ཟབ་མོ་ལྟ་བའི་བརྒྱུད་པ་ཐེག་ཆེན་དབུ་མའི་ལུགས་ཀྱི་སེམས་བསྐྱེད་འབོགས་ཆོག།

From Khyentse Lineage - A Tsadra Foundation Project
PJCW-KABUM-02-KHA-039
Wylie title zab mo lta ba'i brgyud pa theg chen dbu ma'i lugs kyi sems bskyed 'bogs chog
Location dpal sprul bka' 'bum
Volume 2, Text 39, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Ritual and Liturgical Texts - cho ga phyag len  ·  Vows - sdom pa
[edit]
༄༅། །ཟབ་མོ་ལྟ་བའི་བརྒྱུད་པ་ཐེག་ཆེན་དབུ་མའི་ལུགས་ཀྱི་སེམས་བསྐྱེད་འབོགས་ཆོག་བཞུགས་སོ། །


དབུ་མའི་ལུགས་ཀྱི་སེམས་བསྐྱེད་གཞན་ལ་འབོགས་པའི་ཆོ་ག་ལ། དང་པོ་བླ་མ་རང་ཉིད་ཀྱིས་སེམས་བསྐྱེད་རྒྱས་བསྡུས་གང་རུང་གི་སྒོ་ནས་བླངས། དེ་ནས་ཆོས་ཀྱི་ཁྲི་ལ་བཞུགས་ནས། འོ་ན་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་པོ་ཆེ་ལྟ་བུ། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ། སྲིད་ཞིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ། རིན་ཆེན་བྱང་ཆུབ་ཀྱི་སེམས་ལེགས་པར་བསྐྱེད་ནས་རང་རྒྱུད་ལ་འཛིན་པར་བྱེད་པ་ལ། སྦྱོར་བ་དངོས་གཞི་རྗེས་དང་གསུམ་དུ་ཡོད་པ་ལས། དང་པོ་སྦྱོར་བ་དེ་ཡང་། ཁྱད་པར་ཅན་བཞི་ཡོད་པ་ལས་། དང་པོ་ཡུལ་ཁྱད་པར་ཅན་སློབ་དཔོན་ལ་མཎྜལ་ཕུལ་ནས་གསོལ་བ་འདེབས་དགོས་པས་དང་པོ། །དགེ་བའི་བཤེས་གཉེན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་ནས་ཡིད་ཆེས་ཀྱི་དད་པ། བྱང་ཆུབ་ཀྱི་སེམས་ལ་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་ལྷག་པའི་བསམ་པས་དོན་གཉེར་གྱི་འདུན་པ་དྲག་པོ་བསྐྱེད་དེ། མཎྜལ་འབུལ་བར་ཞུ། དེས་མཎྜལ་ཕུལ་བའི་རིམ་པ་སོང་ནས། གཉིས་པ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ངན་འགྲོ་རྣམས་ནི་བཟློག་སོགས། བྱང་ཆུབ་སེམས་མཆོག་སྩལ་དུ་གསོལ། །ལན་གསུམ། དེས་གསོལ་བ་འདེབས་པ་སོང་ནས། གཉིས་པ་གདམས་ངག་ཁྱད་པར་ཅན་སྲིད་པའི་མཐའ་ལ་སྐྱོ་བ་བསྐྱེད། ཞི་བའི་མཐའ་ལ་ཞེན་པ་དགག །མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་སེམས་ཀྱི་བསྔགས་པ་བརྗོད་པ་གསུམ་གྱིས་སློབ་མའི་རྒྱུད་སྣོད་རུང་དུ་སྒྲུབ་དགོས་པ་ལས། གདམས་ངག་དེ་དག་གི་དོན། སྤྱོད་འཇུག་ལེའུ་དང་པོ་འདིར་འདུས་པར་གདའ་བས། དེ་བཞིན་དུ་འཆད་པར་བྱེད་པ་ལ། སེམས་བསྐྱེད་སྤྱིའི་ཕན་ཡོན། སྨོན་འཇུག་སོ་སོའི་ཕན་ཡོན། སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་དང་གསུམ་དུ་ཡོད་པ་ལས། དང་པོ་སེམས་བསྐྱེད་སྤྱིའི་ཕན་ཡོན་དེ་ལ་ཡང་། སེམས་བསྐྱེད་ཀྱི་རྟེན་ཁྱད་པར་ཅན་ཐོབ་པ་ལ་བསམ་ནས། དོན་གཉེར་གྱི་བློ་བསྐྱེད་པ་དང་། ཕན་ཡོན་དངོས་གཉིས་ལས། དང་པོ་སེམས་བསྐྱེད་ཀྱི་རྟེན་ཁྱད་པར་ཅན་བསམ་པ་ལ་ཡང་ལུས་རྟེན་ཁྱད་པར་ཅན་བསམ་པ་དང་། སེམས་ཀྱི་རྟེན་ཁྱད་པར་ཅན་བསམས་པ་གཉིས་ཀྱི། དང་པོ་དལ་འབྱོར་འདི་ནི་སོགས། གཉིས་པ་སེམས་ཀྱི་རྟེན་ནི། ཇི་ལྟར་མཚན་མོ་སོགས། སེམས་བསྐྱེད་སྤྱིའི་ཕན་ཡོན་དངོས་ནི། དེ་ལྟའི་དགེ་བ་སོགས། སྨོན་འཇུག་སོ་སོའི་ཕན་ཡོན་ནི། བྱང་ཆུབ་སེམས་དེ་སོགས། སེམས་བསྐྱེད་རྒྱུད་ལྡན་གྱི་གང་ཟག་གི་ཆེ་བ་ནི་ཕན་བཏགས་ལན་གདོན་སོགས་ནས་སྐྱབས་སུ་མཆིའི་བར། དོན་ཚང་པ་བླ་མས་གསུང་གྲུབ་ནས། དེས་གདམས་ངག་ཁྱད་པར་ཅན་གྱིས་བློ་སྦྱངས་པ་སོང་ནས། གསུམ་པ་ཐབས་ཁྱད་པར་ཅན་ཡན་ལག་བདུན་གྱིས་ཚོགས་བསགས་པ་ལ། དངོས་འབྱོར་ཡིད་སྤྲུལ་ལ་སོགས་པའི་མཆོད་པ་འབུལ་བ། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། སྡིག་ལྟུང་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ། སྐྱེས་བུ་གསུམ་གྱི་དགེ་རྩ་ལ་རྗེས་སུ་ཡི་རང་པ། རྒྱལ་བ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་བདེབས་པ། སྙིང་རྗེ་བསྒོམ་པ་དང་སྟབས་གཅིག་དགེ་རྩ་ཐམས་ཅད་སེམས་ཅན་སྡུག་བསྔལ་ཅན་རྣམས་ཀྱི་དོན་དུ་བསྔོ་བ་དང་བདུན་ལས། དང་པོ་མཆོད་པ་ལ་ཡང་། དངོས་འབྱོར་གྱི་མཆོད་པ། ཡིད་སྤྲུལ་གྱི་མཆོད་པ། སྨོན་ལམ་སྟོབས་ཀྱི་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱིས་མཆོད་པ་དང་ལྔ་ལས། ཐོག་མར་མཆོད་པའི་མཎྜལ་ཞིག་ཕུལ། དངོས་འབྱོར་གྱི་མཆོད་པ་ལ་ཡང་། བདག་པོས་བཟུང་བའི་མཆོད་པ། བདག་པོས་མ་བཟུང་བའི་མཆོད་པ། ལུས་འབུལ་བའི་མཆོད་པ་དང་གསུམ། དང་པོ་བདག་པོས་བཟུང་བའི་མཆོད་པ་ནི། དངོས་སུ་ཅི་འབྱོར་གྱི་མཆོད་པ་བཤམས་ཤིང་བཀོད་པ་འདི་དག་དམིགས་རྟེན་ཙམ་དུ་བྱས་ནས། རང་གི་ལུས་ལོངས