ལེགས་བྱས་ཡོངས་བསྔོའི་བརྗོད་པ་ཕྲིན་ལས་མི་ཟད་པའི་དབྱངས།

From Khyentse Lineage - A Tsadra Foundation Project
JLKO-KABUM-01-KA-001
Wylie title legs byas yongs bsngo'i brjod pa phrin las mi zad pa'i dbyangs
Location 'jigs gling bka' 'bum
Volume 1, Text 1, Pages 1-24 (Folios 1a1 to 12b3)
Author ཀུན་བཟང་རྣམ་རྒྱལ་
Less details More details
Citation Kun bzang rnam rgyal. Legs byas yongs bsngo'i brjod pa phrin las mi zad pa'i dbyangs. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 1: 1-24. New Delhi: Shechen Publications, 2025.
Genre Printing Colophon Prayers - par byang smon tshig
Colophon

ཅེས་པའང་མགོན་པོ་གང་གི་བཀའ་དྲིན་གྱིས་འཚོ་བ་ཨོ་རྒྱན་རིག་འཛིན་ཀུན་བཟང་རྣམ་རྒྱལ་ཞེས་བགྱི་བས། འོད་གསལ་ཐེག་མཆོག་གླིང་གི་ཆོས་སྡེར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།

ces pa'ang mgon po gang gi bka' drin gyis 'tsho ba o rgyan rig 'dzin kun bzang rnam rgyal zhes bgyi bas/_'od gsal theg mchog gling gi chos sder sbyar ba dge legs su gyur cig/

[edit]

