ཉམས་མགུར་ཞལ་གདམས་རིགས་ཕྱོགས་བསྡུས།

From Khyentse Lineage - A Tsadra Foundation Project
SPCD-KABUM-02-KHA-018
Wylie title nyams mgur zhal gdams rigs phyogs bsdus SPCD-KABUM-02-KHA-018.pdf
Location 'phags mchog bka' 'bum
Volume 2, Text 18, Pages 467-482 (Folios 1a1 to 8b4)
Author འཕགས་མཆོག་རྡོ་རྗེ་
Less details More details
Citation 'phags mchog rdo rje. Nyams mgur zhal gdams rigs phyogs bsdus. In Mtshungs med grub sras 'phags mchog rdo rje mchog gi gsung 'bum rin po che , Vol. 2: 467-482. Kathmandu: Khenpo Shedup Tenzin & Lama Thinley Namgyal, 2004.
Genre Advice - zhal gdams  ·  Vajra Songs - rdo rje'i glu
[edit]

༄༅། །ཉམས་མགུར་ཞལ་གདམས་རིགས་ཕྱོགས་བསྡུས་བཞུགས་སོ།།

༄༅། །རང་དོན་ཟབ་པའི་ཆོས་སྐུ་རང་ཞལ་མཇལ། །གཞན་དོན་རྒྱ་ཆེའི་མཁྱེན་སྟོབས་ཕྲིན་ལས་རྒྱས། །དོན་གཉིས་ཡོངས་རྫོགས་ཕུན་ཚོགས་གདོང་ལྔ་པ། །སྲིད་དང་ཞི་བའི་དཔལ་གྱི་གངས་རིར་བརྗིད། །དེང་སང་ལྔ་བདོའི་རང་མཚང་ཕྱིར་ངོམ་པའི། །ཆོས་བྱེད་གཟུགས་བརྙན་སྐྱེ་བོའི་ཚོགས་དག་གིས། །ཐ་སྙད་སྡང་ཆའི་གྲུབ་མཐའི་ཁ་སྐད་ཀྱིས། །དོན་མེད་ངུ་ཅོའི་མུ་ཅོར་སྒྲོགས་འདི་ནི། །ཅལ་སྒྲོགས་རྨོངས་པའི་བྱིས་ཚོགས་གང་མིན་ལས། །བསླུ་མེད་གཟུ་བོར་རང་གནས་སྐྱེ་བུའི་ཚོགས། །བྱམས་བརྩེ་སྙིང་རྗེའི་འཛུམ་དཀར་བསྟན་ལས་ཅི། །ཀྱེ་མ་དུས་འདིར་སེམས་ཅན་བསོད་རེ་དམན། །ཕན་བདེའི་འབྱུང་གནས་འགྲོ་མགོན་དམ་པ་རྣམས། །སྙིགས་མའི་ལོག་སྒྲུབ་སྟུག་པོས་བསྒྲིབས་བྱས་ཏེ། །གང་འདུལ་བཀོད་པ་ཆོས་དབྱིངས་མཁའ་ལ་བསྡུས། །ཐུགས་རྗེའི་རོལ་པ་འདུ་འབྲལ་མེད་མོད་ཀྱང་། །སྒྲིབ་བྱེད་ཀྱིས་མཐུས་སྤྱོད་པའི་ཡུལ་མ་གྱུར། །འོན་ཀྱང་སྨོན་བཟང་ཆུ་སྐྱེས་བཞད་རྣམས་ཀྱིས། །སེམས་ཉིད་རང་བྱུང་ཀུན་ཁྱབ་ཀློང་ཡངས་འདིར། །དམ་པའི་གསང་གསུམ་རྒྱན་གྱི་འཁོར་ལོ་ལས། །སྐད་ཅིག་ནམ་ཡང་གཡོ་བྲལ་ཡོད་མིན་པས། །དེས་ན་འུ་ཅག་རྗེས་འཛིན་གང་སུ་རུང་། །ཚེ་འདིའི་སོ་ཆའི་ཆོས་བརྒྱད་སྨིག་རྒྱུ་ཡིས། །ཅུང་ཟད་མི་བསླུ་འདུ་འཛི་གཡེང་བྲལ་བའི། །བསམ་གཏན་དབེན་པའི་ནགས་ཚལ་ཉམས་དགའ་བར། །འཚོ་གོས་ངན་ངོན་ཙམ་གྱིས་ཆོག་ཤེས་ཀྱིས། །ཉིན་མཚན་དབྱེར་མེད་དོན་གྱིས་བླ་མ་དངོས། །བཏང་བཞག་མེད་པར་བབས་སུ་མཇལ་ཕྱག་འཚལ། །སྐྱིད་སྡུག་ཉམས་ཀྱི་སྣང་བ་ཇི་ཤར་ཡང་། །རང་ཤར་རིས་བྲལ་བླ་མའི་དགོངས་ཀློང་དུ། །བླང་དོར་མེད་པར་འུབས་ཆུབ་ལ་ཆེན་བཟླ། །སྐབས་སུ་ཡིད་ཆེས་སྤྲོ་དང་ཐག་ཆོད་ཀྱི། །བོགས་དབྱུང་མཆོག་ཕྱིར་གོང་མའི་དགོངས་རྟོགས་ཀྱི། །འདྲ་འབགས་དཔེ་ཆ་འདུ་བྱས་ཅུང་ཟད་བལྟ། །སྐབས་སུ་མཚན་བཅས་བླ་མའི་རྣལ་འབྱོར་འབུངས། །དགོངས་པའི་རྩལ་ཆེན་ཉམས་རྟོགས་ཆེས་སྨིན་ཚེ། །གཟུང་འཛིན་བག་ལ་ཉལ་རྣམས་བསླང་བའི་ཕྱིར། །གང་ཤར་ཐོལ་བྱུང་ཞེན་པའི་འཁྲིས་མི་འདོགས། །རྐྱེན་རྟོགས་དང་སྦྱར་ལམ་དུ་ལྷོང་བར་བྱེད། །རང་འདོད་ལ་སོགས་དྲི་དང་བྲལ་བའི་ཚེ། །གཞན་དོན་དངོས་བརྒྱུད་བྱ་བར་རྩེ་གཅིག་འབད། །དེ་ལས་ཁྱད་པར་ཅན་གྱི་སྤྱོད་པ་དང་། །གཞན་དོན་མཛད་པ་སྔ་ན་དོན་མི་ལྡན། །མ་ཟད་རང་རྒྱུད་ཆོས་དང་འཛོལ་ཏ་རེ། །དེ་སྐད་ཅེས་པ་རང་བློར་གདམས་པ་འང་། །མཆོག་གིས་ཐུགས་སུ་ངེས་མཛོད་ལྷག་བསམ་མོ།། ༈ །།འདི་ཕྱིའི་རེ་ལྟོས་རྡོ་རྗེ་འཛིན་པ་ཆེའི། །གཟུགས་སྐུ་སྒྱུ་མར་བསྡུ་ཚུལ་བསྟན་པ་དེས། །སེམས་ནི་སྐྱོ་ངལ་ཅི་ཆེའི་རྣམ་པ་ཡིས། །མཚན་མོ་གཉིད་ཐུན་རེ་ལས་ཉིན་མཚན་སྦྲེལ། །སྣང་སྲིད་བསླུ་ཆོས་སྒྱུ་མར་རེག་པ་དང་། །ཆོས་དང་ཆོས་མིན་རྣམ་པར་རབ་འབྱེད་དེ། །ཡང་དག་དོན་ལ་ངེས་ཤེས་གཏིང་ནས་རྙེད། །དབེན་པའི་གནས་སུ་དོན་གཉིས་མཐར་ཕྱིན་ཞིག །རིང་མིན་བདག་གིས་བརྩོན་འདུན་ཁོ་ན་ལ། །དམ་པའི་རྣམ་རོལ་མཆོག་གིས་བྱམས་བརྩེ་མུས། །ལུང་རྟོགས་རྒྱ་མཚོས་རྟག་ཏུ་རབ་སྐྱོང་ཞིང་། །རིང་མིན་དམ་པའི་གདན་སར་ཞལ་འཛོམས་ནས། །རིང་ལུགས་ཉིན་མོར་བྱེད་པའི་རྒྱུར་གྱུར་ཅིག། ༈ །།ནམ་མཁའ་དྭངས་དང་སྤྲིན་དཀར་འཁྲིགས། །ཚེས་གསུམ་ཟླ་དང་བཅོ་ལྔའི་ཟླ། །འཆར་དང་གཟའ་སྐར་བཀྲག་པ་དང་། །ནམ་ཟླ་དབྱར་ངོ་ཚེས་འགྱུར་དུས། །འདྲེན་མཆོག་བླ་མ་དྲན་ཞིང་སྐྱོ། །བསྐལ་དམན་དྭ་བུ་བདག་རྣམས་དགོངས། །མངོན་སུམ་མིག་གི་བདུད་རྩི་ནི། །གཟུགས་སྐུའི་རྣམ་རོལ་བསྟན་དུ་གསོལ། །བཞུགས་པའི་གནས་དང་གསུངས་པའི་ཆོས། །མཛད་སྤྱོད་རྣམ་ཐར་སོགས་དྲན་ནས། །སྐྱོ་ཞིང་དད་གདུང་བྲེལ་ལང་སྟེ། །ལུས་ངག་ཡིད་གསུམ་ཆལ་ཆོལ་གྱིས། །ཟས་གོས་གཏམ་གྱི་ཡི་ག་འགགས། །འདི་ཕྱིའི་མདོ་ཤོར་རྒྱལ་ཁམས་པའི། །མངོན་སུམ་རྣ་བའི་བདུད་རྩི་ནི། །གསུང་གི་ཆོས་སྒྲ་སྒྲོགས་པར་གསོལ། །སྙིགས་དུས་འགྱུར་བའི་ཡོ་ལང་དང་། །བཤད་སྒྲུབ་བསྟན་དང་དེ་འཛིན་ཉམས། །མཆེད་གྲོགས་གཟའ་ཚང་དད་ལྡན་ཀྱང་། །དགྲ་གཉེན་ངེས་མེད་ཅོལ་ཆུང་སྐབས། །བསམ་ཀྱིན་བླ་མའི་སྐུ་དྲིན་དྲན། །སྤྱི་སྒེར་བསམ་སྦྱོར་ཁུར་འཁྲི་བས། །ལུས་སུ་ཤིག་གི་ཚོམ་བུ་འཕྱུར། །རྟོག་པའི་དྲྭ་བའི་གཟེབ་ཏུ་ཚུད། །སྙིང་རླུང་སྟོད་འཚང་སྐྱོ་གླུ་བཅས། །ལས་འབྲས་དུས་གཅིག་སྨིན་འདྲ་ལ། །མཁྱེན་དང་བརྩེ་བས་རྗེས་བཟུང་སྟེ། །མངོན་སུམ་ཡིད་ཀྱི་བདུད་རྩི་རུ། །མཉམ་ཉིད་ཡེ་ཤེས་སྩལ་དུ་གསོལ། །གནས་ལུགས་བློ་ཡི་དྲི་བྲལ་ཞིང་། །སྣང་བ་སྒྱུ་མའི་ཆོ་འཕྲུལ་ཆེའི། །དངོས་ཉམས་རྨི་ལམ་ན་འཕེལ་ཀྱང་། །ཆགས་ཞེན་འཛིན་མེད་རང་སར་གྲོལ། །འཁོར་འདས་བདེ་སྡུག་བྱེད་པོ་ཆོས། །གཏན་དུ་ཕབ་ན་རྣམ་རྟོག་འདི། །སིལ་བུ་རླུང་ལྟར་རང་ཡལ་གྱིས། །དགའ་སྡུག་གཞི་རུ་མ་གྲུབ་ན། །ཅི་ལ་ཉམ་ང་མེད་པ་ཡི། །སྤྱོད་པ་སྤྱད་ཆོག་བླ་མའི་དྲིན། །ཞུ་ས་མེད་པའི་སེམས་སྐྱོ་ཡང་། །གཉིས་སུ་མེད་པ་བརྙེས་པར་གསོལ། །ཚེ་འདིའི་འགལ་རྐྱེན་ཀུན་ཞི་ཞིང་། །སྤྱོད་ལམ་ཚུལ་ཁྲིམས་རྣམ་པར་དག །ཤེས་བྱའི་དཀྱིལ་འཁོར་རྒྱས་པ་དང་། །སྒྲུབ་པ་ཟབ་མོའི་དོན་གཉིས་ཀྱི། །འབྲས་བཟང་ཡོངས་སུ་བསྙེལ་བ་ཡི། །མགོན་པོ་མཆོག་དང་མི་གཉིས་པའི། །དབང་བསྐུར་བྱིན་རླབས་ཆུ་བོའི་རྒྱུན། །བྱམས་བརྩེའི་དྲོངས་ཤིག་ཀྱེ་མ་ཧུད། །ཅེས་པའང་རྗེ་བླ་མའི་རྣམ་ཐར་དྲན་རྐྱེན་སེམས་ཀྱི་སྐྱོ་ཚུལ་དང་ཉམས་ཀྱི་གླུ་ཆུང་བཅས་པ་འདི་སྟོད་ལུང་གཞོང་པ་ལྷ་ཁང་དུ་གནས་བསྐོར་འཁོར་ཉིན་གོང་གསལ་ཤུགས་ཀྱིས་བྲིས་སོ།། །། ༈ མདོ་ཁམས་དབུས་གཙང་འབྲུག་བལ་རྒྱ་གར་གྱི་གནས་རྟེན། །ཁྱད་འཕགས་མཇལ་སོགས་བསྐོར་བའི་སྐལ་བཟང་ནི་མཆིས་ཤིང་། །ད་ནི་འགྲོ་འདུག་མང་བས་གློ་ཚིམ་སྟེ་སྐྱོ་སུན། །མ་ཟད་འདི་ཕྱིའི་རེ་ལྟོས་ཡབ་སྲས་ཀྱི་གཟུགས་སྐུ། །ཆོས་དབྱིངས་ཟབ་མོར་བསྡུ་ཚུལ་བསྟན་པ་རང་འདིས་ནི། །ཁོ་བོའི་སྙིང་གི་ཐིག་ལེ་ཕྱི་རོལ་དུ་ཕྱུང་ཞིང་། །ཆགས་ཞེན་འཛིན་པའི་གོང་བུར་རང་ཤུགས་ཀྱིས་རྡེབ་ཐལ། །ཤུལ་བཞུགས་གཟའ་ཚང་འཐད་འདུན་དགྲ་གཉེན་གྱི་མཐའ་མེད། །འདུ་འཛི་ལོངས་སྤྱོད་གཡེང་དབང་ཁོ་ན་ལས་མི་འདུག །གང་ལ་དཔྱད་ཀྱང་སྙིང་པོ་མེད་པ་ཡི་སྒྱུ་མས། །མགོ་བོ་འཁོར་དང་བསྐོར་རྒྱུའི་བཟོ་ལྟ་རང་འདུག་ན། །རང་ཐག་ཁོང་ནས་བཅད་དེ་ངེས་མེད་ཀྱི་གནས་སུ། །དག་སྣང་རྒྱང་ནས་བསྐྱེད་ཅིང་རང་རེ་ཡི་དོན་ཆེན། །སྙིང་པོའི་སྒྲུབ་ལ་རྩེ་གཅིག་བརྩོན་པ་ལ་གཞོལ་འགྲོ། །སྡུག་བསྔལ་ཐོག་ཏུ་བབ་པ་ལྟ་བ་ཡི་གྲོགས་འཆར། །ཆགས་ཞེན་སྒྱུ་མར་འབྱོངས་པ་སྤྱོད་པ་ཡི་ལམ་ལྷོང་། །མི་བརྒྱའི་ལྷག་པས་དད་མོས་སྐྱོ་ཤས་འདི་སད་པས། །མིག་ཆུ་རྒྱ་མཚོར་འབབ་སྟེ་ཉིན་མཚན་གྱི་གོ་སྦྲེལ། །བཟོད་མེད་ཤུགས་འབྱུང་དྲག་པོས་གསོལ་འདེབས་རང་འབད་པས། །སྐྱབས་རྗེ་དམ་པའི་བྱིན་རླབས་ཆ་ཤས་ཙམ་ལོས་ཡིན། །ཚོགས་དྲུག་སྣང་ཙམ་ཤར་གྲོལ་རིས་མེད་ཀྱི་ངོ་བོར། །དཔེ་དོན་བརྗོད་བྱ་བྲལ་བ་རིག་སྟོང་གི་གཤིས་འདིར། །གནས་ཁང་ཟས་གོས་ནོར་དང་མཛེས་མ་ཡིས་བརྔན་ཀྱང་། །འགུགས་པ་མེད་པར་རང་ཚུགས་ཡངས་པ་ཡི་ངང་ནས། །འགག་མེད་སྒྱུ་མའི་སྤྱོད་པ་སྤྱད་ཆོག་འདི་མཚར་ཞིང་། །རྟག་པ་མེད་ཀྱང་བསྟན་དོན་སྤྱོད་པ་ཡི་སེམས་བསྐྱེད། །ཆོས་བརྒྱད་མིན་པས་དོན་གཉེར་ཆེས་ཆེར་གྱིས་བཏུད་བྱུང་། །སྤང་བླང་ཐ་དད་མེད་པ་ཟུང་འཇུག་གི་རོལ་མོ། །སྲིད་འདིར་ཁྱབ་པར་བརྡལ་བའི་བྱེད་པོ་རུ་གྱུར་ཅིག། ༈ །།བསྟན་འགྲོ་མཁྱེན་བརྩེས་སྐྱོང་བའི་སྐྱེས་ཆེན་རྣམས། །སྐུ་ཚེ་གློ་བུར་བར་ཆད་གྲིབ་མས་བསྒྲིབས། །ཉོན་མོངས་ལོག་པར་སྤྱོད་པའི་སྡུག་རྒན་རྣམས། །བྱ་བ་ཇི་སྙེད་འགྲུབ་ཅིང་རྒས་མཐར་འཁྱོལ། །སྙིགས་མའི་དབང་གིས་བདེན་རྫུན་གོ་ལོག་པའི། །དུས་ངན་འདི་འདྲའི་གནས་དུས་ཚེས་པའི་སྐབས། །སྐྱོ་ཤས་དད་མོས་དྲག་པོ་དྲན་སོས་པས། །སྐྱབས་རྗེ་དམ་པའི་གསང་གསུམ་ཡང་ཡང་མཇལ། །ལྷག་པར་ཐུགས་ཀྱི་བྱིན་རླབས་རྒྱུན་ཆགས་པས། །ཉམས་རྟོགས་རྩལ་གྱི་བོགས་དབྱུང་ཕྲན་བུ་ལས། །འདུ་འཛི་གཡེང་བའི་སྒྱུ་མར་མི་ཕྱོགས་ཏེ། །ཚེ་འདིའི་སྙིང་པོའི་སྒྲུབ་ལ་བརྩོན་མཐར་བཅོལ། །གཟའ་ཚང་མཆེད་གྲོགས་སྙིང་ནས་བརྩེ་འབྲེལ་ཀྱང་། །ལེགས་ཉེས་གང་གིས་འགྱུར་ལྡོག་ཇི་སྙེད་ན། །དགྲ་གཉེན་མཉམ་པའི་གྲོགས་ལ་བློ་གཏད་དེ། །ཕུང་པོར་འཚོ་གོས་ངན་རིགས་སྤྲད་པ་ལས། །དཀོར་རྒྱུའི་གོས་ནོར་ཆོས་རྩར་ཅི་ཐེབ་བྱ། །ཉོན་མོངས་ཟས་གོས་མཐུག་པོར་ལོངས་སྤྱོད་པའི། །ཆོས་དྲེད་ངན་གོམས་སྐྱེ་བོ་གང་དག་ལ། །ཁོ་བོ་ལུང་སྟོང་དབེན་པའི་བྱ་བྲལ་བཞིན། །ལུས་དང་ངག་གི་རྒྱུན་ཐག་རབ་བཅད་དེ། །དམིགས་མེད་དོན་གྱི་བསྔོ་སྨོན་ཙམ་བཟོ་ནས། །ཡབ་སྲས་གོང་མའི་རྣམ་ཐར་རྗེས་བསྙེགས་འགྲོ། །སྐྱོ་དད་དྲག་པོའི་ལྕག་འདེབས་ཉིན་མཚན་སྦྲེལ། །སྣང་བ་བཞི་ཡི་ཉམས་ཚད་རབ་རྫོགས་ཏེ། །འཕོ་ཆེན་དྭངས་མའི་སྐུ་ཉིད་འགྲུབ་གྱུར་ཅིག། ༈ །།ལྷོ་མོན་ཕྱོགས་ཀྱི་དབེན་ཁྲོད་གར་གནས་ཀྱི་ས་ནས། །ང་ཡི་མཆེད་གྲོགས་དམ་གཙང་ཐུབ་བསྟན་གྱིས་ཚུལ་གསོན། །དགུང་སྔོན་སྤྲིན་བྲལ་ནམ་མཁའ་གཡའ་དག་གི་ངོགས་སུ། །ལུག་གུ་རྒྱུད་དང་འོད་ལྔའི་གུར་ཆེམ་ནི་འཁྲིགས་དུས། །རང་རེའི་འདི་ཕྱིའི་རེ་ལྟོས་ཡབ་སྲས་ཀྱི་དགོངས་དོན། །དྲན་པས