་སྤྱོད། ཚེ་བསོད་ནམས། ཁ་རྗེ་དབང་ཐང་། གཉེན་ཉེ་འབྲེལ། དུས་གསུམ་གྱི་དགེ་རྩ་དང་བཅས་པ་ལ་ཆགས་ཞེན་གྱི་འཁྲི་བ་ཐམས་ཅད་བཅད་ནས་དག་པ་གསུམ་ལྡན་དུ་འབུལ་བ་ཡིན་ཏེ། དེ་ཡང་། རིན་ཆེན་སེམས་དེ་སོགས། ལེགས་པར་མཆོད་ཀྱི་བར། ཞེས་གསུངས་པའི་དོན། ད་རེས་ཀྱི་སྐབས་སུ། རིན་ཆེན་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་སྐྱེ་བར་བྱ་བའི་ཕྱིར་དུ་མཆོད་པ་འབུལ་བ་ཡིན་པས། དེ་ལྟ་བུའི་བསམ་པས་ཟིན་ན་བསམ་པ་དག །འབུལ་བའི་ཡུལ་དེ་བཞིན་གཤེགས་པ་སངས་རྒྱས་རྣམས་དང་། དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་པ་དང་། སངས་རྒྱས་ཀྱི་སྲས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་གྱི་འཕགས་པའི་དགེ་འདུན་ཏེ། སྐྱབས་གནས་དཀོན་གསུམ་ལ་འབུལ་བ་ཡིན་པས་ཞིང་དག །ལེགས་པར་མཆོད་ཅེས་པས་ཅི་འབྱོར་གྱི་མཆོད་པ་བཤམས་པ་འདི་དག་ཀྱང་། གཞན་ལས་འཕྲོག་པ་དང་། བརྐུས་པ་དང་། གཡོ་སྒྱུས་བསྒྲུབ་པ་སོགས་མ་ཡིན་ཞིང་། སེར་སྣ་མེད་པར་དད་པས་ཕུལ་བ་ཡིན་པས་དངོས་པོ་དག་པ་གསུམ་གྱི་སྒོ་ནས་ལེགས་པར་འབུལ་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རིན་ཆེན་སེམས་དེ་སོགས། འདི་མན་གྱི་མཆོད་པ་ཐམས་ཅད་བླ་མས་དམིགས་པ་ཕོག་ནས་རྗེས་ཟློས་བྱ། གཉིས་པ་བདག་པོའི་མ་བཟུང་བའི་མཆོད་པ་ནི་མེ་ཏོག་འབྲས་བུ་སོགས། ཉིད་ཀྱི་མཐུས་བཞེས་ཤིག །གསུམ་པ་ལུས་འབུལ་བའི་མཆོད་པ་ནི། རྒྱལ་དང་དེ་སྲས་སོགས། མི་བགྱིད་དོ། །མཆོད་པའི་རྣམ་གྲངས་གཉིས་པ་ཡིད་སྤྲུལ་གྱི་མཆོད་པ་ལ་བརྒྱད་ལས་བླ་མས་ཁྲུས་ཁང་གི་དམིགས་པ་ཕོགས་ནས། དང་པོ་ཁྲུས་དང་སྐུ་ཕྱི་སོགས་ཀྱི་མཆོད་པ། བྱང་འདྲེན་པས་བསྐུལ་ཏེ་ཁྲུས་ཀྱི་ཁང་པ་སོགས་ཐམས་ཅད་ཀྱིས་ཐུན་མོང་དུ་གསུང་མཛད་པས་འཐུས་པར་གདའ་པས་དེ་བཞིན་དུ་མཛད་པར་ཞུ། གཉིས་པ་དྲི་བཟང་གི་བྱུག་པ་འབུལ་བ་ནི། སྟོང་གསུམ་ཀུན་ཏུ་སོགས། གསུམ་པ་མེ་ཏོག་གི་མཆོད་པ། ཐུབ་དབང་མཆོད་གནས་སོགས། བཞི་བ་བདུག་སྤོས་ཀྱིས་མཆོད་པ་སྤོས་མཆོག་ཡིད་འཕྲོགས་སོགས། ལྔ་པ་ཞལ་ཟས་ཀྱི་མཆོད་པ་ཞལ་ཟས་བཟའ་བཏུང་སོགས། དྲུག་པ་མར་མེའི་མཆོད་པ། གསེར་གྱི་པད་མ་སོགས། བདུན་པས་གཞི་དང་གཞལ་མེད་ཁང་གི་མཆོད་པ། ས་གཞི་བལྟར་བ་སོགས། བརྒྱད་པ་རིན་པོ་ཆེའི་གདུགས་ཀྱི་མཆོད་པ། རིན་ཆེན་གདུགས་མཛེས་སོགས། དེས་ཡིད་སྤྲུལ་གྱི་མཆོད་པའི་རྣམས་གྲངས་བརྒྱད་པོ་དེ་སོང་ནས། གསུམ་པ་སྨོན་ལམ་སྟོབས་ཀྱི་མཆོད་པ། དེ་ལས་གཞན་ཡང་སོགས། བཞི་པ་བླ་ན་མེད་པའི་མཆོད་པ། ཇི་ལྟར་འཇམ་དབྱངས་སོགས། ལྔ་པ་བསྟོད་པ་དབྱངས་ཀྱི་མཆོད་པ། ཡོན་ཏན་རྒྱ་མཚོ་སོགས། དེས་ཡན་ལག་བདུན་གྱི་དང་པོ་མཆོད་པ་འབུལ་བའི་ཡན་ལག་དེ་སོང་ནས། གཉིས་པ་ཕྱག་འཚལ་བའི་ཡན་ལག་ནི། རྡུལ་ཅིག་གི་སྟེང་ན་རྡུལ་སྙེད་ཀྱི་སངས་རྒྱས་བཞུགས་པ་ཡིད་ཀྱིས་མངོན་སུམ་དུ་བྱས་ནས། དེ་དག་གི་སྤྱན་སྔར་རང་གི་ལུས་རྡུལ་སྙེད་དུ་སྤྲུལ་ནས་སེམས་ཅན་ཐམས་ཅད་དང་བྱ་བྱེད་ཐུན་མོང་དུ་གྱུར་ཏེ་ཕྱག་འཚལ་བའི་མོས་པ་དང་བསྒྲགས། ཕྱག་འཚལ་བའི་ཚིག་འདི་དག་གི་རྗེས་ཟློས་མཛོད། དུས་གསུམ་བཞུགས་པའི་སོགས། དེས་ཡན་ལག་གཉིས་པ་ཕྱག་འཚལ་བའི་ཡན་ལག་དེ་སོང་ནས། འདིར་རྟེན་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡོད་ཀྱང་འོག་ནས་འབྱུང་བས་འདིར་མི་དགོས་ལ། གསུམ་པ་སྡིག་པ་བཤགས་པའི་ཡན་ལག་འདིར་བཤགས་ཡུལ་མངོན་དུ་བྱ་བ། སྡིག་ལྟུང་སྤྱིར་བཤགས་པ། གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པའི་དོན་རྣམས་བླ་མས་གསུངས། སྔར་བྱས་ཀྱི་ལས་ལ་འགྱོད་པ་སུན་འབྱིན་པའི་སྟོབས། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བརྟེན་གྱི་སྟོབས། ལུས་ཀྱིས་ཕྱག་འཚལ། ངག་གིས་བཤགས་ཚིག་བརྗོད། ཡིད་ཀྱིས་གདུངས་ཤུགས་དྲག་པོ་བསྐྱེད་པ་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་པ་སོར་ཆུད་པའི་སྟོབས་ཏེ། གཉེན་པོ་སྟོབས་བཞིའི་དག་པ་དྲན་པའི་སྒོ་ནས་ལྟུང་བཤགས་ཚར་གསུམ་དང་། སྤྱི་བཤགས་ཚར་གཅིག་བཅས་ལྷན་དུ་འདོན་པར་ཞུ། བཞི་པ་རྗེས་སུ་ཡི་རང་བའི་ཡན་ལག་གི་དོན་བླ་མས་གསུངས་ནས། རྗེས་ཟློས་བྱ། སེམས་ཅན་ཀུན་གྱི་སོགས། རྗེས་ཟློས་བྱ་བ་ཡན་ལག་འོག་མ་རྣམས་ལ་འདྲེས། ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཕྱོགས་རྣམས་ཀུན་གྱི་སོགས། དྲུག་པ་མྱ་ངན་མི་འདའ་བར་གསོལ་བ་འདེབས་པ་ནི། རྒྱལ་བ་མྱ་ངན་སོགས། བདུན་པ་སྙིང་རྗེ་བསྒོམ་པ་དང་སྟབས་གཅིག་དགེ་རྩ་ཐམས་ཅད་སེམས་ཅན་སྡུག་བསྔལ་ཅན་རྣམས་ཀྱི་དོན་དུ་བསྔོ་བ་ནི། དེ་ལྟར་འདི་དག་སོགས། དེ་ཡན་ཆད་ཀྱིས་ཐབས