*/_dad slob dkon mchog bstan 'dzin nas yang yang bskul ba bzhin slob gral du gtogs pa mang+ga la shrI b+hU tis rdor gling kun bzang chos 'khor gling nas bris pa theg pa mchog gi lam srol la bya ba byed par gyur cig/ |