ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཅོད་ཡུལ་མཁའ་འགྲོའི་གད་རྒྱངསཿ

From Khyentse Lineage - A Tsadra Foundation Project
JLKO-KABUM-12-NA-006
Wylie title klong chen snying gi thig le las: gcod yul mkha' 'gro'i gad rgyangs:
Location 'jigs gling bka' 'bum
Volume 12, Text 6, Pages 43-55 (Folios 1a1 to 7a6)
Author འཇིགས་མེད་གླིང་པ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jigs med gling pa. Klong chen snying gi thig le las gcod yul mkha' 'gro'i gad rgyangs. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 12: 43-55. New Delhi: Shechen Publications, 2025.
Genre Severance Texts - gcod gzhung
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
[edit]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་བཞུགསཿ

འུྃཿ དབྱིངས་ཕྱུག་བདེ་ཆེན་འཚོ་རྒྱལ་མ་ལ་ཕྱག་འཚལ་ལོཿ རང་བཞིན་རྫོགས་པ་ཆེན་པོ་ནིཿ ཉག་གཅིག་རྩད་ནས་གཅོད་པའི་ཕྱིརཿ གཅོད་བྱ་གཅོད་བྱེད་ལས་འདས་ཀྱངཿ སྤྲོས་པ་ཅན་གྱི་གང་ཟག་དངཿ བརྟུལ་ཞུགས་སྤྱོད་པ་ལམ་སློང་ཕྱིརཿ ཕུང་པོ་གཟན་བསྐྱུར་མན་ངག་བསྟནཿ དེ་ལ་མཁོ་བའི་ཡོ་བྱད་ནིཿ དྲེགས་པ་ཟིལ་གྱིས་གནོན་པའི་ཕྱིརཿ སྡེར་གཞི་མ་ཉམས་གཅན་གཟན་ལྤགསཿ ལྟ་བ་ཡས་འབུབས་ཅོག་པུ་དངཿ སྤྱོད་པ་མས་འཛེགས་ཁ་ཊྭཱཾ་ཀཿ ལྷ་འདྲེ་དབང་སྡུད་མཆོག་ཆེན་རྐངཿ སྣང་བ་ཟིལ་གནོན་ཌཱ་མ་རུཿ མ་ཚོགས་དབང་སྒྱུར་དྲིལ་གཡེར་དངཿ སྟག་གཟིག་རས་མ་སྐྲའི་ཅོད་པནཿ མདོར་ན་བརྟུལ་ཞུགས་སྤྱོད་པ་ལཿ འོས་པའི་ཆས་རྣམས་སྟ་གོན་བྱཿ དེ་ནས་ས་གནད་གཉན་དམིགས་སུཿ ཕོ་ཚོད་ལྷ་འདྲེར་བརྙས་སེམས་དངཿ ཆོས་བརྒྱད་བསམ་པས་མ་ཡིན་པརཿ ཚད་མེད་བཞི་་ཡིས་དཔའ་གདེང་བསྐྱེདཿ སྣང་བ་གང་ཤར་ཐོག་བརྫིས་བྱཿ དེ་ཚེ་ཟིལ་གནོན་དམིགས་པ་ཡིསཿ མ་གཅུན་དགྲ་ལ་བྱ་ཤོར་མཚུངསཿ དེ་ཕྱིར་རིག་པ་བརྟུལ་ཞུགས་དངཿ ཕཊཿཅེས་རང་གི་སྙིང་ག་ནསཿ གནམ་ལྕགས་རྡོ་རྗེ་རྩེ་དགུ་པཿ སྲ་བརྟན་ལྕི་ཞིང་འཐས་པ་ལཿ འོད་ཟེར་མེ་དཔུང་འབར་བ་ཞིགཿ གང་དམིགས་གཉན་སར་ཐོག་ལྟར་ཕོབཿ དེར་གནས་ལྷ་འདྲེ་དཔུང་དང་བཅསཿ འབྲོས་ཤིང་འཁྱར་བའི་དབང་མེད་པརཿ དཔའ་ཟིལ་ཆག་སྟེ་གནས་པར་བསམཿ དེ་ནས་ཚུལ་འཆོས་ངོ་ཚ་སོགསཿ ཐ་མལ་འཁུ་འཕྲིགས་བློ་སྤངས་ལཿ བརྟུལ་ཞུགས་ངར་མའི་གདེང་ལྡན་པསཿ འགྲོ་ལུགས་རྣམ་པ་བཞི་དག་ལསཿ ལྟ་བའི་གདེང་འགྲོས་ཤུགས་ཀྱིས་འགྲོཿ དེ་ཡང་སྣང་སྲིད་ལྷ་འདྲེ་དངཿ གནས་གདོན་ལམ་འདྲེ་འཁྱམ་པོ་ཀུནཿ བཀུགས་ལ་ར་ལུག་བདས་པ་བཞིནཿ གཉན་སར་རང་དབང་མེད་པར་གཅུརཿ གནས་དེར་སླེབས་མ་ཐག་ཉིད་དུཿ དྲག་ཤུལ་འབར་བའི་སྟངས་སྟབས་ཀྱིསཿ ལྷ་འདྲེ་ཀུན་གྱི་རྐང་པ་ནསཿ བཟུང་སྟེ་ཀླད་ལ་ལན་གསུམ་བསྐོརཿ དབང་ཆེན་གཞི་ལ་བརྡབས་པར་བསམཿ ཅོག་པུ་སྟན་བཅས་ཤུགས་ཀྱིས་བསྒྱུརཿ ལྷ་འདྲེ་ཇི་ལྟར་དབྱིངས་ཆེ་ཡངཿ མི་ལྷོངས་མི་སྲིད་ཟི་ཁོལ་འགྲོཿ རྣལ་འབྱོར་བརྟུལ་ཞུགས་ཆུང་གྱུར་ནཿ རིམ་པས་བློ་དང་སྦྱར་ཏེ་བྱཿ དེ་ནས་རང་ཉིད་སྐད་ཅིག་གིསཿ གསང་བ་ཡེ་ཤེས་མཁའ་འགྲོ་མཿ ཆེ་ཆུང་སྲིད་པའི་གཏོས་དང་མཉམཿ རྣམ་འགྱུར་རྫོགས་པའི་སྐུར་བསྐྱེད་ལཿ མི་རྐང་གླིང་བུ་དྲག་ཏུ་འབུདཿ ལྟ་བའི་ངར་བསྐྱེད་བྲོ་བརྡུང་བྱཿ ཕཊཿ འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངཿ འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱིཿ བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་རྡུངཿ གཉིས་འཛིན་འཁོར་བའི་རྣམ་རྟོག་རྡུལ་དུ་རློགཿ རྩ་བརྒྱུད་རིག་འཛིན་བླ་མ་བྲོ་ལ་བྱོནཿ ཡི་དམ་དཔའ་བོ་རྒྱ་མཚོ་བྲོ་ལ་བྱོནཿ མཁའ་འགྲོ་གནས་ཉུལ་མ་ཚོགས་བྲོ་ལ་བྱོནཿ བརྟུལ་ཞུགས་ལམ་དུ་ལོངས་པར་བྱིན་གྱིས་རློབསཿ ཕཊཿ ཤར་ཕྱོགས་ལུས་འཕགས་གླིང་དུ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་ཟླུམ་ལ་འཁྱིལཿ ཞེ་སྡང་རྒྱལ་པོའི་མགོ་ལ་ཆེམས་སེ་ཆེམཿ མེ་ལོང་ཡེ་ཤེས་གླིང་བུ་ཀྱུ་རུ་རུཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ ལྷོ་ཡི་འཛམ་བུའི་གླིང་ལ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་ཟུར་གསུམ་དབལཿ ང་རྒྱལ་གཤིན་རྗེའི་མགོ་ལ་ཆེམས་སེ་ཆེམཿ མཉམ་ཉིད་ཡེ་ཤེས་ཐོད་རྔ་ཁྲོ་ལོ་ལོཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ ནུབ་ཀྱི་བ་ལང་སྤྱོད་ལ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་ཟླ་གམ་འཁྱིལཿ འདོད་ཆགས་སྲིན་མོའི་མགོ་ལ་ཆེམས་སེ་ཆེམཿ སོར་རྟོག་ཡེ་ཤེས་དྲིལ་གཡེར་ཁྲོ་ལོ་ལོཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ བྱང་གི་སྒྲ་མི་སྙན་ལ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་གྲུ་བཞི་ལམཿ ཕྲག་དོག་དམ་སྲིའི་མགོ་ལ་ཆེམས་སེ་ཆེམཿ བྱ་གྲུབ་ཡེ་ཤེས་ཅོད་པན་པུ་རུ་རུཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ དབུས་ཕྱོགས་ལྷུན་པོའི་རྩེ་རུ་བརྡུངས་ཙ་ནཿ དཔའ་བོ་མཁའ་འགྲོའི་བྲོ་ར་བྱིན་རེ་ཆགསཿ གཏི་མུག་ཤི་འདྲེའི་མགོ་ལ་ཆེམས་སེ་ཆེམཿ ཆོས་དབྱིངས་ཡེ་ཤེས་ཧཱུྃ་གླུ་ཀྱུ་རུ་རུཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿ ཅེས་རྡུང་ཤེས་པ་གཏད་མེད་བཏངཿ དེ་ནས་ཅོག་པུ་འབུབས་པ་ནིཿ གཞི་དེའི་ལྷ་འདྲེ་གདུག་པ་ཅནཿ གན་རྐྱལ་བསྒྱལ་པའི་ཡན་ལག་ལྔརཿ གནམ་ལྕགས་ཕུར་བུ་བཏབ་པར་བསམཿ ཕཊཿ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མསཿ བྱམས་པ་ཆེན་པོའི་ཕུར་པ་ཁྱེརཿ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མསཿ སྙིང་རྗེ་ཆེན་པོའི་ཕུར་པ་ཁྱེརཿ ནུབ་ཕྱོགས་པདྨ་མཁའ་འགྲོ་མསཿ དགའ་བ་ཆེན་པོའི་ཕུར་པ་ཁྱེརཿ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མསཿ བཏང་སྙོམས་ཆེན་པོའི་ཕུར་པ་ཁྱེརཿ དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མསཿ བྱང་ཆུབ་སེམས་ཀྱི་ཕུར་པ་ཁྱེརཿ བདག་འཛིན་ལྷ་འདྲེའི་མགོ་བོ་དངཿ ལྷུ་ཚིགས་བཞི་ལ་བཏབ་པ་ཡིསཿ གཡོ་འགུལ་མེད་པར་གནས་པར་གྱུརཿ ཕཊཿ ཅེས་བརྗོད་བདག་གཞན་ལྷ་འདྲེ་གསུམཿ གང་དུ་མི་དམིགས་མཉམ་པར་གཞགཿ དེ་ནས་ལྷ་འདྲེ་ངོས་ཟིན་ནསཿ ལུས་སྦྱིན་དངོས་ལ་འཇུག་པ་ནིཿ ཕཊཿ རང་སྣང་འོད་གསལ་བདེ་བ་ཆེན་པོའི་དབྱིངསཿ འབད་རྩོལ་སྤྲོས་པ་བྲལ་བའི་ནམ་མཁའ་ལཿ རྩ་བའི་བླ་མ་དྲུག་པ་རྡོ་རྗེ་འཆངཿ དགོངས་བརྡ་སྙན་བརྒྱུད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་སྲུང་མ་སྤྲིན་ལྟར་གཏིབསཿ མ་འགགས་འཇའ་ཚོན་ཐིག་ལེའི་ཀློང་དུ་གསལཿ ཞེས་པས་ཚོགས་ཞིང་གསལ་བཏབ་ལཿ ལྷ་འདྲེས་གཙོ་བྱས་སེམས་ཅན་ཀུནཿ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོར་དམིགསཿ ཕཊཿ རང་བྱུང་གི་རིག་པ་བཅོས་མེད་འདིཿ སྐྱབས་ཡུལ་གྱི་ངོ་བོར་མ་རིག་པསཿ སྡུག་བསྔལ་གྱི་རྒྱ་མཚོར་བྱིངས་བ་རྣམསཿ སྐུ་གསུམ་གྱི་དགོངས་པས་བསྐྱབ་ཏུ་གསོལཿ ལན་གསུམ་དེ་ནས་སེམས་བསྐྱེད་ནིཿ ཕཊཿ སྣང་བ་ལ་དངོས་པོར་འཛིན་པའི་སེམསཿ བརྟུལ་ཞུགས་ཀྱི་སྤྱོད་པས་ཚར་བཅད་ནསཿ ཡང་དག་གི་གནས་ལུགས་རྟོགས་བྱའི་ཕྱིརཿ རེ་དོགས་དང་བྲལ་བར་སེམས་བསྐྱེད་དོཿ དེ་ནས་མཎྜལ་ནིཿ ཁོག་པ་རི་རབཿ ཡན་ལག་གླིང་བཞིཿ ཉིང་ལག་གླིང་ཕྲནཿ མགོ་བོ་ལྷ་གནསཿ མིག་གཉིས་ཉི་ཟླཿ དོན་སྣོད་ལྷ་མིའི་དཔལ་འབྱོར་དུ་བསམས་ལཿ ཕཊཿ གཅེས་འཛིན་གྱི་ཕུང་པོ་སྒྱུ་མའི་ལུསཿ མཎྜལ་གྱི་ཚོམ་བུར་རབ་བཀོད་ནསཿ ཚོགས་ཞིང་གི་ལྷ་ལ་ལྟོས་མེད་འབུལཿ བདག་འཛིན་གྱི་རྩ་བ་ཆོད་པར་ཤོགཿ ཕཊཿ དེ་ནས་བླ་མའི་རྣལ་འབྱོར་ནིཿ ཕཊཿ དབྱིངས་ཟག་མེད་ཆོས་སྐུའི་ནམ་མཁའ་ལཿ མདངས་འཇའ་ཟེར་ཐིག་ལེར་འཁྲུགས་པའི་དབུསཿ ཕ་དུས་གསུམ་ཀུན་མཁྱེན་པདྨ་འབྱུངཿ ཚུལ་བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿ མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅསཿ སྐུ་མཚན་དཔེའི་གཟི་བྱིན་ཏ་ལ་ལཿ གསུང་གང་འདུལ་ཆོས་སྒྲ་འུ་རུ་རུཿ ཐུགས་འོད་གསལ་རྡོ་རྗེའི་སྙིང་པོའི་ངངཿ བུ་མོས་གུས་དྲག་པོས་གསོལ་བ་འདེབསཿ ཕྱི་རྣམ་རྟོག་དགྲར་ལངས་ལྷ་འདྲེའི་གཟུགསཿ ནང་རེ་དང་དོགས་པའི་གཉིས་འཛིན་སེམསཿ བར་སྣང་བ་སྣ་ཚོགས་རྐྱེན་ངན་ཀུནཿ ཆོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱིསཿ དུས་ད་ལྟ་སྟན་ཐོག་འདི་རུ་ཆོདཿ དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པ་རུཿ ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབསཿ ཕཊཿ ཕཊཿ ཕཊཿ ཅེས་བརྗོད་ཚོགས་ཞིང་རང་ལ་བསྟིམཿ གཉིས་མེད་ངང་དུ་མཉམ་པར་གཞགཿ ཕཊཿ དེ་ནས་བག་ཆགས་སྙིགས་མའི་ལུསཿ ཚོ་ཞིང་སྣུམ་ལ་ལྟོས་ཆེ་བའིཿ དབུས་ནས་དྭངས་མའི་རིག་པ་ནིཿ ཁྲོས་མའི་རྣམ་པར་ཕཊཿཅེས་དབྱེཿ ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅནཿ དེ་ཡིས་རང་ལུས་ཐོད་པ་ཕྲལཿ སྟོང་ཁམས་ཁྱབ་པའི་མི་མགོ་ཡིཿ སྒྱེད་པུ་གསུམ་གྱི་ཁར་བཞག་ནངཿ འབྱུང་ལུས་ཚོགས་སུ་བཤམས་པ་དེཿ འབྲུ་གསུམ་འོད་ཀྱིས་བདུད་རྩིར་སྦརཿ ཨོཾ་ཨཱཿཧཱུྃ་དང་ཧ་ཧོ་ཧྲཱིཿ ཅི་མང་བརྗོད་པས་སྦྱངས་སྤེལ་བསྒྱུརཿ ཁྲ་བོར་འགྱེད་ན་དེ་ཉིད་ལསཿ སྐྱེད་ཚལ་ཟས་གོས་སྨན་ལ་སོགསཿ ཡིད་ལ་ཅི་འདོད་ངོ་བོར་སྦརཿ དམར་འགྱེད་རང་ཉིད་ཁྲོས་ནག་མསཿ སྙིགས་མའི་ལུས་ཀྱི་པགས་པ་བཤུསཿ སྟོང་གསུམ་ཁྱབ་པར་བཀྲམ་པའི་སྟེངཿ གཟུགས་ཕུང་ཤ་ཁྲག་ཕུང་པོར་སྤུངསཿ ཤན་པའི་འདུན་ས་ལྟ་བུར་བསམཿ ནག་འགྱེད་བདག་གཞན་སེམས་ཅན་གྱིཿ ཐོག་མེད་ནས་བསགས་ནད་གདོན་དངཿ སྡིག་སྒྲིབ་ཐམས་ཅད་ནག་བུན་གྱིཿ བསྡུས་ཏེ་གཟུགས་ཕུང་ལ་བསྟིམ་པཿ ལྷ་འདྲེས་ཟོས་པས་ཁོ་ཡི་ལུསཿ སོལ་བ་ལྟ་བུར་གྱུར་པར་བསམཿ མཆོད་སྦྱིན་མགྲོན་རྣམས་འདི་ལྟར་འབོདཿ ཕཊཿ མཆོད་ཡུལ་རྩ་གསུམ་དམ་ཅན་ནསཿ སྡེ་བརྒྱད་འབྱུང་པོས་གཙོ་བྱས་པའིཿ སྦྱིན་ཡུལ་ལན་ཆགས་འདྲེ་གདོན་ཡནཿ བརྟུལ་ཞུགས་སྤྱོད་པའི་གནས་འདིར་བྱོནཿ དེ་རིང་འཇིགས་མེད་རྣལ་འབྱོར་ངསཿ འཁོར་འདས་ཤན་འབྱེད་སྒྱུ་མའི་ལུསཿ སྟོང་གསུམ་ཁྱོན་ཡངས་ཀ་པཱ་ལརཿ བམ་ཆེན་ཚོགས་ཀྱི་འཁོར་ལོར་བཤམསཿ ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུརཿ འདོད་དགུར་འཆར་བའི་ཆོ་འཕྲུལ་ཅནཿ གཅེས་འཛིན་མེད་པར་འབུལ་ལགས་ཀྱིཿ སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལཿ མཆོག་ཆེན་ཐོད་རྔ་སྐད་རེ་གསངསཿ ཞིང་ཆེན་གླིང་བུ་གདངས་རེ་སྙནཿ དྲིལ་གཡེར་ཅོད་པན་དྭངས་རེ་སྤྲོཿ བྱ་རྒོད་ཤ་ལ་འཐིབས་པ་བཞིནཿ སྐད་ཅིག་ཉིད་ལ་གཤེགས་སུ་གསོལཿ ཕཊཿ དེ་ནས་འབུལ་ཞིང་བསྔོ་བ་ནིཿ ཕཊཿ གདོད་མའི་མགོན་པོ་མན་ཆད་ནསཿ རྩ་བའི་བླ་མ་ཡན་ཆད་ཀྱིཿ བརྒྱུད་གསུམ་རིག་འཛིན་བླ་མ་དངཿ ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལཿ བམ་ཆེན་བདུད་རྩིའི་མཆོད་པ་འབུལཿ ལྷ་འདྲེས་གཙོ་བྱས་བདག་གཞན་གྱིཿ ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱངཿ བརྟུལ་ཞུགས་འགྲོ་དོན་མཐར་ཕྱིན་ནསཿ སྣང་བ་འོད་གསལ་སྒྱུ་མར་འབྱོངསཿ ཡ་ང་བག་ཚ་ཆོས་སྐུར་གྲོལཿ ཧེ་རུ་ཀ་ལྟར་བྱིན་གྱིས་རློབསཿ ཕཊཿ འཇིག་རྟེན་འདས་དང་མ་འདས་ཀྱིཿ སྡེ་བརྒྱད་འབྱུང་པོ་མི་མ་ཡིནཿ ལོག་འདྲེན་ཤ་ཟའི་གདོན་ཚོགས་ལཿ སྟོང་གསུམ་ཁྱབ་པའི་ཞིང་ལྤགས་སྟེངཿ ཤ་ཁྲག་རུས་པའི་ཕུང་པོར་འབུལཿ བདག་ཏུ་འཛིན་ན་ང་རེ་ཞནཿ སྤྱོད་དུ་མ་ནུས་ཁྱོད་རེ་ལོདཿ རིང་ན་རྗེན་པར་ཁྱུར་མིད་ཐོངཿ ལྷོད་ན་དུམ་བུར་ཚོས་ལ་ཟོཿ རྡུལ་ཕྲན་ཙམ་ཡང་མ་བཞག་ཅིགཿ ཕཊཿ འཁོར་ཚེ་ཐོག་མ་མེད་པ་ནསཿ ཤ་འཁོན་ཆགས་པའི་ལན་ཆགས་དངཿ གློ་བུར་ལྷགས་པའི་སྙིང་རྗེའི་མགྲོནཿ ཁས་ཉེན་དབང་ཆུང་མ་ལུས་ལཿ སོ་སོ་གང་ལ་ཅི་འདོད་ཀྱིཿ འདོད་ཡོན་མི་ཟད་གཏེར་དུ་བསྔོཿ འབྲེལ་པ་ཐོགས་ཚད་སངས་རྒྱས་ཤིངཿ བུ་ལོན་ལན་ཆགས་བྱང་བར་ཤོགཿ ཕཊཿ ཅེས་བརྗོད་ལྟོས་པ་མེད་པར་བྱིནཿ སྟོང་ཉིད་ངང་ལ་མཉམ་པར་གཞགཿ དེ་ཚེ་ལུས་ལ་གཅེས་འཛིན་དངཿ འཇིགས་སྣང་འཁུ་འཕྲིགས་བློ་སྐྱེས་ནཿ ལུས་ནི་ལྷ་འདྲེར་བྱིན་ནས་མེདཿ སེམས་ནི་གཞི་མེད་རྩ་བ་བྲལཿ འདྲེ་བས་སངས་རྒྱས་ཉིད་ཀྱིས་ཀྱངཿ གཟིགས་པ་མེད་སྙམ་གདེང་བསྐྱེད་ལཿ གང་ཤར་རང་ངོ་རྩ་གདར་བཅདཿ ཐོགས་་་ཕྱི་རྐྱེན་འབྱུང་བ་དང་གཅན་གཟན་མི་རྒོད་སོགས་དང་ཆགས་སྡང་གི་རྣམ་རྟོག་སོགས།་་་བཅས་བདུད་དང་ཐོགས་་་ནང་རྐྱེན་དགའ་སྡུག་སེམས་ཚིག་པ་སོགས།་་་མེད་བདུདཿ དགའ་བྲོད་་་རང་མཐོང་བདེ་སྐྱིད་མངོན་རློམ་སོགས།་་་བདུད་དང་བསྙེངས་་་ཐེ་ཚོམ་དང་ཁུ་འཕྲིགས་ལ་སོགས།་་་བྱེད་བདུདཿ ཕཊཿཅེས་དབྱིངས་སུ་གཅོད་པ་ཡིནཿ དེ་ཡང་དུས་ཚོད་ལ་མཚོན་ནཿ ཐོ་རངས་ཚོགས་གཉིས་རྫོགས་པའི་ཕྱིརཿ དཀར་འགྱེད་བདུད་རྩིའི་ངོ་བོར་སྦརཿ ཉིན་གུང་ལན་ཆགས་སྦྱང་བའི་ཕྱིརཿ ཁྲ་འགྱེད་གང་ལ་འཚམས་པར་བསྔོཿ ནུབ་མོ་བརྟུལ་ཞུགས་ལམ་སློང་ཕྱིརཿ བདག་འཛིན་ཚར་གཅོད་དམར་འགྱེད་གཏོངཿ སྲོད་ལ་སྡིག་སྦྱོང་ནག་འགྱེད་བྱཿ ཀུན་ཀྱང་འདུན་པ་བསྒྱུར་བ་སྟེཿ གཙོ་བོ་དམིགས་པས་ཉམས་སུ་བླངསཿ དེ་ཚེ་ཆོ་འཕྲུལ་ཅི་བྱུང་ཡངཿ ཉམས་དང་བྲལ་བའི་ལྟ་བས་གཅུནཿ གལ་ཏེ་རྣལ་འབྱོར་དབྱིངས་ཆུང་ནསཿ ལྷོངས་འཚུབས་འཆུན་པར་དཀའ་བའམཿ ལྷ་འདྲེ་དབྱིངས་ཆེས་མ་ལྷོངས་ནཿ ཀེང་རུས་དཀར་པོའི་དམིགས་པ་བྱཿ ཕཊཿཅེས་རང་ཉིད་སྐད་ཅིག་གིསཿ ཀེང་རུས་དཀར་པོ་མེ་འབར་བཿ ཤིན་ཏུ་ཆེ་བ་ལས་བྱུང་བའིཿ མེ་ཡིས་སྟོང་གི་འཇིག་རྟེན་དངཿ ཁྱད་པར་ལྷ་འདྲེའི་གནས་རྟེན་བསྲེགསཿ མཐར་ནི་ཀེང་རུས་མེ་དང་བཅསཿ འོད་ཡལ་སྟོང་པའི་ངང་ལ་གཞགཿ འགོ་ནད་སྲུང་བ་ལ་ཡང་ཟབཿ ཚར་ཚད་དུས་སུ་མ་བྱུང་དངཿ གནོད་འདྲེ་གདུག་པ་ཨར་གཏོད་ནཿ རིག་པ་ཁྲོས་མའི་སྐུར་གསལ་བསཿ སྙིགས་མའི་ལུས་ཀྱི་པགས་པ་བཤུསཿ སྟོང་གསུམ་ཁེངས་པའི་གཡང་གཞིའི་སྟེངཿ ཤ་རུས་གཅལ་དུ་བཀྲམ་པ་ལཿ འདྲེ་གདོན་ཟས་ལ་གདུང་བའི་མོདཿ ཁྲོས་མས་གཡང་གཞི་འུབ་ཀྱིས་དྲིལཿ སྦྲུལ་དང་རྒྱུ་མའི་ཞགས་པས་བསྡམསཿ ཀླད་ལ་བསྐོར་ཞིང་བརྡབས་པ་ཡིསཿ ཤ་མྱོག་རུས་མྱོག་དག་ཏུ་སོངཿ སྤྲུལ་པའི་གཅན་གཟན་དུ་མ་ཡིསཿ ལྷག་མ་མེད་པར་ཟོས་པར་བསམཿ དབྱིངས་རིག་བསྲེས་ཏེ་མཉམ་པར་གཞགཿ དེས་ནི་ཚར་ཚད་ངེས་འབྱུང་ཞིངཿ འདྲེ་གདོན་གདུག་པ་ཚར་ཆོད་འགྱུརཿ ཀུན་ལ་གཅེས་འཛིན་བློ་སྤངས་ཏེཿ ལྟ་བའི་གདེང་གིས་ཟིན་པ་གཅེསཿ དེ་ཚེ་ཚར་ཚད་འདྲ་བའི་ལྷོངསཿ ལྷོངས་ཚད་འདྲ་བའི་ཚར་ཚད་དངཿ གཉིས་ཀ་འདྲ་བའི་འདྲེས་མ་དང་ཿ འདྲེས་མ་འདྲ་བའི་བག་ཆགས་དངཿ ཚར་ལྷོངས་གཉིས་ཀ་མཐར་ཕྱིན་གྱིཿ རྟགས་རྣམས་ཉམས་དང་སྦྱར་ཏེ་སྤྱདཿ དོན་ལ་བདག་མེད་ཀུན་བཟང་མོཿ ཡུམ་ཆེན་ཤེས་རབ་ཕར་ཕྱིན་མའིཿ དགོངས་པ་ཀློང་དུ་གྱུར་ཙ་ནཿ གཅོད་ཡུལ་ལམ་དུ་ལོངས་པའོཿ ས་མ་ཡཿ རྗེས་ལ་བསྔོ་སྨོན་བྱ་བ་ནིཿ ཨཱཿ དགེ་དང་མི་དགེའི་རྟོག་ཚོགས་རང་གྲོལ་ལཿ རེ་དང་དོགས་པའི་མཚན་མ་མི་དམིགས་ཀྱངཿ སྣང་ཆའི་རྟེན་འབྲེལ་བསླུ་མེད་དགེ་ཚོགས་རྒྱུནཿ ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོ་བར་བྱཿ ཕཊཿ ཀུན་རྫོབ་ལུས་ཀྱི་སྦྱིན་པ་ལ་བརྟེན་ནསཿ བསྐལ་པར་བསགས་པའི་བུ་ལོན་ལན་ཆགས་བྱངཿ དོན་དམ་ཆོས་ཀྱི་བདེན་པས་རྒྱུད་འགྲོལ་ཚེཿ བདག་གི་འདུས་པ་དང་པོར་སྐྱེ་བར་ཤོགཿ དེ་ཚེ་མ་བཅོས་རང་གཞག་གཉུག་མའི་དོནཿ མི་བསྲུན་ལྷ་འདྲེའི་རྒྱུད་ལ་སྐྱེས་ནས་ཀྱངཿ ངར་འཛིན་འཁྲུལ་པའི་རྗེས་སུ་མ་འབྲེང་བརཿ བྱམས་དང་སྙིང་རྗེས་ཤེས་རྒྱུད་བརླན་པར་ཤོགཿ བདག་ཀྱང་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ སྐྱིད་སྡུག་རོ་སྙོམས་འཁོར་འདས་ཆོས་སྐུར་འབྱོངསཿ ཕྱོགས་ལས་རྣམ་རྒྱལ་འབྲེལ་ཚད་དོན་ལྡན་གྱིསཿ ཕྲིན་ལས་མཐར་ཕྱིན་འཇའ་ལུས་འགྲུབ་པར་ཤོགཿ ཕཊཿ ཅེས་བརྗོད་ལྟ་བའི་ངང་མདངས་བསྐྱངསཿ སྙིང་རྗེ་ཆེན་པོའི་རྩིས་ཟིན་པསཿ བདེ་སྡུག་གཏོང་ལེན་་་བདག་གི་བདེ་བ་ལྷ་འདྲེར་བཏང་།་་་་་་ལྷ་འདྲེའི་སྡུག་བསྔལ་རང་གིས་བླང་།་་་དམིགས་པ་དངཿ ཆོས་ཀྱི་་་ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། སོགས་དང་། སྡིག་པ་ཅི་ཡང་མི་བྱ་ཞིང་། སོགས་དང་། འབྱུང་པོ་གང་དག་སོགས་ཀྱི་ཤིས་བརྗོད་བྱའོ།། སྦྱིན་པ་རྣམ་དག་བྱཿ འབྲེལ་ཐོགས་བཟང་ངན་ཐར་ལམ་འགོདཿ ས་མ་ཡཿ མ་མ་ཀོ་ལིང་ས་མནྟཿ །།ཨོཾྈ་་་སྙན་ལ་རིང་བ་བུང་བའི་སྐད་ལྟ་བུ། ཧཱུྃྈ་་་རྔམ་ལ་འཚེར་བ་རྟ་སྐད་ལྟ་བུ། ཏྲཱཾྈ་་་དྲག་ལ་གཏུམ་པ་སྟག་མོའི་ངར་སྐད་ལྟ་བུ། ཧྲཱིཿྈ་་་འགྱུར་ལ་ལྡེམ་པ་དྲི་ཟའི་སྐད་ལྟ་བུ། ཨཱྈ་་་འགྱུར་ལྡེམ་གོང་འདྲ་འདྲ་ནས་གཤམ་འདེགས་ཙམ་བྱེད་པ་ལ་ཌཱཀྐིའི་སྤྱུག་གླུ་ཟེར།། །།