་ཁྱད་པར་ཅན་ཡན་ལག་བདུན་གྱིས་ཚོགས་བསགས་པ་སོང་། དེ་ལྟར་ན་དེ་ཡན་ཆད་ཀྱིས་སྦྱོར་བའི་ཆོས་སོང་ནས། དངོས་གཞི་ལ་བློ་སྦྱོང་བ་དང་དམ་བཅའ་བ་གཉིས་ཀྱི་དང་པོ་བློ་སྦྱོང་བ་ནི། གཞུང་གཞན་ནས་ཚད་མེད་བཞིས་བློ་སྦྱོང་བ་འབྱུང་ཡང་། འདིར་བདག་འཛིན་བཙན་ཐབས་སུ་གཅོད་པའི་ཐབས་བདག་ཏུ་འཛིན་པའི་གཞི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་ཅད་གཞན་སེམས་ཅན་རྣམས་ལ་ཕངས་པ་མེད་པར་བཏང་བར་བགྱིའོ་སྙམ་པ་འདིའི་རྗེས་ཟློས་མཛོད། ལུས་དང་དེ་བཞིན་སོགས། ལན་གསུམ། དེས་འཐད་པ་དགོད་པ་ལུས་བྱེ་བྲག་ཏུ་གཏོང་བ་གཉིས་ཀྱི་དོན་བླ་མས་གསུངས་ནས་བློ་སྦྱང་གི་འབྲས་བུ་སེམས་ཅན་ལ་བསྔོ་བའི་དམིགས་པ་ཕོག །དེ་ལྟ་བུའི་བསམ་པ་དང་ལྡན་པའི་ངང་ནས་འདིའི་རྗེས་ཟློས་མཛོད། བདག་ནི་མགོན་མེད་རྣམས་སོགས། སྒྱུར་ཡང་ཤོག་པར་བྱ། དེས་བློ་སྦྱང་བ་སོང་ནས། དངོས་གཞི་དམ་བཅའ་བ་ལ། འདི་སྐབས་དགོངས་སུ་གསོལ་བ་གསུམ་སྔོན་དུ་འགྲོ་དགོས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དང་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ལན་གཅིག །དེ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་དམིགས་པ་རྒྱས་པར་ཕོག་པ་དང་ཁོ་བོས་སེ་གོར་གཏོགས་པ་དང་མཉམ་དུ་ཁྱེད་རང་གི་རྒྱུད་ལ་སྡོམ་པ་སྐྱེས་བྱུང་སྙམ་པའི་སྒོ་ནས། བྱང་ཆུབ་སྙིང་པོར་སོགས། ཇི་ལྟར་སྔོན་གྱི་སོགས། སྦྲེལ་ནས་ལན་གསུམ་བརྗོད། དེས་ཁྱེད་རང་གི་རྒྱུད་ལ་སྡོམ་པ་ཐོབ་པ་ཡིན་ནོ་ཞེས་བརྡའ་སྦྱར། དེ་ཡན་གྱི་དངོས་གཞི་དམ་བཅའ་བ་སོང་ནས། རྗེས་རང་དགའ་བ་བསྒོམ་པའི་ཁྲིད་བླ་མས་གསུངས་ནས། དེང་དུས་སོགས་རྗེས་ཟློས་བྱ། དེ་ནས་གཞན་དགའ་བ་བསྒོམ་དུ་བཞུགས་པའི་དམིགས་པ་ཕོག་ནས་བདག་གི་དེ་རིང་སོགས་རྗེས་ཟློས་བྱའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཆེད་དུ་མཎྜལ་འབུལ་བར་ཞུ། དེ་ནས་བླ་མ་དང་སློབ་དཔོན་གྱི་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བ་དང་སྦྲགས་ཏེ་འདི་བཞིན་རྗེས་ཟློས་ཀྱིས། གང་གི་དྲིན་སོགས། ལན་གསུམ། དེ་ནས་ལྷན་དུ། བྱང་ཆུབ་སེམས་མཆོག་སོགས་དང་། བསྔོ་བའི་ལེའུ་བཟང་སྤྱོད་སོགས། བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱའོ། །