སྲོག་སྡོམ་གཟེར་བཞིའི་དམིགས་པའི་གནད་འགག་ཁམས་གསུམ་རོལ་པ་ཚངས་པའི་སྒྲ་དབྱངས།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-025
Wylie title srog sdom gzer bzhi'i dmigs pa'i gnad 'gag khams gsum rol pa tshangs pa'i sgra dbyangs
Location dpal sprul bka' 'bum
Volume 4, Text 25, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Key Points - gnad yig  ·  Generation Stage - bskyed rim
[edit]
༄༅། །སྲོག་སྡོམ་གཟེར་བཞིའི་དམིགས་པའི་གནད་འགག་ཁམས་གསུམ་རོལ་པ་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །


གསང་བ་མཆོག་གི་དགྱེས་པ་ན། །མི་འགྱུར་ཀུན་ཁྱབ་རྟག་ཏུ་བཞུགས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །རིགས་ཀྱི་བདག་པོ་ལ་ཕྱག་འཚལ། །གང་ཞིག་གང་གིས་རྣམ་གྲོལ་སར། །མི་ངལ་ལྕགས་ལ་རྩི་བཞིན་དུ། །ཡུད་ཀྱིས་གྲོལ་བའི་ཐབས་རྨད་བྱུང་། །ཐེག་མཆོག་རྡོ་རྗེ་འདི་ཁོ་ན། །ཟུང་དུ་འཇུག་པ་རྡོ་རྗེའི་ལམ། །ཐབས་དང་ཤེས་རབ་བསྐྱེད་དང་རྫོགས། །རིམ་པ་གཉིས་སུ་གང་སྨོས་པ། །དང་པོའི་སྲོག་ནི་གཟེར་བཞིས་སྡོམ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །རྒྱལ་ཀུན་ཐུགས་ཀྱི་གསང་མཆོག་གང་ཡིན་པ། །རྡོ་རྗེའི་རང་བཞིན་བདེ་བ་ཆེན་པོ་དགྱེས། །འཁོར་འདས་ཀུན་ལ་གནས་ཏེ་འཕོ་འགྱུར་མེད། །རྡོ་རྗེ་སེམས་དཔའ་རིགས་བདག་ལ་ཕྱག་བྱས། །སྐལ་ལྡན་ལམ་འདིས་རྣམ་གྲོལ་སར་ཡུད་ཀྱིས། །གྲོལ་ནུས་གསང་ཆེན་ཆོ་ག་ཐབས་རྨད་པོ། །བསྐྱེད་དང་རྫོགས་དང་ཟུང་འཇུག་ལམ་གསུམ་ལས། །བསྐྱེད་རིམ་ལམ་ཀུན་སྲོག་སྡོམ་གཟེར་བཞིར་འདུས། །དེ་ཡང་འདི་སྐད་ཅེས་དང་པོ་རྡོ་རྗེ་སེམས་དཔའ་ལ་ཕྱག་བྱས་ནས་དོན་དུ་འདི་སྨོས་ཏེ། གང་ཞིག་སྐལ་པ་དང་ལྡན་པའི་གང་ཟག །གང་གིས་ན་རྡོ་རྗེ་ཐེག་པའི་ལམ་གྱིས། གང་དུ་ན་རྣམ་པར་གྲོལ་བ་སངས་རྒྱས་ཀྱི་སར། ཚུལ་ཇི་ལྟ་བར་དཀའ་ཚེག་མེད་པར་མི་ངལ་བར། དཔེ་ཇི་ལྟར་ན་ལྕགས་ལ་གསེར་འགྱུར་རྩི་བཏབ་པ་བཞིན་དུ། དུས་ནམ་གྲོལ་ན་ཡུན་དུ་མི་འགོར་བར་ཡུད་ཀྱིས་ཚེ་ལུས་གཅིག་གིས་གྲོལ་ནུས་པའི་ཐབས་རྨད་དུ་བྱུང་བ་དེ་ནི་ཐེག་པ་ཀུན་གྱི་མཆོག་རབ་གསང་སྔགས་རྡོ་རྗེ་ཐེག་པ་འདི་ཁོ་ན་ཡིན་ཏེ། འདིའི་ལམ་ཐམས་ཅད་བསྡུས་ན་ཟུང་དུ་འཇུག་པ་རྡོ་རྗེའི་ལམ་དུ་འདུ་སྟེ། གང་ཟུང་དུ་འཇུག་ན་ཐབས་དང་ཤེས་རབ་བསྐྱེད་རིམ་དང་རྫོགས་རིམ་སྟེ་རིམ་པ་གཉིས་སུ་འདུ་བ་ལས་དང་པོ་ཐབས་བསྐྱེད་པའི་རིམ་པ་ཐམས་ཅད་ཀྱི་སྲོག་ནི་སྲོག་གི་གཟེར་བཞིས་སྡོམ་པས་ན་བསྐྱེད་རིམ་གྱི་ལམ་ཐམས་ཅད་འདིར་མ་འདུས་པ་ཅུང་ཟད་ཀྱང་མེད་ལ་འདི་མ་ཤེས་ན་བསྐྱེད་རིམ་མ་ཤེས་པ་ཡིན་པས་དེའི་ཚུལ་གོ་བདེ་མདོར་བསྡུས་སུ་བཤད་ན། ཐ་མལ་ལུས་སེམས་བྱ་བ་དག་ནས་སྐུ་གསུང་ཐུགས་ཕྲིན་ལས། མངོན་དུ་བྱེད་པ་རྡོ་རྗེའི་ལམ་ལ་ལྷ་སྔགས་ཆོས་ཉིད་འཕྲོ་འདུར་འདུས། ལུས་སྦྱོང་རྒྱལ་བའི་སྐུར་སྨིན་ཏིང་ངེ་འཛིན་ནི་རྡོ་རྗེའི་ལམ། ངག་གི་སྒྲིབ་སྦྱོང་བཟླས་པས་རྒྱལ་བའི་གསུང་ཉིད་ཐོབ། སེམས་ཉིད་གྲོལ་བྱེད་དགོངས་པ་མི་འགྱུར་ཐུགས་ཀྱི་སྒྲུབ་བྱེད་གསང་བ་སྟེ། བྱ་བ་གནས་དག་ཕྲིན་ལས་མཆོག་སྒྲུབ་འཕྲོ་འདུའི་གཟེར་བཞིར་འདུས། ཞེས་བྱ་སྟེ། བསྐྱེད་རིམ་གྱི་ལམ་ཐམས་ཅད་མར་འཁོར་བ་དང་གནས་ཚུལ་མཐུན་པས་དེ་དང་དེའི་བག་ཆགས་སྦྱོང་ཤིང་དག །ཡར་མྱང་འདས་དང་བཞུགས་ཚུལ་མཐུན་པས་སངས་རྒྱས་ཀྱི་མཛད་པ་ལམ་དུ་བྱེད་པས་འབྲས་བུ་གཞི་ལ་རྫོགས། བར་དུ་རྫོགས་རིམ་གྱི་གནད་དང་མཐུན་པས་ལམ་རིམ་པ་གཉིས་པའི་སྨིན་བྱེད་དུ་འགྲོ་བ་སྟེ་དག་རྫོགས་སྨིན་གསུམ་ཤེས་དགོས་ལ། དེ་ལྟར་ཐབས་བསྐྱེད་རིམ་གྱི་ལམ་ནི་སྲོག་སྡོམ་གཟེར་བཞིར་འདུས་པ་ལས། དང་པོ་ཏིང་ངེ་འཛིན་ལྷ་ཡི་གཟེར། གཉིས་པ་བཟླས་པ་སྔགས་ཀྱི་གཟེར། གསུམ་པ་ཆོས་ཉིད་ཀྱི་གཟེར། བཞི་བ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཏེ་བཞི་ཡིན་ལ། དང་པོ་ཏིང་ངེ་འཛིན་གྱི་གཟེར་ནི། དབྱིངས་སྟོང་པ་ཆེན་པོའི་ངང་སྤྲོས་བྲལ་དུ་མཉམ་པར་འཇོག་པ་དེ་བཞིན་ཉིད་རྡོ་རྗེ་ལྟ་བུ། དེ་ལྟར་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་སྒྱུ་མ་ལྟར་སྒོམ་པ་ཀུན་སྣང་སྒྱུ་མ་ལྟ་བུ། དེའི་རྩལ་ལྷ་གང་ཡང་རུང་བའི་ཐུགས་སྲོག་གི་ཡི་གེ་ལྟར་སྒོམ་པ་རྒྱུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན། དེ་གསུམ་ལ་གཞི་བྱས་ནས་སྐྱེ་གནས་བཞི་གང་རུང་གི་བག་ཆགས་སྦྱོང་བ་དང་འབྲེལ་བར་ཕྱི་སྣོད་གཞལ་ཡས་དང་ནང་བཅུད་ལྷ་རུ་གསལ་བའི་རང་ལུས་ལྷ་སྐུ་སྒྱུ་མ་ལྟ་བུ་སྣང་ཆ་ནས་སྤྱན་གྱི་དཀར་ནག་ཚུན་ཆད་མ་འདྲེས་ཡོངས་རྫོགས་སུ་གསལ་ལ་སྟོང་ཆ་ནས་རང་བཞིན་དུ་གྲུབ་པ་སྤུ་ཙམ་ཡང་མེད་པར་སྣང་སྟོང་ཟུང