མཚུངས་བྲལ་རྒྱལ་བའི་མྱུ་གུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྟོགས་བརྗོད་ཕྱོགས་ཙམ་གླེང་བ་བདུད་རྩིའི་ཟིལ་ཐིགས།

From Khyentse Lineage - A Tsadra Foundation Project
Wylie title mtshungs bral rgyal ba'i myu gu o rgyan 'jigs med chos kyi dbang po'i rtogs brjod phyogs tsam gleng ba bdud rtsi'i zil thigs
Location dpal sprul bka' 'bum
Volume 1, Text 34, Pages (Folios to )
Author འཇིགས་མེད་བསྟན་པའི་ཉི་མ་
Less details More details
Associated People དཔལ་སྤྲུལ་རིན་པོ་ཆེ་ (Dpal sprul rin po che)
Citation
Genre Autobiographies - Expressions of Realization - rtogs brjod
Colophon

།ཅེས་པའང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་ཕྱུག་པའི་ར་ཧོར་སྤྲུལ་སྐུ་མཉྫུའི་མཚན་ཅན་གྱིས་རིན་པོ་ཆེའི་གནང་རྟེན་དང་བཅས་ནན་བསྐུལ་མཛད་པ་ལྟར། རྗེ་བཙུན་བླ་མ་མཆོག་དེའི་བཀའ་འབངས་ཀྱི་ཐ་ཆུང་འཇིགས་མེད་བསྟན་པའི་ཉི་མས་ཡིད་ལ་དྲན་ཚད་སྨྲས་རིམ་ལྟར་དཀོན་མཆོག་ཆོས་འཕེལ་བཟང་པོས་ཡི་གེར་བྲིས་པ་དགེ་བ་གྱུར་ཅིག །མཛད་པའི་གོ་རིམ་སོགས་རང་གིས་ཇི་བཞིན་མ་ངེས་པའི་འཁྲུལ་པ་མང་དུ་ཡོད་ཤས་ཆེ་བ་རྣམ་ཐར་ལ་འདྲིས་ཞིབ་ཆེ་བ་རྣམས་ཀྱིས་བཅོས་རོགས་མཛད་ན་རྗེས་སུ་ཡི་རང་ངོ་།།

/ces pa'ang mkhas btsun bzang po'i yon tan gyis mngon par phyug pa'i ra hor sprul sku many+dzu'i mtshan can gyis rin po che'i gnang rten dang bcas nan bskul mdzad pa ltar/_rje btsun bla ma mchog de'i bka' 'bangs kyi tha chung 'jigs med bstan pa'i nyi mas yid la dran tshad smras rim ltar dkon mchog chos 'phel bzang pos yi ger bris pa dge ba gyur cig_/mdzad pa'i go rim sogs rang gis ji bzhin ma nges pa'i 'khrul pa mang du yod shas che ba rnam thar la 'dris zhib che ba rnams kyis bcos rogs mdzad na rjes su yi rang ngo //

[edit]
༄༅། །མཚུངས་བྲལ་རྒྱལ་བའི་མྱུ་གུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྟོགས་བརྗོད་ཕྱོགས་ཙམ་གླེང་བ་བདུད་རྩིའི་ཟིལ་ཐིགས་ཞེས་བྱ་བ་བཞུགས།


དཔལ་ལྡན་བླ་མ་ལ་ཕྱག་འཚལ། །རྒྱལ་ཀུན་ཡབ་གཅིག་རྒྱལ་བའི་ཞིང་ཀུན་ཏུ། །རྒྱལ་སྲས་གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་བ། །འཇམ་པའི་དབྱངས་ཞེས་གྲགས་པའི་རྔ་བོ་ཆེའི། །རང་སྒྲས་སྲིད་གསུམ་འགེངས་པ་དེ་ལ་འདུད། །དེ་ཡིས་འཇིགས་མེད་སྤོབས་པའི་མཆོག་བྱིན་ཏེ། ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་མི་ཟད་པས། །ཐར་འདོད་རྣམ་བྱང་དབང་པོ་རྒྱས་མཛད་པ། །མཚུངས་མེད་བླ་མ་དེ་ལ་གུས་ཕྱག་འཚལ། །ཞེས་མཆོད་པར་བརྗོད་ནས། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ། སྐུ་ཚེ་དཔག་ཏུ་མེད་པ་ནས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ཤིང་། རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་ལེགས་པར་བསྒྲུབས་པ། གསུང་རབ་ཀྱི་དགོངས་དོན་གསལ་བར་བྱེད་པའི་བཤད་པ་དང་དབེན་པར་ཡང་དག་འཇོག་ལ་བརྩོན་པའི་སྒྲུབ་པ་སྟེ་འཁོར་ལོ་གཉིས་ཀྱིས་ཐེག་པ་མཆོག་གི་བསྟན་པའི་སྲོག་བཟུང་བ། བསྟན་པའི་སྣང་བ་ཆེས་མི་གསལ་བའི་ཡུལ་གྱི་སྐྱེ་བོའི་ཚོགས་འབུམ་ཕྲག་དུ་མ་ལ་ཡང་མངོན་མཐོ་ངེས་ལེགས་ཀྱི་ལམ་བཟང་ཉིན་མོ་ལྟར་གསལ་བར་མཛད་པས་འགྲོ་བའི་བླ་མ། འཇིག་རྟེན་གྱི་མགོན་པོ་ཞེས་ཕྱོགས་དང་ཕྱོགས་བྲལ་གྱི་དམ་པ་རྣམས་ཀྱིས་སྙན་པའི་རྒྱུད་མངས་མགྲིན་གཅིག་ཏུ་བླངས་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་རྟོགས་བརྗོད་ཕྱོགས་ཙམ་གླེང་བ་ལ་གཉིས་ཏེ། སྐུ་ཚེ་སྔ་མའི་བྱུང་བ་དང་། སྐུ་ཚེ་འདི་ཉིད་ཀྱི་མཛད་པའོ། །དང་པོ་ནི། རྒྱ་གར་འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་ཞི་བ་ལྷ་དང་། བོད་ཡུལ་དུ་ཨ་རོ་ཡེ་ཤེས་འབྱུང་གནས་སུ་གྱུར་པ་ལ་སོགས་པའི་འཁྲུངས་རབ་ཀྱི་ཕྲེང་བ་དུ་མ་ཞིག་རྗེ་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཟབ་གཏེར་འགྲོ་འདུལ་འཕགས་པ་སེམས་ཉིད་ངལ་གསོའི་ཆོས་སྐོར་ན་བཞུགས་པར་གྲགས་ཀྱང་དེང་དུས་མཇལ་དུ་མི་སྣང་བས་འཆད་པར་མི་ནུས་ལ། སྐུ་འདིའི་སྔ་རོལ་དེ་མ་ཐག་པར་ཡོངས་སུ་གྲགས་པ་ནི་བྱང་རྒྱུད་རྫ་ཆུའི་འགྲམ་གྱི་སྟོད་ཕྱོགས་སུ་བྱུང་བའི་དཔལ་དགེ་བསམ་གཏན་ཕུན་ཚོགས་ཞེས་བྱ་བ་འཕགས་པ་འཇམ་དཔལ་ལ་ཐུགས་དམ་གྱི་ལྷར་མཛད་ཅིང་མཚན་བརྗོད་འབུམ་ཕྲག་ལྷག་པ་ཞལ་འདོན་དུ་མཛད་པ། སྔོན་དུས་རྨོག་གྲུབ་ནམ་མཁའ་ཆོས་དབང་རྫ་སྟོད་མ་མོའི་ཐང་དུ་ཕེབ་སྐབས་ས་ཕྱོགས་འདིར་འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པའི་སྐྱེས་བུ་ཞིག་གིས་དམ་ཆོས་ཡི་གེ་དྲུག་མའི་རྡོ་འབུམ་ངོ་མཚར་ཅན་བཞེངས་པར་འགྱུར་ཞེས་ལུང་བསྟན་པ་ལྟར་དཔལ་དགེའི་རྡོ་རིང་མར་གྲགས་པའི་རྟེན་བཞེངས་ཆེན་པོ་མཛད་དེ་མཐོང་ཐོས་དྲན་རེག་གི་འགྲོ་བ་དཔག་ཏུ་མེད་པ་ལ་དཀར་པོ་རྣམ་པར་འཕེལ་བའི་ས་བོན་བཏབ་ཅིང་ད་དུང་དུ་ཡང་ཕྲིན་ལས་ཀྱི་རྒྱུན་ཆུ་བོའི་རྒྱུན་ལྟར་འཇུག་བཞིན་པ་དེའོ། །གཉིས་པ་ནི། བོད་ཀྱི་རུས་ཆེན་སྡེ་ལྔའི་ནང་ཚན་ལྡོང་སྨུག་པོའི་རིགས་ཀྱི་བྱེ་བྲག་དགེ་རྩེ་ཞེས་པའི་སྡེར་རྒྱལ་ཐོག་ཞེས་པའི་གདུང་ལས་རབ་ཡིད་རྣམ་བྱུང་ཞེས་པ་ས་འབྲུག་གི་ལོར་སྐྱེ་བའི་མྱུ་གུ་སད། དབུ་གདུགས་ལྟར་འདུག་པ་དང་ཞལ་རས་པདྨ་ལྟར་རྒྱས་པ། སྐྱེ་མཆེད་ཤིན་ཏུ་དྭངས་པ། རང་བཞིན་གྱིས་སྙུན་ཉུང་བ། ཆུང་ངུ་ཉིད་ནས་ཤེས་རབ་དང་། སྙིང་རྗེ་དང་། སྙིང་སྟོབས་ཆེས་ཆེ་བ། སྤོབས་པའི་གཟེངས་མཐོ་ཞིང་སྨྲ་མཁས་པ་སོགས་ཡོན་ཏན་གྱི་འབྱོར་བ་ཚད་མེད་པས་མཐོ་བ་ཞིག་བྱུང་། འབྲི་ཀློག་དཀའ་བ་མེད་པར་མཁྱེན། རྡོ་བླ་མཁས་གྲུབ་ཆེན་པོ་འཇིགས་མེད་སྐལ་བཟང་གིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་པའི་སྐུར་ངོས་བཟུང་ཞིང་། གྲུབ་པའི་དབང་ཕྱུག་འཇིགས་མེད་ཕྲིན་ལས་འོད་ཟེར་ལའང་དེ་ཚུལ་གྱི་རྒྱུ་མཚན་ཞུས་པས། ཁོང་གི་ཞལ་ནས། དེ་ཁྱོད་ཀྱིས་ངོས་འཛིན་བྱས་པ་ལྟར་ཡིན་ངེས། ངས་ཀྱང་ཀློང་ཆེན་སྙིང་ཐིག་གི་བསྟན་པ་ཡོངས་རྫོགས་དགོངས་གཏད་སྨོན་ལམ་དང་བཅས་པས་དེ་ལ་གཏད་པ་ཡིན་ཞིང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོར་མཚན་གསོལ་བ་ཡིན་ཞེས་ཕྱི་མཐའ་གཟིགས་པའི་ལུང་བསྟན་བསྩལ། དེ་དག་ལ་བརྟེན་ནས་དཔལ་དགེ་གོང་མའི་དབོན་པོ་དཀོན་མཆོག་གིས་བླ་བྲང་དུ་སྤྱན་དྲངས་ཏེ་སྤྲུལ་བའི་སྐུར་མངའ་གསོལ། རིག་འཛིན་འཇིགས་མེད་གླིང་པའི་ཐུགས་སྲས་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་དམ་པ་དེ་ལས་སྔ་ཕྱིར་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད་ཁོ་ནའང་ཚར་ཉི་ཤུ་རྩ་ལྔ་གསན་ཞིང་། ཁྲིད་སྦྱང་ཡང་དེ་སྙེད་གྲུབ་པར་མཛད། གཞན་ཡང་རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་ཤིན་ཏུ་སྨིན་པ་དང་། སྔ་འགྱུར་བཀའ་མའི་སྐོར་སོགས་མང་དུ་གསན། གོང་སྨོས་ཀྱི་མཁས་པ་འཇིགས་མེད་སྐལ་བཟང་དང་ཀུན་མཁྱེན་གྱི་དངོས་སློབ་རྗེ་བླ་མ་འཇིགས་མེད་ངོ་མཚར། རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ལས་ཀྱང་ངལ་གསོ་སྐོར་གསུམ། སྤྱོད་འཇུག །རྩ་རྒྱུད་གསང་བ་སྙིང་པོ། རིག་གནས་སྐོར་འགའ་ཞིག་སོགས་དང་། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་ལས་བཀའ་འགྱུར་གྱི་ལུང་དང་སྒྲ་རིག་གསན། གང་གསན་དེ་དག་ལན་རེ་ཙམ་གྱིས་ཐུགས་སུ་ཆུད་ཅིང་། གཙོ་བོར་བཀའ་བསྟན་འགྱུར་རོ་ཅོག་དང་ཀུན་མཁྱེན་ཡབ་སྲས་ས་པཎ་རྗེ་ཙོང་ཁ་པ་སོགས་རིས་མེད་པའི་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་ལ་དཔེ་གཟིགས་ཁོ་ན་རྟག་འགྲུས་སུ་བརྩོན་པར་མཛད་པས་ཉིན་རེ་བཞིན་མཁྱེན་རྟོགས་ཟླ་བ་ཡར་ངོ་ལྟར་གོང་འཕེལ་དུ་གྱུར། ཐ་ན་འཇིག་རྟེན་གྱི་ཕོ་རྒོད་ཀྱང་འགྲན་ཟླ་མེད་པ་ཞིག་སྟེ། སྐུ་ན་ཤིན་ཏུ་ཆུང་བའི་དུས་ཤིག་དཔལ་དགེ་དབོན་པོ་ལ་བཙན་པོས་གཉའ་གནོན་ལྟ་བུའི་ཁ་མཆུ་ཞིག་ཕོག་སྟེ་སྡེ་དགེའི་སྐུ་ཚབ་རྩར་གཏུགས་ཤེར་བྱས་སྐབས་བྱང་སྡེ་རྫ་ཆུ་ཁ་ཙམ་ན་ཕོ་རྒོད་ཡ་མེད་དུ་གྲགས་པའི་འབུམ་ཤུལ་མཐུ་སྟོབས་མགོན་པོ་བྱ་བ་དེ་རྗེ་འདིས་ལན་གཅིག་མ་ཡིན་པར་ཤགས་ཀྱིས་ཕམ་པར་བྱས་ནས་རྒྱལ་ཁ་བླངས་པས་དཔལ་དགེ་དབོན་པོ་མགུ་སྟེ་སྤྲུལ་སྐུ་ཡིན་རུང་མིན་རུང་ལོ་སྤྱད་ཅིག་རེད་ཟེར་སྐད། ཀུན་མཁྱེན་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་ཡེ་ཤེས་རྡོ་རྗེ་རིག་པ་བརྟུལ་བཞུགས་ཀྱི་སྤྱོད་པ་མཛད་ཅིང་ཕེབས་སྐབས་ཤིག་རྗེ་འདིའི་ཉེ་སྐོར་དུ་བྱོན་ནས་དཔལ་དགེ་ཞེས་བོས་ཏེ། ཁྱེད་དཔའ་སྙིང་ཅི་འདྲ། བཟང་ན་འདིར་ཤོག་གསུངས་ནས་སྐུ་རྩར་ཕྱིན་པ་དང་སྐྲ་ནས་བཟུང་སྟེ་ས་ལ་བརྡབས་ཤིང་དྲུད་དེ་བྱོན་པས་མཚམས་ཤིག་ན་ཆང་གི་དྲི་ཞིག་ཆིལ་གྱིས་བྱུང་། དེར་འོ་ཁོང་གིས་ཆང་གསོལ་ཡོད་པ་འདྲ་གྲུབ་ཐོབ་ཆེན་པོ་འདི་འདྲ་ཡང་ཆང་བཟས་འཆོལ་སྤྱོད་འདི་འདྲ་མཛད་པས་བཅོམ་ལྡན་འདས་ཀྱིས་ཆང་གི་ཉེས་དམིགས་མང་པོ་བཀའ་སྩལ་པ་ཐོག་ཏུ་བབས་སྙམ་པ་ཅིག་བྱུང་བའི་མོད་ཕྱག་གིས་བཏང་སྟེ་ཁྱེད་ཚོ་རྟོག་གེ་བ་བྱ་བ་འདི་འདྲའི་རྣམ་རྟོག་ངན་པ་འཆར་བ་ཕའུ། ཁྱོད་ཁྱི་རྒན་རེད་ཅེས་གདོང་ལ་ཞལ་མཆིལ་བཏབ། མཛུ་གུ་ཆུང་བསྟན་ནས་བཞུད། དེ་འཕྲལ་ག་རེ་ང་འཁྲུལ། དེ་ངོ་སྤྲོད་ཅིག་ཡིན་པར་འདུག་སྙམ་ནས་ལུས་གནད་བཅོས་ཏེ་བཞུགས་པས་ཟང་ཐལ་གྱི་རིག་པ་ནམ་མཁའ་གཡའ་ཐག་ཆད་པ་ལྟ་བུ་ཞིག་མངོན་དུ་གྱུར་ཏེ་སྔོན་ནས་འཇིགས་མེད་རྒྱལ་བའི་མྱུ་གུས་རིག་ངོ་སྤྲད་པ་དེ་ནམ་ལང་བའི་སྟེང་དུ་ཉི་མ་ཤར་བ་བཞིན་སོང་། ཕྱིས་སུ་ཡང་ཁྱི་རྒན་ཟེར་བ་འདི་སྐུ་ཕྱོགས་མཁྱེན་བརྩེས་ང་ལ་གསང་མིང་བཏགས་པ་ཡིན་ཞེས་ཞལ་རྩེད་གནང་། སྦས་པའི་རྣལ་འབྱོར་པ་ཆེན་པོ་བསོད་ནམས་དཔལ་དགེའི་ཞལ་སྔ་ནས་དང་ལྷན་ཅིག་ཀློང་སྙིང་རྩ་རླུང་གི་ཁྲིད་སྦྱང་ཤིན་ཏུ་རྒྱུན་རིང་བསྐྱངས། དཔལ་དགེ་དབོན་པོ་འདས་ནས་གཤེགས་རྗེས་ཀྱི་བྱ་བ་རྣམས་རྫོགས་འཕྲལ་བླ་བྲང་བསྡུས་ནས་ཀུན་སྤང་ཀུན་ཏུ་རྒྱུའི་ཚུལ་གྱིས་གནས་ངེས་མེད་དུ་ཕེབས། རྫོགས་ཆེན་གདན་སར་ཡུན་རིང་ཙམ་བཞུགས། སྐྱབས་མགོན་རྫོགས་ཆེན་རིན་པོ་ཆེ་མི་འགྱུར་ནམ་མཁའ་རྡོ་རྗེ་དང་། སྐུ་ཞབས་གཞན་ཕན་མཐའ་ཡས་འོད་ཟེར་སོགས་ལས་དམ་པའི་ཆོས་ཀྱི་བདུད་རྩི་མཐའ་ཡས་པ་བཞེས། རུ་དམ་ཡང་དབེན་གཤིན་རྗེའི་སྒྲུབ་ཕུག་དང་ཚེ་རིང་ཕུག་སོགས་སུ་ཐུགས་དམ་མཛད་པས་བྱང་ཆུབ་སེམས་གཉིས་དང་། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་རྟོགས་པ་ནམ་མཁའ་དང་མཉམ་པ་བརྙེས། ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཆེན་མོ་དང་ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་སོགས་ལེགས་བཤད་ཀྱི་རྩོམ་པའང་མང་དུ་མཛད། དགུང་ལོ་སུམ་ཅུའི་ནང་ཤེད་ཨ་མདོ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་སྙན་པ་གསན་ནས་མཇལ་དུ་བྱོན་ཡང་། ཞབས་དཀར་གཤེགས་ཚར་བའི་སྐད་ཆ་ལམ་བར་དུ་གསན་ནས་གདུང་དབྱངས་ཀྱི་ཚིགས་བཅད་མཛད་ཅིང་གསེར་ཐལ་ཕྱོགས་ཡར་ལུང་པདྨོ་བཀོད་དུ་དགེ་མང་སྐུ་ཞབས་ཀྱི་གྲྭ་འཁོར་གསེབ་ཏུ་ཞུགས་ནས་ཕེབས། དེར་དགེ་མང་རིན་པོ་ཆེས་གསང་སྙིང་རྒྱུད་བཤད་རྒྱས་པར་གནང་སྐབས་རྗེ་འདིས་ཁྲིད་དཔོན་མཛད་ཅིང་། དེ་རྗེས་ཀྱང་གནས་དེར་ལོ་གཉིས་ཙམ་ལ་ཞག་ཞེ་ལྔ་རེའི་རིང་རྒྱུད་བཤད་ཤིན་ཏུ་རྒྱས་པ་བཀའ་དྲིན་དུ་བསྩལ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་སྤྲིན་མཐོང་གི་ཉི་ཞུར་ཙམ་གསལ་བར་བྱུང་བས། ཡུལ་གསེར་སྟོད་དུ་སྙིང་པོའི་བསྟན་པ་དར། ཞེས་པའི་ལུང་བསྟན་ཐོག་ཏུ་ཁེལ་བར་གླེང་། དབལ་ཤུལ་སྟོབས་རྒྱལ་སོགས་ཀྱིས་སྤྱན་དྲངས་ཏེ་དབལ་ཤུལ་ཁག་གསུམ། གསེར་ཐལ་ཚོ་མ་ལག་བཅོ་བརྒྱད་ཕལ་མོ་ཆེ་དང་བཅས་པ་ལ་སྤྱོད་འཇུག །མ་ཎི་བཀའ་འབུམ། བདེ་སྨོན་སོགས་ཆོས་ཀྱི་སྦྱིན་པ་གྲངས་མེད་པ་བསྩལ་ཞིང་བདེ་སྨོན་དང་ཡི་གེ་དྲུག་མའི་ཕྲིན་ལས་ཁྱབ་གདལ་དུ་སྤེལ། གསོན་རིམ་དང་གཤིན་ཆོག་ལ་སྐམ་ལུག་མང་པོ་བསད་དེ་དགེ་འདུན་ལ་དམར་སྟོན་བྱེད་པའི་སྲོལ་ངན་རྒྱུན་བཅད་ཅིང་ཇག་རྒྱ་རྐུན་ཁྲིམས་བཞག་སྟེ་ཕན་བདེའི་ལམ་སྲོལ་ཆེན་པོ་བཏོད། རིམ་གྱིས་རྡོ་ཡུལ་དུ་ཕེབས། ཤུག་ཆུང་དགོན་སོགས་སུ་ཆོས་ཅི་རིགས་བསྟན། ཤུག་ཆེན་སྟག་མགོར་ཡུན་རིང་བཞུགས་ནས་བཀའ་འགྱུར་རིན་པོ་ཆེ་ཞིབ་ཏུ་གཟིགས་ཤིང་བཀླག་པས་མདོ་སྡེ་མང་པོ་ཐུགས་ལ་ཟིན་གསུངས། ཨ་རིའི་ནགས་ཀྱི་ལྗོན་ཤིང་ཡལ་འདབ་རྒྱས་པ་ཞིག་གི་དྲུང་དུ་ཟླ་བ་ཁ་ཤས་བཞུགས་ཏེ། ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་བ་དང་། ཞེས་པ་དེ་འདི་འདྲ་ལ་ཟེར་བ་ཡིན་ཞེས་ཐུགས་སྤྲོ་ཉམས་མཛད། དེར་གཞི་ཆེན་སྤྲུལ་སྐུ་སོགས་དོན་གཉེར་ཅན་མང་པོ་ལ་སེམས་ཉིད་ངལ་གསོ་དང་ཡོན་ཏན་མཛོད་ཀྱི་བཤད་ཁྲིད་རྒྱུན་རིང་དུ་བསྐྱངས། འཛི་ཀར་ཡང་ཕེབས་ཏེ་མ་ཎི་བཀའ་འབུམ་སོགས་གསུངས་ཤིང་ཡིག་དྲུག་གི་ཕྲིན་ལས་རྒྱས་པར་མཛད། ཛམ་ཐང་དུ་ཀུན་མཁྱེན་དོལ་པོའི་འགྲེལ་པའི་སྟེང་ནས་རྒྱུད་བླ་མ་རྒྱས་པར་བཤད་ཅིང་བསྡུས་དོན་བརྩམས། གཙང་བ་དགེ་སློང་ངག་དབང་ཆོས་འབྱོར་ལས་སྦྱོར་དྲུག་གསན། མི་ཉག་གི་ཡུལ་དུ་བྱོན་ཏེ་འདྲ་བ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་ལ་ཕར་ཕྱིན་སྐོར་གྱི་དྲི་བ་མང་པོ་ཞུས་པས་ཁྱོད་སུ་ཡིན་གང་ནས་འོང་གསུངས་པར། དཔལ་དགེ་ཟེར་བ་ཁམས་རྫ་ཆུ་ཁ་པ་ཞིག་ཡིན་ཞུས། ཕྱིར་ཕེབས་རྗེས་དགེ་བཤེས་ཆེན་པོ་དེས་ཉེ་གནས་ལ་དེ་སུ་ཡིན། ཁོ་དཔལ་དགེ་བྱ་བ་ཡིན་ཟེར་ཏེ་རྒྱལ་ཁམས་ན་ཡོངས་སུ་གྲགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པའི་འོས་སུ་འདུག་གསུང་སྐད། སྨར་ཁོག་སྟོད་སྨད་མང་པོར་ཡང་མ་ཎི་བཀའ་འབུམ་གཙོ་བོར་གྱུར་པའི་དམ་པའི་ཆོས་ཀྱི་ཆར་ཕབ་སྟེ་བ་ལང་ལྟ་བུའི་སྐྱེ་བོ་བླུན་པོ་རྣམས་ལའང་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་བསྐྲུན། དད་པ་དང་སྙིང་རྗེ་ཆུང་བ་དཀར་ཕྱོགས་ལ་སྡང་ཞིང་སྡིག་ལ་མཛེམ་མེད་དུ་སྤྱོད་པའི་མི་དཔོན་དང་ཇག་དཔོན་ང་རྒྱལ་ཅན་ཤིན་ཏུ་གདུལ་དཀའ་བ་རྣམས་ཀྱང་སྙིང་རྗེའི་དཀའ་ཐུབ་གྲུབ་པའི་གསུང་གི་མཚམས་ལས་འདའ་བར་མ་ནུས་ཏེ་རྐུན་རྒྱ་ཇག་ཁྲིམས་དང་རྔོན་པ་མང་པོའི་སྡིག་འཕྲོ་གཅོད་པ་སོགས་ཀྱི་སྒོ་ནས་ཡུལ་ཁམས་དཀར་པོར་བསྒྱུར། སྨར་རོང་གི་ཡུལ་མཐའ་སྔོན་ཆད་ཡིག་དྲུག་འདོན་པ་ལྟ་ཅི་བསྒྲང་ཕྲེང་ལག་ཏུ་འཛིན་སྲོལ་ཙམ་ཡང་གཏན་མེད་པའི་ཕྱོགས་སོགས་སུའང་ཆོས་བསྟན་ཏེ་མ་ཎི་འདོན་པའི་སྲོལ་ལམ་པོ་ཆེ་བཞིན་དུ་ཡངས་པོར་བཏོད་པས་མཚོན་གདུལ་དཀའ་འདུལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ། སླར་ཡང་རྡོ་ཡུལ་དུ་བྱོན་ནས་དྷི་ཆུང་ཕུག་ཏུ་བཞུགས་སྐབས་སྐུ་ཞབས་མཁྱེན་བརྩེ་རིན་པོ་ཆེ་སྒར་པ་དར་རྩེ་མདོ་ཕྱོགས་ནས་བཏེགས་ཏེ་གཉན་པོ་གཡུ་རྩེའི་གནས་མདུན་སྔོ་མཚོའི་ཁར་ཕེབས་པ་གསན་ནས་དེར་ཆེད་གཏད་ཀྱིས་བྱོན། སྐུ་ཞབས་ཀྱང་ཤིན་ཏུ་དགྱེས་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད། མཁའ་འགྲོ་བདེ་ཆེན་རྒྱལ་མོའི་དབང་ཞིག་གནང་བར་ཞུས་པས། དེ་ངས་གསང་རྒྱས་བཏབ་ནས་སུ་ལའང་མ་བྱིན་པར་ལོ་མང་སོང་བ་ཡིན་ཏེ། ད་རེས་ཁྱོད་ལ་སྟེར་ཞེས་དགྱེས་བཞིན་གནང་། ལོ་བརྒྱད་ཅུར་འཚོ་བའི་ལུང་བསྟན་དང་འབྲེལ་ཚད་དོན་ལྡན་གྱི་དབུགས་དབྱུང་སོགས་ཕྱི་ནང་གསང་བའི་བཀའ་ལུང་མང་པོ་ཐོབ་ནས་སླར་ཡང་རྡོ་ཡུལ་དུ་ཕྱག་ཕེབས། སྟོད་སྨད་ཕན་ཚུན་གྱི་སའི་ཆ་དུ་མར་སྤྱོད་འཇུག་གཙོ་བོར་གྱུར་པའི་ཆོས་སྦྱིན་བཀྱེས། དེ་ནས་མི་རིང་བར་སྟོད་ཕྱོགས་སུ་ཞབས་པད་བཀོད། རྫོགས་ཆེན་དགོན་སེང་གེ་རིའི་ཆོས་གྲྭ་དང་པད་མའི་ཐང་དང་ནགས་ཆུང་མའི་རི་ཁྲོད་སོགས་སུ་མངོན་རྟོགས་རྒྱན་དང་། རྩ་བ་ཤེས་རབ། མདོ་སྡེ་རྒྱན། མངོན་པ་མཛོད། སྒྱུ་འཕྲུལ་གསང་སྙིང་། ཡོན་ཏན་མཛོད། སྡོམ་གསུམ་རྣམ་ངེས་སོགས་མང་དུ་བཤད། ལོ་སྔ་ཕྱི་དུ་མར་སྤྱོད་འཇུག་གསུང་སྐབས་ཕྱོགས་དེར་མེ་ཏོག་གསེར་ཆེན་འདབ་མ་སུམ་ཅུ་དང་ལྔ་བཅུ་ཡོད་པ་སོགས་སྔར་མེད་མང་དུ་སྐྱེས་པ་ལ་སྤྱོད་འཇུག་མེ་ཏོག་ཏུ་གྲགས་པ་བྱུང་། མངོན་རྟོགས་རྒྱན་ལ་ལེགས་བཤད་གསེར་ཕྲེང་གི་རྗེས་སུ་འབྲང་བའི་སྒོམ་རིམ་བརྩམ་པ་ཕྱིས་སུ་རྗེ་མི་ཕམ་པས་འདི་ལས་ངོ་མཚར་ཆེ་བ་མ་མཐོང་ཞེས་ཆེད་དུ་བསྔགས། མཁན་པོ་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་སྟེ་མཚན་འཇིགས་མེད་དགེ་བའི་འབྱུང་གནས་སུ་གསོལ། སྡེ་དགེ་ལྷ་སྲས་འཆི་མེད་རྟག་པའི་རྡོ་རྗེ་སྐུ་མཆེད་ཉག་སྐེད་པའི་འོག་ནས་ཐར་ཏེ་རྒྱལ་སར་འཁོད་དུས་རྫོགས་ཆེན་བླ་བྲང་ནས་གདན་ཞུས་དགའ་སྟོན་ཕུལ། དེ་སྐབས་རྗེ་འདིས་ཀྱང་བཟང་པོ་སྤྱོད་པའི་ཆོས་འབྲེལ་དགྱེས་བཞིན་གནང་། འདི་དུས་མཆོག་གྱུར་བདེ་ཆེན་གླིང་པའང་རྫོགས་དགོན་དུ་བྱོན་ཏེ་རུ་དམ་གངས་ཁྲོད་ནས་བདེ་མཆོག་སངས་རྒྱས་མཉམ་སྦྱོར་གྱི་གཏེར་ཁ་བཞེས། ཆོས་སྐོར་དེ་དང་རིགས་གསུམ་སྙིང་ཐིག་སོགས་ཀྱི་ཆོས་བདག་