རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་འཕྲེང་བ་བཀྲ་ཤིས་བིལ་པའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ།

From Khyentse Lineage - A Tsadra Foundation Project
PJCW-KABUM-01-KA-011
Wylie title rgyal ba'i myu gu chos kyi dbang po rjes su dran pa'i ngag gi 'phreng ba bkra shis bil pa'i ljon bzang kun tu dga' ba'i tshal
Location dpal sprul bka' 'bum
Volume 1, Text 11, Pages 225-232 (Folios 1a1 to 4b6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People དཔལ་སྤྲུལ་རིན་པོ་ཆེ་ (Dpal sprul rin po che)
Citation 'jam dbyangs mkhyen brtse'i dbang po. Rgyal ba'i myu gu chos kyi dbang po rjes su dran pa'i ngag gi 'phreng ba bkra shis bil pa'i ljon bzang kun tu dga' ba'i tshal. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 1: 225-232. Kathmandu: Tsadra Foundation and Shechen Publications, 2026.
Genre Verses of Praise - bstod pa
Recension Link Other Versions on this site: རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་ཕྲེང་བ་བཀྲ་ཤིས་བིལྦའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ།
[edit]
༄༅། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་རྗེས་སུ་དྲན་པའི་ངག་གི་འཕྲེང་བ་བཀྲ་ཤིས་བིལ་པའི་ལྗོན་བཟང་ཀུན་ཏུ་དགའ་བའི་ཚལ་ཞེས་བྱ་བ་བཞུགས་སོ། །


༄༅། །རྒྱ་གར་སྐད་དུ། ཛ་ཡཱངྐུ་ར་ངྷརྨེནྡྲ་སྟུ་ཏི། བོད་སྐད་དུ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོ་ལ་བསྟོད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་རང་ལུགས་འཆད་དང་སྒྲུབ་པས་འཛིན་པ་ལ། །འཇིགས་མེད་སྨྲ་བའི་སེང་གེ་ཉིད་ཅེས་འཇིག་རྟེན་ཀུན་ཏུ་གྲགས་འབར་བ། །ཆོས་ཀྱི་དབང་བོ་དཔལ་ལྡན་བླ་མའི་ཞབས་སེན་ཉིན་མོར་བྱེད་པའི་གཟིས། །བྱང་ཆུབ་བར་དུ་ཤིས་པའི་སྣང་བས་རྟག་ཏུ་དགེ་ལེགས་མཛད་གྱུར་ཅིག །གང་ཚེ་ཤེས་དང་ཤེས་བྱ་རོ་གཅིག་གདོད་མའི་དབྱིངས་སུ་བྱང་ཆུབ་ཀྱང་། །དམིགས་མེད་སྙིང་རྗེའི་རྫོགས་ལྡན་སྤྲིན་ཆེན་རྒྱས་པར་དཀྲིགས་པའི་འཛུམ་དཀར་ལས། །མཆོག་གི་སྤྲུལ་སྐུའི་སྒྱུ་འཕྲུལ་རོལ་མོས་ཡིད་ཅན་འདོད་པ་འཇོ་བའི་ཕུལ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །མཚན་དཔེའི་ཟླ་བ་བདུད་རྩིའི་འོད་ཅན་ཐོག་མར་འཆར་དང་ལྷན་གཅིག་པར། །རིགས་དང་བརྩེ་སོགས་སྣང་ཆེན་དཀར་པོས་དཔྱོད་ལྡན་ཡིད་ཀྱི་ཀུ་མུ་ད། །ཅི་དགར་བཞད་པའི་ངལ་འཚོ་སྟེར་ལས་བསྔགས་པའི་ཆུ་གཏེར་འབུམ་གཡོ་བ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །ཚུལ་གནས་ཁྲིམས་ཀྱི་མཐོ་རིས་ཚལ་དུ་མང་པོར་གསན་པའི་ཡོངས་འདུའི་དབང་། །ཇི་བཞིན་བསམ་པའི་མེ་ཏོག་མཛེས་འབར་སྒོམ་བྱུང་ཤེས་