་འཇུག་ཆེན་པོ་བཀྲ་ལམ་གྱིས་གསལ་བཏབ་ལ། ཡེ་ཤེས་ལྔའི་དབང་བསྐུར་ཞིང་སྐུ་གསུང་ཐུགས་ཀྱི་རྒྱས་གདབ་སོགས་ཡན་ལག་ཚང་བར་བྱེད་པ་ཡིན་ཏེ། དེས་ནི་མར་འཁོར་བའི་གནས་སྐབས་ན་སྐྱེ་གནས་བཞིར་སྐྱེས་པའི་ལུས་ཀྱི་བག་ཆགས་སྦྱོང་ཞིང་དག་པར་བྱེད། ཡར་སངས་རྒྱས་ཀྱི་གནས་སྐབས་ན་སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ཞལ་ཕྱག་མཚན་མ་ལས་འདས་པ་དང་། སྐུ་རྣམ་པ་ཐམས་ཅད་པ་གང་ལ་གང་འདུལ་དུ་སྣང་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་གྱི་གནས་སྐབས་ན་རྩ་ཡི་དྲྭ་བ་དག་པ་ལྷ་རུ་སྦྱངས་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོ། གཉིས་པ་སྙིང་པོ་སྔགས་ཀྱི་གཟེར་ནི། དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤང་པར་རེ་རེ་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཐུགས་སྲོག་ཡི་གེའི་རྣམ་པར་གནས་པའི་མཐའ་བསྐོར་དུ་མདུན་ནས་བརྩམ་སྟེ་ལྷ་རང་རང་གི་སྙིང་པོ་བཟླས་པ་ལས་ཀྱི་སྔགས་ཕྲེང་གིས་མཐའ་བསྐོར་བ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་ངག་བཟླས་འབྲུ་འབུམ་ལྟ་བུ་གྲངས། ཟླ་བ་ལྟ་བུ་དུས། ཞལ་མཐོང་ལ་སོགས་མཚན་མ་དང་སྦྱར་ནས་བཟླས་ཤིང་། ཁྱད་པར་འབྱིན་འཇུག་གནས་གསུམ་སྔགས་སུ་ཤེས་པས་རྡོ་རྗེའི་བཟླས་པ་ལ་བརྩོན་པར་བྱེད་པ་ཡིན་ཏེ། དེས་ནི་མར་འཁོར་བའི་གནས་སྐབས་ན་བརྗོད་པ་སྒྲའི་རང་བཞིན་འགྲོ་བའི་ངག་གི་བག་ཆགས་དག་པར་བྱེད། ཡར་དག་པ་སངས་རྒྱས་ཀྱི་དུས་ན་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་སྒྲ་ཚིག་བརྗོད་པ་ལས་འདས་པ་གསུང་རྣམ་པ་ཐམས་ཅད་པ་ཐེག་པ་བསམ་གྱིས་མི་ཁྱབ་པར་འཆར་བའི་འབྲས་བུ་གཞི་ལ་རྫོགས། བར་ལམ་ཉམས་སུ་ལེན་པའི་དུས་ན་ངག་རླུང་གི་རང་བཞིན་སྙིང་པོ་སྔགས་ཀྱི་རང་བཞིན་དུ་སྦྱངས་པས་ཕ་རྒྱུད་ལྟར་རླུང་ལ་བརྟེན་པའི་རྫོགས་རིམ་ཐམས་ཅད་ཀྱི་སྨིན་བྱེད་དུ་འགྲོ། གསུམ་པ་དགོངས་པ་མི་འགྱུར་བའི་གཟེར་ཆོས་ཉིད་ཀྱི་ལྟ་བས་རྩིས་ཟིན་པ་ལ་བྱ་སྟེ། དེ་ལྟར་སྣང་གྲགས་སྣོད་བཅུད་ཐམས་ཅད་ལྷ་སྔགས་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པར་གསལ་བ་དེ་ཡང་འདུས་བྱས་བློས་སྤྲུལ་གྱི་བཀོད་པ་མིན་པར་དོན་དམ་པའི་ཆོས་ཉིད་དག་མཉམ་སྟོང་པ་ཆེན་པོའི་རང་རྩལ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གནས་པ་ལ་བདག་གཞན་དང་། དམ་ཡེ་བསྒྲུབ་བྱ་སྒྲུབ་བྱེད། དག་དང་མ་དག་ཐ་དད་གཉིས་ཆོས་སུ་འཛིན་པ་ཅུང་ཟད་ཀྱང་མེད་པར་གཉིས་མེད་མཉམ་པ་ཆེན་པོའི་ཀློང་དུ་འཁོར་འདས་ཡེ་སངས་རྒྱས་པའི་དཀྱིལ་འཁོར་ན་བདག་དང་ལྷ་ཞེས་ཐ་དད་དུ་འཛིན་པ་ཅུང་ཟད་ཀྱང་མེད་དེ། བདག་གི་ཆོས་ཉིད་རྣམ་པར་དག་པ་ལྷ་ཡི་རང་བཞིན་དུ་ལྷའི་ཐུགས་ཡེ་ཤེས་ཆེན་པོ་རང་དང་ཡེ་ནས་དབྱེར་མེད་དུ་གནས་པ་སྟེ་དོན་དུ་ན་མཉམ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བསླབ་པ་སྟེ། འདིའི་ཚུལ་ཚིགས་སུ་བཅད་པ། གང་གི་རང་བཞིན་གཉིས་མེད་བདེ་བ་ཆེ། །རྡོ་རྗེ་སེམས་དཔའ་ནམ་མཁའ་ལྟ་བུའི་ཀློང་། །ནམ་མཁའ་མི་མཚོན་མཚོན་པ་ཐ་སྙད་ཙམ། །དོན་འདི་རྟོགས་ན་འཁོར་འདས་གཉིས་མེད་དེ། །ཡེ་ནས་སངས་རྒྱས་སྲིད་པ་མིང་ཙམ་ལུས། །སྐྱེ་མེད་ཀློང་ན་རྒྱལ་ཀུན་ཐུགས་རྡོ་རྗེ། །འདུ་འབྲལ་མེད་པའི་ཆོས་ཉིད་དབྱིངས་དག་པ། །སྣང་བ་ལྷ་ཡིན་ལྷ་ལས་སྣང་མི་དམིགས། །གྲགས་པ་སྔགས་ཡིན་སྔགས་ལས་སྒྲ་མེད་དོ། །ལྷ་སྔགས་མ་གྲུབ་དག་མཉམ་ཆོས་སྐུའི་ངང་། །བདག་དང་གཞན་དུ་འཛིན་པ་ཡོད་མིན་ཏེ། །སྟོང་དང་མི་སྟོང་འདི་ལ་ཅི་ཞིག་ཡོད། །བློ་ལས་འདས་སོ་ཐེག་པའི་རྒྱལ་པོའི་ལམ། །འདི་དང་རྣམ་པ་ཀུན་ཏུ་འབྲལ་མི་བྱ། །འདི་བྲལ་བསྐྱེད་པའི་ལྷ་དེ་འཆིང་བའི་རྒྱུ། །འདིས་མར་འཁོར་བའི་གནས་སྐབས་ན་ངན་སེམས་བག་ཆགས་རང་རིག་རང་གསལ་དུ་གནས་པའི་ཆ་དག་པར་བྱེད། ཡར་སངས་རྒྱས་ཀྱི་དུས་ན་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དམིགས་བསམ་སྤྲོས་དང་བྲལ་བའི་ཆོས་ཉིད་དང་། ཐུགས་རྣམ་པ་ཐམས་ཅད་པ་མངོན་ཤེས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ཉམས་སུ་ལེན་པའི་གནས་སྐབས་ན་སྣང་སྟོང་གཉིས་སུ་མེད་པའི་ཆོས་ཉིད་ལ་གོམས་པའི་ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བསྟེན་པའི་བདེ་གསལ་སྟོང་པ་ཉིད་ཀྱི་རྫོགས་རིམ་བསྒོམ་པའི་སྨིན་བྱེད་དུ་འགྲོ། བཞི་པ་འཕྲོ་འདུ་དམིགས་པའི་གཟེར་ནི། མཆོག་ཐུན་ཕྲིན་ལས་བཞི་སྒྲུབ་པའི་ཐབས་ཀྱི་བྱེ་བྲག་ལ་བྱ་སྟེ་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་གསལ་བ་ཐམས་ཅད་ཐུགས་ཆོས་ཉིད་ཀྱི་དགོངས་པ་ལས་གཡོ་འགུལ་མེད་པ། གསུང་སྙིང་པོ་སྔགས་ཀྱི་སྒྲ་གདང་གཞོལ་མེད་ཡན་ལག་དྲུག་ཅུའི་དབྱངས་སུ་བསྒྱུར་ཞིང་སྐུ་ཞི་བའི་ཚུལ་དགུ་དང་ཁྲོ་བོ་གར་དགུའི་རྣམ་རོལ་ཏུ་བཞུགས་པའི་སྐུའི་ཆ་དང་། ཐུགས་ཀའི་སྔགས་ཕྲེང་ལས་འོད་དང་འོད་ཟེར་གྱི་ཕུང་པོ་དཀར་ལ་འཚེར་བ་སེར་ལ་སྣུམ་པ་དམར་ལ་བཀྲག་པ་ལྗང་ལ་གནག་པ་དཔག་ཏུ་མེད་པ་འཕྲོས། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གནས་པ་ལ་མཆོད་བྱ་དང་མཆོད་བྱེད་ཐ་དད་དུ་མེད་པ་འཕྲུལ་དགའི་རྣམ་རོལ་ཏུ་མཆོད་པས་བདེ་སྟོང་ཡེ་ཤེས་ཆེན་པོའི་རོས་ཚིམས། རང་སྣང་ཡེ་ཤེས་ཀྱི་སྣང་ཆར་འཁོར་བ་མིང་ཙམ་ཡང་མི་དམིགས་ཀྱང་། གཞན་སྣང་སེམས་ཀྱི་སྣང་བར་ཡུལ་དོན་ལུས་སུ་ཨ་འཐས་པའི་མེད་སྣང་སྒྱུ་མའི་འགྲོ་ཁམས་རིགས་དྲུག་གི། གནས་རིས་བསམ་གྱིས་མི་ཁྱབ་པ་ཇི་སྙེད་ཡོད་པ་ཀུན་ཏུ་ཐབས་ལ་མཁས་པའི་འོད་ཟེར་དེས་རེག་པས་འཁྲུལ་འཛིན་མ་རིག་པའི་ཆ་ཐམས་ཅད་སྐད་ཅིག་ལ་སངས་ཏེ། ལུས་ཐམས་ཅད་ལྷ་སྐུ། ངག་ཐམས་ཅད་སྙིང་པོ། ཡིད་ཐམས་ཅད་ཆོས་སྐུའི་དགོངས་པ་འཕོ་འགྱུར་མེད་པར་སངས་རྒྱས་པ་སྟེ་སྲིད་པ་ཞེས་བྱ་བའི་མིང་ཡང་མེད་པར་ཤེས་པ་ནི་མཆོག་གི་དངོས་གྲུབ་གཙོ་བོར་བྱེད་པ་དོན་གཉིས་ལྷུན་གྲུབ་ཀྱི་རྣལ་འབྱོར་པ་ཞེས་བྱ། འོད་ཟེར་དེ་དག་གི་བྱེད་པས་གནས་སྐབས་སུ་དཀར་པོ་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ལྗང་གུས་དྲག་པོའི་ཕྲིན་ལས་སྒྲུབ་པ་དང་དམིགས་པའི་སྤྲོ་བསྡུ་དང་ཕྲིན་ལས་ཀྱི་མདེ་ཁ་བསྒྱུར་བ་ཐུན་མོང་གི་གྲུབ་པ་བརྒྱད་ལ་སོགས་བསྒྲུབ་པ་སྟེ་འདིས་མར་འཁོར་བའི་གནས་སྐབས་ན་ལུས་ངག་ཡིད་ཀྱི་བྱ་བ་དགྲ་འདུལ་གཉེན་སྐྱོང་ཚོང་སོ་ནམ་ལ་སོགས་པའི་རྣམ་པ་སྦྱོང་ཞིང་དག་པར་བྱེད། ཡར་དག་པ་སངས་རྒྱས་ཀྱི་གནས་སྐབས་ན་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་འབྲས་བུ་གཞི་ལ་རྫོགས། བར་ཉམས་སུ་ལེན་པའི་གནས་སྐབས་ན་དོན་གཉིས་ལྷུན་གྱིས་གྲུབ་པའི་བྱེད་རྩོལ་དག་པའི་ལམ་ལ་བསླབ་པའི་རྫོགས་རིམ་གྱི་གནས་སྐབས་ན་ལུས་ངག་ཡིད་ཀྱི་བྱེད་པ་ལ་ལྟོས་པའི་དམིགས་བཅས་ཐུན་མོང་གི་ལམ་དང་དམིགས་མེད་ཡེ་ཤེས་ཀྱི་དགོངས་པ་མངོན་སུམ་འོད་གསལ་གྱི་རྣལ་འབྱོར་སྣང་སྲིད་འོད་སྐུར་སྦྱོང་བའི་སྨིན་བྱེད་དུ་འགྲོ། དེ་ཡང་འདི་སྐད་དུ། ཐ་དད་མ་ཡིན་གཞི་ལམ་འབྲས། །ཟུང་དུ་འཇུག་པ་སངས་རྒྱས་ལམ། །དང་པོ་ཉིད་ནས་དུ་མར་མེད། །རོ་གཅིག་ཉིད་དུ་འབྲས་བུ་རྫོགས། །འདིས་ཅི་བསྟན་ན། ལྟ་བ་དགོངས་པ་མི་འགྱུར་གཞི་སྟེ་སྒོམ་པ་ལམ། །ལྷ་དང་སྔགས་ཡིན་སྤྱོད་པ་ཤུགས་ཡིན་ཏེ། །ཕྲིན་ལས་མཆོག་ཐུན་འབྲས་བུ་གང་གནས་པ། །དང་པོ་ཉིད་ནས་ཟུང་འཇུག་ལམ་ཞེས་བྱ། །ཞེས་སྨོས་ཏེ། འདི་ལྟར་དགོངས་པ་མིང་འགྱུར་བའི་གཟེར་ནི་ལྟ་བ་ཡིན་པས་ན་གཞི་ཏིང་ངེ་འཛིན་ལྷའི་གཟེར་ནི་སྒོམ་པ། སྙིང་པོ་སྔགས་ཀྱི་གཟེར་ནི་སྒོམ་པ་ཡང་ཡིན་ལ་ཤུགས་ཀྱི་སྤྱོད་པ་ཡིན་པས་དེ་ཉིད་ལམ། འཕྲོ་འདུ་དམིགས་པའི་གཟེར་ནི་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་ཤིང་སངས་རྒྱས་ཀྱི་ཕྲིན་ལས་ད་ལྟ་ནས་བྱེད་པའི་འབྲས་བུ་ཡིན་ཏེ། དེ་ལྟར་སྲོག་སྡོམ་གཟེར་བཞིའམ་ལྟ་སྒོམ་སྤྱོད་འབྲས། གཞི་ལམ་འབྲས་བུ་གང་ཡིན་པ་དེ་དག་ཀྱང་ཐ་དད་དམ། ཡ་བྲལ་ལམ། རེས་འཇོག་ཅན་ནམ། རིམ་པ་ཅན་དུ་མི་ལྟ་སྟེ། དང་པོ་ཉིད་ནས་གཅིག་དང་དུ་མ་མེད་པར་དབྱེར་མེད་ཟུང་འཇུག་ཏུ་ཤེས་དགོས་ཏེ། འདི་ལྟར་དགོངས་པ་མི་འགྱུར་བ་ཆོས་ཉིད་དག་མཉམ་ཆེན་པོར་དབྱིངས་ཡེ་སངས་རྒྱས་པའི་རང་རྩལ་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་ཤར་བའི་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ངང་ནས་གྲགས་སྟོང་སྔགས་ཀྱི་རང་སྒྲ་ཅིར་ཡང་བསྒྱུར་ཞིང་འཕྲོ་འདུ་ཕྲིན་ལས་ཀྱི་རོལ་པ་ལ་སློབ་སྟེ། སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོ་བྱེད་རྩོལ་སྤྲོས་པ་དང་བྲལ་བཞིན་དོན་གཉིས་ལྷུན་གྱིས་གྲུབ་པར་བཞུགས་པའི་འབྲས་བུ་ད་ལྟ་ནས་ལམ་དུ་བྱེད་པས་གསང་སྔགས་རྡོ་རྗེའི་ཐེག་པའམ་འབྲས་བུའི་ཐེག་པ་ཞེས་སྨོས་པ་ཡིན་ལ། དེ་ཡང་གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོ་འཁོར་འདས་མཉམ་ཉིད་དུ་རྟོགས་པས་སྲིད་ཞི་གཉིས་ཀའི་སྲོག་ལ་རང་དབང་བསྒྱུར་ཞིང་། ལམ་བསྒོམ་པ་ལྷ་སྔགས་ཀྱི་འཁོར་ལོ་བསྐྱེད་རྫོགས་གཉིས་ཀའི་སྲོག་ལ་རང་དབང་ཞིང་། དོན་གཉིས་ལྷུན་གྲུབ་ཀྱི་སྤྱོད་པས་ཐབས་ཆེན་བསམ་གྱིས་མི་ཁྱབ་པའི་སྲོག་ལ་རང་དབང་བ་སྟེ་དཔེར་ན་སྒྲ་གཅན་གྱི་ཁས་ནམ་མཁའི་ཟླ་བ་གཅིག་བཟུང་བས་ཆུ་ནང་གི་ཟླ་བ་ཇི་སྙེད་པ་རང་ཟིན་པ་ལྟར་སྲོག་སྡོམ་གཟེར་བཞིའི་མན་ངག་གཅིག་ཤེས་པས་མདོ་རྒྱུད་བསམ་གྱིས་མི་ཁྱབ་པའི་དགོངས་གནད་དུས་གཅིག་ལ་ཉམས་སུ་ལོང་བས་ན་རེ་རེའང་གནད་ཀྱི་ཁྱད་པར་དུ་མ་དང་བཅས་པ་སྟེ། དང་པོ་དགོངས་པ་མི་འགྱུར་བའི་གཟེར