རྣམ་བཅུའི་ཐིག་བཤད་བཻ་དཀར་ནས་གསུངས་པ།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-027
Wylie title rnam bcu'i thig bshad bai dkar nas gsungs pa PJCW-KABUM-04-NGA-027.pdf
Location dpal sprul bka' 'bum
Volume 4, Text 27, Pages 587-593 (Folios 1a1 to 4a5)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Rnam bcu'i thig bshad bai dkar nas gsungs pa. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 4: 587-593. Kathmandu: Tsadra Foundation and Shechen Publications, 2026.
Genre Detailed Explanation - rnam bshad
[edit]
༄༅། །རྣམ་བཅུའི་ཐིག་བཤད་བཻ་དཀར་ནས་གསུངས་པ་བཞུགས་སོ། །


༄༅། །འཇམ་དཔལ་སྒྱུ་དྲྭའི་ཆོས་དབྱིངས་ཡེ་ཤེས་ཀྱི་བསྟོད་པའི་སྟོད་ཆ་ལས། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་སོགས་གསུངས་པས། ཕར་ཕྱིན། ས། ཤེས་པ། སྟོབས། དབང་རྣམ་བཅུའི་རང་བཞིན་རྣམ་བཅུ་དབང་ལྡན་དང་། དེ་ཡང་རྣམ་བཅུ་དབང་ལྡན་ནི་ངེས་དོན་གྱི་འཇིག་རྟེན་ཡིན་ཏེ། ཕྱི་ནང་གི་འཇིག་རྟེན་བཅུ་པོ་གང་ལས་འབྱུང་བ་དང་དག་མ་དག་གི་སྣང་བ་མཐའ་དག་རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་ཆོས་དབྱིངས་བཅས་ལས་འབྱུང་དེར་སྡུད་པ་འདིར་རྣམ་པ་བཅུ་ནི། རླུང་མེ་ཆུ་ས་རི་རབ་སྟེ་བརྟན་པ་རྣམ་པ་ལྔ། འདོད་གཟུགས་གཉིས་གཅིག་ཏུ་བྱས་པ་དང་། ལྷག་མཐོང་མི་བསྐྱེད་པ་གཟུགས་མེད་དང་། བར་སྣང་གི་ཟླ་བ་ཉི་མ་གཉིས་ཏེ་གཡོ་བའི་རྣམ་པ་བཞི་ཀུན་ཁྱབ་སྒྲ་གཅན་གྱི་མིང་ཅན་ནམ་མཁའ་སྟེ་བཅུ་དང་། འདི་རྣམས་གཞན་དཀྱིལ་འཁོར་ལ་བསྒོམ་པ་ནི། བརྟན་པ་ལྔ་མིང་ལྟར་དང་། གཡོ་བ་རི་རབ་སྟེང་དུ་པདྨ། ཟླ་བ། ཉི་མ་སྒྲ་གཅན་རྣམས་ཡིན་ཞིང་། ཁྱབ་བྱེད་ནམ་མཁའི་ཆོས་འབྱུང་ངོ་། །མངལ་སྐྱེས་ཀྱི་མའི་ལུས་དང་སྦྱར་བའི་སྐབས་སུ་མའི་དཔྲལ་བར་རླུང་། མགྲིན་པར་མེ། སྙིང་ཀ་ཆུ། ལྟེ་བ་ས་སྟེ་རི་རབ། གསང་གནས་པདྨ། མས་སྣའི་རྩ་གསུམ་ཟླ་བ་ཉི་མ་སྒྲ་གཅན། ལུས་རིམ་པ་ཀུན་གྱི་ཁྱབ་བྱེད་འདོད་ལ། ལུས་ཀྱི་སྐབས་སུ། སྐྲ་དང་ཁ་སྤུ་ནམ་མཁའམ། ཤ་ལྤགས་རླུང་། ཁྲག་དང་དམར་ཆ་མེ། རྡུལ་དང་དྲི་ཆུ་ཆུ། རྐང་དང་རུས་པ་ས། རྩ་དང་རླུང་ཡེ་ཤེས། རོ་རྐྱང་གཉིས། དབུ་མའི་ཡས་སྣ་དང་མས་སྣ་རྣམས། ཉི་མ་ཟླ་བ། སྒྲ་གཅན། དུས་མེ་སྟེ་རྡོ་རྗེ་བཞི་དང་སྦྱར་ནས་བཤད་དེ་རི་རབ་དང་བཅུད་ཀྱི་སེམས་ཅན་ལ་སྦྱར་ཞིང་། ཕྱི་ནང་གཞན་ཀུན་གྱི་འབྱུང་སྡུད་ཀྱི་གཞི་ནི་ནང་ལུས་ལ་གནས་ལ། དེའི་ཡང་རྩ་བ་མཐར་ཐུག་ནི། ཤིན་ཏུ་ཕྲ་བའི་སེམས་དང་རླུང་དང་ཐིག་ལེ་རྣམས་ངོ་བོ་གཅིག་ཏུ་གྱུར་པ་ལ་གཞོམ་མེད་གཞིའི་དུས་འཁོར། ཆ་མེད་ཀུན་འགྲོའི་ཆོས་དབྱིངས་ཀྱི་རྟེན་དུ་གྱུར་པ་འདི་ཉིད་ཡིན་ལ། འདིའི་སྟེང་ན་ལུས་ཀྱི་རླུང་སོགས་ཁམས་རགས་པ་བཞི་དང་། དེ་རྣམས་འདུས་པའི་རྩ་རླུང་རགས་པ་དང་། ནང་གི་རྩ་ཁམས་ཕྲ་བ་དཀར་དམར་རྣམས་ཡེ་ཤེས་བཞི་དང་། ཀུན་ལ་ཁྱབ་པའི་ནམ་མཁའ་རྣམས་ཀྱིས་ནུས་པ་ཁྱད་པར་བའི་ཆ་བཅུ། རང་གི་ཆོས་དབྱིངས་དང་བཅས་ཡོད་པ་ནི། ངེས་དོན་གཞིའི་རྣམ་བཅུ་དབང་ལྡན་ཡིན་ཞིང་། དེ་རྣམས་ལས་ཡི་གེ་བཅུ་འགྲུབ་སྟེ། དེ་ཡང་ཕྲ་རིམ་གྱི་འགྲུབ་པས་ན་གཡོན་སྐོར་དུ་བརྩམས་པས་ཐིག་ལེ། ཚེག་དྲག །མ་ཡིག །ཨི་ཡིག །རི་ཨུ། ལྀ། མཱ། ཀྵ། ཧཱ་རྣམས་དགོད་པར་བྱ་ཞིང་། དེ་རྗེས་དབྱངས་ཅན་མ་ལྟར་ན། ཨི་ཡའོ་ཞེས་པའི་ཨི་ཡིག་ཡ་དང་། ཨུ་ཝའོ་ཞེས་པས་ཨུའི་ཡི་གེ་ཝ། རི་རའོ་ཞེས་པའི་རའི་ཡི་གེ་ར། ལི་ལའོ་ཞེས་པའི་ཝའི་ཡི་གེ་ཕ་རོལ་གྱིས་མཐོང་བའི་ལ་རུ་བསྒྱུར། དེ་བཞིན་དུ་ཨུ་ཝ་དང་། རི་ར་དང་། ཨི་ཡ་རྣམས་སུ་བསྒྱུར་ཞིང་། དེ་རྣམས་དབྱིངས་ཀྱི་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ། །ཞེས་ཡ་སྲོག་མེད་ཨའི་སྟེང་དང་དེ་ནས་རིམ་པར་ར་བ་ལ་མ་ཧ་ཀྵ་རྣམས་ལ་ཨ་ཡིག་གི་སྟེང་དུ་དྲངས་སྟེང་ཨ་ཡིག་སྲོག་ཏུ་བཅུག་པའི་སྟེང་དུ་ཚེག་དྲག་ཟླ་ཕྱེད་དུ་བྱས། ཐིག་ལེ་ན་དཱའི་མཚན་པ་བསྣན་པས་རྣམ་བཅུ་དབང་ལྡན་གྱི་ཡི་གེ་འགྲུབ་ཅིང་དེ་ཡང་མས་ནས་༡ཡ་༢ར་༣ཝ་༤ལ་༥མ་༦ཀྵ་༧ཧ་བདུན་དང་དེའི་སྟེང་ཟླ་ཕྱེད་ཐིག་ལེ་གཉིས་ཏེ་དགུ། ཧཾ ཀྵ མ ལ ཝ ར ཡ ཀུན་གྱི་སྲོག་ལ་ཨ་ཡིག་སྟེ་རྣམ་བཅུའོ། །དེ་བཅུ་ལས་གོང་དུ་བརྗོད་པའི་བརྟན་གཡོ་ཐ་སྙད་ཙམ་དུ་འགྲུབ་ཅིང་དེ་དག་མཐར་ཡི་གེ་བཅུ་དང་། དེ་ཡང་གཞིའི་ངེས་དོན་གྱི་རྣམ་བཅུ་དབང་ལྡན་དང་། ཤིན་ཏུ་ཕྲ་བའི་རླུང་སེམས་ཆོས་ཅན་དུ་གྱུར་པ་ལ་བསྡུས་ནས་དེ་ཐ་སྙད་ཐོག་མཐའ་མེད་པར་གནས་པ་དང་། ལུས་ནུས་སྨིན་རིམ་གྱི་སྔར་བཞིན་འགྲུབ་ཅིང་། འཕེན་པ་ཚར་གཅིག་གི་ནུས་པ་ཟད་ཚེ་སྡུད་ལ། དོན་དུ་ན་སྤྲོས་བྲལ་ཆོས་དབྱིངས་ཀྱི་རང་བཞིན་ལས་མ་འདས་སོ། །རྣམ་བཅུ་ནི། སྣ་ཚོགས་པདྨ་ཉི་མ་ཟླ་བ་དང་། །སྒྲ་གཅན་དུས་མེ་སོགས་ཀྱི་གདན་གྱི་སྟེང་། །རླུང་ཁམས་ཡ་ལྗང་ར་དམར་མེ་ཡི་ཁམས། །ཝ་དཀར་ལྕགས་ཁམས་ལ་སེར་ས་ཡི་ཁམས། །མ་ནི་སྣ་ཚོགས་ཁམས་ལས་གྲུབ་པ་སྟེ། །ཀྵ་ནི་ཆོས་ཀྱི་བདག་མེད་རྟོགས་གྱུར་པ། །བདེ་སྟོང་ཧཾ་དཀར་སྐྱེ་མེད་དོན་སྟོན་པ། །དེ་སྟེང་ཆུ་ཤེལ་ལས་གྲུབ་ཟླ་བ་དཀར། །དེ་སྟེང་མེ་ཤེལ་ལས་གྲུབ་ཉི་མ་དམར། །ན་དཱ་སྔོན་པོའམ་དུ་བའི་མདོག་ཅན་ནོ། །སྤྲིན་རི་སྨུག་པོ་པདྨའི་ཚད་དང་མཉམ། །ཡིག་རྐང་མང་ཉུང་རྒྱ་གར་ཡུལ་རིག་ཁྱད། །ཅེས་སོ། །ཕྱི་ནང་གཞན་གསུམ་དེ་ཉིད་དོན། །ཇི་བཞིན་གཟིགས་ཕྱིར་གུས་བཏུད་ནས། །དུས་གསུམ་རྒྱལ་བ་ཐམས་ཅད་དང་། །ཁྱད་པར་དུས་ཀྱི་འཁོར་ལོ་ཡི། །སྙིང་པོ་རྣམ་བཅུ་དབང་ལྡན་མཆོག །ལཉྫ་ན་ཡི་ཡིག་གཟུགས་སུ། །བྲི་བའི་ཆ་སྙོམ་ཐིག་དང་ནི། །ཚོན་གྱི་ཁ་དོག་བཤད་པར་བྱ། །དེ་ཡང་ཅི་ཙམ་འདོད་པ་ཡི། །གཞི་དང་འཚམས་པའི་ངོས་འཇམ་ལ། །སྟེང་འོག་ཆ་ཕྲན་ཉི་ཤུ་དང་། །ཕྲེང་ལ་ཆ་ཕྲན་བཅུ་གཅིག་བཏབ། །སྟེང་ནས་རིམ་པ་བཞིན་དུ་ནི། །མགོ་བོར་ཆ་གསུམ་ཧ་ལ་གཉིས། །ཀྵ་དང་མ་ལ་ཆ་གསུམ་ཏེ། །ལ་ཝ་ཆ་ཕྲན་གཉིས་རེ་དང་། །ར་ལ་གཅིག་དང་ཡ་ལ་གཉིས། །ཉི་གདན་ལ་གཅིག་ཟླ་བ་དང་། །སྒྲ་གཅན་གཉིས་ཀ་ཆ་གཅིག་སྟེ། །ཆ་ཕྲན་ཉི་ཤུ་དེ་ཡི་ཚང་། །འཕྲེད་ལ་ཡི་གེའི་ཁོག་པ་རྣམས། །ཆ་ཆུང་གསུམ་དུ་ངེས་ན་ཡང་། །ཆ་ཕྱེད་ཕྱི་ལ་བཀྱེད་ན་མཛེས། །ཡ་ལ་རྐང་བ་གཉིས་ཡིན་ཏེ། །གཞན་རྣམས་རྐང་བ་རེ་རེའོ། །རྐང་པ་བརྒྱད་པོ་ཐམས་ཅད་ལ། །ཆ་ཕྲན་རེ་རེ་ཁོ་ན་བྱ། །ཉི་གདན་ཡིག་འབྲུ་གསུམ་ཙམ་བྱ། །སྟེང་གི་ཟླ་ཚེས་ཐིག་ལེ་དང་། །འོག་གི་པད་གདན་ལ་སོགས་པ། །ཇི་ལྟར་མཛེས་པར་བྱེད་གསུངས་ཀྱང་། །ཟླ་ཚེས་ཐིག་ལེ་ན་དཱ་གསུམ། །ཆ་ཕྲན་རེ་རེའི་ཚད་ཙམ་བྱ། །འོག་གི་ཟེའུ་འབྲུ་ཆ་གཅིག་དང་། །པད་གདན་ཆ་ཕྲན་གསུམ་ཙམ་མོ། །བསྡུས་པ་རྐང་པ་ལྔ་བ་ནི། །སྟེང་འོག་སྔ་མ་ཇི་བཞིན་དང་། །འཕྲེད་ལ་ཆ་ཕྲན་དགུ་བྱས་པའི། །ཡི་གེའི་ཁོག་པ་ཆ་བཞི་དང་། །རྐང་པ་ལྔ་བོ་ཆ་རེའོ། །ཟླ་ཉི་ལ་སོགས་གོང་དང་མཚུངས། །དེ་ཡི་རྒྱས་བསྡུས་གཉིས་ཀར་འགྲུབ། །ཧ་དང་ཀྵ་ལ་རྐང་པ་རེ། །ཡ་ལ་རྐང་པ་གཉིས་ཡིན་ཏེ། །གཞན་རྣམས་རྐང་པ་ཐམས་ཅད་གཅིག །རྐང་པ་ལྔ་པོ་དེ་ཡི་འགྲུབ། །