སྐྱབས་སེམས་ཀྱི་ཁྲིད་བསྡུས་སངས་རྒྱས་ཆོས་ཚོགས་མའི་འགྲེལ་པ།

From Khyentse Lineage - A Tsadra Foundation Project
PJCW-KABUM-02-KHA-040
Wylie title skyabs sems kyi khrid bsdus sangs rgyas chos tshogs ma'i 'grel pa
Location dpal sprul bka' 'bum
Volume 2, Text 40, Pages 641-651 (Folios 1a1 to 6a)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Skyabs sems kyi khrid bsdus sangs rgyas chos tshogs ma'i 'grel pa. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 2: 641-651. Kathmandu: Tsadra Foundation and Shechen Publications, 2026.
Genre Commentaries - 'grel pa
[edit]
༄༅། །སྐྱབས་སེམས་ཀྱི་ཁྲིད་བསྡུས་སངས་རྒྱས་ཆོས་ཚོགས་མའི་འགྲེལ་པ་བཞུགས་སོ། །


༄༅། །ཐར་པའི་ལམ་ཐམས་ཅད་ཀྱི་གཞི་མ། སྡོམ་པ་ཐམས་ཅད་ཀྱི་རྟེན། ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཕྱི་པ་དང་ནང་པའི་ཁྱད་པར་འབྱེད་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པའི་གཞི་མ། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གཉིས་པོ་འདི་འཆད་པར་བྱེད་པ་ལ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་ལ་གཉིས་ཡོད། དང་པོ། སྐྱབས་སུ་འགྲོ་བ་ལ། སྐྱབས་སུ་འགྲོ་བའི་ཡུལ། དུས་མཚམས། སྐྱབས་སུ་འགྲོ་བ་དངོས་དང་གསུམ། དང་པོ་ལ་ཡུལ་ནི། སྟོན་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས། སྐྱོབ་པ་བླ་ན་མེད་པ་དམ་པའི་ཆོས། འདྲེན་པ་བླ་ན་མེད་པ་ཚོགས་ཀྱི་མཆོག་འཕགས་པའི་དགེ་འདུན་དང་གསུམ་ཡོད། དང་པོ་སངས་རྒྱས་ནི། སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་སྟེ། སྐུ་བཞི་ནི། ཆོས་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བ་ངོ་བོ་ཉིད་ཀྱི་སྐུ། ཡེ་ཤེས་མཁྱེན་ཆ་མ་འགག་པ་ཆོས་སྐུ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་རང་སྣང་གི་གཟུགས་སྐུ་ལོངས་སྐུ། གང་འདུལ་གྱི་འདུལ་བྱ་ལ་སྣང་བ་སྤྲུལ་སྐུ་དང་བཞི། ཡེ་ཤེས་ལྔ་ནི། དབྱིངས་ངོ་བོ་ཉིད་ཀྱིས་དག་པ་ཆོས་དབྱིངས་ཡེ་ཤེས། ཡེ་ཤེས་ཀྱི་གསལ་ཆ་མ་འགགས་པ་མེ་ལོང་ཡེ་ཤེས། ཉེ་རིང་ཆགས་སྡང་མེད་པ་མཉམ་ཉིད་ཡེ་ཤེས། ཤེས་བྱ་མ་འདྲེས་པར་མཁྱེན་པ་སོར་རྟོགས་ཡེ་ཤེས། གཞན་དོན་འབད་མེད་དུ་འགྲུབ་པ་བྱ་གྲུབ་ཡེ་ཤེས་དང་ལྔའོ། །ཆོས་ནི་ལུང་དང་རྟོགས་པའི་བདག་ཉིད་དེ། ལུང་གི་ཆོས་ལ་སྡེ་སྣོད་གསུམ། རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་བ་འདུལ་བའི་སྡེ་སྣོད། ཚིག་མདོར་བསྡུས་ཤིང་དོན་སྡེ་ཚན་དུ་བཅད་པ་མདོ་སྡེའི་སྡེ་སྣོད། ཡིན་ལུགས་མངོན་དུ་རྟོགས་པའི་ཤེས་རབ་བསྐྱེད་པ་མངོན་པའི་སྡེ་སྣོད་དང་གསུམ། རྟོགས་པའི་ཆོས་ནི། འདུལ་བའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། མདོ་སྡེའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ། མངོན་པའི་སྡེ་སྣོད་ཀྱི་བརྗོད་བྱ་ལྷག་པ་ཤེས་རབ་ཀྱི་བསླབ། དེ་གསུམ་ཉམས་སུ་བླངས་པས་ལམ་ལྔ་ས་བཅུའི་སྤངས་རྟོགས་རྒྱུད་ལ་སྐྱེས་པའི་སྤངས་བ་ཕུན་ཚོགས་འགོག་བདེན་དང་རྟོགས་པ་ཕུན་སུམ་ཚོགས་ལམ་བདེན་ཏེ་བདེན་པ་གཉིས་སོ། །དགེ་འདུན་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཏེ། ཤེས་རབ་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པས་འཁོར་བར་མི་ལྡོག་ཅིང་སྙིང་རྗེས་འགྲོ་ལ་བུ་གཅིག་ལྟར་བརྩེ་བས་ཞི་བའི་མཐར་མི་ལྟུང་བར་ས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ། །གཉིས་པ་སྐྱབས་འགྲོའི་དུས་མཚམས་ནི། བྱང་ཆུབ་བར་དུ་ཞེས་པ། འདིའི་སྐབས་སུ་ཐེག་ཆེན་གྱི་སྐྱབས་འགྲོ་ཁྱད་པར་གསུམ་ལྡན་ཏེ། ཡུལ་གྱི་ཁྱད་པར་ཐེག་དམན་རྣམས། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ཞེས་མཆོག་གི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལས། ཆོས་སྐུ་དང་ལོངས་སྐུ་མི་བཞེད། སྤྲུལ་སྐུ་དེའང་འདས་ནས་འགྲོ་དོན་རྒྱུན་ཆད་པར་འདོད། ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ཞེས་འགོག་བདེན་མྱ་ངན་ལས་འདས་པ་ཁོ་ན་ཆོས་དཀོན་མཆོག་ཏུ་འདོད། ཚོགས་རྣམས་ཀྱི་མཆོག་དགེ་འདུན། ཉན་རང་གི་འཕགས་པ་རྒྱུན་ཞུགས། ལན་གཅིག་ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་པ་རྣམས་བཞེད། ཐེག་ཆེན་ལ་གོང་དུ་བཤད་པ་ལྟར་ཡིན། དུས་ཀྱི་ཁྱད་པར་ཐེག་དམན་པ་རྣམས་གནས་སྐབས་ཇི་སྲིད་འཚོ་དང་། མཐར་ཐུག་ཉན་རང་གི་འབྲས་བུ་ཐོབ་པའི་བར་དུ་འགྲོ། བསམ་པའི་ཁྱད་པར་ཐེག་དམན་པ་རྣམས་རང་ཉིད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པས་སྐྱབས་སུ་འགྲོ། ཐེག་ཆེན་པ་རྣམས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་འདོད་སེམས་བསྐྱེད་ཀྱིས་སྐྱབས་སུ་འགྲོ་བའོ། །གསུམ་པ་སྐྱབས་སུ་འགྲོ་བ་དངོས་ནི