ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་སྨན་བཙུན་མའི་གསང་བའི་གབ་ཡིག་དོན་ཡོད་ཞགས་པཿ

From Khyentse Lineage - A Tsadra Foundation Project
JLKO-KABUM-11-DA-044
Wylie title klong chen snying gi thig le las: bka' srung sman btsun ma'i gsang ba'i gab yig don yod zhags pa:
Location 'jigs gling bka' 'bum
Volume 11, Text 44, Pages 665-673 (Folios 1a1 to 5a5)
Author འཇིགས་མེད་གླིང་པ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jigs med gling pa. Klong chen snying gi thig le las bka' srung sman btsun ma'i gsang ba'i gab yig don yod zhags pa. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 11: 665-673. New Delhi: Shechen Publications, 2025.
Genre Activity Practices - las tshogs
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity tshe ring ma
[edit]

འུཾཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ བཀའ་སྲུང་སྨན་བཙུན་མའི་གསང་བའི་གབ་ཡིག་དོན་ཡོད་ཞགས་པ་བཞུགསཿ

འུཾཿ ཌཱཀྐི་ལ་ན་མོཿ གབ་ཡིག་ཤིན་ཏུ་གསང་བ་ནིཿ གཙོ་མོ་ལ་བརྟེན་བརྒྱུད་སྤེལ་ནཿ མར་ལ་ཁྱེའུའི་གཟུགས་བཟང་་་་་་བཟང་པོའི་འདུག་སྟངས་ཀྱིས་ལངས་པའི་ལག་གཉིས་པུས་མོའི་སྟེང་མཆོག་སྦྱིན་བྱས་པའོ།་་་་་་བཅོས་ལཿ སྙིང་ཁར་གཡུ་བྱང་ནྲྀས་མཚན་གཞུགཿ རྩ་སྔགས་ཤམ་བུར་འདི་བཏགས་བསྟེནཿ པུ་ཏྲ་སིདྡྷི་ས་མ་ཡ་ཧཱུཾཿ ཞེས་བཏགས་འོད་ཟེར་སྤྲོ་བསྡུ་ཡིསཿ བར་དོའི་རྣམ་ཤེས་བླ་གཡུར་བསྟིམཿ བླ་རྟགས་ཤེལ་དང་དུང་མགྲོན་གཡུཿ མདའ་འཕང་རྨིས་ཚེ་གྲུབ་པའི་རྟགསཿ གཏང་རག་གཏོང་ཞིང་བླ་གཡུ་ནིཿ དཔལ་ཅན་གཞོན་ནུའི་མགུལ་དུ་གདགསཿ གཟུགས་བརྙན་སྐྱེས་པས་ལོངས་སྤྱོད་ཅིངཿ ཁྱེའུས་ཞུགས་དང་ཏོག་གཟུངས་་་་སོ་འབྲང་་་་འདོནཿ ས་མ་ཡཿ མཐིང་གི་ཞལ་བཟང་ལ་བརྟེན་ནསཿ པྲ་སྒྲུབ་འཕྲུལ་གྱི་ལྡིང་ཁང་ནིཿ མེ་ལོང་ངོས་ལ་སིན་དྷུ་རསཿ བཛྲ་པྲ་མོ་ཧ་ཞེས་བྲིཿ མདའ་དར་མར་གྱི་ལྷ་གཡག་དངཿ གསེར་སྐྱེམས་གཡུ་སྐྱེམས་ཕྱེ་མར་སོགསཿ མཐུན་རྫས་བཟང་བཤམ་རྩ་སྔགས་ཤམཿ ཀ་ར་ཀ་ར་དང་ར་དང་ར་ཐི་སེ་ཐི་སེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ་སྭཱ་ཧཱཿ ཞེས་བཟླས་པྲ་མོའི་ཐུགས་བརྒྱུད་བསྐུལཿ པྲ་རྟེན་ཁྱེའུ་ཕོ་མོ་འམཿ ཡང་ན་རིགས་གཙང་རྒན་ཡང་རུངཿ དཔྲལ་བར་ལི་ཁྲིའི་ཐིག་ལེ་བསྐུཿ མིག་ལ་སྔགས་བཏབ་མེ་ལོང་བལྟཿ སྣང་སྲིད་གསལ་ཞིང་དུས་གསུམ་ཤེསཿ ས་མ་ཡཿ ཅོད་པན་མགྲིན་བཟང་ལ་བརྟེན་ནསཿ ལོ་འབྲས་བཅུད་ཉམས་གསོ་བ་ནཿ གས་ཆག་མེད་པའི་རྫ་བུམ་ནངཿ བཟང་པོའི་འབྲུ་སྣ་དུག་བྲལ་སྨནཿ ཤིང་ཏོག་རྩི་ཏོག་སྙིང་པོ་ལྔཿ གསེར་རམ་མཚལ་གྱིས་མཐིང་ཤོག་ལཿ ནམ་མཁའ་མཛོད་ཀྱི་སྔགས་བྲིས་རྣམསཿ བླུགས་ལ་རས་དཀར་གསར་པས་གཡོགསཿ གསོལ་མཆོད་བྱ་ཞིང་རྩ་སྔགས་ཤམཿ བྷྲཱུཾ་རཏྣ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཟླས་འབྱུང་བ་ལྔའི་ཁམས་ནསཿ བཀྲག་མདངས་བཅུད་བསྡུས་བུམ་པར་བསྟིམཿ འོད་ཁའི་དཀྱིལ་ལམ་གཡའ་སྤང་མཚམསཿ སྤ་ཞིང་སྨན་བཙུན་མཉེས་པར་བསམཿ ཡུལ་ཁྲུས་བྱ་ཞིང་དཀར་མངར་སྐྱེམསཿ ཕྱོགས་མཚམས་ཀུན་ཏུ་གཏོར་བྱས་ནཿ བཙའ་སད་འབུ་སྲིན་མི་འབྱུང་ངོཿ ས་མ་ཡཿ མི་གཡོ་གླང་བཟང་ལ་བརྟེན་ནསཿ ཟས་ནོར་འདུ་བ་རྒྱས་འདོད་ནཿ དཀར་གསུམ་མངར་གསུམ་སྨན་དང་སྤོདཿ བསྲེས་པའི་བསང་ཕྱེ་གཙང་མ་ལཿ སྒྲུབ་གཏོར་ནོར་བུ་མིག་གསུམ་དབྱིབསཿ རྒྱན་གྱིས་མཛེས་པའི་མཐའ་སྐོར་དུཿ སྲིད་པའི་ལོངས་སྤྱོད་སྣ་ཚོགས་བཤམཿ མདའ་མོ་བྱ་རྒོད་སྒྲོ་ལྡན་ལཿ དར་དམར་བཏགས་པ་རྒྱབ་ཏུ་བཙུགསཿ དལ་མདུན་བཀོད་ལ་རྩ་སྔགས་ཤམཿ ལོ་ཀ་སིདྡྷི་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བཟླས་འོད་ཟེར་སྤྲོ་བསྡུ་ཡིསཿ སྣང་སྲིད་འོད་དུ་ལྟེམ་གྱིས་ཞུཿ རང་ལ་ཐིམ་པས་ཟས་ནོར་དངཿ ལྷ་འདྲེ་མི་གསུམ་དབང་འདུས་དམིགསཿ བདག་གཞན་དུ་མ་རོ་གཅིག་བསྲེཿ ཐེ་ཚོམ་མེད་དོ་ས་མ་ཡཿ གཏལ་དཀར་འགྲོ་བཟང་ལ་བརྟེན་ནསཿ ཕྱུགས་ཀྱི་དངོས་གྲུབ་སྤེལ་འདོད་ནཿ ཁམ་སར་རིན་པོ་ཆེ་བརྡར་ཏེཿ འོ་མས་སྤྲུས་པའི་འཇིམ་པ་ལཿ ཤ་བ་ལ་ཞོན་སྨན་མོའི་གཟུགསཿ བ་མན་བེའུ་འཚོ་བའི་མཐའཿ རྐང་བཞིའི་ཚོགས་ཀྱིས་བསྐོར་བ་བཟོསཿ ནམ་མཁའ་ཁ་དོག་ལྔ་ལྡན་དང་། མཐུན་པའི་མདའ་འབང་ཤིང་རིས་བཀོདཿ མཐུན་རྫས་དཀོར་ཆ་སྣ་ཚོགས་བཀྲམཿ ཕྲིན་ལས་གཞུང་བསྲང་དབྱེར་མེད་བསྟིམཿ རྩ་སྔགས་ཤམ་བུར་འདི་བཏགས་བཟླསཿ གུ་ཧ་ཏ་ན་སརྦ་སིདྡྷི་སྭཱ་ཧཱཿ ཐུན་མཚམས་གསོལ་ཀ་དྲག་ཏུ་འབདཿ གྲུབ་ནས་འབྲོག་གནས་ལྷས་མའམཿ ཡང་ན་བང་མཛོད་ཕུགས་སུ་སྦཿ ར་བ་བཞི་ཡི་བཅོ་ལྔ་ལཿ གསོལ་ཀ་བྱ་ཞིང་ཁྱད་པར་དུཿ དབྱར་སྟོན་གསོལ་མཆོད་ནར་མར་བྱཿ དྲེགས་པ་མཆོད་དང་བསྟོད་པས་འགྲུབཿ རྐང་བཞི་འཕེལ་ཞིང་གོད་ཁ་ཆདཿ ས་མ་ཡཿ སྤྱི་ལ་བརྟེན་པའི་ལས་ཚོགས་ལྔཿ མི་ཕྱུགས་ནད་ཡམས་ཞི་འདོད་ནཿ བྷནྡྷ་དུམ་བུ་གསུམ་པའི་ནངཿ སྨན་མོའི་གཟུགས་སམ་རྩ་སྔགས་གཞུགཿ བདུད་རྩི་བླུགས་ལ་མཆོད་སྨན་བྲནཿ སྲིད་པ་མ་མོའི་དལ་དུ་དམིགསཿ འཕྲིན་ལས་གཞུང་བསྲང་མཆེད་ལྔ་བསྐྱེདཿ བདུད་རྩིའི་སྟེང་དུ་རིགས་ལྔ་རྣམསཿ མཉམ་པར་སྦྱར་བའི་མཁའ་ཀློང་ནསཿ བྱང་སེམས་བབ་པས་འབྱུང་འཁྲུགས་དུགཿ གཞིལ་ཏེ་བདེ་སྟོང་རྩལ་འབར་བསཿ ནད་རིམས་དལ་ཁ་གཅོད་པར་དམིགསཿ ཨོཾ་ཧཱུཾ་ཏྲཱཾཿཧྲཱིཿཨཱཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾཿ བཛྲ་པྲ་མོ་ཧ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱཿ ཞེས་བཟླས་དམ་ཚིག་གཅིག་ཏུ་བསྲེསཿ བདུད་རྩི་མི་ཕྱུགས་ཀུན་གྱིས་བཏུངཿ ཡང་ན་ཟན་གྱི་རིལ་བུ་དྲིལཿ གླ་རྩི་ཧོང་ལེན་ཤུ་དག་བཅསཿ ཐུམ་བུར་གྲིལ་ཏེ་རྭ་ལ་གདགསཿ གོད་ནད་བསྲུང་བར་ཐེ་ཆོམ་མེདཿ ས་མ་ཡཿ འདྲེ་རྒོད་ཆོམ་རྐུན་གཅན་གཟན་དངཿ རྔོན་པ་སོགས་ཀྱི་ཁ་འཆིང་ནཿ ཚོན་སྣ་ལྔ་ཡི་སྲད་བུ་ལཿ སྔགས་འདི་སྟོང་བཟླས་མདུད་པ་བོརཿ ཨོཾ་བཛྲ་པྲ་མོ་ཧ་སིངྷ་མུ་ཁ་ཧེཿ གནོད་བྱེད་ཆེ་གེ་མོའི་ལུས་ངག་ཡིད་གསུམ་རྨུགས་ཤ་རྨུགས་ཤ་རྦདཿ ཐུམ་རིལ་རྦདཿ བཛྲ་ཁ་ཐམཿ ཏྲིག་ནནཿ མདུད་པ་ལྕགས་ཁང་སྒོ་མེད་ཀྱིཿ ནང་དུ་གནོད་བྱེད་ཚུད་པར་བསམཿ ལྷམ་མཐིལ་འམ་ནི་མལ་ཞབས་གནོནཿ སེམས་ཅན་སོགས་ཀྱི་མཇུག་མར་བཏགསཿ དེས་ནི་གདུག་པའི་ཁ་འཆིང་འགྱུརཿ ས་མ་ཡཿ གདོན་འཛག་བསྲུང་ན་ཤོག་བུ་ལཿ སྲིད་མེས་སྦྲུལ་གྱིས་བསྡམ་པའི་ནངཿ ཨོཾ་བཛྲ་པྲ་མོ་ཧ་ཏི་ལ་ཀ་བཾ་ཧོཿ གནོད་བྱེད་རཀྵཿ ཞེས་བྲིས་དཔའ་བོ་སེང་པོ་བྱུགཿ མགོ་ནས་དྲིལ་ཏེ་སྐེད་པར་གདགསཿ དེས་ནི་སྡོམ་པར་ཐེ་ཚོམ་མེདཿ ས་མ་ཡཿ ལོ་ཏོག་གསོ་དང་འཕྲང་བསྲུང་ཕྱིརཿ ཁ་ཆར་ཆེན་པོ་འབེབས་འདོད་ནཿ མཚོའམ་ཀླུ་གཉན་གནས་པའི་སརཿ མར་གྱི་རུས་སྦལ་མགོ་དགུ་ཡིཿ ཁོག་པར་ཛྲ་པཱ་ཎིའི་ཤམཿ ཀླུ་ཆེན་བརྒྱད་ཀྱི་སྲོག་སྔགས་དངཿ ལས་སྒྲུབ་སྔགས་བྲིས་ཀླུ་སྨན་བྱུགཿ དཀར་གསུམ་མངར་གསུམ་རིན་པོ་ཆེཿ ཀླུ་སྨན་རིལ་བུ་དང་བཅས་གཞུགཿ ཆུ་མིག་གཏིང་ངམ་སྐབས་མེད་ནཿ རྫ་གསར་ནང་དུ་ལུང་པ་དགུའིཿ ཆུ་བླུགས་་་་་མ་དྲོས་པའི་བྱེ་མ།་་་་ས་ཡི་དོང་དུ་སྦཿ དེ་ཡི་ནང་དུ་རུས་སྦལ་བཅུགཿ རྒྱ་མཚོ་ཀླུ་ཡི་ཕོ་བྲང་བསམཿ དེ་སྟེང་ཤིང་སྣས་བཀབ་པའི་སྟེངཿ གཡམ་སྔོན་ཡི་གེ་ཨེས་མཚན་པརཿ མར་ཟན་ལ་བཟོས་ལྷ་སྨན་ལྔཿ འབྲུག་ཞོན་གཡས་གཡོན་སྦྲུལ་ཞགས་འཛིནཿ ཕྱོགས་བཞི་དབུས་དང་ལྔར་བཀོད་ལཿ ནམ་མཁའི་དབྱིངས་ན་གནས་པར་བསམཿ རང་ཉིད་བདེ་གཤེགས་ཀླུ་དབང་རྒྱལཿ ཆེ་ཆུང་སྲིད་པའི་གཏོས་དང་མཉམཿ ངན་སོང་སྒྲོལ་བའི་ཕྱག་རྒྱ་ཅནཿ ཡེ་ཤེས་སེམས་དཔའ་ཐོད་ཕྲེང་རྩལཿ གསལ་བརྟན་ངེས་ཤེས་གདིང་ལྡན་པའིཿ ཐུགས་ལས་འོད་ཟེར་བསིལ་ཞིང་དྭངསཿ དཔག་ཏུ་མེད་པར་འཕྲོས་པ་ཡིསཿ རྒྱ་མཚོའི་ཀླུ་ཡི་ཐུགས་རྒྱུད་བསྐུལཿ སྤྲིན་དང་ཁུ་རླངས་ཡར་ཐོན་པའིཿ སྨན་བཙུན་ལྔ་ཡི་གྲོགས་བྱས་ཏེཿ ནམ་མཁར་སྤྲིན་གྱི་གཞི་འཛིན་ཅིངཿ འབྲུག་སྒྲ་སྒྲོག་ཅིང་གློག་དམར་འཁྱུགཿ སྦྲུལ་གྱི་ཁ་ནས་ཁ་ཆར་གྱིཿ བུ་ཡུག་འཚུབས་པས་འཇིག་རྟེན་ཀུནཿ མུན་ནག་རུབ་པ་ལྟ་བུར་བསམཿ ཨོཾ་ནཱ་ག་ཀཱ་ལ་ཧཱུཾཿ ནཱ་ག་ལེ་ལེཿ དུམ་པ་ལེ་ལེཿ ནཱ་ག་རཱ་ཙ་ཧཱུཾ་ཕཊཿ བྷ་རི་ཤ་ཡཱཿ པྲ་ཏ་ཡཱཿ པྲ་མོ་ཧ་ཧཱུཾ་སབ་སབཿ སོབ་སོབཿ འུར་འུར་དྲག་ཏུ་ཕོབཿ ཅེས་བཟླ་ཏིང་ངེ་འཛིན་ཕུར་གདགསཿ སྨན་བཙུན་གསོལ་ཞིང་ཀླུ་གཏོར་བཏངཿ སྤྲིན་ཆེན་སྒྲོགས་ཤིང་ཡུལ་ཁྲུས་བྱཿ ཀླུ་ལ་དཀར་གཏོར་གཏའ་རུ་གཟུགསཿ གྲིབ་ཅན་ཕྱོགས་སུ་ཉེ་མི་རུངཿ དྲི་ངའི་ཟས་དང་སྤྱོད་ལམ་སྤོངསཿ ཞག་གསུམ་བདུན་ན་ངེས་པར་འབབཿ ཀུན་ལ་སེམས་བསྐྱེད་གདིང་ལྡན་གཅེསཿ ས་མ་ཡཿ ཤོ་མོ་དུས་གསུམ་ཀུན་གསལ་ནིཿ དུང་ཤོ་མི་ལག་མ་འགྲིམ་པརཿ ཧྲཱིཾཿབཛྲ་པྲ་མོ་ཧ་ལོ་ཀ་སརྦ་མུ་མུ་ཕྱེ་ཕྱེ་སྭཱ་ཧཱཿ གོང་བསྙེན་ཁྲི་ཚོ་ལྔ་སོང་ནསཿ ལས་སྦྱོར་སྟོང་ཕྲག་གཅིག་གདབ་བོཿ དེ་ནས་མེ་ལོང་གཡའ་བྲལ་སྟེངཿ གང་འདོད་དོན་སྨོས་ཤོ་སྒྲིལ་བསཿ ཐིག་ལེ་ཤར་ན་མཐིང་ཞལ་མསཿ སྲོག་ཕྱ་མི་བརྟན་དོན་ཕྱ་འབྲིངཿ དགྲ་ཕྱ་རབ་ལ་གྲོགས་ཕྱ་ཐཿ ཁྱིམ་ཕྱ་བཏང་སྙོམ་མགྲོན་ཕྱ་ནིཿ ཡོང་ཡོང་འདྲ་ལ་མི་ཡོང་ཟེརཿ ཆོས་ཕྱ་འཕྲལ་བཟང་ནམ་ཕུགས་ངནཿ མ་ངེས་ཐེ་ཚོམ་ཅན་གྱི་མོཿ ཚོམ་བུར་ཤར་ན་ཚེ་རིང་མསཿ ཚེ་སྲོག་རྡོ་རྗེའི་བྲག་ལས་སྲཿ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམཿ དོན་ཕྱ་རི་གཟར་ཅབ་དང་འདྲཿ བསྐོས་པའི་ལས་ལ་སུ་ཡིས་ལྡོགཿ དགྲ་ཕྱ་རབ་ལ་གྲོགས་ཕྱ་འབྲིངཿ ཁྱིམ་ཕྱ་གྱོད་དང་ཁ་མཆུའི་ངོཿ མཐོན་ཕྱ་བཏང་སྙོམས་ཐེ་ཚོམ་མེདཿ ཆོས་ཕྱ་ནམ་ལངས་ཉི་ཤར་འདྲཿ བཀྲ་ཤིས་ཕུན་སུམ་ཚོགས་པའི་མོཿ ཚངས་པ་ཤར་ན་གླང་བཟང་མསཿ སྲོག་ཕྱ་འབྲིང་ལ་དོན་ཕྱ་མཐོཿ དགྲ་ཕྱ་མཁའ་ལ་རྒོལ་བ་འདྲཿ གྲོགས་ཕྱ་ནམ་ཕུགས་ཕུན་སུམ་ཚོགསཿ ཁྱིམ་ཕྱ་འཕྲལ་བཟང་ཕུགས་ངན་ཅིངཿ མགྲོན་ཕྱ་མགྲོན་པོ་སྒོ་རྩར་སླེབསཿ ཆོས་ཕྱ་སེར་གཟུགས་སྡོམ་མེད་དོཿ ལྟར་སྣང་བསླུ་བྲིད་ངོ་དགའི་མོཿ སྒྲོམ་བུ་ཤར་ན་འགྲོ་བཟང་མསཿ སྲོག་ཕྱ་རྡོ་རྗེའི་བྲག་དང་འདྲཿ དོན་ཕྱ་ད་རེས་བཤོལ་དང་ལེགསཿ དགྲ་ཕྱ་རྩོད་དང་གཡུལ་ལས་རྒྱལཿ གྲོགས་ཕྱ་མི་བརྟན་འགྱུར་ལྡོག་ཅནཿ ཁྱིམ་ཕྱ་བདེ་སྐྱིད་ཕུན་སུམ་ཚོགསཿ མགྲོན་ཕྱ་ཟ་འདྲེ་ལག་སྟོང་ཅནཿ ཆོས་ཕྱ་ཆོས་མེད་སྐྱིད་པར་འོངཿ འཇིག་རྟེན་མཐུན་འཇུག་ཙམ་གྱི་མོཿ རྨིག་པ་ཤར་ན་མགྲིན་བཟང་མསཿ སྲོག་ཕྱ་རིམ་གྲོས་བསླུས་པ་ཙམཿ དོན་ཕྱ་ཕྱི་ཐལ་ཆེ་བར་འོངཿ དགྲ་ཕྱ་མདའ་མོ་སྐེད་པར་ཆགཿ གྲོགས་ཕྱ་བཏང་སྙོམས་ཙམ་དུ་འདུགཿ ཁྱིམ་ཕྱ་འཕྲལ་དར་ཕུགས་ན་གུདཿ མགྲོན་ཕྱ་ངོ་སོ་དང་བཅས་འོངཿ ཆོས་ཕྱ་བརྟན་ཆགས་རི་ཚུགས་ཟིནཿ རྣམ་རྟོག་རླུང་གིས་སྐྱོད་པའི་མོཿ ས་མ་ཡཿ མ་འོངས་ལྟ་སྒོམ་ཏིང་འཛིན་གྱིཿ དྲོད་ཚད་མེད་པར་འོལ་ཚོད་ཀྱིསཿ མངོན་ཤེས་ཅ་ཅོར་སྒྲོགས་པའི་ཚེཿ སྨན་བཙུན་སེམས་ཀྱི་ཆོ་འཕྲུལ་ལྔསཿ ཐེ་ཚོམ་མདུད་པ་རང་སར་གྲོལཿ ས་མ་ཡཿ རྩོད་དུས་བསྐལ་པའི་སྙིགས་མ་ལཿ སྲིད་པའི་བདེ་སྡུག་མ་མོས་བྱེདཿ དེ་ཚེ་དབྱིངས་རིག་བརྟུལ་ཞུགས་ཀྱིསཿ ལྷ་མོའི་སྟོང་སྲོག་དབང་ཐོབ་པའིཿ རང་བྱུང་སྤྲུལ་པའི་རྡོ་རྗེ་དེསཿ ཌཱཀྐི་གསང་བའི་བརྡ་རིས་ནསཿ ནོར་འཁྲུལ་གབ་སྦས་མེད་པར་བསྒྱུརཿ གཞན་ཕན་རྒྱ་ཆེར་སྤྱོད་པར་ཤོགཿ ཿས་མ་ཡཿ རྒྱ་རྒྱ་རྒྱཿ དགེའོཿ ཿ