ཏུ་ངོས་འཛིན་གནང་བ་ལྟར་རྗེ་འདིས་ཀྱང་ཐུགས་དད་ཆེན་པོས་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་མནོག་ཆོས་སུ་གསན། སླར་ཡང་དགེ་འདུན་ཚོགས་མང་ལ་དགོངས་འདུས་སྒྲུབ་ཐབས་སྐོར་གྱི་ལུང་གནང་བར་རྗེ་འདིས་གསོལ་བ་བཏབ་ནས་དེ་བཞིན་བསྩལ་བ་མཇུག་རྫོགས་མཚམས་སུ་གསུང་མཐོན་པོས་འོ་དེ་རིང་རང་རེ་རྣམས་ཀྱིས་གཏེར་སྟོན་སངས་རྒྱས་གླིང་པའི་མདུན་ནས་བླ་མ་དགོངས་འདུས་ཐོབ་པའི་སྐལ་བཟང་བྱུང་བ་རེད་པས་ཀུན་གྱིས་བསྙེན་སྒྲུབ་རེ་གྱིས། ཞེས་གསུངས། ཀཿཐོག་རྡོ་རྗེ་གདན་དུའང་ཞབས་ཀྱིས་བཅགས་ཏེ། དམ་གཙང་བྱམས་གསུམ་གྱི་གདུང་འབུམ་ལ་ཕྱག་སྐོར་མང་དུ་མཛད་ཅིང་། སི་ཏུ་མཆོག་སྤྲུལ་དམ་པ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་གསོལ་བ་བཏབ་པ་ལྟར། གཙུག་ལག་ཁང་ཆེན་མོའི་འདུས་སྡེ་ཡོངས་ལ་སྤྱོད་འཇུག་རྒྱས་པར་གསུངས། ཞིང་སྐྱོང་རིན་པོ་ཆེས་ཀྱང་ཆོས་ཐུན་གཅིག་ཙམ་གསན། དགེ་རྩེ་སེར་ཤུལ་དགོན་དང་། ལབ་ཁྲི་འདུ་དགོན། ཆུ་ཧོར་དགོན་སོགས་རི་བོ་དགེ་ལྡན་པའི་དགོན་ཆེན་མང་པོར་བྱོན་ནས་སྤྱོད་འཇུག་སོགས་ཀྱི་བཤད་པ་རྒྱ་ཆེར་བསྩལ། དེ་དག་གི་ཚེ་ཡང་གསར་རྙིང་གི་གྲུབ་མཐའི་ཕྱོགས་འཛིན་དང་། དགག་བཞག་གི་ཟེར་མཆུ་རང་བསྟོད་གཞན་སྨོད་སོགས་སྐབས་སུ་མ་བབས་པ་དང་། དུས་ཀྱི་དབང་ལས་ཆགས་སྡང་གི་རྒྱུར་འགྲོ་བའི་གཏམ་རྣམས་ཆ་ཤས་ཙམ་ཡང་མ་འདྲེས་པར་འགྲེལ་པ་མཁན་སུའི་ལུགས་ལྟར་བཤད་པ་དེ་དང་དེའི་རང་བཞེད་ཁ་གཙང་། གསལ་ཞིང་དག་ལ་ཟུར་ཕྱིན་པ། དོན་གྱི་གནད་ཐོག་ཏུ་འདྲིལ་ཞིང་། ཧ་ཅང་རྒྱས་བསྡུས་ཀྱི་མཐར་མ་ལྷུང་བ་ཉམས་ལེན་གྱི་སྟེང་དུ་བསྐོར་ནས་གསུངས་པས་ལྷ་ལྡན་སྨོན་ལམ་རབ་འབྱམས་པ་མང་པོས་ཀྱང་ཡི་རང་གི་མེ་ཏོག་འཐོར་ཞིང་གུས་པས་བཏུད། ཧོར་ཁང་གསར་སྐྱབས་མགོན་བྱོན་ནས་གདོལ་པའི་དྲང་སྲོང་གི་གཏམ་དུ་གྲགས་པ། གང་གིས་ཁམས་གསུམ་ཁམས་ཟས་སུ། ཞེས་པའི་དབུ་ཅན་དེ་བཤད་ཁྲིད་ཀྱི་ལུགས་སུ་གསུང་བར་ཞུས་པས་སྤྱི་དོན་བཀོད་ནས་བཀྲལ་ཏེ་གསུངས། འདན་པདྨ་རི་མཐོའི་ཤེལ་དཀར་ཕུག་ཏུ་རྒྱང་ཙམ་བཞུགས་སྐབས་སྡེ་དགེའི་གཟིམ་དཔོན་བཀྲ་ཤིས་དགེ་ལེགས་ཀྱིས་ཞུས་ངོར་ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བའི་ཡ་མཚན་ཅན་དེ་དང་། སྐུ་ཞབས་མཁྱེན་བརྩེའི་གསོལ་འདེབས་ཆེན་མོ་བཀྲ་ཤིས་དགེ་ལེགས་མཛད། ཕྱིས་སུ་གཙོ་བོར་བླ་མ་སྤྱན་རས་གཟིགས་ཀྱི་གདན་ས་རྫ་རྒྱལ་དགོན་གྱི་ཉེ་སྐོར་ཉིད་དུ་བཞུགས་ཤིང་བྱམས་ཆོས་དང་རྩ་ཤེས། བུད་དྷ་པཱ་ལི་ཏ། སྤྱོད་འཇུག །ཡོན་ཏན་མཛོད། བཟང་སྤྱོད་བཤད་པ་སོགས་ཅི་རིགས་པར་གནང་། སྔོན་དུས་དཔལ་དགེ་བསམ་གཏན་ཕུན་སུམ་ཚོགས་ཀྱིས་རྡོ་འབུམ་ཆེན་མོ་བཞེངས་སྐབས་ད་དུང་ངས་སྐྱེ་བ་ཕྱི་མར་ད་ལྟའི་འདི་ལས་རྒྱ་མི་ཆུང་བའི་རྡོ་འབུམ་ཁ་གསོ་བྱེད་རྒྱུ་ཡིན་ཞེས་ཞལ་གྱིས་བཞེས་པར་གྲགས་པ་ལྟར་ཨ་ཐུབ་ཚོང་དཔོན་ཆེན་པོའི་རིགས་ལས་བྱུང་བའི་དད་ལྡན་འཇམ་དབྱངས་བློ་གྲོས་སོགས་བཀས་བསྐུལ་ཞིང་ལོ་བཞི་ལྔ་ཙམ་དུ་མཆོག་དམན་སུས་དད་འབུལ་ཆེ་ཕྲ་བྱུང་ཚད་སྔོན་དུས་དང་མི་འདྲ་བར་བརྩེ་བཞེས་མཛད་དེ་རྡོ་བརྐོས་བཟང་ལ་མང་བ་བསོགས་ནས་སྔོན་གྱི་རྡོ་འབུར་ལས་ཀྱང་རྒྱ་ཆེ་ཞིང་དཔངས་མཐོ་བས་ཁ་གསོ་གནང་ཞིང་རྡོ་བརྐོས་འབུར་ཐམས་ཅད་རྩིས་ལེན་ཞིབ་གཟིགས་ནན་ཏན་དུ་མཛད་པས་ཤིན་ཏུ་འབྱོན་གཙང་སྤུས་ལེགས་མཐའ་རྒྱས་སུ་གྲུབ། བཀའ་ལས་རྟེན་བཞེངས་འདི་སེམས་ཅན་མང་པོ་ལ་ཕན་ཐོགས་ཆེ་བར་འདུག་ཀྱང་ས་འབུམ་དང་ས་སྐུ་སོགས་ནི་ཆར་ཆུས་འཇིག །ཟངས་གསེར་སོགས་ལས་བྱས་པ་ནི་བདག་པོ་ངན་ན་ཆོམ་རྐུན་ཡང་ལྡང་། ལོགས་རིས་དང་ཐང་ཀ་ཡང་རྐྱེན་ཁྱག་ཆུང་། གཙུག་ལག་ཁང་བཞེངས་ན་ནི་ཐིགས་ཚག་སོགས་གཉེར་ཅག་ལེགས་པོ་བྱེད་པའི་དཀོན་གཉེར། དེའི་ཟས་གོས་སྒྲུབ་རྟེན་སོགས་འབད་རྩོལ་བརྒྱ་ཕྲག་དགོས་ཤིང་། དེ་བྱས་ཀྱང་དཀོན་གཉེར་བཟང་པོ་ཡང་བརྒྱུད་མར་རྙེད་དཀའ། གསུང་རྟེན་གླེགས་བམ་ཡང་འཐོར་བརླག་ཆུད་ཟོས་སུ་འགྲོ་སླ་ཞིང་། སྤར་བརྐོ་དུས་སྤར་ཡིག་ལ་ཞུ་དག་ལན་དགུ་རེ་བྱས་ཀྱང་ད་དུང་མི་དག་པ་མང་དུ་སྣང་ཟེར་གྱི་འདུག་པས་ཆད་ལྷག་འཁྲུལ་གསུམ་གྱིས་མ་གོས་པ་དཀའ་ཚོད་རེད། རྡོ་འབུམ་འདི་ནི་བཞེངས་ཚར་ནས་དབྱར་དུས་ཐིགས་ཚག་དང་དགུན་དུས་ཁ་བ་ཕྱག་སྤྲུགས་ཕུག་རོན་དང་བྱི་བ་བསྲུང་བ་དཀོན་གཉེར་བསྐོ་འཇོག་སོགས་གང་ཡང་མི་དགོས། ཡིག་འབྲུ་དྲུག་པོ་དེ་མ་ནོར་ཕན་ཆད་ཞུ་དག་བྱ་མི་དགོས་ཤིང་། དེ་རྡོ་བརྐོས་མི་ནག་པ་རྣམས་ཀྱང་བློ་ལ་ཡོད་པས་དཔེ་གཞན་ལ་མི་ལྟོས། མ་ཎི་འདི་སངས་རྒྱས་ཉིད་ཀྱིས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ནང་བཅུད་ཡིག་འབྲུ་དྲུག་ཏུ་བསྡུས་ནས་བྱིན་གྱིས་བརླབས་པ་ཡིན་པས་རྟེན་བཞེངས་གཞན་མང་པོ་ནི་ཡལ་ག་ལ་འཇུས་པ་དང་ངས་འདི་ནི་ལྗོན་ཤིང་གི་རྩ་བའི་གནད་ནས་བཟུང་བ་དང་འདྲ། ལུང་པ་དམག་གིས་ཁེངས་ཡང་འདི་ལ་ཆོམ་རྐུན་ཡོད་དོགས་མི་དགོས་པས་མི་རབས་མང་པོའི་མཐར་ཡང་གནས་ཆོག་གནའ་མྱིའི་ཁ་དཔེ་ལ། མ་ཎིའི་རྡོ་ལ་གདན་བཏིང་ན་ད་གཟོད་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་དགེ་སྡིག་རྒྱ་མ་ལ་བཀྱག་དུས་གདན་གྱི་ལྗིད་དེ་དགེ་བའི་ཁ་སྣོན་ལ་བཀྱག་ཆོག་ཟེར། གང་ལྟར་ཡང་འདི་ལ་ནི་འཛམ་བུའི་ཆུ་གསེར་གྱི་གདན་བཏིང་ཡང་འོས་པ་ལས་ལྷག་ཀྱང་ཡིན་ཏེ། འཁོས་ཀྱིས་མི་ལྕོགས། འོན་ཀྱང་ངས་ནི་ས་ཆེན་པོ་འདི་རྡོ་གདན་ལ་བཞག་པ་ཡིན་ཞེས་ངག་ཡིད་གཉིས་ཀས་བསྔོས་ཡོད། ངའི་དགེ་བ་རྒྱ་མ་ལ་བཀྱག་ན་ཨི་མི་ལྗི་སྙམ་ཞེས་གསུངས་ཏེ། རྡོ་འབུམ་འདི་ནི་ཕྱི་རབས་ནས་ཕྱི་རབས་སུ་མཐོང་ཐོས་དྲན་རེག་གི་འགྲོ་བ་གྲངས་མེད་པའི་དོན་དུ་རྗེ་ཉིད་ཀྱི་ཞལ་ཚབས་སུ་བྱིན་གྱིས་བརླབས་པ་ཡིན་པར་སྣང་ངོ་། །རྫོགས་ཆེན་མཆོག་སྤྲུལ་ལྔ་པ་དང་སྐུ་ཞབས་དགེ་མང་མཆོག་སྤྲུལ། མཁན་ཆེན་རྡོ་རྗེ་འཆང་པདྨ་བཛྲ་དང་། མཁན་པོ་དཀོན་མཆོག་འོད་ཟེར་སོགས་ལ་གསང་སྙིང་རྒྱུད་བཤད་གནང་སྐབས་རྡོ་རིང་ལ་རབ་གནས་མཛད་དུ་བཅུག །སླར་ཡང་རྫོང་གསར་དུ་ཀུན་མཁྱེན་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་ཞབས་ཀྱི་སྤྱན་སྔར་དར་ནང་མཛོད་དང་དངུལ་རྟ་རྨིག་གི་ཞུ་རྟེན་བཅས་རབ་གནས་ཀྱི་ཆེད་དུ་འཕྲིན་གྱིས་གསོལ་འདེབས་མཛད་པས། ཆུ་སྟོད་ཟླ་བའི་ཚེས་བཅུར་ལྷག་གནས་མཛད་རྒྱུའི་ཞལ་བཞེས་གནང་བ་ལྟར་དུས་ཚོད་དེ་ནས་བརྩམས་པའི་ཉིན་ཞག་གསུམ་ཙམ་གྱི་རིང་རྡོ་འབུམ་གྱི་སྟེང་ཤོད་བར་གསུམ་ཡོངས་རྫོགས་ལྷག་པར་གནས་པའི་མེ་ཏོག་གིས་ཁྱབ་པའི་ངོ་མཚར་བསྟན། དེ་དང་ལྷག་པར་ལྕེ་བཙུན་སྙིང་ཐིག་གཟིགས་པ་སོགས་ཀྱིས་ཐུགས་དྲངས་ཏེ། དིལ་སྤྲུལ་ཚང་འདི་ནི་རྒྱ་གར་གྱི་གྲུབ་ཆེན་ལྟ་བུའི་ཚོད་དུ་འདུ་ཤེས་དང་། སློབ་མ་མང་པོ་ལའང་། ཁོང་ཀུན་མཁྱེན་ཀློང་ཆེན་པ་དངོས་རང་ཡིན་ཚོད་རེད། ད་ལྟ་ས་སྟེང་ན་ཁོང་ཆེ། དེའི་ཞལ་གཅིག་མཐོང་ན་ཁྱེད་ཚོའི་དཔྲལ་བ་ན་མིག་ཅིག་ཡོད་པ་དེ་ལ་དོན་འབྲས་བྱུང་བ་ཡིན་ཞེས་སོགས་ལན་ཅིག་མིན་པར་བསྔགས། སླད་ནས་ཞབས་བརྟན་གྱི་ཚིགས་བཅད་ཚེ་དཔག་མེད་ཀྱི་སྐུ་རྟེན་དང་སྦྲག་པ་ལན་མང་དུ་ཕུལ་བའི་ནང་ནས། རྒྱལ་བའི་རྒྱལ་ཚབ་རིག་འཛིན་བླ་མ་མཆོག་ཅེས་པའི་དབུ་ཅན་སོགས་ཞབས་བརྟན་ཚིགས་བཅད་རེ་ཟུང་ད་ལྟའང་བཀའ་འབུམ་གྱི་ཁྲོད་ན་སྣང་། འཇིགས་མེད་རྒྱལ་བའི་མྱུ་གུར་རྫ་ཁྲ་མ་བླ་མ་ཞེས་བཞུགས་གནས་ལས་མཚན་ཆགས་པའི་ཁྲ་མ་ལུང་དུ་དགེ་མང་རྗེ་དབོན་རིན་པོ་ཆེ་བསྟན་འཛིན་ནོར་བུ་སོགས་སྣོད་ལྡན་མཆོག་གི་འཁོར་འགའ་ཞིག་དང་ལྷན་ཅིག་འཁོར་འདས་རུ་ཤན་ནས་བཟུང་རྫོགས་ཆེན་ཐུན་མིན་གྱི་སྔོན་འགྲོ་དང་དངོས་གཞི་ཁྲེགས་ཆོད་ཐོད་རྒལ་ཡོངས་རྫོགས་ཀྱི་མྱོང་ཁྲིད་ཤིན་ཏུ་སྨིན་པར་མཛད་པ་དང་སྦྲག་ནས་རྗེ་རང་གིས་ཀྱང་ཁྲིད་སྦྱང་ཡུན་རིང་དུ་གནང་། དགེ་མང་དབོན་རིན་པོ་ཆེའི་ཞལ་ནས། སྔོན་ཆད་ངེད་ཚོས་རྫོགས་ཆེན་གོ་ལོ་ཐོས་ལོ་དང་བཤད་མདོག་བྱས་ཚད་ཚིག་སྤྱི་ཡམ་མེ་བ་ཙམ་ལས་ཆེར་ཤེས་པ་མ་བྱུང་། ཁྲ་མ་ལུང་དུ་ཉམས་ཁྲིད་བཀའ་དྲིན་བསྐྱང་བ་ནས་བཟུང་ཆོས་འདི་ལ་གོ་རྟོགས་མཐིལ་ཕྱིན་པ་ཞིག་ཐོབ་སྙམ་བྱུང་གསུངས། རྫོགས་ཆེན་གྱི་ལམ་སྒྲུབ་པ་པོ་གཉིས་ལས་རིག་པ་རང་སྣང་གི་བློ་ཅན་ཡིན་ཡང་བརྟུལ་ཞུགས་རུ་ཤན་གྱི་སྤྱོད་པ་དང་མོས་གུས་བླ་མའི་རྣལ་འབྱོར་དང་སྦྲེལ་ནས་ཉམས་སུ་བླང་ན་བོགས་ཆེ་བས་སྔ་གོང་རུ་དམ་དུ་བཞུགས་དུས་ཀྱང་གངས་ཁྲོད་དང་ཉེ་བའི་རྫ་གསེབ་ཏུ་རུ་ཤན་མཛད་པར་གྲགས་ཤིང་། ཕྱིས་སྐུ་ན་ཆེས་མཐོན་པོར་ཕེབས་དུས་ཀྱང་མཚན་མོའི་རིང་ཀློང་སྙིང་བླ་མའི་རྣལ་འབྱོར་ལ་ཐུགས་དམ་མཛད་དེ་སྲོད་དང་ནམ་གུང་གི་དུས་མང་པོར། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། ཞེས་གདུང་དབྱངས་མཛད་པ་ལྕང་མ་ལུང་དུ་སྡོད་སྐབས་བདག་ཅག་གིས་ཀྱང་མངོན་སུམ་དུ་གྱུར། བསྒྲུབས་འབྲས་ཀྱི་གཙོ་བོ་ནི་བསྒོམས་རྟགས་ཉོན་མོངས་ཆུང་བ་ཞེས་གྲགས་པ་ལྟར། སྨྱོ་ཤུལ་ལུང་རྟོགས་ཞབས་པད་ཡུན་རིང་དུ་བསྟེན་པའི་ཐུགས་ཟིན་གྱི་སློབ་མ་ཡིན་པས་ལན་ཅིག་ཁོང་ལ། ཁྱོད་བླ་མ་སུ་ལ་གསོལ་བ་འདེབས་ཀྱིན་ཡོད་གསུངས་པར། གསོལ་འདེབས་ཀྱང་ཆེར་མི་ཐུབ་འདུག་ཞུས་པས། མི་ཐུབ་དུས་དེར་ཟད་ཐུབ་དུས་སུ་ལ་འདེབས་གསུངས། དེར་འཇིགས་བཞིན་དུ། ཁྱེད་ལ་གསོལ་བ་རེ་འདེབས་པ་ཡིན་ཞེས་གཅོམ་ཆུང་ངུས་ཞུས་པས། རྒྱལ་ཁམས་ན་བླ་མ་འདིའི་མང་ཉུང་ལ་ང་ལ་གསོལ་བ་འདེབས་པ་ཅི་ཡིན་གསུངས། རང་ལ་དགེ་སེམས་སྐད་ཅིག་མ་རེ་སྐྱེས་ཀྱང་འོ་དེ་ཅི་ལས་བྱུང་བསམ་ཙ་ན་ཁྱེད་ཀྱིས་ཆོས་རེ་བཤད་ཀྱིན་བསྡད་པའི་མཐུ་ཁོ་ན་རེད་འདུག་པས་དྲིན་ཆེ་སྙམ་པ་ལགས་ཞུས་པས། དེ་ཡིན་ན་ཨ་ཐོ་བདེན་ཐང་ད་ནི་གསོལ་བ་རེ་བཏབ་ཀྱང་རུང་བ་འདྲ། ངའི་རྒྱུད་འདི་ན་ཉོན་མོངས་པ་ཟེར་རྒྱུ་དེ་ཚོ་གཏན་ནས་འཆར་རྒྱུ་མི་འདུག་ཅེས་གསུང་མཐོན་པོ་བྱོན། རྟག་ཏུ་རྗེས་སུ་བཟུང་བའི་ལྷག་པའི་ལྷ་ནི་རྗེ་བཙུན་འཇམ་པའི་དབྱངས་ཏེ། གསོ་རིག་གི་མན་ངག་དྭངས་མ་འགྲིམ་པའི་རྩ་དགུའི་རྣམ་བཤད་ཁྱད་པར་ཅན་ཞིག་མཛད་པ་ན་མན་ངག་དེ་གཡུ་ཐོག་སྙིང་ཐིག་གི་གསོལ་འདེབས་བསྙེན་པ་མཛད་སྐབས་སྨན་རྒྱལ་གུ་ཎའི་ཞབས་དང་འཇམ་པའི་དབྱངས་དབྱེར་མེད་པས་དངོས་སུ་གདམས་པ་ཚིག་ཟིན་ལ་ཐོན་ཞིང་། གཞན་དུ་ཡང་། རབ་དཀར་ཀེ་ལ་ཤ་དཔལ་མཛེས་པ་ལ། བཻཌཱུར་ཐོར་ཚུགས་བཀོད་དང་གང་མཚུངས་པ། །འཇམ་དཔལ་དཔའ་བོ་རྗེས་འཛིན་མཚུངས་མེད་ལྷས། །ཚེ་རབས་ཕྲེང་བ་རྣམས་སུ་སླར་ཡང་སྐྱོངས། ཞེས་གསུངས་པ་འདི་འདྲའི་རིགས་མང་པོ་ཞིག་སྣང་། དེའི་ཕྱིར་སྐུ་ན་ཤིན་ཏུ་གཞོན་ནུ་ནས་ཇི་སྲིད་མྱ་ངན་ལས་འདས་ཀྱི་བར་དུ་ཉིན་མཚན་རྒྱུན་གྱི་འཁོར་ལོ་ཕལ་ཆེ་བར་འཇམ་དཔལ་མཚན་བརྗོད་འབའ་ཞིག་ཐུགས་དམ་གྱི་མཐིལ་དུ་མཛད། བཀའ་དགོངས་འགྲེལ་གྱི་ཆོས་གང་ཡང་གཟིགས་པ་ཙམ་གྱིས་དོན་ཐུགས་སུ་ཆུད་ཅིང་། སྤྱོད་འཇུག་རྩ་བ་དང་མཚན་བརྗོད་ཀྱི་གླེགས་བམ་ཞིག་རེས་ཡོད། རེས་གཞན་ལ་གནང་ནས་མེད། དེ་ཙམ་མ་གཏོགས་འགྲེལ་པ་དང་བརྗེད་བྱང་སོགས་ཀྱི་དཔེ་ཆ་ཤོག་ལྡེབ་གཅིག་དང་ཐ་ན་སྣག་སྙུག་ཙམ་ཡང་ཚགས་མཛད་པ་མེད་པར། ཀོག་དེ་ལངས་ན་གཞིས་རྫོགས་པ། བྱ་བ་དེ་ཁོ་ནར་བཞུགས་ཀྱང་དབུ་ཕར་མངོན་པ་སོགས་གཞུང་གང་འཆད་རུང་དཔེ་ཆ་མང་པོ་བསྡུ་རྩོལ་དང་ཐུགས་གསོས་སུ་གཟིགས་རྟོག་སྐྱོར་བའི་རིགས་གང་ཡང་མི་དགོས་པར་རལ་གྲི་ཕྱུང་རྒྱགས་ཀྱི་ཚུལ་དུ་ཐོགས་པ་མེད་པར་བཤད་པས་ཆོག་པ་ཡང་འཕགས་པ་འཇམ་དཔལ་གྱིས་མཆོག་སྦྱིན་པའི་བྱིན་རླབས་ཀྱི་ཆ་ཤས་ཤིག་ཏུ་མངོན། རུ་དམ་གཤིན་རྗེའི་སྒྲུབ་ཕུག་འོག་མར་རྗེ་བླ་མ་ཉིད་བཞུགས་ཤིང་། ཕུག་པ་གོང་མར་རྒྱལ་མོ་རོང་པའི་ཆོས་པ་གླེན་ནེ་བ་ཞིག་ཡོད་སྐབས། ཉིན་གཅིག་རྗེའི་ཞལ་ནས། འདི་ལྟར་དབེན་པའི་གནས་སུ་དགེ་སྦྱོར་བྱས་ཏེ་བསྡད་ན་རྣམ་གཡེང་མེད་ཅིང་རིག་པ་ངང་གིས་དྭངས་པས་སྔོན་གནས་རྗེས་དྲན་སོགས་འོང་བ་ལ་ཡང་ཚེགས་མེད། ཁྱོད་ལ་དེ་འདྲ་ཅང་ཨེ་བྱུང་གསུངས་པར། ཁོས་ཅི་ཡང་མ་བྱུང་ཟེར། ངས་ནི་རེས་འགའ་སྔ་མའི་ཚེ་རབས་བརྒྱ་ཕྲག་ལྷག་པ་ཡང་དྲན་པར་བྱུང་། སྔོན་དུས་གྲུབ་ཆེན་ནག་པོ་སྤྱོད་པ་གྲོང་ཁྱེར་དུ་བྱོན་དུས་ཤིག་ང་རང་གྲོང་ཁྱེར་གྱི་སྨད་འཚོང་མར་གྱུར་པས་གསེར་གྱི་གདུ་བུ་ཞིག་ཕུལ་བ་དེ་ཚུན་ཆད་དུ་བླུན་རྨོངས་ཕག་ཐོམ་ལྟ་བུར་ནམ་ཡང་མ་སྐྱེས་པ་ཞིག་ཀྱང་དྲན་གསུངས་སྐད། འདི་ལྟར་མངོན་པར་ཤེས་པ་མངའ་བའི་གསུང་སྒྲོས་སུ་གཏོགས་པ་གཞན་ཡང་རྡོ་སྟོད་ཀྱི་སའི་ཆ་དྷི་ཆུང་ཕུག་ཏུ་བཞུགས་དུས་ཤིག །བོད་ཆུང་རྟ་ཤུལ་གྱི་རྒད་པོ་ཞིག་ཚོང་ལ་འགྲོ་བའི་ལམ་དུ་ཆུས་ཁྱེར་ནས་ཤི་བ་ཟླ་བོ་རྣམས་ཀྱིས་རོ་བཀལ་ནས་ཕུག་པ་དང་ཉེ་བའི་ཕྱོགས་སུ་ཕྱིན་ཏེ་འཕོ་བ་ཞུས་པས་ཆོས་ཞུ་མང་པོ་དང་བཅས་པས་འཕོ་ལུང་གསུངས། མཚམས་ཤིག་ནས་རྗེ་བླ་མ་ཉིད་རྒྱ་ཆེར་བཞད་དེ་འཕོ་ལུང་གསུངས་འཕྲོ་ལུས་ཀྱང་འཁོར་རྣམས་ཀྱིས་མཇུག་རྫོགས་པར་བཏོན། དེ་སྐབས་ཅི་ཡང་མ་གསུངས། ཕྱིས་རྫ་སྟོད་དུ་རྒྱུ་ཞིང་བཞུད་སྐབས་ཤིག་འཁོར་ཁ་ཅིག་ལ་དེའི་ལོ་རྒྱུས་གསུངས་ནས། དེ་དུས་རྒན་པོ་ཤི་བ་དེའི་བར་སྲིད་སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དུ་ལྷའི་བྱིས་པའི་གཟུགས་ཀྱིས་སླེབས་པ་ཞིག་མཐོང་ནས། མདུན་དེར་རྒད་པོའི་རོ་མགོ་སེ་ཡེ་རེ་བ་འདུག་པ་དེ་ལ་བལྟས་པས། རྒད་པོ་སེ་བོ་འདིའི་མགྱོགས་པ་ལ་ཨང་སྙམ་ནས་ང་དགོད་ཁ་ཤོར་ཏེ་ཕོ་ལུང་འདོན་འཕྲོ་ཆད་པ་ཞིག་བྱུང་ཞེས་གསུངས་པ་ལྟ་བུ་འགའ་རེ་ཡོད་ཚོད་འདུག །ཡང་སྔོན་ང་རང་གཤིན་རྗེའི་ཕུག་པར་འདུག་སྐོར་ཞིག་ལ་གཞན་འགའ་རེས་ཁྱོད་ཀྱི་ཤ་མདོག་སོགས་ལ་བལྟས་ན་མཛེ་ནད་ཀྱི་དོགས་པ་ཞིག་འདུག་ཟེར། རང་ལའང་ཀླུ་གདོན་གྱི་རྟགས་མཚན་འགའ་རེ་བྱུང་བར། རཏྣ་གླིང་པའི་གཏེར་ཁའི་རྟ་ནག་དེའི་བསྒོམ་བཟླས་བྱས་པས་རང་གི་ལུས་ལས་སྦྲུལ་ཆེན་པོ་ཕྱིར་ཐོན་པ་རལ་གྲིས་དུམ་བུར་བཅད་པ་སོགས་རྨི་ལྟས་ཡ་མཚན་ཆེ་བ་དང་བཅས་ཞག་བདུན་ཁོ་ནས་ནད་དེ་ཡུལ་བུད་གསུངས། ཡང་མཆོག་གྱུར་གླིང་པའི་རིགས་གསུམ་སྙིང་ཐིག་འཇམ་དཔལ་རྫོགས་ཆེན་དེ་ལ་ངས་བསྙེན་སྒྲུབ་ཅིག་བྱས་པས་དེའི་གཞུང་ནས་བཤད་པའི་རྨི་རྟགས་ཚོ་གསལ་པོ་བྱུང་། མཆོག་གྱུར་བདེ་ཆེན་གླིང་པ་དེ་གཏེར་སྟོན་བདེན་པ་ཞིག་རེད་གསུངས་པ་སོགས་ལས་དཔག་ན་བསྙེན་སྒྲུབ་ཀྱི་རིགས་གཞན་ཡང་མང་པོ་མཛད་ཡོད་ཚོད་སྣང་ཡང་ཕྱིར་མི་མངོན་པས་ཤེས་དཀའ། དུས་ནམ་ཡང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁོ་ན་ཐུགས་དམ་དགེ་སྦྱོར་ཐམས་ཅད་ཀྱི་རྩ་བར་འཛིན་ཞིང་། སྐྱེ་བོ་མཆོག་དམན་ཐམས་ཅད་ལ་བསམ་པ་བཟང་པོ་གྱིས་འདི་ལས་གལ་ཆེ་བ་མེད་གསུངས། བསྙེན་སྒྲུབ་བྱེད་པ་ཀུན་ལ་ཡང་། སྡེ་སྣོད་མང་པོ་ཤེས་པ་དང་། སྟོང་པ་ཉིད་ཀྱི་ལྟ་བའི་ཕྱོགས་མཐོང་ཡོད་པ་དང་། ལྷ་བསྒོམ་སྔགས་བཟླས་ཀྱིས་ལོ་ཟླ་མང་པོ་ཕུལ་བ་སོགས་ཀྱང་བསམ་པ་ངན་པའི་དབང་གིས་གདུག་འདྲེར་སྐྱེས་པ་མང་། སྙིང་རྗེ་ཡི་དམ་གྱི་མཐིལ་པོར་འཛིན་པ་ལ་གདུག་འདྲེར་སྐྱེས་པ་གཅིག་ཀྱང་མི་སྲིད་པས་འདི་ཁོ་ན་གད་མེད་གཡང་མེད་ཀྱི་ཆོས་ཡིན་གསུངས། མིང་གནང་བར་ཞུ་མཁན་ཚོར་ཡང་སྙིང་རྗེ་ཐོག་མར་སྦྱར་ནས་བཏགས་སྣང་། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་དེ་བཞིན་གཤེགས་པའི་གསུང་རབས་ནི་ལེགས་པར་མ་བཀླགས་པའི་ཉེས་པས་ནུབ་ཚུལ་གསུངས་པ་ཐུགས་ལ་བཞག་ནས་རྟག་ཏུ་དམ་པའི་ཆོས་འཆད་ཉན་གྱི་བྱ་བ་ལ་གཅེས་སྤྲས་མཛད་ཅིང་། གཞན་ཉན་བཤད་བྱེད་པ་ཀུན་ལ་ཡང་དགྱེས་པ་ཚད་མེད་འབྱུང་། ཆོས་གང་གསུང་ཡང་མཁས་ངོམ་གྱི་སྤྲོས་པ་གང་མང་ཙམ་མིན་པར་གདུལ་བྱའི་བློ་ཚོད་དང་བསྟུན་ནས་ཕན་གང་ཆེ་མཛད་པས། མཁས་པས་བརྟགས་ན་དོན་བཟང་བ། བླུན་པོས་ཉན་ཡང་གོ་སླ་བ། གནད་འདུམ་ལ་འཛིན་བདེ་བ། རན་ལ་འབྲེལ་ཆགས་པ། སྙན་ལ་རོ་ཉམས་དང་ལྡན་པ། འཇམ་རྩུབ་ཇི་ལྟར་བཤད་ཀྱང་གདམ་ངག་གི་རོ་གཅིག་ཏུ་མཐུན་པར་འབྱུང་བས་མཁས་རྨོངས་བར་མའི་སྐྱེ་བོ་མཐའ་དག་གི་ཡིད་འཕྲོགས་པ་ཡོད། རྫ་ཁོག་ག་ཤེད་འདྲེ་ངན་ཁོག་བརླམ་གྱི་སྨྱོན་པ་གཉིས་ཡིད་གཅུག་པའི་གླེང་མོ་མང་དུ་བྱེད་ཀྱིན་འདུག་པར་གཞན་ཞིག་གིས་ཅི་ཡིན་དྲིས་པས་རྫ་སྟོད་དུ་དཔལ་སྤྲུལ་ཚང་གིས་སྤྱོད་འཇུག་བཤད་དུས་པར་མ་ཟེར་བའི་ལུང་པ་དེའི་མདོ་ཡན་ཆད་གང་བའི་ལྷ་འདྲེའི་ཁྲོམ་ཚོགས་ཀྱིས་ཆོས་ཞུས། དེ་དུས་ངེད་གཉིས་གྲོགས་མཆེད་དུ་གྱུར་པས་ངོ་ཤེས་ཀྱི་སྐད་ཆ་ལབ་པ་ཡིན་ཟེར་བས་མཚོན་ཆོས་སྦྱིན་གྱིས་བསྡུས་ཤིང་བསྐྱང་བའི་མི་མིན་གྱི་འཇིག་རྟེན་ཡང་ཚད་མེད་པ་ཞིག་ཡོད་པར་མངོན། སྔོན་དུས་མཚན་ཉིད་ཀྱི་ཆོས་གྲྭ་ཆེ་བ་འདྲ་མ་གཏོགས་གཞན་དུ་སྤྱོད་འཇུག་སོགས་མཚན་ཙམ་ལས་དོན་ཤེས་པ་ལྟ་ཅི། གླེགས་བམ་འཆང་བ་ཙམ་ཡང་དཀོན་པ་ལས་སླད་ནས་རྗེ་བླ་མ་འདི་ཁོ་ནའི་དྲིན་གྱིས་སྟོད་སྨད་བར་གསུམ་ཀུན་ཏུ་སྤྱོད་འཇུག་དང་བྱམས་ཆོས། སྡོམ་གསུམ། ཡོན་ཏན་མཛོད་སོགས་ཀྱི་འཆད་ཉན་ས་ལང་རྡོ་ལང་དུ་དར་ཞིང་བཙུན་ཆུང་ལོ་བཅུ་པ་ཡན་ཆད་ཀྱི་ནང་ན་སྤྱོད་འཇུག་གིས་མགྲིན་པ་བརྒྱན་པ་ཆེས་མང་དུ་ཐོན་པ་དང་། རྒྱུ་མཚན་དེས་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་རྫོགས་ལས་དང་པོ་པའི་དུས་ནས་ཉམས་སུ་ལེན་པའི་རིམ་པ་ལ་བློ་ཁ་ལེགས་པར་ཕྱོགས་ནས་ཕྱོགས་མོས་བྱེད་པ་ཆེས་མང་བས་ས་འདི་དཔལ་ཡོན་ལྡན་པར་གྱུར་པ་དང་། གསང་སྔགས་རྙིང་མའི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་བསྟན་པ་སྤྱིའི་སྒྲོམ་ཆུ་འགོ་གངས་ལ་ཐུག་པ་ལྟ་བུ་སྒྱུ་འཕྲུལ་གསང་སྙིང་ཡིན་ཡང་དེའི་ཆོས་རྒྱུན་ཕལ་ཆེར་ནུབ་ལ་ཉེ་བ་ཡང་བདག་ཉིད་ཆེན་པོ་དགེ་མང་གཞན་ཕན་མཐའ་ཡས་དང་དམ་པ་འདི་གཉིས་ཀྱི་དྲིན་ལས་ད་ལྟའི་བར་དུ་མ་ནུབ་པར་བཞུགས་པ་དང་། ཐེག་མཆོག་བསྟན་པའི་ཡང་རྩེ་འོད་གསལ་རྡོ་རྗེ་རྩེ་མོའི་རིང་ལུགས་ཀྱང་བླུན་སྒོམ་ཡིད་དཔྱོད་ཀྱི་དྲི་མས་མང་དུ་བསླད་དེ་གསེར་ལ་གཡའ་ཞུགས་པ་ལྟ་བུར་གྱུར་པ་རྗེ་བཙུན་འདིས་ཀུན་མཁྱེན་དྲི་མེད་འོད་ཟེར་ཡབ་སྲས་ལེགས་བཤད་ལ་བརྟེན་ནས་བྱི་དོར་མཛད་དེ་ཀུན་བཟང་དགོངས་པའི་གནད་གསང་གསལ་བར་མཛད་པའི་བཀའ་དྲིན་གྱི་བདུད་རྩི་ནོད་དེ་རི་སུལ་དུ་གྲུབ་ཐོབ་གོང་མའི་ལུགས་བཞིན་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་མང་དུ་བྱུང་བ་དང་། འཇིག་རྟེན་མི་ནག་གི་སྐྱེ་བོ་ཕོ་མོ་རྣམས་ཀྱང་སྤྱོད་འཇུག་བཤད་པའི་ཆོས་གྲལ་དུ་བག་ཙམ་རེ་ཉན་པས་ཐེག་པ་ཆེན་པོའི་ཆོས་ཀྱི་སྲོག་རྩ་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་ཡིན་པའི་འགྲོ་ཕྱོགས་ཤེས་ཤིང་། བདེ་སྨོན་གསུངས་པ་རྣམས་ཐོས་ནས་བདེ་བ་ཅན་དུ་སྨོན་ལམ་འདེབས་པ་དང་། སངས་རྒྱས་འོད་དཔག་མེད་ཀྱི་མཚན་བརྒྱ་སྟོང་ཁྲི་འབུམ་སོགས་བརྗོད་པ་ལ་ཡི་དམ་ནར་མར་འཛིན་པ་དང་། སྟོབས་བཞིས་སྡིག་པ་སྦྱོང་བའི་ཐབས་ཀྱི་སྒོ་མཐོང་ནས་དེ་ལ་ནན་ཏན་བྱེད་པ་སོགས་དབྱར་གྱི་རྩི་ཤིང་ལྟར་མང་བ་བྱུང་བས་སྙིགས་ལས་ཆེར་སྙིགས་པའི་སྐལ་ངན་གྱི་མུན་རུམ་སྟུག་པོའི་ཁྲོད་དུ་བསྟན་འཛིན་དམ་པའི་ཟླ་བ་སྙིང་རྗེའི་གཟི་བརྗིད་ཅན་འདི་ལྟ་བུས་རྗེས་སུ་བཟུང་བ་ནི་དུས་མཐའི་འགྲོ་བ་རྣམས་བསོད་ནམས་ཀྱི་བགོ་སྐལ་མི་དམན་པར་སྣང་ངོ་། །དགུང་གྲངས་བདུན་ཅུ་སྐོར་ཞིག་ལ་རྫ་སྟོད་མ་མོའི་ཐང་དུ་ཁྲོམ་ཚོགས་སྟོང་ཕྲག་ཁ་ཤས་འདུས་པར་བདེ་སྨོན་གྱི་ཁྲིད་རྒྱས་པར་བསྩལ། དེ་ཕྱིན་ཆད་ཆོས་ཆེར་མ་གསུངས་ཤིང་ཆོས་ཞུར་འོང་བ་རྣམས་དབོན་རིན་པོ་ཆེ་བསྟན་འཛིན་ནོར་བུ་སོགས་ཀྱི་དྲུང་དུ་གཏོང་། ནན་བསྐྱེད་དེ་གདམས་ངག་ཞུ་བ་ཕལ་ཆེར་ལ་བཀའ་བཀྱོན་གནང་། སུ་ལ་ཅི་ཙམ་བཀྱོན་ཡང་ཕྱི་ཕྱིར་དད་གུས་ཇེ་འཕེལ་དུ་འགྲོ་བ་མ་གཏོགས་མི་མཐུན་པར་འཛིན་པ་སུ་ཡང་མེད་པས་རྗེ་ཉིད་ཀྱི་གསུང་ལས། དབེན་པའི་རྣལ་འབྱོར་སྨྱོན་པ་རྒྱལ་ཁམས་ཀྱི་གཅེས་ཕྲུག །ལྷག་བསམ་བྱང་སེམས་འབྱོར་བ་འགྲོ་ཀུན་གྱི་སྐྱབས་མགོན། །ཞེས་གསུངས་པ་ལྟར་སེམས་ཅན་ཐམས་ཅད་དང་མ་བཞིན་དུ་མཐུན། སྤྱིར་གྱོང་ཚིག་འཇིགས་ལ་ཟིལ་ཆེ་བ་གནང་ཡང་ཆགས་སྡང་སོགས་ཀྱི་གཏམ་དང་ཡོང་ཡེ་མི་འདྲེ་ཞིང་བརྟགས་ཤེས་ན་དངོས་སམ་བརྒྱུད་ནས་གདམས་ངག་འབའ་ཞིག་ཏུ་ཡོད། གང་གསུངས་ཐམས་ཅད་བདེན་ཞིང་ངོ་ལྐོག་མེད་ལ་ཟོལ་ཟོག་གི་ལྷད་དང་གཏན་མི་འགྲོགས་པའི་རིན་ཆེན་གསེར་ལྟར་བཙུན་པ་ཁོ་ནར་གནས་པས་མཆོག་དམན་ཐམས་ཅད་ཀྱིས་ཚད་མར་རྩི། མཐོན་པོ་ལ་ངོ་སྲུང་སེམས་འཛིན་དང་དམན་པ་ལ་བརྙས་བཅོས་ཁྱད་གསོད་མི་མཛད་པར་ཆོས་འགལ་སུས་བྱེད་ཀྱང་བཅོས་སུ་མི་རུང་བའི་གཤིས་ངན་དུ་གཟིགས་ན་མ་གཏོགས་མཚང་ནས་རྒོལ་ཞིང་ཆོས་བཞིན་སྤྱོད་པ་རྣམས་ལ་གཟེངས་བསྟོད་དབུགས་དབྱུང་མཛད། བསྙེན་པར་དཀའ་བ་ལྟར་སྣང་ཡང་དྲུང་དུ་ཅི་ཙམ་འགྲོགས་ཀྱང་ཕྱོགས་འཛིན་རེ་དོགས་འགྱུར་ལྡོག་འགལ་འཛོལ་སོགས་ཐེངས་གཅིག་ཀྱང་ཡོང་མི་སྲིད་པར་འདྲིས་རྟག་ལ་འགྲོགས་བདེ་བ་བག་ཡངས་ཤིང་ལེགས་ཉེས་ཐམས་ཅད་བཟོད་པའི་ངང་ཚུལ་ཅན་ཡིན་པས་འབྲལ་མི་ཕོད་པ་འབའ་ཞིག་འོང་། བསམ་སྤྱོད་གཡོ་སྒྱུ་ཁྲམ་གསུམ་ལ་གོམས་པའི་བྱི་ལའི་བརྟུལ་ཞུགས་ཅན་རྣམས་ལ་གཏིང་ནས་མི་མཉེས་ཤིང་རྗེ་ཉིད་གཡོ་མེད་དྲང་པོར་གསུང་བའི་ངང་ཚུལ་ལས་ནམ་ཡང་མི་འདའ་བ་གོང་སྨྲོས་ལྟར་བཞུགས་ཀྱང་ཐུགས་ཀྱི་གཏིང་སུས་ཀྱང་དཔོག་པར་དཀའ་བའི་རྒྱ་མཚོ་ལྟར་ཟབ་ཅིང་སྒམ་པའང་ཡིན་པ་དང་། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་ནས་བཟོ་དང་ལས་ཀྱི་གནས་ཕྲ་མོ་ཡན་ཆད་ཀྱི་རྒྱུས་ཞིབ་མོར་འབྱེད་པའི་བློ་གྲོས་ཀུ་ཤའི་རྩེ་ལྟར་མ་འདྲེས་པ་མངའ་ཡང་གང་ལའང་ཆེད་འཛིན་རྩིས་གདབ་མི་མཛད་པར་ལྟོས་མེད་བག་ཡངས་སུ་སྤྱོད་པའི་བྱ་བཏང་གི་རྒྱལ་པོར་བཞུགས། རང་ཉིད་ཀྱི་བཀའ་ལས། བརྗོད་གཞི་མེད་པའི་སྟོང་སྐད་བསྟོད་ར་གཅིག །ཕན་པ་མེད་པའི་ཆེ་བཀྱག་བཀུར་སྟི་གཉིས། །རྣམ་སྨིན་ལྕི་བའི་དད་རྫས་འབུལ་ནོར་གསུམ། །སྤངས་ནས་ཁྱི་རྒན་ཁྱི་བཞིན་འཆི་ནུས་ཤོག །ཅེས་ཕེབས་པ་ལྟར་ང་རྒྱལ་དང་ཆེ་ཚུགས་བཤིག་ཅིང་གསོལ་ཞལ་དང་འཕྲལ་འཚོ་ཙམ་གྱི་ཟས་གོས་མ་གཏོགས་མངའ་ཐང་གི་ཟིན་བྱིན་མཆིལ་མའི་ཐལ་བ་ལྟར་བོར་ཏེ་གདོལ་པའི་བྱིས་པ་སྲང་མདོ་ན་རྒྱུ་བ་ལྟ་བུའི་ཀུན་སྤྱོད་ཀྱིས་བཞུགས་ཀྱང་ཐུགས་བརྟན་ཞིང་སྒམ་ལ་ཆོས་ཀྱི་གཟི་བྱིན་མཚུངས་པ་མེད་པའི་ཆེ་བས་སྟོབས་འབྱོར་གྱི་དྲེགས་པའི་བླ་དཔོན་ཆེ་དགུ་སོགས་ཀྱང་ཟིལ་གྱིས་མནན་ནས་ཐམས་ཅད་ཀྱིས་གདོང་སྨད་དེ་ཞུམ་བཞིན་དུ་བཏུད། མདོར་ན་གསེར་ས་འོག་ཏུ་ཡོད་ན་འོད་ནམ་མཁའ་ལ་འཕྲོ་བའི་དཔེ་ལྟར་སྐུ་ཚེ་རིལ་པོ་སྦས་པའི་བརྟུལ་ཞུགས་ལ་བསྐྱལ་ཡང་ཅི་མཛད་ཐམས་ཅད་བྱང་ཆུབ་ཀྱི་སྤྱོད་པའི་མཚམས་ལས་མི་འདའ་བའི་ཤུགས་ཀྱིས་གང་ནས་བལྟས་ཀྱང་མཛེས་ཤིང་འཚམས་པ། ཅི་ཙམ་བརྟགས་ཀྱང་དག་ཅིང་གཙང་བ། བསམས་ཤིང་བསམ་ན་དད་པ་འཕེལ་བའི་རྣམ་ཐར་འབའ་ཞིག་ཅན་དུ་བཞུགས་པ། གཟུར་གནས་བློ་གྲོས་དང་ལྡན་པ་ཀུན་གྱི་མདུན་སར་རླུང་ལྟར་གྲགས་པ་ཡིན་ནོ། །སྐུ་ཚེའི་མཇུག་ལ་ཉེ་བ་ན་ཨོ་རྒྱན་སངས་རྒྱས་གཉིས་པ་སྲིན་ཡུལ་དུ་བཞུད་ཀར་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་ཆོ་གས་བོད་འདིར་སྐུ་དངོས་ཀྱི་གདུལ་བྱའི་འཕྲོ་རྫོགས་པར་མཛད་པ་བཞིན་བླ་མ་མཚམས་པ་རིན་པོ་ཆེའི་སྐུ་གདུང་གི་དྲུང་དུ་དོང་སྤྲུགས་ཀྱི་སྒྲུབ་མཆོད་ལོ་ལྔའི་བར་རྒྱུན་ཆགས་སུ་མཛད་དེ་གདུལ་བྱ་དཔག་ཏུ་མེད་པའི་སྲིད་པའི་རྒྱ་མཚོ་གཏིང་སྤྲུགས། རབ་ཚེས་ཐམས་ཅད་འདུལ་ཞེས་པ་མེ་ཕག་གི་ལོའི་སྟོད་ལ་སྐུ་ཁམས་ཅུང་ཟད་རྙོག་ཚུལ་བསྟན། དེ་སྐབས་མ་འོངས་ལུང་བསྟན་སོགས་གཟིགས་སྣང་གི་འཆར་སྒོ་མཐའ་ཡས་པའི་གསུང་གི་དབྱིབས་དོད་ཀྱང་སྔར་དུས་དེ་འདྲ་ཞུ་བ་ལ་མི་མཉེས་པའི་དབང་གིས་སུས་བཀའ་འདྲི་ཞུ་བར་མ་སྤོབས། གནའ་དུས་སྤྱོད་འཇུག་གསུང་བའི་ཞོར་དུ་བདེ་བ་ཅན་གྱི་ཞིང་གི་ཆེ་བ་བཤད་པའི་འཕྲོས་ཤིག་ཏུ། དག་པའི་ཞིང་ཁམས་ཡོན་ཏན་མཐའ་ཡས་པ་དང་སྨོན་ལམ་བཏབ་ན་སྐྱེ་སླ་བར་གཉིས་འཛོམས་པ་ཞིག་ལ་ཤར་ཕྱོགས་མངོན་པར་དགའ་བ་འགྲན་ཟླ་མེད། དེའི་འོག་ན་བདེ་བ་ཅན་ཁྱད་པར་དུ་འཕགས་ཞེས་གསུངས་ཤིང་། དེ་རྗེས་ཞབས་འབམ་གྱི་བསྙུང་གཡོག་ལ་གླིང་བླའི་དབོན་པོ་འཇམ་དཔལ་ཟེར་བའི་སྨན་པ་དེ་སྡོད་སྐབས། ལན་ཅིག་ཁོང་གིས་ཨ་བུ་ཚང་གི་སྔ་ཕྱིའི་གསུང་སྒྲོས་གང་ལ་བསམ་ཀྱང་ངེད་རང་ཚོས་ཚེ་ཕྱི་མའི་དོན་དུ་སྨོན་ལམ་འདེབས་པ་དེ་ནུབ་ཕྱོགས་བདེ་བ་ཅན་ཁོ་ན་ལ་མཐིལ་གཏད་ན་སྙམ་པ་དེ་ལྟར་ལགས་སམ་ཞུས་པས། ཅུང་ཟད་བཞུགས་ནས། འོ་ཁྱོད་ནུབ་ང་ཤར་རེད་པ་ཞེས་བཀའ་བསྩལ། མཐར་བསྙུན་ཚུལ་བསྟན་སྐབས་འདིར་ཡང་ཉིན་མོའི་རེས་ཤིག་ཅུང་ཟད་གཟིམ་ལ་ཡུར་བ་ལྟར་མཛད་རྗེས། ད་རེས་ང་གཉིད་དུ་སོང་བའི་རྨི་ལམ་ན་བནྡེ་འདྲ་བ་གཉིས་ཀྱིས་ཁྱོད་ཀྱི་གདུལ་བྱ་ཤར་ཕྱོགས་ན་ཡོད་ཟེར་བ་ཞིག་བྱུང་། ང་འདྲ་བ་་ལ་གདུལ་བྱ་དག་ཅང་ཡོད་དམ་གསུང་། ཡང་སྔར་དུས་ཤིག་ཏུ་ནངས་གཅིག་ངེད་ཚོས་གཞན་ལ་བདེ་སྨོན་འདྲ་བ་བཤད། རང་གིས་ཀྱང་དག་པའི་ཞིང་ཁམས་རེར་སྨོན་ལམ་མང་པོ་འདེབས་མདོག་བྱས་པ་ཡིན་ཡང་མདང་སུམ་ཚོར་ཀོ་མོ་འོ་ལུ་ན་སྔར་དུས་བཞིན་བསྡད་ཡོད་པའི་ཉིང་འཁྲུལ་ཁོ་ནས་མཚན་ཐོག་ཐག་ཡོལ་བ་བྱུང་། ད་དུང་ཡང་དེར་གཅིག་ཡོང་དགོས་པ་ཡིན་ནམ་ཞེས་ཀྱང་གསུངས་སྐད། ལོ་དེའི་ས་ག་ཟླ་བའི་ཚེས་བརྒྱད་ཉིན་སྐུ་དྲང་པོར་བསྲངས། ཕྱག་མཉམ་བཞག །ཞབས་རྡོ་རྗེ་སྐྱིལ་ཀྲུང་མཛད་དེ་འཆི་སྲིད་རྣམ་པར་དག་པ་ཀ་དག་གི་ནང་དབྱིངས་ཆེན་པོར་སྙོམས་པར་ཞུགས། གཤེགས་རྗེས་ཀྱི་བྱ་བ་རྣམས་དགེ་མང་རྗེ་དབོན་རིན་པོ་ཆེ་དང་ཐུགས་ཟིན་གྱི་ཞམ་རིང་བ་བསོད་ནམས་ཚེ་རིང་སོགས་ཀྱིས་མཐའ་རྒྱས་སུ་བསྒྲུབས། བདག་ཉིད་ཆེན་པོ་འདིའི་སློབ་མར་གྱུར་པ་ནི། ཀཿཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས། རྫོགས་ཆེན་མཆོག་སྤྲུལ་ལྔ་པ། རྒྱ་རོང་ནམ་སྤྲུལ་རིན་པོ་ཆེ་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྫོགས་ཆེན་གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན། རྡོ་གྲུབ་ཡང་སྲིད་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་དྲི་མེད་གྲགས་པ་རྣམ་གཉིས། སྐུ་ཞབས་མཁྱེན་བརྩེའི་རིགས་སྲས་བདེ་ཆེན་རིག་པའི་རལ་གྲི། འགྲོ་འདུལ་སེམས་དཔའ་ཆེན་པོ་འཇིགས་མེད་རྒྱལ་བའི་མྱུ་གུའི་ཡང་སྲིད་ཀུན་བཟང་བདེ་ཆེན་རྡོ་རྗེ། སྐུ་ཞབས་དགེ་མང་རིན་པོ་ཆེའི་མཆོག་སྤྲུལ་གཞན་ཕན་ཆོས་ཀྱི་སྣང་བ། ཨ་འཛོམ་འབྲུག་པ་སྤྲུལ་སྐུ་འགྲོ་འདུལ་རྡོ་རྗེ། སྤྲུལ་པའི་གཏེར་སྟོན་ལས་རབ་གླིང་པ། རིག་གནས་མང་པོ་ལ་མཁས་པ་དབལ་ཤུལ་རིག་བཟང་དང་དེའི་གཅུང་རྡོ་རྗེ་འཛིན་པ་བསོད་ནམས་རྣམ་རྒྱལ། སེ་རའི་གྲྭ་སར་མཁས་གྲགས་ཀྱི་རྒྱལ་མཚན་ཐོབ་པའི་སེར་ཤུལ་ལྷ་རམ་པ་ཐུབ་བསྟན། དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར། མུ་ར་སྤྲུལ་སྐུ་ཐུབ་བསྟན་ཆོས་དཔལ་བཟང་པོ། ཧོར་འབའ་ཕུག་སྤྲུལ་སྐུ་ཆོས་དཔལ་རྒྱ་མཚོ། སྡེ་དགེ་ས་དབང་སྐུ་མཆེད། འཇུ་བླ་མ་གྲགས་པ་རྒྱལ་མཚན། བླ་སྤྲུལ་ཆེན་པོའི་མིང་མ་བཏགས་ཀྱང་གཞན་ཕན་གྱི་མཛད་པ་བཟང་པོ་ཅན་མགོ་ལོག་བླ་མ་འགྱུར་མེད་དང་ཨ་བོས་དགེ་ལེགས་དང་རྡོ་རྒུ་ཚུལ་ཁྲིམས་སོགས་བགྲང་གིས་མི་ལང་བ་ཡོད་ཀྱང་དམ་པའི་ཆོས་ཉན་བཤད་ཀྱི་ཕྲིན་ལས་ལྷག་པར་སྐྱོང་བའི་སློབ་མ་ནི་མཁའ་ཆེན་རྡོ་རྗེ་འཆང་བ་པདྨ་དམ་ཆོས་འོད་ཟེར་དང་། དགེ་མང་རྡོ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ། མཁས་གྲུབ་ཆེན་པོ་མི་ཕམ་རྣམ་རྒྱལ། རྟོགས་ལྡན་དམ་པ་ལུང་རྟོགས་འཕེལ་རྒྱས་བཟང་པོ། འདུལ་འཛིན་མཁས་པའི་དབང་ཕྱུག་ཐུབ་བསྟན་ཆོས་ཀྱི་གྲགས་པ། རྗེ་མདོ་སྔགས་རྒྱ་མཚོ་སོགས་མང་དུ་བྱོན་ཏེ་དེ་དག་གི་དྲིན་ལས་མཚུངས་བྲལ་རྗེ་བཙུན་མཆོག་གི་རྣམ་དཀར་ཕྲིན་ལས་ཀྱི་འོད་སྣང་དབྱིག་འཛིན་ཡངས་པའི་རྒྱན་དུ་ད་ལྟའང་གནས་བཞིན་པ་སྟེ། ད་དུང་ཡང་བསྐལ་བཟང་སྒྲོན་མེ་ལྔ་བའི་ཉིན་བྱེད་ཀྱིས་འཆར་ཀའི་འོད་དམར་སྤྲོ་བ་ལ་ཕྱོགས་པའི་བར་དུ་འཕེལ་རྒྱས་འབྱུང་བར་གྱུར་ཅིག་གུ། ཡོན་ཏན་རྒྱ་ཆེ་དགོངས་པ་ཤིན་ཏུ་ཟབ། །སྦས་པའི་བརྟུལ་ཞུགས་གཞན་གྱིས་མི་ཤིགས་པ། །བདག་ཉིད་ཆེན་པོའི་རྣམ་ཐར་དཔག་དཀའ་ཡང་། །ཕྱོགས་ཙམ་མཛུབ་མོས་ཟླ་བ་བཞིན་དུ་བསྟན། །དད་པའི་འབབ་སྟེགས་ལས་འོང་ཚིག་གི་ཆུ། །དོན་བཟང་རིན་ཆེན་བྱེ་མ་འདྲེན་པའི་རྒྱུན། །ཕབ་འདིས་ལུས་ཅན་སྡིག་པའི་དྲི་འཁྲུད་ཅིང་། །གཏན་བདེ་བསིལ་བའི་ངལ་འཚོ་སྦྱིན་གྱུར་ཅིག །ཅེས་པའང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་ཕྱུག་པའི་ར་ཧོར་སྤྲུལ་སྐུ་མཉྫུའི་མཚན་ཅན་གྱིས་རིན་པོ་ཆེའི་གནང་རྟེན་དང་བཅས་ནན་བསྐུལ་མཛད་པ་ལྟར། རྗེ་བཙུན་བླ་མ་མཆོག་དེའི་བཀའ་འབངས་ཀྱི་ཐ་ཆུང་འཇིགས་མེད་བསྟན་པའི་ཉི་མས་ཡིད་ལ་དྲན་ཚད་སྨྲས་རིམ་ལྟར་དཀོན་མཆོག་ཆོས་འཕེལ་བཟང་པོས་ཡི་གེར་བྲིས་པ་དགེ་བ་གྱུར་ཅིག །མཛད་པའི་གོ་རིམ་སོགས་རང་གིས་ཇི་བཞིན་མ་ངེས་པའི་འཁྲུལ་པ་མང་དུ་ཡོད་ཤས་ཆེ་བ་རྣམ་ཐར་ལ་འདྲིས་ཞིབ་ཆེ་བ་རྣམས་ཀྱིས་བཅོས་རོགས་མཛད་ན་རྗེས་སུ་ཡི་རང་ངོ་།། །།