ཕྱི་ནང་གི་གྲུབ་མཐའ་དབྱེ་ཚུལ་ས་བོན་བསྡུས་པ།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-001
Wylie title phyi nang gi grub mtha' dbye tshul sa bon bsdus pa PJCW-KABUM-04-NGA-001.pdf
Location dpal sprul bka' 'bum
Volume 4, Text 1, Pages 1-11 (Folios 1a1 to 6a4)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Phyi nang gi grub mtha' dbye tshul sa bon bsdus pa. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 4: 1-11. Kathmandu: Tsadra Foundation and Shechen Publications, 2026.
Genre Doxographies - grub mtha'  ·  Synopsis - mdor bsdus
Colophon

།འདི་ཡང་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའོ།

'di yang dpal sprul rin po ches gsungs pa'o/

[edit]
༄༅། །ཕྱི་ནང་གི་གྲུབ་མཐའ་དབྱེ་ཚུལ་ས་བོན་བསྡུས་པ་བཞུགས་སོ། །


༄༅། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཡང་གྲུབ་པའི་མཐའ་ཐམས་ཅད་ཀྱི་དབྱེ་བ་མདོར་བསྟན་པ་ནི། དབྱེ་གཞི་རང་བཞིན་གྱིས་རྒྱས་པར་དགོད་པ་ལ། དབྱེ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ཏེ། དང་པོ་སོར་བཞག་ལྷ་མིའི་ཐེག་པ་ནི། མི་ཡི་ཐེག་པ་མི་ཆོས་གཙང་མ་བཅུ་དྲུག་སྤྱོད་དེ་མཐོ་རིས་དོན་དུ་གཉེར་བའོ། །ལྷ་ཡི་ཐེག་པ་ནི་དགེ་བ་བཅུ་ལ་བླང་དོར་བྱེད་པའོ། །གཉིས་པ་ནི་གསོ་སྦྱོང་ལ་གནས་པར་བྱེད་པའོ། །ཕྱི་རོལ་མུ་སྟེགས་བྱེད་ལ། སྤྱིར་འཇིག་ཚོགས་ལ་ལྟ་བ་སུམ་བརྒྱ་དང་དྲུག་ཅུར་དབྱེ་ནའང་། དེ་ཡང་བསྡུ་ན་འཇིག་ཚོགས་ཀྱི་རི་ཉི་ཤུའོ། །དེ་ཡང་བསྡུ་ན། རྟག་ལྟ་ཆད་ལྟ་གཉིས་སོ། །རྟག་པར་ལྟ་བ་ནི། མུ་སྟེགས་གྲངས་ཅན་པ་ཡིན་ཏེ་མུ་སྟེགས་པ་ཐམས་ཅད་ཀྱི་རྩ་བའམ་སྤྱི་བའོ། །དེས་ནི་རྡུལ་མུན་སྙིང་སྟོབས་གསུམ་ལམ་དུ་བྱེད་ཅིང་། དེ་དག་ཆ་མཉམ་པའི་ངོ་བོ་བདག་ཅེས་བྱ་བ། དཀར་བ་སྣུམ་པ། འདྲིལ་བ། ཆེ་བ་མཐེ་བོང་ཆུང་བ་ཡུང་འབྲུ་ཙམ་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་དུ་གཞིག་ཅིང་གཞོམ་དུ་མེད་པར་གནས་པར་འདོད་དོ། །ཕྱིས་གྲོལ་བའི་ཚེའང་དེ་མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ཐར་བ་མདོག་དབྱིབས་ཅན་དུ་འདུག་པའོ། །གཉིས་པ་ཆད་པར་ལྟ་བ་ལ་གཉིས། རྒྱུ་ཆད་པར་ལྟ་བ་དང་། འབྲས་བུ་ཆད་པར་ལྟ་བའོ། །དང་པོ་རྒྱུ་ཆད་པར་ལྟ་བ་ནི། སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། རྒྱུ་འབྱུང་བ་བཞི་ལ་རང་བཞིན་གྱི་གནས་པའི་སེམས་ཡོད་དོ། །དེ་ཉིད་འབྱུང་བ་རང་རང་གི་རྒྱ་ཡིས་འཐིབ་ནས་མི་མངོན་ལ་རྐྱེན་དྲོད་དང་གཤེར་སོགས་དང་འཕྲད་ཚེ་དེ་དག་གི་སེམས་དེ་ལངས་ནས་སེམས་སུ་གྲུབ་པ་ཡིན་ཏེ། རྒྱུ་མཚན་ས་ལ་ལྕི་ཤིང་དང་ཆུ་ལ་འགྲོ་བ་དང་སྒྲ་མེ་ལ་འབར་བ་རླུང་ལ་གཡོ་བ་སོགས་སེམས་ཡིན་ནོ་ཟེར་རོ། །གཉིས་པ་འབྲས་བུ་ཆད་པར་སྨྲ་བ་ནི། ཚེ་སྔ་མ་མེད་པར་མ་ཟད་འབྱུང་བ་བཞི་པོ་དེ་ལ་རྒྱུ་སྐྱེད་པའི་སེམས་ཡང་མེད་དེ་རང་རང་གི་ངོ་བོའི་འབྱུང་བར་འདོད་དོ། །ཚེར་མ་རྣོ་བ། ཉི་མ་ཤར་ནས་འབྱུང་བ། ཆུ་ཐུར་དུ་འབབས་པ། སྲན་མ་ཟླུམ་པ། རྨ་བྱའི་སྒྲོ་མདོག་ལེགས་པ། རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་རྣམས་སུས་ཀྱང་བྱེད་མཁན་མེད་པར་ངོ་བོ་ཉིད་ཀྱིས་བྱུང་བ་ཟེར་རོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་ལ་གཉིས་སྟེ། ཐེག་དམན་ཉན་རང་དང་། ཐེག་ཆེན་གཉིས་སོ། །ཐེག་དམན་ལ་གཉིས་ཏེ། ཉན་ཐོས་དང་། རང་རྒྱལ་ལོ། །ཉན་ཐོས་ལ་གཉིས། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའོ། །དང་པོ་བྱེ་བྲག་སྨྲ་བ་ནི། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ། དགྲ་བཅོམ་པ་ཉེ་སྦས་སོགས་བདུན་བརྒྱས་མངོན་པ་བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱ་བའི་བསྟན་བཅོས་བརྩམས་ནས་དེའི་རྗེས་སུ་འཇུག་པ་རྣམས་སོ། །མདོ་སྡེ་པ་ནི། སངས་རྒྱས་ཀྱིས་གསུངས་པའི་མདོ་ཁོ་ན་ལས་བསྟན་བཅོས་ལ་ཚད་མར་མི་འཛིན་པས་མདོ་སྡེ་པ་ཞེས་གྲགས་སོ། །དེ་ལ་བྱེ་བྲག་སྨྲ་བའི་འདོད་པ་ནི། ཀུན་རྫོབ་དང་དོན་དམ་གཉིས་ཀྱི་རྣམ་བཞག །དཔེར་ན་གཡག་རྔ་དང་ནེའུ་སེང་ལྟར་ཤེས་པའི་རྒྱུན་ཚོགས་པ་ལ་ཀུན་རྫོབ་དང་དོན་དམ་པར་རྡུལ་ཕྲན་ཆ་ལྡན་པ་སིལ་བུར་དང་བུམ་ཆུ་ལྟ་བུར་འདོད། །ཤེས་པའི་རྒྱུན་ཀུན་རྫོབ་ད་ལྟའི་སྐད་ཅིག་མ་དོན་དམ་དུ་འདོད་དེ་འདིའི་བདག་མེད་གཉིས་ཀྱི་གང་ཟག་གི་བདག་མེད་རྟོགས་ཀྱང་། ཆོས་ཀྱི་བདག་མེད་མ་རྟོགས་སོ། །འཇུག་སྒོ་ནི་བདེན་པ་བཞི་ལ་འཇུག་ལྡོག་བྱེད་ཅིང་། ཁམས་གསུམ་གྱི་མཐོང་བ་དང་། སྒོམ་པའི་སྤང་བྱ་བཞི་བརྒྱ་དང་བཅུ་བཞི་སྤང་ནས། ཟད་པར་བརྒྱད་དང་མི་སྐྱེ་བའི་ཡེ་ཤེས་དམ་པ་མངོན་དུ་བྱས་ནས་གྲོལ་བར་འདོད་དོ། །གཉིས་པ་ཉན་ཐོས་མདོ་སྡེ་པ་ནི། གང་ཟག་གི་བདག་མེད་བྱེ་བྲག་སྨྲ་བ་ལྟར་འདོད་ལ་ཆོས་བདག་ཆ་བཅས་རྡུལ་ཕྲན་ཤེས་བྱའི་གཞི་ལྔའི་ཆོས་ཉིད་རྟོགས་པས་བྱེ་སྨྲ་ལས་འཕགས་སོ། །དེས་ཀྱང་བདེན་བཞི་ལ་འཇུག་ལྡོག་བྱེད་ཅིང་། ཉོན་མོངས་ཕྲ་བ་དང་རགས་པ་བརྒྱད་བཅུ་རྩ་བརྒྱད་སྤངས་ཏེ་ཡེ་ཤེས་དམ་པ་རྟོགས་པར་འདོད་དོ། །གཉིས་ཀས་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་ལ་འབད་རྩོལ་བྱེད་ཅིང་། དུག་གསུམ་རང་རང་གི་གཉེན་པོ། འདོད་ཆགས་ལ་མི་གཙང་བའི་རྫས་བརྒྱད་ཀེང་རུས། ཞེ་སྡང་ལ་བྱམས་པ། གཏི་མུག་ལ་རྟེན་འབྲེལ་བཅུ་གཉིས་རྣམས་བསྒོམས་པའོ། །འབྲས་བུ་དགྲ་བཅོམ་སོགས་འབྲས་བུ་བཞི་ལ་ནང་གསེས་ཞུགས་གནས་བརྒྱད་དེ་སྐྱེས་བུ་ཆེན་པོའི་རིམ་པ་བརྒྱད་ཐོབ་པར་བྱེད་པའོ། །གཉིས་པ་ཐེག་དམན་རང་སངས་རྒྱས་ལ་གཉིས་ཏེ། བསེ་རུ་ལྟ་བུ་དང་། ནེ་ཙོ་ལྟ་བུའོ། །ངེས་ཚིག་ནི། རང་ཉིད་གཅིག་པུ་སངས་རྒྱས་པར་འདོད་དོ། །དང་པོ་བསེ་རུ་ལྟ་བུ་ནི། རང་ཉིད་གཅིག་པུ་གནས་པའི་ཕྱིར་བསེ་རུ་ཞེས་བཏག་སྟེ། དེ་དག་གིས་བདེན་བཞིས་བསྡུས་པའི་ཆོས་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་མ་རིག་པ་ནས་རྒ་ཤིའི་བར་ལུགས་འབྱུང་དུ་བསྒོམས་ཏེ། ཁམས་གསུམ་གྱི་ཉོན་མོངས་ཕྲ་རགས་སམ་ཕྲ་རྒྱས་ཐམས་ཅད་སྤོང་བར་འདོད་པའོ། །རