ཡུལ་དུས་ལོངས་སྤྱོད་བསྒྲིགས་ཐབས་ཀྱི་མན་ངག།

From Khyentse Lineage - A Tsadra Foundation Project
PJCW-KABUM-01-KA-025
Wylie title yul dus longs spyod bsgrigs thabs kyi man ngag PJCW-KABUM-01-KA-025.pdf
Location dpal sprul bka' 'bum
Volume 1, Text 25, Pages 587-591 (Folios 1a1 to 3a1)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Yul dus longs spyod bsgrigs thabs kyi man ngag. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 1: 587-591. Kathmandu: Tsadra Foundation and Shechen Publications, 2026.
Genre Pith Instructions - man ngag
Colophon

དེ་སྐད་མཁས་པ་ཨ་བུ་རྒྱལ་པོ་ལ། །རྩིས་རིགས་སློབ་པ་མདོ་སྔགས་རྒྱ་མཚོ་ཡིས། །ནན་གྱིས་བསྐུལ་ནས་ཡི་གེའི་རིས་སུ་བྱས། །དགེ་བ་དེ་མཐུས་འགྲོ་རྣམས་ཀུན་མཁྱེན་ཤོག །དགེའོ། །དགེའོ། །འོ།།

de skad mkhas pa a bu rgyal po la/_/rtsis rigs slob pa mdo sngags rgya mtsho yis/_/nan gyis bskul nas yi ge'i ris su byas/_/dge ba de mthus 'gro rnams kun mkhyen shog_/dge'o/_/dge'o/_/'o//

[edit]
༄༅། །ཡུལ་དུས་ལོངས་སྤྱོད་བསྒྲིགས་ཐབས་ཀྱི་མན་ངག་བཞུགས་སོ། །ན་མ་སྟྲིི་ཀུ་ལ་ནཱ་ཐ་ཡ། གསང་དོན་ཟླ་བ་ཐུགས་ཀྱི་རྡོ་རྗེ་འཛིན། །གསང་རྒྱུད་གྲགས་པ་འཇམ་པའི་དབྱངས་ཀྱིས་སྒྲོགས། །མིག་མི་འཛུམ་སྐུ་པདྨ་དཀར་པོའི་ཕྱག །རིགས་གསུམ་སེམས་དཔའ་རིགས་ཀྱི་བདག་པོ་མཛོད། །རྒྱལ་སྲས་འཁོར་བཅས་རྒྱལ་བ་བསམ་མི་ཁྱབ། །མཁའ་འགྲོའི་ཚོགས་བཅས་དཀྱིལ་འཁོར་འཁོར་ལོའི་བདག །སློབ་མའི་ཚོགས་བཅས་མཁས་པའི་བརྒྱུད་པ་ལ། །གུས་པས་ཚུལ་བཅས་ཀུན་ཏུ་ཕྱག་འཚལ་ལོ། །ཉུང་ངུའི་ཚིག་ལ་མཁས་པས་སྦས་པའི་གཏེར། །བརྒྱུད་པས་བཏབ་པའི་བཀའ་རྒྱ་མ་ཉམས་པ། །སྐལ་བས་སྤྱོད་པའི་བརྒྱུད་ལྡན་མེད་མཐོང་ནས། །བརྩེ་བས་དབྱེ་ལ་ཆོས་བདག་གནང་བ་སྩོལ། །སེམས་དཔའི་རྣམ་རོལ་སྤྲུལ་པའི་གཟའ་ཆེན་བརྒྱད། །གང་ལ་རོལ་པ་ཡུལ་དུས་སེམས་མ་ཡི། །ལོངས་སྤྱོད་དབྱེ་བ་ལྷུག་པར་དགྲོལ་བ་ལ། །རགས་དང་ཞིབ་པའི་དབྱེ་བ་རྣམ་པ་གཉིས། །ཡུལ་ལས་དུས་དང་དུས་ལས་ཡུལ་ཉིད་དོ། །དང་པོ་ལ་བརྒྱད་ཀུན་ལ་གསུམ་གསུམ་སྟེ། །ཀུན་སྣང་ཉིན་སྐུ་ཕྱེད་སྣང་ཟླ་ཚེས་གསུང་། །མི་སྣང་ཁྱིམ་ཐུགས་རྡོ་རྗེ་གསུམ་གྱི་ནི། །དཀྱིལ་འཁོར་གསུམ་དང་ལོངས་སྤྱོད་གསུམ་ཉིད་དོ། །སྐུ་དཀྱིལ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་གནས། །གསུང་ལ་དེ་བཞིན་ཐུགས་ལ་གཅིག་ཉིད་དེ། །ཀུན་གྱི་རྟེན་གཞི་སྐུ་ཡི་དཀྱིལ་འཁོར་གཙོ། །ལོངས་སྤྱོད་རྣམ་གསུམ་དེ་དང་མཐུན་པར་སྤྱོད། །ཉིན་བྱེད་སྐུ་ཡི་སྐུ་དཀྱིལ་གསུང་དབྱངས་ཀྱིས། །བསྒྱུར་ལ་གསུང་བཅུག་དགའ་མའི་ལོངས་སྤྱོད་དབྱེ། །ལྷག་གྱུར་ཐུགས་དང་ཡོན་ཏན་རིམ་སྔར་ལྟར། །ཕྲིན་ལས་སྣ་ཚོགས་ཐུབ་མཁའ་དྲང་སྲོང་ངོ་། །སྐུ་ཡི་ལོངས་སྤྱོད་རྣམ་གཉིས་ཕྲིན་ལས་བར། །གསུང་གི་དུས་ལོངས་ཕྲིན་ལས་གཉིས་སུ་དབྱེ། །ཐུགས་ཀྱི་ལོངས་སྤྱོད་ཕྲིན་ལས་གཉིས་བར་ཏེ། །དུས་ལས་ཡུལ་ཐོབ་རྣམ་བཞི་མཐུན་ཉིད་དོ། །བསྒྱུར་གཞི་རིམ་བཏོན་ཡོན་ཏན་གཅིག་ཉིད་ལས། །ཕྲིན་ལས་རྣམ་གྲངས་ཡུལ་དང་མཐུན་པར་དབྱེ། །བསྡུ་ཚེ་སྐུ་སྟོང་གསུང་མཐུན་ཐུགས་ཆ་ལྷག །བསྡུས་ལ་འོག་ཆ་འབྱུང་བས་བསྒྱུར་བར་བྱའོ། །ཟླ་བའི་སྐུ་དཀྱིལ་གནས་གཉིས་ལས་སྔར་ལྟར། །འབྲས་ཆ་དུས་དུས་རི་ཀླུ་མིག་ཉིའོ། །ལོངས་སྤྱོད་སྐུ་གསུང་སྔར་འདྲ་ཐུགས་ཡུལ་ལ། །ཕྲིན་ལས་གཉིས་པ་སྟེང་ཕྱོགས་གསར་དུ་སྟེ། །བསྡུ་ཚེ་གསུང་ཐུགས་ཀླུ་མེ་རི་གཟུགས་དབྱེ། །གཟའ་ལྔ་སྐུ་དཀྱིལ་ལས་བཏོན་ཞི་དྲག་གསུམ། །ཕྲིན་ལས་དབྱིངས་བསྡུས་ལྷག་སྤེན་ཕྲིན་ལས་ལ། །རང་ཆ་དགའ་མའི་ལོངས་སྤྱོད་ཡང་ཆར་བཅས། །གསུང་ལ་དུས་ཀྱི་སེམས་མར་ཕྲིན་ལས་བསྣན། །ཐུགས་ཀྱི་དུས་སེམས་སྟེང་ཆ་འདོད་པས་བསྣུན། །འོག་མ་མདས་བཅད་སྟེང་མར་ནོར་དུ་གྱུར། །གཟུགས་སོགས་ཀྱིས་དབྱེ་རང་ཆ་གསར་དུའོ། །བསྡུ་ཚེ་གསུང་ཐུགས་གསར་བྱུང་ཀུན་བསྡུས་ལ། །ཐུགས་ཀྱི་སྟེང་མ་འདོད་བཅད་འོག་མདས་བསྣུན། །བསྡུ་དང་གསར་འདོན་སྤྱི་དང་ཀུན་མཐུན་ནོ། །དབུ་མའི་སྐུ་དཀྱིལ་རིམ་དབྱེ་ཕྲིན་ལས་ནི། །རྩེ་མོ་མིག་དང་ཐུབ་མཁའ་རི་བོང་ཡིན། །ལོངས་སྤྱོད་གསུང་དུས་ཆ་འཕར་ཐུགས་གཉིས་ཀར། །ཆ་རེ་གསར་བསྣན་གཉིས་ཀ་གསུམ་པའོ། །ཞིབ་པ་ལ་ཡང་རགས་དང་ཞིབ་པ་གཉིས། །རགས་པ་སྐུ་ཡི་རྟག་ལོངས་མཁའ་རོས་ཕྱེ། །དེ་སོགས་བསྒྱུར་གཞིའི་རིམ་པ་སྔར་འདྲ་བ། །དུས་ཀྱིས་བསྣུན་པ་ཡུལ་གྱི་སེམས་མའོ། །ཞིབ་པ་རྐང་བཅས་ཞག་རེའི་ལོངས་སྤྱོད་དེ། །གཟའ་རྣམས་རེ་ལ་དལ་བ་དག་པ་དུས། །ལྔ་པོའམ་དལ་རེར་མྱུར་བ་ཀླུ་ལག་སྟེ། །ཀུན་ཀྱང་རྟག་ལོངས་མདའ་ཡོན་ཟླས་ཕྱེ་ནོར། །རྐང་བསྒྱུར་བྱིན་ཕྲོག་དལ་བ་དག་པ་དང་། །དེ་ཡིས་ཉི་སྦྱངས་ལྷག་མ་རྐང་རིལ་སྐབས། །མཁའ་རོ་བྱེད་སྐབས་མཁའ་མེས་བགོས་པའི་ནོར། །རྐང་བསྒྱུར་བྱིན་ཕྲོག་མྱུར་བ་དག་པའོ། །དེ་ལས་གཞི་བཏོན་འདས་བསྒྱུར་བསྲེས་འདས་བསྣན། །འབྱུང་བསྒྱུར་ཀུན་བསྲེས་དེ་རིང་ལ་ཕྲི་བ། །གང་ཡང་དུས་དེའི་ཡུལ་ལོངས་རྣམ་དག་གོ །དེ་ལྟར་བརྒྱུད་པའི་མཁས་པས་སྦས་པའི་ནོར། །ཁ་བྱང་ཙམ་ཞིག་ཉིན་བྱེད་སྣང་བར་བསྟན། །ཞལ་ཤེས་མན་ངག་རེ་ཞིག་སྟོང་ན་ཡང་། །འདིར་ནི་བློ་གྲོས་གཏེར་སྒོ་གསར་དུ་དབྱེ། །མཆོག་གསུམ་ཐུགས་རྗེ་རིགས་གསུམ་བྱིན་མཐུ་ལས། །མཁས་པས་རྒྱས་བཏབ་གཏེར་སྒོ་དབྱེ་བ་ལ། །བདག་བློའི་རྣམ་དཔྱོད་གཏེར་སྟོན་རྒྱལ་པོ་ཡིས། །སྐལ་བཟང་ཚོགས་ལ་ངོ་མཚར་དེང་སྟོན་ནོ། །བཟོད་པར་མཛོད་ཅིག་རྡོ་རྗེའི་ཕོ་ཉ་མོ། །མཁའ་འགྲོའི་ཚོགས་བཅས་ལེགས་ཉེས་སྟངས་འཛིན་རྣམས། །བརྩེ་བའི་ཐུགས་ཀྱིས་བདག་གི་གྲོགས་མཛོད་ལ། །བློ་གསར་ཀུན་གྱི་བློ་གྲོས་མཆོག་ཏུ་སྤེལ། །དེ་སྐད་མཁས་པ་ཨ་བུ་རྒྱལ་པོ་ལ། །རྩིས་རིགས་སློབ་པ་མདོ་སྔགས་རྒྱ་མཚོ་ཡིས། །ནན་གྱིས་བསྐུལ་ནས་ཡི་གེའི་རིས་སུ་བྱས། །དགེ་བ་དེ་མཐུས་འགྲོ་རྣམས་ཀུན་མཁྱེན་ཤོག །དགེའོ། །དགེའོ། །འོ།། །།