རབ་འབྲས་བུས་སྤུད། །འཕགས་དང་མཁས་མང་བློ་མཆོག་ཟུར་མིག་ཕྱོགས་དེར་གཅིག་ཆར་ལྷུང་གྱུར་བ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །ཆོས་བརྒྱད་འཁྲུལ་བའི་རྫུན་རིས་མ་ལུས་འོད་གསལ་ཞི་བའི་དབྱིངས་སུ་ཟུམ། །ཆོས་བཞིན་སྤྱོད་ཕྱིར་དབེན་པའི་རི་སུལ་ལྷ་ཡི་ཁང་བཟང་བཞིན་བསྟེན་ནས། །ཆོས་ཀྱི་སྙིང་པོ་ཐེག་ཆེན་ལམ་ལ་རྩེ་གཅིག་སྒྲུབ་པ་ལྷུར་བཞེས་པ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །གཟོད་ནས་རྣམ་གྲོལ་ཡེ་ཤེས་བརྙེས་ཀྱང་ཚོགས་ཟུང་བྱེ་བས་རྒྱུད་སྦྱངས་ཏེ། །ཟག་མེད་སྦྱོར་བའི་འབྲས་བུ་ལས་སྐྱེས་བདེན་པ་མངོན་སུམ་ཉིད་མཐོང་ཕྱིར། །སྤོབས་པའི་གཏེར་མཛོད་མཐའ་ཀླས་འཇོ་སྒེགས་འཕགས་བཞིའི་དབུས་སུ་ཆེས་རྔམས་པ། རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །ཤིང་རྟ་ཆེན་པོའི་ལམ་སྲོལ་འཆད་ལ་དགོས་པའི་དོན་གྱིས་མདུན་བསུས་ཏེ། །བསྡུས་དོན་ཚོམས་སུ་ལེགས་པར་བཅད་ཅིང་ཚིག་གི་སྦྱོར་བ་སྙན་འཇེབས་ཀྱིས། །སྔ་ཕྱིའི་མཚམས་སྦྱོར་བརྒལ་ལན་དང་བཅས་མ་ཕམ་དགྱེས་པའི་གཟུགས་ངོ་མ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །གཞལ་བྱ་མངོན་སུམ་མངོན་སུམ་མིན་དང་ཤིན་ཏུ་ལྐོག་གྱུར་ཇི་སྙེད་པ། །ཚད་མ་གསུམ་གྱིས་གཏན་ལ་ཕབས་ནས་དངོས་སྟོབས་རིག་པའི་མཚོན་རྣོན་པོས། །ཕས་རྒོལ་བསྟན་པ་གཅིག་ཆར་འཕྲོག་མཁས་ཆོས་ཀྱི་གྲགས་པའི་རྗེས་འགྲོ་བ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །ཚིག་སྙན་རྒྱན་གསུམ་ལམ་ལས་དྲངས་ཤིང་སྡེབ་ལེགས་སྦྱོར་བ་འབུམ་གྱིས་བཅིངས། །དོན་བཟང་རིན་ཆེན་ཐང་མར་བརྡལ་བས་དཔྱོད་ཤེས་ཡིད་ཀྱི་འདོད་དགུ་འཇོ། །ཐུབ་བསྟན་སྲོག་ཤིང་བསྐལ་བརྒྱར་བརྟན་མཛད་ལེགས་བཤད་རྩོམ་ལ་དཔའ་བོའི་ཞབས། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །མཁྱེན་པས་ཤེས་བྱ་ཀུན་གཟིགས་འཇམ་དཔལ་གཞོན་ནུས་རྗེས་སུ་འགྲོ། །བརྩེ་བས་སེམས་ཅན་ཁམས་ཀུན་ཁྱབ་འཇུག་ཕྱག་ན་པད་མོའི་གཟུགས་ཀྱི་ཟླ། །ནུས་པའི་ཡིད་སྲུབ་སྡེར་བཅས་བསྙིལ་མཛད་གསང་བའི་བདག་པོས་སྙེམས་འཆང་བ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །མདོར་ན་སྲས་བཅས་རྣམ་འདྲེན་ཡོངས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཚུལ། །རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་སྙིང་རྗེ་ཆེན་པོས་ལུས་བཟུངས་ཏེ། །སྙིགས་མའི་མཐའ་ཡང་ཀུན་མཁྱེན་གཉིས་པའི་ཕྲིན་ལས་ས་གསུམ་རྒྱས་མཛད་པ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །དེ་ལྟར་ངག་གི་ནོར་བུའི་རྒྱུད་མང་དད་གསུམ་སོར་མོས་བསྒྲེངས་དང་བཅས། །རྣམ་ཀུན་གུས་པས་ཁྱོད་ཉིད་འབོད་ན་མཐའ་ཡས་འགྲོ་བའི་གཉེན་གཅིག་པུ། །ཅི་སླད་བདག་ལ་ཐུགས་བརྩེར་མི་མཛད་ཏིང་འཛིན་རྫུ་འཕྲུལ་མཐའ་ཡས་གཏེར། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །ཨེ་མ་འཕགས་ཁྱོད་བྱིན་རླབས་བདུད་རྩིས་ཡང་ཡང་ཡིད་ལ་བཤེས་བྱས་པས། །སྲིད་ལས་ངེས་འབྱུང་ཨུཏྤལ་ནགས་ཀློང་ཐར་བའི་ཕྱོགས་སུ་རབ་གྲོལ་བར། །དད་སོགས་འཕགས་ནོར་འབྲས་བུ་ཁུར་གྱིས་ཤིན་ཏུ་ལྕི་དང་ལྷན་ཅིག་པར། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །ཇི་ལྟར་ཁས་བླངས་ཁྲིམས་ཀྱིས་རྒྱུད་སྦྱངས་དབེན་པའི་བྲག་རིའི་ཁང་བཟང་དུ། །མང་ཐོས་བསམ་པས་གཏན་ལ་ཕབ་ཅིང་རྩེ་གཅིག་མཉམ་པར་བཞག་པ་ལས། །ལུས་སེམས་ཤིན་སྦྱང་བདེ་བས་རབ་བརླན་ཤེས་རབ་ཟབ་མོའི་གཟུངས་ཐོབ་བཞིན། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །སྙིང་རྗེ་ཆེན་པོས་མ་མས་རབ་བསྐྱེད་ཕར་ཕྱིན་དྲུག་གི་མཆོད་སྦྱིན་ཅན། །བསྡུ་དངོས་བཞི་ཡི་ཚངས་སྐུད་འཁྲིགས་ཆགས་འཕགས་རྣམས་དགྱེས་པའི་དྲང་སྲོང་ཆེ། །སྤྱོད་ཚུལ་ནམ་ཡང་མཚུངས་པ་སྤང་བས་འཇིག་རྟེན་དགེ་བའི་མཐུ་ཐོབ་བཞིན། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །སྙིང་ནི་བདེ་སྟོང་བདུད་རྩིའི་རོས་སིམ་སྣང་སྤྱོད་ཐམས་ཅད་ལྷ་སྐུར་ཤར། །སྲོག་རྩོལ་ངྷུ་ཏིའི་ཕྱག་རྒྱར་དབང་བྱས་གཞོམ་མེད་འོད་གསལ་ཐིག་ལེ་ཆེར། །རྡོ་རྗེ་གསུམ་གྱི་དགའ་བས་སྙེམས་གྱུར་རིག་འཛིན་ཚོགས་དང་ལྷན་གཅིག་ཏུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །གནས་སྐབས་ཆོས་བཞིན་སྤྱོད་པའི་འགལ་ཟླ་ཡིད་སྲུབ་རྒྱུར་བཅས་མཚོན་རྣོན་པོས། །དབང་གཞུ་གསར་བའི་རྗེས་སུ་སོན་པས་མཐུན་པའི་རྐྱེན་ཀུན་ཕུན་ཚོགས་ཏེ། །ཕན་དང་བདེ་བའི་ལེགས་བྱས་ཇི་སྙེད་ཉིན་རེ་ཞིང་ཡང་འཕེལ་བཞིན་དུ། །རྒྱལ་བའི་མྱུ་གུ་ཆོས་ཀྱི་དབང་པོས་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །མདོར་ན་རྒྱལ་བའི་མྱུ་གུ་ཁྱུ་མཆོག་ཆོས་ཀྱི་དབང་པོའི་གསང་གསུམ་དང་། །རྣམ་དཀར་མཛད་པའི་ངོ་མཚར་མ་ལུས་འགྲོ་ཀུན་སྙིང་ལ་རྫོགས་གྱུར་པས། །སྲིད་དང་ཞི་བའི་ཕ་མཐར་མི་གནས་དགེ་མཚན་བྱེ་བའི་མནྡ་རས། །དེང་ནས་བཟུང་སྟེ་འཇིག་རྟེན་གསུམ་ན་རྟག་ཏུ་བཀྲ་ཤིས་སྣང་གྱུར་ཅིག །འདི་ལྟར་འཕགས་པ་དང་མཁས་པ་དང་། སོ་སོའི་སྐྱེ་བོ་རྣམ་ཤེས་ཤིན་ཏུ་ལྐོག་གྱུར་བ་དག་གིས་ཀྱང་། ཨེ་མ་རྒྱལ་བའི་སྲས་ཆེན་པོ་ཞེས་བསྔགས་པའི་མེ་ཏོག་ཕྱོགས་བརྒྱར་འགྲེམ་པ་མགོན་པོ་ཞི་བ་ལྷ་དང་དབྱེར་མི་ཕྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་བསྔགས་པའི་ཚིག་གི་སྦྱོར་བ་གྱིས་ཞེས་འཕགས་བཞིའི་རིགས་ལ་ཡང་དག་པར་གནས་པའི་དྲང་སྲོང་ཆེན་པོའི་བརྟུལ་ཞུགས་ཅན་བི་ཛ་ཡ་ངྷརྨཱ་བྷ་དྲས་གུས་པས་བསྐུལ་བ་དོན་ཡོད་ཅིང་རང་ཉིད་ཀྱིས་ཀྱང་། སྐྱེ་བར་ངག་གི་ལས་དཀར་མིན་བསགས་པའི་གཉེན་པོར་ཆེད་དུ་དམིགས་ཏེ་ཀུན་མཁྱེན་བླ་མ་དགྱེས་པའི་འབངས། མཁྱེན་བརྩེའི་དབང་པོས་དཀྱུས་གཅིག་ཏུ་དད་པས་གསོལ་བ་བཏབ་པའི་དགེ་བས་བདག་གཞན་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་སྙིང་རྗེའི་གཏེར་དང་མི་གཉིས་པའི་བླ་མ་མཆོག་གི་ཡེ་ཤེས་གཟིགས་པའི་བྱིན་རླབས་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །དགེའོ། །