དཀོན་མཆོག་བསྡུས་པའི་སྡོམ་བྱང་དང་བདེན་བཞིའི་སྐོར་སོགས།

From Khyentse Lineage - A Tsadra Foundation Project
Wylie title dkon mchog bsdus pa'i sdom byang dang bden bzhi'i skor sogs
Location dpal sprul bka' 'bum
Volume 2, Text 42, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Summary - sdom tshig
Colophon

ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་བྲིས་པའོ།

o rgyan 'jigs med chos kyi dbang pos bris pa'o/

[edit]
༄༅། །དཀོན་མཆོག་བསྡུས་པའི་སྡོམ་བྱང་དང་བདེན་བཞིའི་སྐོར་སོགས་བཞུགས་སོ། །


བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ། །སངས་རྒྱས་རྟེན་དང་བརྟེན་ཆོས་མཛད་བཟང་གིས། །སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་སོ། །སྐུ་ལ་གཉིས་གསུམ་ལྔ་སྟེ་རིམ་པ་བཞིན། །ཆོས་སྐུ་གཟུགས་སྐུ་གཟུགས་སྐུར་ལོང་སྤྲུལ་གཉིས། །མངོན་བྱང་མི་འགྱུར་ཞི་བ་ཆོས་སྐུ་གསུམ། །བསྡུས་དང་གཅིག་དབྱེ་གཉིས་དབྱེ་ཤེས་པར་བྱ། །ཡེ་ཤེས་གསུམ་ལྔ་གཉིས་ཡིན་རིམ་བཞིན་ཏུ། །ངོ་བོ་རང་བཞིན་ཐུགས་རྗེ་ཆོས་ཀྱི་དབྱིངས། །མེ་ལོང་མཉམ་ཉིད་སོར་རྟོགས་བྱ་བ་གྲུབ། །ཇི་ལྟ་ཇི་སྙེད་སྐུ་གསུམ་རིམ་གྱིས་སོ། །ཡོན་ཏན་སྟོབས་དང་མི་འཇིགས་མ་འདྲེས་མཚན། །བཅུ་བཞི་བཅོ་བརྒྱད་སོ་གཉིས་བསྡོམ་རེ་བཞི། །སོ་གཉིས་པ་རེ་ཆོས་སྐུ་གཟུགས་སྐུའི་ཡིན། །ཕྲིན་ལས་ཞི་རྒྱས་དབང་དྲག་མཆོག་ལྔའོ། །ཆོས་ལ་བརྗོད་བྱེད་བརྗོད་པ་ལུང་རྟོགས་གཉིས། །ལུང་ལ་གསུམ་དང་བཅུ་གཉིས་བཞིར་ཕྱེ་ན། །བརྒྱད་ཁྲི་བཞི་སྟོང་ཡིན་ཏེ་རིམ་པ་ལྟ། །འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ། །གླེང་གཞི་རྟོགས་བརྗོད་སྔོན་བྱུང་སྐྱེས་པ་རབ། །མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །རྨད་བྱུང་ཤིན་ཏུ་རྒྱས་པ་ཆེད་དུ་བརྗོད། །གཏན་ལ་དབབས་པ་བཞི་བདུན་གཅིག་རིམ་བཞིན། །ཐེག་པ་ཆེ་ཆུང་སྡེ་སྣོད་གསུམ་པོ་ཡིན། །གསུམ་ལ་བཞི་བསྣན་བཞི་དང་བདུན་ཡིན་ཏེ། །ཉི་ཁྲི་ཆིག་སྟོང་རེ་དབྱེ་རྒྱས་པའོ། །རྟོགས་པ་ས་ལམ་བྱང་ཕྱོགས་ཕ་རོལ་ཕྱིན། །བཅུ་གཅིག་ལྔ་དང་སོ་བདུན་དྲུག་ཡིན་ནོ། །རབ་དགའ་དྲི་མེད་འོད་བྱེད་འོད་འཕྲོ་བ། །སྤྱང་དཀའ་མངོན་གྱུར་རིང་སོང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་སྤྲིན་ཀུན་ཏུ་འོད། །ཚོགས་སྦྱོར་མཐོང་སྒོམ་མི་སློབ་ལམ་ལྔ་ཡིན། །བྱང་ཕྱོགས་དྲན་པ་ཉེར་བཞག་ཡན་ལག་སྤོང། །རྫུ་འཕྲུལ་རྐང་པ་དབང་པོ་སྟོབས་དང་ནི། །བྱང་ཆུབ་འཕགས་ལམ་ཡན་ལག་བཞི་བཞི་བཞི། །ལྔ་ལྔ་བདུན་བརྒྱད་རིམ་པ་བཞིན་དུ་སྟེ། །ལུས་ཚོར་སེམས་ཆོས་དྲན་པ་ཉེར་བར་བཞག །དགེ་དང་མི་དགེ་བསྐྱེད་སྤེལ་མི་བསྐྱེད་སྤོང་། །འདུན་པ་བརྩོན་འགྲུས་སེམས་དཔྱོད་ཏིང་ངེ་འཛིན། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་དབང་སྟོབས། །དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དགའ། །ཤིན་ཏུ་སྦྱང་བ་ཏིང་འཛིན་བཏང་སྙོམས་ཏེ། །ཡན་ལག་ལྟ་རྟོགས་ངག་དང་ལས་མཐའ་འཚོ། །རྩོལ་དྲན་ཏིང་འཛིན་བརྒྱད་ནི་འཕགས་པའི་ལམ། །སྦྱིན་ཚུལ་བཟོད་བརྩོན་བསམ་གཏན་ཤེས་རབ་ཐབས། །སྟོབས་དང་སྨོན་ལམ་ཡེ་ཤེས་ཕ་རོལ་ཕྱིན། །ས་མེད་གཉིས་དང་ས་གཅིག་དགུ་གཅིག་ལམ། །བྱང་ཕྱོགས་བཅུ་གཉིས་བཅུ་བདུན་བརྒྱད་ལམ་བཞིར། །ས་དང་ཕར་ཕྱིན་རེ་རེ་སྦྱང་ཤེས་བྱ། །དགེ་འདུན་ཉན་རང་བྱང་སེམས་རྣམ་པ་གསུམ། །སོ་སྐྱེས་འཕགས་པ་ཚོགས་སྦྱོར་མཐོང་ལམ་ཡན། །རྒྱུན་ཞུགས་ཕྱིར་འོང་མི་འོང་དགྲ་བཅོམ་པ། །ནེ་ཙོ་བསེ་རུ་ལྟ་བུ་གནས་པ་གཉིས། །སེམས་བསྐྱེད་ས་ལ་གནས་དང་སྤྱོད་པ་ཞུགས། །རྒྱལ་ཚབ་སྐྱེས་བུ་བཞི་གཉིས་བཞི་རིམ་བཞིན། །ཉན་རང་བྱང་ཆུབ་སེམས་དཔའི་འཕགས་པ་སྟེ། །ཐོས་པ་རྒྱ་མཚོའི་མཛོད་ཁང་བྱེ་བ་ཡིན། ། ༈ བདེན་བཞིའི་སྐོར་མཚན་གཞི་ལ། སྡུག་བསྔལ་གྱི་བདེན་པ་ནི། སྲིད་པར་སྐྱེ་བ་དང་སྐྱེ་བའི་གནས་སོ། །ཀུན་འབྱུང་གི་བདེན་པ་ནི། ཉོན་མོངས་བས་ཀུན་ནས་བསླང་པའི་ལས་སོ། །འགོག་པ་ནི་མཚན་ཉིད་ཀྱིས་དང་། ཟབ་པ་དང་། བརྡ་དང་། དོན་དམ་པ་དང་། རྫོགས་པ་དང་། མ་རྫོགས་པ་དང་། རྒྱན་ཅན་དང་། རྒྱན་མེད་དང་། ལྷག་བཅས་དང་། ལྷག་མེད་དང་། ཁྱད་པར་འཕགས་པའོ། །མཚན་ཉིད་ལ་གང་གིས་གང་དུ། གང་ཞིག །འགོག་པ་སྟེ། ལམ་དང་། དེ་བཞིན་ཉིད་དང་། ཉོན་མོངས་པའོ། །ལམ་ནི་སྡུག་བསྔལ་ཤེས་བར་བྱ། ཀུན་འབྱུང་སྤོང། འགོག་པ་མངོན་དུ་བྱ་བ། ལམ་རྒྱུད་ལ་བརྟེན་པའམ། ཡང་ན་ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མི་སློབ་པའི་ལམ་དང་ལྔའོ། །བདེན་པ་བཞིའི་མཚན་ཉིད་ནི། མི་རྟག་སྡུག་བསྔལ་སྟོང་བ། བདག་མེད་དེ། སྡུག་བདེན་གྱི་བཞི། རྒྱུ། ཀུན་འབྱུང་། རབ་སྐྱེས་རྐྱེན་ཏེ་ཀུན་འབྱུང་གི་བཞི། འགོག་པ་དང་། ཞི་བ། གྱ་ནོམ་པ། ངེས་པར་འབྱུང་བ་སྟེ་འགོག་པའི་བཞི། ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པ་སྟེ་ལམ་གྱི་བཞིའོ། །ངེས་ཚིག་ནི། བསྟན་པ་དང་མི་མཐུན་པ་མེད་པ་དང་། དེ་ལྟར་ཤེས་ན་མི་བསླུ་བས་ན་བདེན་པའོ། །དེ་ཡང་འཕགས་པས་ཇི་ལྟ་བ་བཞིན་གཟིགས་པས་ན་འཕགས་པའི་བདེན་པའོ། །ཕུང་པོ་ལྔའི་མཚན་ཉིད་ཀུན་བཏུས་ལྟར། གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད། །ཉམས་སུ་མྱོང་བ་ཚོར་བའི་མཚན་ཉིད། །འདུ་ཤེས་པ་འདུ་ཤེས་ཀྱི་མཚན་ཉིད། །འདུ་བར་བྱེད་པ་འདུ་བྱེད་ཀྱི་མཚན་ཉིད། །རྣམ་པར་ཤེས་པ་རྣམ་ཤེས་ཀྱི་མཚན་ཉིད་དོ། །རྣམ་པར་བཞག་པ་ལ། གཟུགས་ལ། རྒྱུའི་གཟུགས། ས་ཆུ་མེ་རླུང་བཞི། རྒྱུར་བྱས་པའི་གཟུགས་ལ། དབང་པོ་ལྔ་དང་། དོན་ལྔ། རྣམ་པ་རིགས་བྱེད་མ་ཡིན་པའོ། །དེ་དག་རིམ་བཞིན། སྲ་བ། གཤེར་བ། ཚ་བ། གཡོ་བ་ནི་འབྱུང་བའོ། །འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའི་མིག་གི་རྣམ་ཤེས་ཀྱི་རྟེན་དྭངས་པ་མིག་དབང་། གཞན་བཞི་ཡང་དེ་དང་འདྲ་བའོ། །འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ། མིག་གི་ཡུལ་དུ་གྱུར་བ་གཟུགས། གཞན་དེ་དང་འདྲ། རྣམ་རིག་མིན་པ། མངོན་མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོར་ཐར་ཞེས་བྱ། །དེ་བཞིན་ཟག་མེད་བསམ་གཏན་སྐྱེས། །ཞེས་སོ། །མིག་ཡུལ་གྱི་གཟུགས་ལ་དབྱིབས་དང་ཁ་དོག་གཉིས། སྒྲ་ལ་སྙན་དང་མི་སྙན་བར་མའོ། །ཟིན་མ་ཟིན་གཉིས་ཀའོ། །དྲི་ལ་ཞིམ་མི་ཞིམ། བཏང་སྙོམས་པའོ། །ལྷན་སྐྱེས་དང་སྦྱར་བྱུང་ལས་གྱུར་པའོ། །རོ་ལ་མངར་སྐྱུར་ཚ་བ་ལན་ཚྭ་ཁ་བ་བསྐ་བའོ། །རེག་བྱ་འཇམ་རྩུབ་ལྕི་ཡང་གྲང་དྲོ། བཀྲེས་སྐོམ་སོགས་སོ། །ཚོར་བ་ལ་ཚོར་བ་དྲུག །ཡིད་ཚོར་ལུས་ཚོར་གཉིས། འདུ་ཤེས་ལ་མཚན་མ་དང་བཅས་པ་དང་། མཚན་མ་མེད་པའམ། རྒྱ་ཆུང་བ། རྒྱ་ཆེ་བ། ཚད་མེད་པའོ། །འདུ་བྱེད་ལ་མཚུངས་ལྡན། ལྡན་མིན་འདུ་བྱེད་གཉིས། དང་པོ་ལ་ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞིའོ། །ལྡན་མིན་ནི་ཐོབ་༡པ་སྙོམས་འཇུག་༢རྣམ་༣གཉིས་འདུ་ཤེས་༤མེད། སྲོག་༥དང་རིས་༦མཐུན་༧སྐྱེ་རྒ་༨གནས་༩མི་རྟག༡༠། མིང་༡༡ཚིག་ཡི་༡༢གེ་སོ་༡༣སོ་སྐྱེ་བོ་༡༤འཇུག༡༥། སོ་སོར་ངེས་༡༦པ་འབྱོར་འབྲེལ ༡༧མགྱོགས་༡༨གོ་རིམ༡༩། དུས་༢༠ཡུལ་༢༢གྲངས་༢༣ཚོགས་ལྡན་མིན་ཉེར་གསུམ་མོ། །རྣམ་ཤེས་དྲུག་སྟེ། མིག་དབང་ལ་བརྟེན་ཏེ་གཟུགས་ལ་དམིགས་ནས་མིག་གི་རྣམ་ཤེས་སོགས། འདུ་བྱེད་ཀྱིས་འཕེལ་བ་དང་འགྲིབ་པ་རྙེད་པ་འཐོབ་པ། ཞི་བའི་བསམ་པ་སྔོན་དུ་བཏང་ནས། སྲིད་རྩེའི་སེམས་ལ་བརྟེན་ནས་སེམས་དང་སེམས་བྱུང་བརྟེན་པ་མིན་པ་རྣམས་དང་བརྟེན་པ་གཉིས་འགོག་པ་འགོག་སྙོམ། འབྱུང་བའི་བསམ་པ་སྔོན་དུ་བཏང་ནས་འབྲས་བུ་ཆོས་སེམས་ལ་བརྟེན་ནས་སེམས་དང་སེམས་བྱུང་བརྟེན་པ་མིན་པ་རྣམས་འགོག་པ་འདུ་ཤེས་མེད་པའི་སྙོམ་འཇུག །འདུ་ཤེས་མེད་པའི་གནས་སུ་སྐྱེས་ན་སེམས་དང་སེམས་བྱུང་བརྟེན་པ་མིན་པ་རྣམས་འགག་པ་འདུ་ཤེས་མེད། རིས་མཐུན་པར་གནས་པའི་ཡུན་ཚད་ངེས་པ་ཚེའམ་སྲོག །རིས་མཐུན་ལུས་འདྲ་བ་རིས་མཐུན། འདུ་བྱེད་མ་འོངས་པ་འབྱུང་བ་སྐྱེ་བ། འདུ་བྱེད་འགྱུར་བ་རྒ་བ། མི་འཇིག་པ་གནས་པ། འདུ་བྱེད་འཇིག་པ་མི་རྟག་པ། དོན་གྱི་ངོ་བོ་སྟོན་པ་མིང་། དོན་གྱི་ཁྱད་པར་སྟོན་པ་ཚིག །དེ་གཉིས་ཀའི་ཡེ་གེ། འཕགས་པའི་ཆོས་མ་ཐོབ་པ་སོ་སོའི་སྐྱེ་བོ། རྒྱུ་འབྲས་རྒྱུན་མི་ཆད་པ་འཇུག་པ། རྒྱུ་འབྲས་ཐ་དད་པ་སོ་སོར་ངེས་པ། རྒྱུ་འབྲས་རྗེས་སུ་མཐུན་པ་འབྱོར་འབྲེལ། རྒྱུ་འབྲས་མྱུར་དུ་འབྱིན་པ་མགྱོགས་པ། རྒྱུ་འབྲས་རེ་རེ་ནས་འབྱུང་བ་གོ་རིམ། རྒྱུ་འབྲས་རྒྱུན་དུ་འབྱུང་བ་དུས། ཤར་སོགས་ན་རྒྱུ་འབྲས་ཡོད་པ་ཡུལ། རྒྱུ་འབྲས་དུ་མ་གྲངས། རྒྱུ་འབྲས་སྐྱེན་ཚོགས་པ་ཚོགས་པའོ། ། ༈ འདིའི་སྐབས་སུ་རྟེན་འབྲེལ་གྱི་དོན་ཅུང་ཟད་བཤད་པ་ལ། རྟེན་འབྲེལ་གྱི་མཚན་ཉིད། ཡན་ལག་རྣམ་པར་དབྱེ་བ། ཡན་ལག་བསྡུ་བ། ཡན་ལག་རྐྱེན་དུ་བཞག་པ། ཡན་ལག་གི་བྱེད་ལས། ཡན་ལག་ཉོན་མོངས་སུ་བཞག་པ། ཚེ་དུ་ལ་རྫོགས་པ་ལུགས་འབྱུང་ལྡོག་བཤད་པ། དེའི་བདེན་བཞིར་འཇུག་བཟློག་གི་གཞིར་བསྟན་པ། རྟེན་འབྲེལ་གྱིས་རང་བཞིན་ཟབ་པར་བསྟན་པའོ། །དང་པོ་མཚན་ཉིད་ནི། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་སྟེ། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོགས་གསུངས་པས་མི་གཡོ་བའི་རྒྱུ་ལས་བྱུང་བ་དང་། མི་རྟག་པའི་རྒྱུ་ལས་བྱུང་བ་དང་། ནུས་པའི་རྒྱུ་ལས་བྱུང་བའོ། །ཡན་ལག་རྣམ་པར་དབྱེ་བ་ནི། དེ་ཁོ་ན་ཉིད་དང་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ་མ་རིག་པ། བསོད་ནམས་དང་བསོད་ནམས་མ་ཡིན་པ་མི་གཡོ་བ་འདུ་བྱེད། རྒྱུ་དུས་དང་འབྲས་དུས་ཀྱི་རྣམ་ཤེས། མིང་བཞི་དང། གཟུགས། མིང་གཟུགས། མིག་གི་དབང་པོ་སོགས་སྐྱེ་མཆེད་དྲུག །མིག་གི་འདུས་ཏེ་རེག་པ་སོགས་རེག་པ་དྲུག །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སོགས་ཚོར་བ་དྲུག །ཁམས་གསུམ་གྱི་ཡུལ་ལ་སྲེད་པ། སྲེད་པའི་ཡུལ་དང་དུ་ལེན་པ། དེ་ཉེར་ལེན་ལས་ཀྱི་སྲིད་པ་དེའི་དབང་གིས་སྐྱེ་བ། དེ་ཉིད་རྒ་བ་དང་། ཤི་བ། མྱ་ངན། སྨྲེ་སྔགས་འདོན་པ། སྡུག་བསྔལ་བ། ཡིད་མི་བདེ་བ་སོགས་སོ། །ཡན་ལག་བསྡུ་བ་ལ། འཕེན་བྱེད་དང་འཕང་བ། འགྲུབ་བྱེད་དང་གྲུབ་པའོ། །རྐྱེན་དུ་བཞག་པ། འགག་དང་ཤུགས་དང་། ཡིད་ལ་བྱེད་པ་ཀྱང་ལྷག་པ་རེ། རྒྱུ་དང་དེ་མ་ཐག་ལ་དམིགས་པ། འགོག་པའི་རྐྱེན་ནོ། །ཡན་ལག་གི་བྱེད་ལས་སྔ་མ་སྔ་མས་ཕྱི་མ་སྐྱེ་བའོ། །ཡན་ལག་ཉོན་མོངས་པར་བསྡུ་ན། །དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་རྣམས་ནི་སྡུག་བསྔལ་ལོ། །ཞེས་སོ། །ཚེ་དུ་ལ་རྫོགས་ན། འགོར་ན་སྐྱེ་བ་གསུམ་དང་། མྱུར་བ་སྐྱེ་བ་གཉིས་ཀྱིས་རྫོགས་པའོ། །ལུགས་འབྱུང་ལུགས་ལྡོག་ལ། ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ལ་ལུགས་འབྱུང་དང་། རྣམ་བྱང་ཕྱོགས་ཀྱི་རྟེན་འབྲེལ་ལ་ལུགས་ལྡོག་གམ་ཡང་ན་དེ་གཉིས་རེ་རེ་ལ་ལུགས་འབྱུང་ལྡོག་གཉིས་རེ་སྟེ་བཞིའོ། །བདེན་བཞི་དང་སྦྱར་བ་མ་རིག་པ། ཀུན་འབྱུང་། མ་རིག་འགག་པ། མ་རིག་འགོག་པར་འགྲོ་བའི་ལམ་སོགས་སམ་ཡང་ན་སྐྱེ་རིམ་ཀུན་ཉོན་ཕྱོགས་ཀྱི་ལུགས་འབྱུང་ཀུན་འབྱུང་དང་། ལུགས་ལྡོག་སྡུག་བསྔལ་མཚོན། འགགས་རིམ་རྣམ་བྱང་ཕྱོགས་ཀྱི་ལུགས་འབྱུང་ལམ་དང་། ལུགས་ལྡོག་འགོག་པའོ། །རྟེན་འབྲེལ་གྱི་རང་བཞིན་ཟབ་པར་བསྟན་པ་ནི། མགོན་པོ་ཀླུས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་སོ། ། ༈ རྟོགས་པའི་ཆོས་ནི། བྱང་ཕྱོགས་སོ་བདུན་བཤད་པ་ལ་བདུན། དང་པོ་ལ་རྟོགས་པའི་ལམ། རྩོལ་བ་ལས་བྱུང་བའི་ལམ། ཏིང་ངེ་འཛིན་སྦྱོང་བའི་ལམ། མངོན་པར་རྟོགས་པ་ལ་སྦྱོར་བའི་ལམ། མངོན་པར་རྟོགས་པ་ལ་འབྲེལ་བའི་ལམ། མངོན་པར་རྟོགས་པའི་ལམ། རྣམ་དག་ངེས་འབྱིན་གྱི་ལམ་མོ། །རེ་རེ་ལའང་ལྔ་ལྔ་སྟེ། དམིགས་པ། ངོ་བོ། གྲོགས། བསྒོམ་པ། འབྲས་བུའོ། དང་པོ་དྲན་པ་ཉེར་བཞག་ལ་བཞིའོ། །དམིགས་པ་ཡུལ་ལུས་ཚོར་སེམས་ཆོས་བཞི། དེ་ལའང་། དམིགས་པ་ཕྱིའི་ལུས་ནང་གི་ལུས། ཕྱི་ནང་གི་ལུས་སོགས་གསུམ་སྟེ། བདག་གི་གནས་དང་ལོངས་སྤྱོད་དངོས་པོ་ཀུན་ཉོན། རྣམ་བྱང་གི་དངོས་པོའོ། །ངོ་བོ་དྲན་པ་དང་ཤེས་རབ། གྲོགས་ནི་དེ་དང་མཚུངས་པར་ལྡན་པའི་སེམས་བྱུང་རྣམས་སོ། །སྒོམ་པ་ནི་ཉན་རང་དང་བསྟུན་ན་རྣམ་རྟོག་གིས་གཟུགས་བརྙན་གྱི་ལུས་དང་རང་གི་ལུས་མཉམ་པར་ལྟ་བ་དང་། ལྷག་མ་གསུམ་སྡུག་བསྔལ་མི་རྟག་བདག་མེད་བསྒོམ་པའོ། །ཐེག་ཆེན་དུ་དམ་པ་གསུམ་མོ། །འབྲས་བུ་ནི་ཕྱིན་ཅི་ལོག་བཞི་སྤོངས་པ་དང་། བདེན་བཞི་ལ་འཇུག་པ་དང་། ལུས་སོགས་དང་བྲལ་བའོ། །ཅིའི་ཕྱིར་དྲན་པ་ཉེར་བཞག་ཞེ་ན། བྱེ་སྨྲ་ལྟར་ན་དྲན་པའི་ཡུལ་ལ་ཤེས་རབ་འཇོག་པ་དང་། ཐེག་ཆེན་ལྟར་ན་ཤེས་རབ་ཀྱི་ཡུལ་ལ་དྲན་པ་འཇོག་པའོ། །གཉིས་པ་ཡང་དག་སྤོང་བཞི་ལ། །དམིགས་པ་མི་མཐུན་ཕྱོགས་དང་གཉེན་པོ་སྐྱེས་པ་དང་མ་སྐྱེས་པའོ། །ངོ་བོ་བརྩོན་འགྲུས། གྲོགས་འདྲ། བསྒོམ་པ་ནི། འདུན་པ་བསྐྱེད། འབད། བརྩོན་འགྲུས་བརྩོམ། སེམས་རབ་ཏུ་འཛིན། སེམས་རབ་ཏུ་འཇོག་པའོ། །འབྲས་བུ་མི་མཐུན་ཕྱོགས་ཉམས་པ་དང་། གཉེན་པོའི་ཕྱོགས་ཐབས་དང་འཕེལ་བའོ། །ཅིའི་ཕྱིར་ཡང་དག་སྤོང་བ་བཞི་བྱ་ན་ཕྱོགས་གཅིག་གི་མིང་ངོ་། །གསུམ་པ་རྫུ་འཕྲུལ་གྱི་རྐང་པ་ལ་དམིགས་པ་ཏིང་ངེ་འཛིན་གྱིས་མངོན་དུ་བྱ་བའི་ཡུལ་ལོ། །ངོ་བོ་ཏིང་ངེ་འཛིན། གྲོགས་ནི་འདུན་བརྩོན་སེམས་དཔྱོད་བཞི་དང་མཚུངས་པར་སོགས་འདྲ། བསྒོམས་པ་ཉེས་པ་ལྔ་སྤོངས་འདུ་བྱེད་བརྒྱད་བརྟེན་པ་སྟེ། ཉེས་པ་ལྔ་ནི། ལེ་ལོ་དང་༡ནི་གདམས་ངག་རྣམས། བརྗེད་༢དང་བྱིང་དང་རྒོད་པ་༣དང་། འདུ་མི་བྱེད་དང་༤འདུ་བྱེད་དོ། །འདུ་བྱེད་བརྒྱད་ནི་འདུན་པ་༡བརྩོན་འགྲུས་༢དད་པ་༣ཤིན་སྦྱངས། ༤དྲན་པ། ༥ཤེས་བཞིན། ༦སེམས་པ། ༧བཏང་སྙོམས་སོ༨། །འབྲས་བུ་མངོན་དུ་བྱེད་འདོད་པ་གྲུབ་པའོ། །ཅིའི་ཕྱིར་ན་རྫུ་འཕྲུལ་སོགས་ཡོན་ཏན་གྱི་རྩ་བའོ། །དབང་པོ་ལྔ་ལ། དམིགས་པ་ནི། བདེན་བཞི། ངོ་བོ་ནི་དད་སོགས། གྲོགས་འདྲ། བསྒོམ་པ་ནི་ཡིད་ཆེས། སྤྲོ་སེམས་དམིགས་པ་མི་བརྗེད། སེམས་རྩེ་གཅིག་ཏུ་གནས། རྣམ་པར་འབྱེད་པའོ། །འབྲས་བུ་ནི། བདེན་བཞི་མྱུར་དུ་རྟོགས་པ་དང་། སྦྱོར་བཞི་འགྲུབ་པའོ། །ཅིའི་ཕྱིར་ན་དབང་པོ་ལྔ་ཞེས་ཞེ་ན། རྣམ་བྱང་བསྐྱེད་པ་ལ་དབང་བའོ། །སྟོབས་ལ་གཞན་དབང་པོ་དང་འདྲ་ཞིང་། ཅིའི་ཕྱིར་ན་སྟོབས་ལྔ་ཞེས་ཞེ་ན། མི་མཐུན་ཕྱོགས་ཀྱི་མི་རྫི་བའོ། །བྱང་ཆུབ་ཡན་ལག་གི་དམིགས་པ་བདེན་བཞིའི་ངོ་བོ་དྲན་སོགས། རང་བཞིན་ཡན་ལག་གནས་ཡན་ལག །ཕན་ཡོན་ངེས་འབྱུང་ཡན་ལག་དང་། རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་སོ། །གྲོགས་འདྲ། བསྒོམ་པ་ནི། དབེན་པ་དང་། འདོད་ཆགས་དང་བུལ་བ་དང་། འགོག་པ་དང་། སྤོང་པ་ལ་གནས་པའོ། །འབྲས་བུ་ནི། མཐོང་སྤང་སྤོངས་པའོ། །ཅིའི་ཕྱིར་དེ་སྐད་བྱ་ཞེ་ན་མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་བའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་དམིགས་པ་བདེན་བཞིའོ། །ངོ་བོ་ལྟ་སོགས། ཡོངས་སུ་གཅོད་དང་གོ་འབྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །ལྷག་མ་གཉེན་པོའི་ཡན་ལག་གོ། གྲོགས་འདྲ། བསྒོམ་པ་བྱང་ཆུབ་ཡན་ལག་དང་འདྲ། འབྲས་བུ་ཡོངས་སུ་གཅོད་པ་སོགས་སོ། །ཅིའི་ཕྱིར་ན་འཕགས་པའི་ལམ་ཡིན་པས་སོ། ། ༈ རིགས་གྲོལ་བརྒྱད་ནི་རིགས་པའི་ཡོན་ཏན། ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། ནང་ཡེ་ཤེས་རིགས་པ་གསུམ། གྲོལ་བའི་ཡོན་ཏན། ཆགས་སྒྲིབ་ལས་གྲོལ་བ་ཐོགས་སྒྲིབ་ལས་གྲོལ་བ་དམན་སྒྲིབ་ལས་གྲོལ་བ་གསུམ། དབྱེ་གཞི་གཉིས་དང་བརྒྱད་དོ། །ཉན་རང་ལ། སྐྱེས་སུ་ཟུང་བཞི་བཤད་པའི་དང་པོ་རྒྱུན་ཞུགས་ལ་གསུམ། སྤོང་བའི་ཁྱད་པར་མཐོང་སྤང་། ཀུན་སྦྱོར་ལྟ་བའི་གསུམ་སྤང་བའོ། །འཛིན་པའི་ཐེ་ཚོམ། རྟོགས་པའི་ཁྱད་པར་ལམ་རྗེས་ཤེས་ལ་གནས་པ། སྐྱེ་བ་འཛིན་པའི་ཁྱད་པར་རིགས་ནས་རིགས་སྐྱེས་དང་། འཕགས་པ་བདུན་པ་གཉིས་སོ། །ལན་ཅིག་ཕྱིར་འོང་བ། སྤོང་བའི་ཁྱད་པར་བསྒོམ་སྤང་དྲུག་པ་ནས་བརྒྱད་པའི་བར་སྤང་བའོ། །རྟོགས་པའི་ཁྱད་པར་སྔར་འདྲ་བའི་སྟེང་སྤོང་བྱ་དེའི་གཉེན་པོ་ཐོབ་པ། སྐྱེ་བ་འཛིན་པའི་ཁྱད་པར་འདོད་པར་ལན་གཅིག་སྐྱེ་བ་ལེན་ནོ། །ཕྱིར་མི་འོང་ལ། སྤང་བའི་ཁྱད་པར་འདོད་པའི་སྒོམ་སྤང་དགུ་པ་ནས་སྲིད་རྩེའི་སྒོམ་སྤང་བརྒྱད་པ་མན་ཆད་སྤང་བ་ལ། འཇིགས་ལྟ་ཚུལ་ཁྲིམས་ལས། ཐ་མའི་ཆ་ཅན་གྱི་ཀུན་སྦྱོར་སྤངས་བའོ། །རྟོགས་པའི་ཁྱད་པར་སྔར་འདྲ་བའི་སྟེང་དུ་སྐྱེ་བ་འཛིན་པའི་ཁྱད་པར་འདོད་པར་སླར་མི་སྐྱེ། དབྱེ་ན་གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོ། མཐོང་ཆོས་ཞི། ལུས་མངོན་བྱེད་བཞིའོ། དགྲ་བཅོམ་ལ་སྤང་བའི་ཁྱད་པར་ཁམས་གསུམ་གྱི་སྒོམ་སྤང་ཡོངས་རྫོགས་སྤངས་པས་གོང་མའི་གཟུགས་ཀྱི་འདོད་ཆགས། གཟུགས་མེད། རྒོད་པ། ང་རྒྱལ། མ་རིག་པ་ཆ་ཅན་གྱི་ཀུན་སྦྱོར་ལྔ་སྤངས་བའོ། །རྟོགས་པའི་ཁྱད་པར་དེ་དག་གི་གཉེན་པོ་ཐོབ་པ་དང་། དབྱེ་ན་ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་དང་། གཉིས་ཀའི་ཆ་ལས་རྣམ་གྲོལ་གཉིས་སོ། །ཡང་ན། དབང་པོ་བརྟུལ་པོ་དང་རྣོན་པོ་གཉིས་བརྟུལ་པོ་ལ་ཉམས་པའི་ཆོས་ཅན། གསོད་པའི་ཆོས་ཅན། རྗེས་སུ་སྲུང་བའི་ཆོས་ཅན། གནས་པ་ལས་མི་བསྐྱོད་པའི། རྟོགས་པའི་འོས་སུ་གྱུར་བ་དང་ལྔའོ། །དབང་རྣོན་མི་གཡོ་བའི་ཆོས་ཅན་ཅིག་གོ། ༈ ཐོད་རྒལ་བ་ནི། མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དྲུག་མན་སྤངས་པ་མཐོང་ལམ་ཐོབ་ཚེ་ཕྱིར་འོང་དང་། དགུ་པ་ཡན་ཅི་རིགས་པ་སྤངས་པ་འདི་ལ་རྒྱུན་ཞུགས་དགྲ་བཅོམ་གྱི་ཉེས་པ་བར་མ་གཉིས་མེད་དོ། རིགས་ནས་རིགས་སྐྱེས་འདོད་པའི་བསྒོམ་སྤང་ལྔ་མན་དང་འདོད་པའི་གནོད་སེམས་སྤངས་པའོ། །རྗེས་མས་སྒོམ་སྤང་མ་སྤངས་པའི་སྐྱེ་པ་བདུན་ལེན། ༧༧ལན་གཅིག་ཕྱིར་འོང་བ། སྒོམ་སྤང་དྲུག་ཡན་བརྒྱད་མན་སྤངས་བའོ། ། རྗེས་མས་སྒོམ་སྤང་ཕྱིར་མི་འོང་ལམ་དགུ་ནས། སྲིད་རྩེའི་སྒོམ་སྤང་བརྒྱད་པ་མན་ཆད་སྤང་བའོ། །དགུ་པ་སྤངས་ཚེ་དགྲ་བཅོམ་མོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་སྤང་གི་ཁྱད་པར་ནི། ཤེས་རབ་ཀྱིས་ཟིན་མ་ཟིན་པའི་ཁྱད་པར་རོ། ། ༈ བསམ་གཟུགས་ཅུང་ཟད་བཤད་པ་ལ་བརྒྱད། སྙོམས་པར་འཇུག་པ་བསམ་གཏན་གྱི་ཡན་ལག །གཟུགས་མེད་ཀྱི་དམིགས་རྣམ། ཉོན་མོངས་པ། རྣམ་པར་བྱང་བ། ཟག་མེད་ཀྱི་རྟེན། ཚད་མིང་གི་རྣམ་གྲངས་སོ། །དང་པོ་སྙོམས་པར་འཇུག་པ་ནི། ཡིད་བྱེད་བདུན་ཏེ། མཚན་ཉིད་རབ་ཏུ་རིག་པ། མོས་པ་ལས་བྱུང་བ། རབ་ཏུ་དབེན་པ། དགའ་བ་སྡུད་པ། དཔྱོད་པ། སྦྱོར་བའི་མཐའ། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །གཉིས་པ་བསམ་གཏན་གྱི་ཡན་ལག །དང་པོ་ལ་རྟོག་དཔྱོད། དགའ་བདེ། ཏིང་འཛིན་ལྔ། གཉིས་པ་ལ། རབ་དང་དགའ་བདེ་ཏིང་འཛིན་བཞི། གསུམ་པ་ལ་བཏང་སྙོམ། བདེ་བ། དྲན། ཤེས། ཏིང་འཛིན་ལྔ། བཞི་པ་ལ། དྲན་པ། འདུ་བྱེད་བཏང་སྙོམ། ཚོར་བ་བཏང་སྙོམ། ཏིང་འཛིན་དང་བཞིའོ། །གསུམ་པ་གཟུགས་མེད་ཀྱི་དམིགས་རྣམ། དང་པོ་རེག་ཐོག་གི་རྣམ་པ་དང་བྲལ་བའི་ནམ་མཁའ་ལྟ་བུར་དམིགས། གཉིས་པ་ནམ་མཁའི་འདུ་ཤེས་ནུབ་ནས་རྣམ་ཤེས་ཙམ་ལ་དམིགས། གསུམ་པ་ཅི་ཡང་མེད་པ། བཞི་པ་འདུ་ཤེས་རགས་པ་ཡོད་པ་མིན་ཞིང་། ཕྲ་བ་མེད་པ་མིན་པས་འདུ་ཤེས་མེད་མིན་ནོ། །བཞི་པ་ཉོན་མོངས་པ་ནི། སྲེད་ལྟ་ང་རྒྱལ་མ་རིག་པའོ། །ལྔ་པ་རྣམ་པར་བྱང་བའམ། དག་པ་ལ་གསུམ། ཉམ་པ་གནས་པ། ཁྱད་པར། ངེས་འབྱེད་ཆ་མཐུན་བཞིའོ། །

༈ དྲུག་པ་ཟག་མེད་ཀྱི་བསམ་གཏན་ནི། མངོན་པ་འོག་མ་ལྟར་ན་སྲིད་རྩེ་མ་གཏོགས་བདུན། དང་པོའི་དངོས་གཞི་ཙམ་པོ་ཉེར་ལྡོག་དང་དགུ། གོང་མ་ལྟར་ན། བསམ་གཏན་ས་དྲུག་གཟུགས་མེད་བཞི་སྟེ་དགུའམ་བཅུའོ། །བསམ་གཏན་ས་དྲུག་ནི། དང་པོ་ཉེར་ལྡོག །དངོས་གཞི་ཙམ་ཁྱད་གཉིས། ལྷག་མ་གསུམ་དང་དྲུག་གོ། ཚད་ནི་འདི་དག་རབ་འབྲིང་ཐ་མར་སྒོམ་པས་བསམ་གཟུགས་ཀྱི་གནས་རྣམས་སུ་སྐྱེད་པའོ། །མིང་གི་རྣམ་གྲངས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གཏན་དང་པོ་ལ་གཏོང་བའི་ཏིང་འཛིན་ཇི་སྙེད་ཀྱི་མིང་ཡང་ཉན་རང་རྣམས་ཀྱི་མི་ཤེས་པའོ། །དེ་ཡང་ཉན་ཐོས་རྣམས་ནི་ཞི་གནས་ཤས་ཆེ་ཞིང་། ལྷག་མཐོང་ཤས་ཆུང་བས་མཁྱེན་པ་རྒྱ་ཆུང་ལ་བྱང་སེམས་རྣམས་ལྷག་མཐོང་ཤས་ཆེ་བས་འབྲིང་དང་། རྫོགས་པའི་སངས་རྒྱས་རྣམས་ཞི་ལྷག་ཆ་མཉམ་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པའོ། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་བྲིས་པའོ། །