་མོད་ལ་གདུང་བས་དྲན་མེད་དུ་བརྒྱལ་སོང་། །མདུན་གྱི་གངས་རི་ལྷུན་པོས་ཉི་ཟེར་ནི་ལེན་དང་། །མཁའ་ལ་སྤྲིན་དཀར་ལང་ལོང་གསལ་འཚེར་འདི་འཁྲིགས་དུས། །ཞལ་དཀྱིལ་དུང་གི་སྙན་རྒྱན་ཆས་གོས་སོགས་དཀར་པོ། །དྲན་པའི་མོད་ལ་སྐྱོ་བ་ལྷང་ལྷང་འགའ་སྐྱེས་བྱུང་། །གནམ་ནས་ཆར་འབབ་ས་ནས་རྩི་ཤིང་སོགས་རྒྱས་ཏེ། །བར་ནས་ལྷ་བྱ་སྔོན་མོའི་གསུང་སྙན་དེ་འགྱུར་དུས། །གཟུགས་སྐུ་ཆོས་དབྱིངས་ཐིམ་པའི་དུས་ཆེན་རང་དྲན་ཏེ། །དབུགས་བསྐོར་གཅིག་གིས་འཆི་ལ་སྤྲོ་བ་ནི་སྐྱེས་བྱུང་། །ཆོས་དམ་འབྲེལ་བའི་རྒྱུད་སློབ་ཤ་སྟག་ཞིག་བཞུགས་ཀྱང་། །བཀའ་དྲིན་དྲན་ཤེས་བརྟན་པའི་ཁུར་པོ་ཅན་བདག་ཙམ། །མི་རིང་བན་རྒན་སྐྱོ་བའི་ཆོས་གྲོགས་ལ་ཕེབས་དང་། །བྱ་བ་ཀུན་བཏང་ངེས་མེད་དབེན་ཁྲོད་ཀྱི་གནས་སུ། །ལམ་ཟབ་ཁྲེགས་ཆོད་ཐོད་རྒལ་གྲུ་གཟིང་ལ་ཞུགས་ནས། །ཕ་གཅིག་བླ་མ་ཡབ་སྲས་གར་བཞུགས་དེར་མཇལ་འགྲོ།། ༈ །།རང་བྱུང་རིག་པའི་ཉི་མ་ཁོང་ནས་འཆར། །མ་རིག་འཁྲུལ་བའི་མུན་པ་ཤུགས་ཀྱིས་སངས། །འཁོར་འདས་དབྱེར་མེད་ཉག་གཅིག་ཀློང་དུ་རྫོགས། །མ་འབད་བཞིན་དུ་སྐུ་གསུམ་ངང་ལ་གནས། །འབྲས་བུ་བྲལ་ཐོབ་མེད་པའི་གདེང་ཚད་བརྙེས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་ཉི་ཟེར་བཞིན། །འཁོར་མཚོ་མ་ལུས་སྐེམ་པའི་བདག་ཉིད་གྱུར།། ༈ །།ཨེ་མ་ཧོ། དཔལ་གདོད་མའི་མགོན་པོ་མི་ཡི་གཟུགས། །བུ་སྐལ་ལྡན་རྣམས་ཀྱི་དཔལ་དུ་ཤར། །ཡིད་མོས་གུས་དྲག་པོ་དབང་མེད་སྐྱེས། །བྱམས་སྙིང་རྗེས་ཉེ་རིང་མེད་པར་གཟིགས། །སྤྲང་བདག་གི་བསམ་དོན་འགྲུབ་པའི་ཕྱིར། །གནས་མི་མེད་ལུང་སྟོང་གཏན་དུ་འགྲོགས། །ཕ་ཁྱེད་ཀྱི་དགོངས་པའི་རྩལ་ཆེན་འཕོས། །གཞི་ཀ་དག་ཁྲེགས་ཆོད་གཏན་སྲིད་ཟིན། །ལམ་ལྷུན་གྲུབ་ཐོད་རྒལ་འོད་ལུས་གྲུབ། །མ་མཁའ་ཁྱབ་འཁོར་བ་དོང་ནས་སྤྲུགས། །མགོན་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག། ༈ །།ཡིད་དགའ་བའི་དུས་འདིར་གླུ་ཞིག་བླངས། །ཕ་སྐུ་བཞི་གངས་རི་ལྷུན་པོའི་རྒྱུད། །བུ་སེང་གེ་འདྲ་བའི་རྣམ་ཚུལ་བཟང་། །དད་དམ་ཚིག་དག་པའི་གངས་དཀར་འགྲིམ། །སེམས་ངེས་འབྱུང་སྐྱེས་པའི་ཁ་སྣ་བསྒྲད། །ཆོས་སྤྲོས་པ་བཞི་བྲལ་སྡེར་བཞི་ངོམ། །ཟོལ་ཆོས་བརྒྱད་དགྲ་བོ་ཟིལ་གྱིས་གནོན། །གཞི་མ་བཅོས་རྣལ་མའི་གཡུ་རལ་རྒྱས། །རྩལ་ཡེ་ཤེས་སྣང་བ་མིག་ནས་མཆེད། །གོམ་སྟབས་ཀྱི་འགྱིང་འགྲོས་མཇུག་ཀྱང་ཕྱར། །སྐུ་བཞི་ཡི་རྒྱལ་སར་ཆས་ལ་ཉེ། །གཅན་གཟན་གྱི་རྒྱལ་པོ་ཁྱེད་རང་གོ། །སེམས་སྐྱོ་བ་རྣམས་ཀྱི་ཡིད་ཀྱི་གསོས། །སྙིང་རུས་པའི་གཏིང་ནས་སྤྲོ་བ་སྐྱེས། །གཞན་ཕན་གྱི་ཆོས་རྔ་སྒྲོགས་ལ་རན། །སྡེར་ཆགས་ཀུན་སྨིན་གྲོལ་དབང་དུ་བསྡུས། །ཚེ་འཆི་མེད་གྲུབ་པའི་བདེན་ཚོགས་ཀྱིས། །སྐུ་རྡོ་རྗེའི་ཁམས་སུ་རྟག་བརྟན་ཤོག། ༈ །།མ་བསྒོམས་རང་སར་བཞག་པའི་ཉམས་ལེན་འདི། །ཡེངས་འཁྲུལ་རེ་དོགས་བྲལ་བ་ཁོང་ནས་འཆར། །ནང་གི་ཞིང་ཁམས་ཕྱི་གསལ་རོལ་པ་ཡང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་རྟོགས།། ༈ །།བློ་དྲན་རྫིའི་དྲི་མ་ཡོངས་བྲལ་བའི། །གཞི་ཡེ་འབྱམས་དག་པའི་ངོ་བོ་འདི། །དངོས་སྟོང་པ་ཀུན་གྱི་མཐའ་ལས་འདས། །དེའི་ངང་ནས་གཡོ་མེད་སྲིད་ཞིའི་ཆོས། །བཟང་ངན་དུ་འཛིན་སྟོང་བློས་མ་ཞེན། །དངོས་སྟོང་འཛིན་གཉིས་སུ་རིས་མར་དབྱེ། །སྦྱང་བྱ་དང་སྦྱོང་བྱེད་མཉམ་རྫོགས་མཛོད།། ༈ །།ལྟ་སྒོམ་སྤྱོད་པའི་རྣམ་པ་ཡོངས་ཞི་བ། །རང་རིག་སྟོང་གསལ་མཚན་མའི་མཐའ་དབུས་བྲལ། །ཡེ་ཤེས་སྣང་བའི་ཞིང་ཁམས་རྩལ་རྫོགས་ནས། །ནང་གསལ་གཞོན་ནུ་བུམ་སྐུའི་ཀློང་དུ་ཨཿ ༈ གཞི་ཡེ་ནས་རང་ཚུགས་ཆེན་པོ་འདིའི། །རྩལ་སྣང་བ་རྟོག་ཚོགས་ཅིར་འགྱུ་ཡང་། །དཔེར་ཆུ་རིས་བཞིན་དུ་ངོ་བོ་གཅིག །བློ་ཡིད་བྱེད་བྲལ་བའི་རང་སོ་སྐྱོངས། །སྐབས་འདིར་རྒྱུ་རྐྱེན་ལེགས་པར་ཚོགས་པའི་དུས། །ཤེས་བྱ་མཐའ་མེད་ཡུལ་ལ་མ་ཡེངས་ཏེ། །དོན་དམ་ཡེ་ཤེས་སྙིང་པོ་ཉིད་དུ་དྲིལ། །དོན་གཉིས་ལེགས་འགྲུབ་ཡོང་བའི་རེ་སྨོན་མཆིས།། །།