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་སྒོམ་ཚུལ་མ་རིག་པ་ལས་འདུ་བྱེད་འདུ་བྱེད་ལས་རྣམ་ཤེས་སོགས་ནས་རྒ་ཤིའི་བར་རོ། །ལྟ་བ་ནི་གང་ཟག་གི་བདག་མེད་སྟེང་དུ་ཆོས་ཀྱི་བདག་མེད་ཀྱི་ཕྱེད་གཟུང་བའི་ཡུལ་རྡུལ་ཕྲན་ཆ་བཅས་དང་ཆ་མེད་གཉིས་ཀ་མེད་པར་གཟུང་བ་ལྟར་ངོ་བོ་མེད་ཅིང་མ་སྐྱེས་པ་རྟོགས་པའོ། །གཉིས་པ་ནེ་ཙོ་ལྟ་བུ་ནི་མང་པོ་དུས་གཅིག་ཏུ་ཁྱུས་ལྡང་བའོ། །དེས་ཀྱང་བདེན་བཞིའི་བསྡུས་པའི་ཆོས་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་ལུགས་ལྡོག་ཏུ་བསྒོམ་ཞིང་དུར་ཁྲོད་དུ་སོང་ནས་རོ་འདི་ཅི་ལས་བྱུང་ཤི་བ་ལས་བྱུང་རྒ་བ་ལས་བྱུང་སོགས་མ་རིག་པ་ལ་ཐུག་གི་བར་དུ་བརྟག་སྟེ་བསྒོམས་པས་བདག་མེད་སྔར་ལྟར་ཕྱེད་གཉིས་པོ་རྟོགས་ནས་ལམ་ལྔ་བསྒོམས་པས་ཟད་དང་མི་སྐྱེ་བའི་བྱང་ཆུབ་མངོན་དུ་བྱེད་དོ། །གཉིས་ཀའི་ལུགས་ཀྱི་བརྡའི་ཆོས་ཙམ་མ་གཏོགས་ཆོས་མངོན་དུ་གསུང་བ་མེད་དོ། །གཉིས་པ་ཐེག་པ་ཆེན་པོ་ནི་ཉན་རང་ལས་ཅིའི་ཁྱད་པར་འཕགས་ན་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་འཕགས་ཏེ། དེ་ལའང་། སེམས་ཙམ་རྣམ་བདེན་པ་དང་རྣམ་རྫུན་པ་གཉིས་ཡོད་དོ། །རྣམ་བདེན་པས་ནི། དོན་དུ་སྣང་བ་ནང་གི་ཤེས་པ་ཕྱིར་ཤར་བ་ཙམ་འདོད་དོ། །དེ་ལ་དབྱེ་ན་རྣམ་གྲངས་དེ་ཉིད་ལ་ཤེས་པའི་གྲངས་དེ་སྙེད་དུ་འདོད་པ་དང་། རྣམ་པ་དང་ཤེས་པ་སྒོང་ང་བཀས་པ་ལྟར་འདོད་པ་དང་། རྣམ་པ་དང་ཤེས་པ་གཉིས་སྣ་ཚོགས་གཉིས་མེད་དུ་འདོད་པ་དང་གསུམ་ལས། དང་པོ་སྒྲ་ཐོས་པའི་དུས་ན་སྒྲ་འཛིན་གྱི་ཤེས་པུ་གཅིག་པ་སྐྱེ་ཡི་གཟུགས་ལ་སོགས་པ་འཛིན་པའི་ཤེས་པ་མི་སྐྱེ་བར་འགྱུར། ཡུལ་གང་ལ་འཇུག་པའི་ཤེས་པ་དེ་ལས་གཞན་མི་སྐྱེ་བའི་ཕྱིར་རྣམ་གྲངས་ཇི་སྙེད་པའི་ཤེས་པར་འདོད་དོ། །གཉིས་པ་སྒོང་ང་བཀས་པ་ལྟར་འདོད་པ་ནི་རྣམ་པ་དང་ཤེས་པ་ཡུལ་ཡུལ་ཅན་སེམས་གཅིག་ལ་ཤར་བར་འདོད་དོ། །གསུམ་པ་སྣ་ཚོགས་གཉིས་མེད་དུ་ཕྱི་ཡུལ་གྱི་རྣམ་པ་སྣ་ཚོགས་སུ་སྣང་ཡང་ནང་འཛིན་བྱེད་ཀྱི་ཤེས་པ་གཅིག་གིས་ཤེས་ཏེ། མཁའ་སྒོ་སྐར་བཞི་ཡོད་པའི་ནང་གི་སྤྲེའུའི་རིབ་རིབ་ལྟ་བའི་ཚེ། སྤྲེའུ་གཅིག་དེ་ལ་མང་པོ་སྣང་བ་ལྟར་སྒོ་ལྔ་ཤེས་པ་གཅིག་གི་ཡུལ་རིག་པར་འདོད་དོ། །གཉིས་པ་རྣམ་རྫུན་པ་ནི་ཕྱི་དོན་གྱི་རྣམ་པ་ཤེས་པ་འཁྲུལ་བར་སྣང་བའི་བག་ཆགས་རྫུན་པ་ཡིན་གྱི་དེ་འཇལ་བྱེད་ཀྱི་ཤེས་པ་ཡང་རྫུན་པས་ན་གཞལ་བྱའི་ཡུལ་དང་ཤེས་པ་གཉིས་ཀ་འཁྲུལ་སྣང་རྫུན་པའི་རང་བཞིན་ཙམ་དུ་འདོད་དོ། །འདི་ལ་དབྱེ་ན་དྲི་བཅས་དྲི་མེད་པ་གཉིས་ཡོད་དོ། །གཉིས་པ་དབུ་མ་པ་ལ་གཉིས་ཏེ། རང་རྒྱུད་པ་དང་ཐལ་འགྱུར་བའོ། །དང་པོ་རང་རྒྱུད་པས་ནི་འདི་ལྟར་སྣ་ཚོགས་སུ་སྣང་བའི་རྣམ་པ་འཇལ་བྱེད་མེད་པར་གསར་སྣང་མ་ཟད། དོན་དམ་པ་སོ་སོ་རང་རིག་པའི་ཡེ་ཤེས་དེ་ཡང་རང་བཞིན་གྱི་ངོ་བོ་ཉིད་མེད་པའོ། །ཞེས་འདོད་དོ། །འདི་ལ་དབྱེ་ན་སྒྱུ་མ་དོན་དམ་དུ་འདོད་པ་དང་། རབ་ཏུ་མི་གནས་པ་གཉིས་ལས། དང་པོ་ནི་ཡུལ་ཡུལ་ཅན་དུ་གྲུབ་ལ། མ་གྲུབ་པའི་རིག་པའི་ཡེ་ཤེས་སྨྲ་བསམ་བརྗོད་མེད་ཙམ་ཞིག་དོན་དམ་པར་སྒྱུ་མའི་ཚུལ་དུ་ཡོད་དོ། །བསྒོམས་པའི་ཡོན་ཏན་གྱི་ས་ལམ་དང་། མཐར་ཕྱིན་པའི་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུས་སེམས་ཅན་གྱི་དོན་བྱེད་དོ། །ཡུམ་བར་མ་ལས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་མྱ་ངན་ལས་འདས་པ་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུ་མྱ་ངན་ལས་འདས་པ་ལས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན། དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ་ཞེས་སོ། །འདི་ལ་རང་རྒྱུད་འོག་མ་ཞེས་ཟེར་རོ། །གཉིས་པ་རབ་ཏུ་མི་གནས་པ་ནི། དོན་དམ་པ་སྒྱུ་མ་ལྟ་བུ་ཡང་མི་གནས་པ་སྟེ་ཡུལ་དང་རྣམ་པ་མེད་པའི། དེ་མེད་པའི་མྱོང་བ་སོ་སོ་རང་རིག་ཀྱང་མེད་པས་ན་མོ་གཤམ་གྱི་བུ་མེད་པ་ལ་འཇལ་བྱེད་ཀྱི་ཤེས་པ་བཞིན་ནོ། །ཡུམ་བར་མ་ལས། དོན་དམ་པ་ནི་འཕོ་བ་ཡང་མེད། མྱང་འདས་ཡང་མེད། སྟོང་ཉིད་ཀྱང་མེད་དེ་ཚིག་བླ་དག་ཙམ་ལགས་སོ། །ཞེས་འདོད་དོ། །གཉིས་པ་དབུ་མ་ཐལ་འགྱུར་པ་ནི། དེ་ལྟར་དོན་དམ་པ་མ་གྲུབ་པ་དང་། ཀུན་རྫོབ་ཏུ་སྣང་བ་ཙམ་སྒྱུ་མ་གྲུབ་པ་ལ་སོགས་པ་བཀག་ནས། ཡོད་མེད་ཀྱི་མཐའ་ལས་འདས་པའི་རང་བཞིན་ཁས་ལེན་ཐམས་ཅད་དང་བྲལ་བར་འདོད་དོ། །གལ་ཏེ་ངས་གང་དམ་བཅའ་ཡོད། །དེ་ཚེ་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་སོ། །ཐེག་ཆེན་གསང་སྔགས་ནི་རྒྱུའི་ཐེག་པ་ལས་ཁྱད་པར་ཅིའི་འཕགས་སྙམ་ན། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །སྔགས་ཞེས་པའི་རྒྱུ་མཚན་ནི་ཉོན་མོངས་ལས་སྐྱོབ་པའི་ཐབས་མཆོག་ཏུ་བསྔགས་པའི་ཕྱིར་སྔགས་སོ། །འདི་ལ་དབྱེ་ན་རྒྱུད་སྡེ་བཞིའམ་དྲུག་སོགས་ཡོད་དེ། རྒྱུད་ཅེས་པའི་རྒྱུ་མཚན་ནི། རང་རྒྱུད་ཀྱི་དེ་ཁོ་ན་ཉིད་ཀྱི་དབྱིངས་ཀྱི་འོད་གསལ་འཇལ་བར་བྱེད་པའི་ཕྱིར་རྒྱུད་ཅེས་བྱའོ། །རྒྱུད་སྡེ་བཞི་ནི། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་རྒྱུད་དང་བཞིའོ། །དང་པོ་གསུམ་ནི། རྒྱུད་སྡེ་འོག་མ་གསུམ། ཞེས་ཕྱིའི་རྒྱུད་དོ། །བཞི་པ་ནི་རྒྱུད་སྡེ་གོང་མ་སྟེ་ནང་གི་རྒྱུད་དོ། །རྒྱུད་སྡེ་གོང་མ་ནང་རྒྱུད་དེ་ལ་ཕ་རྒྱུད་དང་། མ་རྒྱུད། གཉིས་མེད་དུ་ཕྱེ་བས་རྒྱུད་སྡེ་དྲུག་གོ །དེ་ལ་དང་པོ་བྱ་རྒྱུད་ནི། ཕྱིའི་བྱ་བ་གཙང་སྦྲ་ལ་སོགས་པ་སྤྱོད་པའི་ཕྱིར་བྱ་རྒྱུད་དོ། །སྤྱོད་རྒྱུད་ནི་ཕྱིའི་བྱ་བ་བྱ་རྒྱུད་དང་མཚུངས་ཤིང་ནང་གི་ཏིང་འཛིན་རྣལ་འབྱོར་རྒྱུད་དང་མཚུངས་པས་གཉིས་ཀའི་རྒྱུད་དམ་སྤྱོད་རྒྱུད་དོ། །རྣལ་འབྱོར་རྒྱུད་ནི། ནང་གི་ཏིང་ངེ་འཛིན་གཙོ་བོར་བྱེད་པའི་ཕྱིར་རྣལ་འབྱོར་རྒྱུད་ཅེས་བྱའོ། །རྣལ་འབྱོར་བླ་མེད་ནི། རྒྱུད་སྡེ་འོག་མ་གསུམ་ལས་ཁྱད་པར་ཅིའི་ཕྱིར་འཕགས་ཤེ་ན། ཤ་ལྔ་བདུད་རྩི་ལྔ་ལ་སོགས་གཙང་སྨེའི་རྟོག་པ་ཐམས་ཅད་བྲལ་ཞིང་། བདེན་པ་དབྱེར་མེད་ལྷུན་གྲུབ་དག་མཉམ་ཆེན་པོར་ལ་ཟླ་བའོ། །དབྱེ་ན་བསྐྱེད་པ་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །གཉིས་མེད་ཨ་ཏི་ཡོ་ག་གསུམ་མོ། །འདི་ཡང་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའོ།། །།