་འཁོར་འདས་མཉམ་ཉིད་དུ་ཤེས་པས་སྤང་བླང་གཞི་ནས་དག་པའི་གནད། རོ་མཉམ་སྟོང་པ་ཉིད་ཤེས་པས་དངོས་འཛིན་བདེན་ཞེན་འཇིག་པའི་གནད། སྣང་སྟོང་ཟུང་འཇུག་ཏུ་ཤེས་པས་ཚོགས་གཉིས་མཉམ་དུ་རྫོགས་པའི་གནད། ལྟ་བའི་རྩིས་ཟིན་པས་བསྐྱེད་རྫོགས་ཡ་བྲལ་དུ་མི་འགྱུར་བའི་གནད། དགོངས་པའི་ངང་ལས་མི་གཡོ་བས་ལྟ་ཐོག་ཏུ་སྒོམ་པ་འཁྱོལ་བའི་གནད། གྱ་ནོམ་ལྷར་ཞེན་ལས་གྲོལ་བས་བསྐྱེད་རིམ་གྱི་གོལ་ས་སྤོངས་པའི་གནད། སྣང་སྲིད་གཞི་བཞེངས་སུ་རྫོགས་པས་བདག་གཞན་གྱི་གཉིས་འཛིན་མེད་པའི་གནད། ཡེ་གྲོལ་གཞི་རྫོགས་སུ་རྟོགས་པས་དུག་ལྔ་གོལ་ས་མེད་པའི་གནད། ཆོས་སྐུའི་དགོངས་པ་བརྙེས་པས་སྐུ་གསུམ་རང་ལ་རྫོགས་པའི་གནད། གཞི་འབྲས་རོ་གཅིག་ཏུ་ཤེས་པའི་ས་ལམ་གྱི་རྩོལ་བསྒྲུབ་མི་དགོས་པའི་གནད། སྒོམ་པ་འབྲས་བུར་འཁྱོལ་བས་སངས་རྒྱས་གཞན་ནས་མི་ཚོལ་བའི་གནད། འབྲས་བུ་གཞི་ལ་འཁྱོལ་བས་ཐོབ་བྱའི་ཞེན་འཛིན་གྲོལ་བའི་གནད། ཆོས་ཉིད་ཀློང་དུ་གཅིག་པས་དམ་ཡེའི་འཛིན་པ་དག་པའི་གནད། རིགས་བརྒྱའི་ཁྱབ་བདག་རྟོགས་པས་ལྷ་གཅིག་བསྒྲུབ་པས་ཐམས་ཅད་འགྲུབ་པའི་གནད། མཆོག་གི་དངོས་གྲུབ་བརྙེས་པས་དོན་གཉིས་ལྷུན་གྱིས་གྲུབ་པའི་གནད། བཟང་ངན་སྤང་བླང་ལས་འདས་པས་གཙང་སྦྲ་ཀུན་སྤྱོད་ལ་མ་ལྟོས་པའི་གནད། བྱར་མེད་ཡེ་ཟིན་ཏུ་ཤེས་པས་ཆོ་གའི་ཁྲིགས་རིམ་མི་དགོས་པའི་གནད། གྲུབ་མཐའི་འཛིན་པ་དག་པས་ཐེག་པའི་རྩེ་མོར་ཕྱིན་པའི་གནད་དེ་གནད་ཆེན་པོ་བཅོ་བརྒྱད་དང་ད་དུང་ཡང་དུ་མ་ལྡན་པས་ན་འདི་ནི་སྲོག་གི་སྲོག་སྟེ་སྲོག་གཞན་གསུམ་གྱི་སྲོག་ཀྱང་འདིས་སྡོམ་པས་མེད་ཐབས་མེད་པ་ཉིད་དུ་དང་པོར་བཞག་ལ། གཉིས་པ་བསྐྱེད་རིམ་ལྷའི་གཟེར་གྱིས་སྣང་ཆ་ལྷ་རུ་གསལ་བས་སྟོང་པ་ཕྱོགས་གཅིག་ཏུ་མི་གོལ་པའི་གནད། ཀུན་རྫོབ་ལམ་དུ་བྱེད་པས་བདེན་གཉིས་ཟུང་དུ་འཇུག་པའི་གནད། དངོས་པོའི་ཨ་འཐས་སྦྱོང་བས་ཐ་མལ་གྱི་བདེན་ཞེན་སྤོངས་པའི་གནད། ཆོ་གའི་ཡན་ལག་རྫོགས་པས་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པའི་གནད། སྐུའི་རྣམ་པ་གསལ་བས་གཟུགས་སྐུའི་ཉེ་རྒྱུར་གྱུར་པའི་གནད། འབྲས་བུའི་བཞུགས་ཚུལ་དང་མཐུན་པས་སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནད་དེ་དྲུག་དང་། གསུམ་པ་སྙིང་པོ་སྔགས་ཀྱི་གཟེར་ལའང་། གསུང་རྡོ་རྗེ་ལམ་དུ་བྱེད་པས་ངག་གི་སྒྲིབ་པ་སྦྱོང་བའི་གནད། སེམས་དཔའ་སུམ་བརྩེགས་སུ་སྒོམ་པས་སྒོ་གསུམ་མཉམ་དུ་གྲོལ་བའི་གནད། དམིགས་པ་སྔགས་འཕྲེང་ལ་གཏད་པས་ཐ་མལ་གྱི་རྣམ་རྟོག་སྤོང་བའི་གནད། ཟླ་བ་སྐར་འཕྲེང་ལྟར་བཟླས་པས་རང་བབས་ཀྱིས་ཏིང་ངེ་འཛིན་ལ་གནས་པའི་གནད། འགལ་མེའི་འཁོར་ལོ་ལྟར་བཟླས་པས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་གནད། བུང་པ་ཚང་ཞིག་ལྟར་བཟླས་པས་སྒྲ་གྲགས་སྔགས་སུ་གྲོལ་བའི་གནད། སྙིང་པོའི་སྲོག་ནས་བགྲངས་པས་ལྷ་ཡི་བྱིན་གྱིས་རློབས་པའི་གནད། ངག་གི་ནུས་པ་འཕེལ་བས་ཅི་སྨྲས་གཞན་དོན་དུ་འགྱུར་བའི་གནད། རིགས་སྔགས་ཀྱི་བདེན་ཚིག་གྲུབ་པས་སྨོན་ལམ་གང་བཏབ་འགྲུབ་པའི་གནད། རྒྱལ་བའི་གསུང་ལ་དབང་བས་སྣང་སྲིད་ལྷ་འདྲེས་བཀའ་བཞིན་སྒྲུབ་པའི་གནད་དེ་བཅུ་དང་། བཞི་བ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་གྱིས་མཆོག་གི་དངོས་གྲུབ་འགྲུབ་པས་ཐུན་མོང་ཤུགས་ཀྱིས་འབྱུང་བའི་གནད། དམིགས་པའི་མདེའུ་ཁ་བསྒྱུར་བས་ལས་ཚོགས་གཞན་ལ་མི་ལྟོས་པའི་གནད། ཕྲིན་ལས་མཐའ་རུ་ཕྱིན་པས་གཞན་དོན་འབད་མེད་འབྱུང་བའི་གནད། འགྲོ་དོན་ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱི་མཛད་པ་འགྲུབ་པའི་གནད། སེམས་བསྐྱེད་ཀྱི་འཕེན་པས་འཕང་པས་ཐེག་པ་དམན་པར་མི་གོལ་བའི་གནད། གདུལ་བྱ་སྨིན་ཅིང་གྲོལ་བས་གདུང་རྒྱུད་འཛིན་པའི་གནད་དེ་དྲུག་དང་ལྡན་པ་ཡིན་ལ། དེ་ལྟར་རྩ་བ་བཞི་ལ་གནད་ཀྱི་ཁྱད་ཆོས་བཞི་བཅུ་དང་ལྡན་པས་ན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གནད་མ་ལུས་པ་འདིར་འདུ་ཞིང་འདི་དང་མི་ལྡན་པའི་ལམ་ནི་ཤི་བའི་རོ་དང་འདྲ་བར་ངེས་པས་ན་སྲོག་སྡོམ་གཟེར་ཞེས་བྱ་སྟེ། གཉིས་ཀའི་ཆ་ཐམས་ཅད་གཉིས་མེད་ཡེ་ཤེས་གཅིག་ཏུ་སྡོམ་པའི་གཟེར་བུའང་ཡིན་ལ། འདི་དག་གི་དོན་རྒྱས་སྤྲོས་སུ་བཀྲལ་ན་དུ་མ་ཞིག་མཆིས་ཀྱང་རེ་ཞིག་དེ་ཙམ་མོ། །གསང་སྔགས་ལམ་གནད་འདུས་པ་གསང་བའི་གཏམ། །གསང་བར་མི་འོས་རྡོ་རྗེའི་མཆེད་དེའི་བཀས། །བསྐུལ་ལས་རང་བློར་ངེས་བཞིན་འདིར་བཀོད་མོད། །དངོས་ཤུགས་ཚིག་གི་གཞུང་དང་བསྟུན་མོད་ཀྱང་། །དོན་དུ་རྒྱུད་སྡེ་རྒྱ་མཚོའི་དགོངས་པ་དང་། །མི་འགལ་ཨ་བུ་ཤྲིའི་གསང་ཚིག་ཡིན། །ཉེས་པ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་ཚོགས་རྣམས་མཁྱེན་རྒྱ་མཚོར་རོ་གཅིག་ཤོག །