། བདག་ནི་སྐྱབས་སུ་མཆི། ཞེས་གསུངས་པ་ཉམས་སུ་ལེན་པའི་ཚེ། རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཞུགས་ཤིང་དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་མཐར་ཐུག་པར་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་ན་ལུང་དང་རྟོགས་པའི་དམ་པའི་ཆོས་ཀྱིས་གང་ཞིང་བཞུགས་པ་ཐམས་ཅད་ཀྱང་། ཐུགས་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་ཞིང་འདྲེན་པའི་དེད་དཔོན་ཆེན་པོ་གཅིག་ཏུ་གཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ཐལ་མོ་སྦྱར་ཏེ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་གནས་དཀོན་མཆོག་གསུམ་པོ་ཁྱེད་ལ་བརྟེན། ཁྱེད་ལ་འབུལ། ཁྱེད་ཅིག་སྒྲུབ། ཁྱེད་ལས་གཞན་དུ་སྐྱབས་དང་རེ་ས་མེད་དོ་སྙམ་དུ་ཅི་མཛད་ཁྱེད་ཤེས་བློ་གཏད་ཅིང་བསྒྱུར་གྱིས་སྐྱབས་སུ་འགྲོ་བར་བྱའོ། །ཞར་བྱུང་སྐྱབས་འགྲོའི་བསླབ་བྱ་ལ། སོ་སོའི་བསླབ་བྱ་དྲུག །ཐུན་མོང་ལྔའོ། །དང་པོ་སོ་སོའི་བསླབ་བྱ་ལ་སྤང་བྱ་གསུམ་དང་། བསྒྲུབ་བྱ་གསུམ། དང་པོ་སྤང་བྱ་གསུམ་ནི་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཁོར་བར་འཁོར་བའི་ལྷ་ལ་ཕྱག་མི་འཚལ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དང་མི་འགྲོགས། བསྒྲུབ་བྱ་གསུམ་ནི། སངས་རྒྱས་ཀྱི་བཀའ་བཞིན་སྒྲུབ་ཅིང་མི་བརྗེད་པར་དད་གུས་བྱ། ཐ་ན་སྐུ་རྟེན་ཆག་དུམ་ཡན་ཆད་ལ་གུས་པར་བྱ། དམ་པའི་ཆོས་ཐོས་བསམ་སྒོམ་གསུམ་ལ་འབད། ཆོས་ཀྱི་རྟེན་ཡི་གེའི་རས་མོས་ཡན་ཆད་ལ་གུས་པར་བྱ། དགེ་འདུན་སངས་རྒྱས་ཀྱི་རྗེས་འཇུག་རྣམས་ལ་དད་གུས་བྱ། དགེ་བའི་གྲོགས་དང་འགྲོགས། ཐ་ན་ན་བཟའ་སེར་པོ་ཙམ་ལ་ཡང་གུས་པར་བྱའོ། །ཐུན་མོང་པ་ལྔ་ནི། སྲོག་ལ་བབ་ཀྱང་དཀོན་མཆོག་གསུམ་མི་སྤང་། དགོས་གལ་ཆེ་ཡང་ཐབས་གཞན་མི་ཚོལ། དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ་བའོ། །གཉིས་པ་སེམས་བསྐྱེད་ནི། སྤྱིར་སེམས་བསྐྱེད་ལ་ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས་ཡོད། ཀུན་རྫོབ་སེམས་བསྐྱེད་ནི། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་ཡིན། དོན་དམ་སེམས་བསྐྱེད་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན། ཀུན་རྫོབ་སེམས་བསྐྱེད་དེ་ལ་དབྱེ་ན། འགྲོ་བར་འདོད་པ་ལྟ་བུ་སྨོན་པ་སེམས་བསྐྱེད་དང་། འགྲོ་བ་དངོས་ལྟ་བུ་འཇུག་པ་སེམས་བསྐྱེད་གཉིས་ཡིན། གཉིས་ཀ་སེམས་བསྐྱེད་ཆོ་ག་ལ་བརྟེན་ནས་སྐྱེ་བས། རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཅེས་བྱ། དོན་དམ་སེམས་བསྐྱེད་ལམ་བསྒོམ་པའི་སྟོབས་ཀྱིས་སྐྱེས་དགོས་པས། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ཅེས་བྱ། ཀུན་རྫོབ་སེམས་བསྐྱེད་དེ་ཡང་དོན་གཉིས་སམ་ཟུར་གཉིས་དང་ལྡན་པ་སྟེ། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་གཉིས་པ་ཡིན། ཟུར་གཉིས་པོ་འདི་མ་ཚང་ན་ཐེག་ཆེན་སེམས་བསྐྱེད་དུ་མི་འགྲོ་བས་འདི་གཉིས་ཚང་དགོས་པའོ། །དེ་ལས་སྐབས་འདིར་སྨོན་སེམས་ཙམ་བསྐྱེད་པ་ལ་གཉིས། རྒྱུ་བསོད་ནམས་ལ་དམིགས་པ་དང་། འབྲས་བུ་རྫོགས་བྱང་ལ་སྨོན་པའོ། །དང་པོ་ནི། བདག་གིས་སྦྱིན་སོགས་ཞེས་གསུངས་པས། དགེ་བའི་རྩ་བ་ཐམས་ཅད་བསྡུ་ན་བསོད་ནམས་བྱ་བའི་གཞི་གསུམ་ལ་འདུ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་པའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམ་པ་ལས་འབྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་གསུམ། དེ་དག་ལ་དབྱེ་ན་ཕར་ཕྱིན་དྲུག་ལས། དང་པོ་གཉིས་རང་མིང་གིས་བསྟན་པ་དང་། བཟོད་པ་བསམ་གཏན་ཤེས་རབ་གསུམ་བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ། བརྩོན་འགྲུས་ཀུན་གྱི་གྲོགས་སོ། །ཕར་ཕྱིན་དྲུག་པོ་དེ་དག་ཀྱང་སེམས་ལ་བརྟེན་པ་ཡིན་ཏེ། སོ་སོར་གཏོང་སེམས་སྦྱིན་པ། སྤོང་སེམས་ཚུལ་ཁྲིམས། མི་འཁྲུགས་པའི་སེམས་བཟོད་པ། སྤྲོ་སེམས་བརྩོན་འགྲུས། མ་ཡེངས་པ་བསམ་གཏན། ཆོས་རབ་ཏུ་འབྱེད་པའི་སེམས་ཤེས་རབ་བོ། །གཉིས་པ་འབྲས་བུ་རྫོགས་བྱང་དུ་སྨོན་པ་ནི། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་གསུངས། འདི་ཉིད་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་སེམས་བསྐྱེད་དངོས་ཡིན་ཏེ། འགྲོ་ལ་ཕན་ཕྱིར་ཞེས་པ་གང་གི་ཆེད་དུ་བྱ་བ་སྙིང་རྗེས་སེམས་ཅན་ལ་དམིགས་པའི་སེམས་པ་ཡིན་ལ། སངས་རྒྱས་འགྲུབ་པར་ཤོག །ཅེས་པ་གང་ཆེད་དུ་བྱ་བ་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པའི་འདུན་པའོ། །དེས་ན་བདག་གིས་དགེ་བའི་རྩ་བ་འདི་དག་ལ་བརྟེན་ནས། འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་ཤོག་ཅིག་ཅེས་སྨོན་སེམས་ཡིན་ནོ། །ཞར་བྱུང་སྨོན་སེམས་དེའི་བསླབ་བྱ་ནི་ལྔ་སྟེ། སེམས་ཅན་བློས་མི་བཏང་བ། རྒྱུན་དུ་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པས་ཚོགས་བསགས་པའི་ཐབས་ལ་འབད་པ། བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བརྩོན་པ། དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱའོ། །སེམས་ཅན་གཅིག་ཙམ་བློས་བཏང་ན་སྨོན་སེམས་རྩ་བ་ནས་གཏོང་འགྲོ་བས་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་བསམ་པ་བྱའོ། །ཕན་ཡོན་དྲན་ན་སྤྲོ་བ་སྐྱེ་བས་སེམས་བསྐྱེད་ལ་བརྩོན་པར་འགྱུར་བས་རྒྱུན་དུ་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པར་བྱའོ། །ཚོགས་བསགས་ན་སེམས་བསྐྱེད་ཀྱི་སྟོབས་བསྐྱེད་པས་ཡན་ལག་བདུན་པ་སོགས་ཐབས་དུ་མས་ཚོགས་བསག་གོ། སེམས་སྦྱང་པ་ལ་གསུམ། རྒྱུ་ལ་སྦྱང་བ་ཚད་མེད་བཞི་བསྒོམ་པ། སེམས་དངོས་སྦྱང་བ་ཉིན་ལན་གསུམ། མཚན་ལན་གསུམ་དུ་སེམས་བསྐྱེད་བླང་བ། བསླབ་བྱ་ལ་སྦྱང་བ། བདག་གཞན་མཉམ་པ། བརྗེ་བ། བདག་བས་གཞན་གཅེས་གསུམ་སྒོམ་པའོ། །དང་པོ་ཚད་མེད་བཞི་ནི། སེམས་ཅན་བདེ་བ་དང་མི་ལྡན་པ་བདེ་བ་དང་ལྡན་འདོད་བྱམས་པ། སྡུག་བསྔལ་དང་ལྡན་པ་སྡུག་བསྔལ་དང་བྲལ་འདོད་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་དང་ལྡན་པ་དེ་དང་མི་འབྲལ་བར་འདོད་པ་དགའ་བ། ཉེ་རིང་ཆགས་སྡང་ཅན་ཆགས་སྡང་ཞི་འདོད་བཏང་སྙོམ་མོ། །སེམས་དངོས་སྦྱང་བ་ནི། སྔ་དྲོ་ཉིན་གུང་ཕྱི་དྲོ་སྲོད་དང་ནམ་གུང་ཐོ་རེངས་ཏེ་དུས་དྲུག་ཏུ་ཆོ་ག་རྒྱས་བསྡུས་གང་རུང་གིས་སེམས་བསྐྱེད་བླང་བའོ། །བདག་གཞན་མཉམ་པ་ནི། བདེ་བ་བསྒྲུབ་འདོད་དང་སྡུག་བསྔལ་ཞི་འདོད་ལ་བདག་གཞན་མཉམ་པ་དང་། བརྗེ་བ་ནི། བདག་གི་བདེ་བ་སེམས་ཅན་ལ་སྦྱིན་ཞིང་སེམས་ཅན་སྡུག་བསྔལ་རང་གིས་བླང་། བདག་བས་གཞན་གཅེས་པ་ནི། རང་དོན་ཡལ་བར་བོར་ནས་གཞན་དོན་སྒྲུབ་པའོ། །དཀར་ནག་ཆོས་བརྒྱད་ལ་བསྒྲུབ་བྱ་དཀར་ཆོས་བཞི། སྤང་བྱ་ནག་ཆོས་བཞི་ལས། ནག་ཆོས་བཞི་ནི། མཆོད་འོས་བསླུ་བ་དང་། འགྱོད་མེད་ལ་འགྱོད་པ་སྐྱེད་པ། དམ་པར་སྐུར་འདེབས། འགྲོ་ལ་གཡོ་སྒྱུ་བྱེད་པ་དང་བཞིའོ། །གཉེན་པོ་དཀར་ཆོས་བཞི་ནི། སྲོག་ལ་བབ་ཀྱང་ཤེས་བཞིན་རྫུན་མི་སྨྲ་བ། ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་འགོད་པ་རྒྱལ་སྲས་རྣམས་ལ་སྟོན་པ་བཞིན་གུས་པ། སེམས་ཅན་ཀུན་ལ་དྲང་པོའི་ཡིད་ཀྱི་གནས་པ་རྣམས་ལ་བརྩོན་ན་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་ཅིང་ས་དང་ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་འགྱུར་རོ། །དགེའོ། །