༄༅། །ཀ རྨ ན ཀྵ ཡ སཾ ར བཾ ནཱ མ སུ ཀྲྀ ཏཾ པ རི ཎཱ མོ དྡི ཥྚཾ བི ཧ ར ཏིསྨ། །

༄༅། །ལེགས་བྱས་ཡོངས་བསྔོའི་བརྗོད་པ་ཕྲིན་ལས་མི་ཟད་པའི་དབྱངས་ཅེས་བྱ་བ་བཞུགས། །

༄༅། །ཀུན་མཁྱེན་བླ་མ་རིག་འཛིན་འཇིགས་མེད་གླིང་པའི་བཀའ་འབུམ་ཡོངས་རྫོགས་པར་དུ་བཞེངས་པའི་ཚུལ་ཡོངས་བསྔོའི་བརྗོད་པ་ཕྲིན་ལས་མི་ཟད་པའི་དབྱངས་ཞེས་བྱ་བ། བླ་མ་དང་པོའི་སངས་རྒྱས་ལ་ཕྱག་འཚལ་ལོ། །གང་ཞིག་གདོད་ནས་དག་པའི་ཡེ་ཤེས་འགྱུར་བ་མེད་པའི་རང་བཞིན་ལས། །དུ་མའི་རྣམ་རོལ་འགགས་པ་དང་བྲལ་གདུལ་བྱའི་བསོད་ནམས་ལ་འཕོས་ཚེ། །གློ་བུར་དྲི་མ་ཡོངས་སུ་དག་སྟོན་སྤངས་རྟོགས་རྫོགས་པའི་ཚུལ་གསར་པས། །དཀྱིལ་འཁོར་རྒྱ་མཚོའི་དབུས་ན་བརྗིད་གྱུར་རྡོ་རྗེ་འཆང་དབང་བླ་མར་འདུད། །ཇི་ལྟ་མཁྱེན་པ་དམིགས་པས་མ་ཡིན་ཞིང་། །ཇི་སྙེད་གཟིགས་གྱུར་ཀུན་རྟོག་དང་བཅས་མིན། །དེ་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་ནི། །མཁའ་ཁྱབ་སྙོམས་པར་བཀོད་པའི་བླ་བྲེ་ཡིན། །སོ་སོ་ཡང་དག་རིག་པའི་ཆུ་འཛིན་ལས། །མི་འཇིགས་རྣམ་བཞིས་ལྡིར་བའི་སྒྲ་བརྒྱ་པ། །གླལ་བའི་ཁ་ཕྲུ་ལུང་རྟོགས་བདུད་རྩིའི་ཆར། །གདུལ་འགྲོའི་བློ་ཡི་ཞིང་སར་ཉིལ་ཉིལ་འཇོ། །སྐལ་བཟང་དཔྱིད་ཀྱི་དུས་སྟོན་དར་བབ་པའི། །རྒྱན་གྱུར་ཚོགས་མཆོག་ཆུ་སྐྱེས་གསར་པའི་ཚལ། །སྤངས་རྟོགས་སྦྲང་རྩིས་རྒྱས་གྱུར་ཟེའུ་འབྲུའི་འཛུམ། །བསོད་ནམས་ཞིང་དུ་འཇོ་སྒེག་ཅིར་ཡང་དངོམས། །ཐུགས་བསྐྱེད་དམ་བཅའ་རཏྣའི་གདུབ་ཀོར་ལ། །དད་གུས་སྙན་བརྣན་ཆོ་ག་ལྕགས་ཀྱུའི་རྩེ། །འཐོགས་པར་གཤིས་ཀྱིས་གྲུབ་སླད་དེང་བཏབ་པས། །བསོད་ནམས་ཡོངས་བསྔོའི་དཔང་དུ་དོན་གཉེར་བགྱེད། །དཀོན་མཆོག་དད་པའི་ཡུལ་ལ་མགོས་བཏུད་ཅིང་། །ལུས་སྟབས་ཕྱག་གིས་བྲེལ་ལ་འགྲན་གྱུར་པའི། །འབྲས་ལྡན་འཁྲི་ཤིང་རླུང་གིས་བསྐྱོད་པས་ཀྱང་། །མི་མཚོན་སྤྲུལ་པའི་ལུས་རྟེན་ཞིང་རྡུལ་སྙེད། །བདོག་དགུས་མཚོན་པའི་དངོས་པོའི་མཆོད་རྫས་དང་། །བློས་བསྟར་ཟད་པ་མེད་པའི་སྤྲིན་ཚོགས་ཀྱིས། །འཁྱུད་པའི་ལང་ཚོ་ཟླ་བ་བདུད་རྩིའི་གཏེར། །གཏོང་སླད་དཀོན་མཆོག་མདུན་སར་རྒྱུག་ཅིང་བཀོད། །སྒྲིབ་གཉིས་མུན་པའི་ཆུ་མཚོར་རྣལ་ཕབ་པའི། །སྲིད་གཟུགས་གདེང་ཅན་སྙིང་ལ་གཟས་གྱུར་པ། །སྟོབས་བཞི་མཁའ་ལྡིང་སྡེར་མོ་རྩལ་རྫོགས་པས། །སྙིང་པོ་གཙུག་གི་རིན་ཆེན་ལྗོན་པར་ཕྱུང་། །དྲང་སྲོང་དེད་དཔོན་དམ་པའི་མཐུར་བརྟེན་ནས། །བདེན་གཉིས་རིན་ཆེན་གླིང་དུ་རྐང་བཀོད་པའི། །དོན་མཐུན་ཁྱུ་ལ་དམིགས་པའི་ཡི་རངས་ཀྱི། །རླུང་གིས་ལྷག་བསམ་བ་དན་ཕྱོགས་དེར་བསྐྱོད། །དུང་དང་འཁོར་ལོས་ལྕི་བའི་ལག་སོར་གྱིས། །བསོད་ནམས་ཉོས་པའི་མིག་སྟོང་གདོང་བཞིར་བཅས། །སྙིང་ལ་ཉལ་བའི་གཞན་དབང་མ་བཟོད་པས། །འབྲས་བུ་ཡེ་ཤེས་བཅས་པའི་ཆོས་ཆར་སློང་། །གདུལ་འགྲོའི་བསོད་ནམས་དཀར་པོའི་ཆུ་སྐྱེས་ཀྱི། །ཟེའུ་འབྲུ་གཡུང་དྲུང་འཁྱིལ་པའི་སྟན་བཤམས་ནས། །མཆོག་གསུམ་སྣང་བ་ཇི་སྲིད་འཁོར་མཐའི་བར། །མི་འགྱུར་འདུ་འབྲལ་མེད་པའི་ལྷག་གནས་བགྱི། །དེ་ལྟར་ལེགས་བྱས་ཡོངས་སུ་བསྔོ་བའི་ཕྱིར། ཚོགས་ཞིང་གི་ཡོན་ཏན་དྲན་ཅིང་དཔང་པོར་གསལ་བ་ནས་ཡན་ལག་སྔ་མ་རྣམས་ཀྱིས་གོ་ཕྱེས་ཏེ་གང་བསྔོ་བྱའི་དོན་ལའང་། སྟོན་དང་བསྟན་པའི་བདག་ཉིད་གསུང་རབ་པུ་སྟི་ཀའི་རྣམ་པ་ཅན་ནི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་རང་བཞིན་དུ་གནས་པས་རྟེན་ཁྱད་པར་དུ་འཕགས་པ་ཡིན་པའི་ཚུལ་མདོ་རྒྱུད་དྲི་མ་མེད་པ་རྣམས་ནས་ཞལ་གསལ་ཞིང་། དེ་ཡང་རྟོག་པས་བརྟགས་པ་དང་། རང་ཉིད་རྟོགས་དགོངས་མཐར་མ་སོན་པས་ཕྱོགས་རེ་ཙམ་ནས་བཤད་པའི་བསྟན་བཅོས་རྣམས་ལས་ནི། ས་ནས་སར་འཕར་ཞིང་སྤང་རྟོགས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་རྣམས་ཀྱི་གསུང་གསང་གིས་ཁྱད་པར་དུ་མས་འཕགས་པའི་ཚུལ་ཡང་ལུང་དང་རིགས་པས་གྲུབ་པའི་ཕྱིར། ཡེ་གདོད་ནས་དག་པའི་རང་བཞིན་འགྱུར་བ་མེད་པ་ལས། གང་འདུལ་གྱི་རོལ་གར་སྣ་ཚོགས་སུ་སྣང་བས་གདུལ་བྱའི་དོན་མཛད་པའི་ཚུལ་རིག་འཛིན་དགའ་རབ་རྡོ་རྗེ་སོགས་སྐྱེས་པའི་ཕྲེང་བ་རྣམས་དང་། རྒྱལ་དབང་པདྨས་བསྔགས་པའི་ལུང་གིས་ཀྱང་ཤེས་ཤིང་། འདིར་ཡང་བསྟན་པ་ཡོངས་སུ་རྫོགས་པའི་དགོངས་དོན་འཆད་པ་ལ་འཇིགས་པ་མེད་པའི་དབང་ཕྱུག་སྟོན་པ་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པའམ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེ་ཞེས་བགྱི་བའི་བཀའ་འབུམ་རིན་པོ་ཆེ་འདི་ནི་རྒྱལ་བའི་བསྟན་པ་ཐམས་ཅད་ཀྱི་དགོངས་པ་འདུས་པའི་བདག་ཉིད་དེ། ལྔ་བརྒྱ་ཐ་མའི་རྒུད་པས་མནར་བ་ན། བསྟན་པའི་མེ་རོ་སློང་བའི་ཕྲིན་ལས་ཅན་དུ་གྲུབ་པ་ལ་རིས་མེད་པའི་མཁས་གྲུབ་དམ་པ་རྣམས་ཀྱིས་ཐུགས་ཉམས་སུ་བསྟར་བ་ལས་མི་མཐུན་པར་སྨྲ་བ་ནི་མ་བྱུང་བར་ངེས་པའོ། །གང་ལ་བྱ་བ་བྱེད་པ་པོ་ནི། རྒྱལ་བ་མཚོ་སྐྱེས་རྡོ་རྗེའི་ཕྲིན་ལས་འགོག་ཏུ་མེད་པའི་རང་གཟུགས་ལས་ཤར་ཞིང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཙཱ་བ་ཆེན་པོ་རྨ་ཐོག་རིན་ཆེན་དང་། མཁར་ཆེན་དཔལ་གྱི་དབང་ཕྱུག་རྣམས་ཀྱི་ཡེ་ཤེས་གཅིག་ཏུ་བཟླུམས་པའི་རང་གཟུགས་རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ་ཞེས་འབྲེལ་ཚད་དོན་ལྡན་དུ་ལུང་གིས་བསྔགས་པའི་སྐྱེས་བུ་དམ་པ་དེ་ཉིད་ལ་ཀུན་མཁྱེན་བླ་མས་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་ཅིང་དོན་བརྒྱུད་ཀྱི་དགོངས་པ་འཕོས་པས། བརྒྱུད་པ་རིམ་ཅན་ལ་ལྟོས་པའམ། མ་ལྟོས་ཀྱང་རུང་སྟེ་ཉེ་བརྒྱུད་ཀྱི་གདམས་པ་ཟབ་མོས་ཕྱོགས་ཐམས་ཅད་དུ་ཁྱབ་པར་མཛད་པའི་གྲུབ་དབང་དམ་པ་དེ་ཉིད་ལ་རྡོ་རྗེའི་ལུང་གིས་བསྟན་པ་བཞིན། ཁྲོམ་ཞེས་བྱ་བའི་ཡུལ་གྲུ་གཙང་མར། ཡོན་ཏན་གྱི་གནས་ཆེན་རྡོ་རྗེ་ཡོངས་རྫོང་གི་ཉེ་ཆར་བཀྲ་ཤིས་དུང་དཀར་སྒང་ཞེས་པའི་དབེན་གནས། ལྷ་དང་རིག་འཛིན་མཁའ་འགྲོ་རྒྱ་མཚོས་སྤྲིན་ལྟར་དུ་གཏིབ་པའི་ཞིང་ཀླུ་དབང་ནོར་རྒྱས་བུ་ཡི་གཙུག་ཏོར་གྱིས་བཏེགས་པའི་གཞིར་དཔལ་ས་ལ་སྤྱོད་པའི་འོག་མིན་དུ་བྱིན་གྱིས་བརླབས་ནས་གདན་ས་མཛད་དེ་འོད་གསལ་ཐེག་མཆོག་གླིང་ཞེས་གྲགས་པའི་དྲི་བསུང་ཕྱོགས་བཅུར་འཐུལ་བཞིན་བསྟན་པའི་བཙས་གསུམ་སྣང་བའི་དམ་བཅའ་མི་ཉམས་པར་བྱེད་པའི་རང་བཞིན་ཅན་གཅིག་ཏུ་བྱུང་ངོ་། །དེའི་ཚེ་དེ་ལ་སེམས་དཔའ་ཆེན་པོ་རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་པའི་དམ་པའི་གདུང་བརྒྱུད་ཆེན་པོ་གསུམ་བྱུང་སྟེ། ཐམས་ཅད་ཀྱང་མཁས་གྲུབ་མཚུངས་ཟླ་བྲལ་བའི་སྐྱེས་ཆེན་དུ་མའི་རྣམ་རོལ་གྱིས་ཞིང་ཁམས་རྒྱ་མཚོར་འགྲོ་དོན་ལ་ཆས་པ་ཤ་སྟག་ལས། ད་ལྟ་བོད་ཆེན་པོའི་ལྗོངས་སུ་གཟུགས་སྐུའི་སྣང་བ་ཐོབ་པ་ནི་གདུལ་བྱ་མཐའ་ཡས་པའི་བསོད་ནམས་མི་ཆུང་བ་གཅིག་ཏུ་དཀར་བའི་མངོན་རྟགས་སུ་གྱུར་ཏོ། །དེ་རྣམས་ལས་གཉིས་པ་ནི། དཔལ་གསང་བདག་ལག་ན་རྡོ་རྗེའི་ཐུགས་རྗེའི་རང་གཟུགས་བཞིན་ལག་གི་རྣམ་པ་ཅན་ཏེ། མཐུན་སྣང་དུ་ཞི་ཞིང་དེས་ལ་རྒྱུད་འཇམ་པའི་ངང་ཚུལ་ལས་ནམ་ཡང་མི་འདའ་བས་ན། ཉོན་མོངས་པས་ཀུན་ནས་དཀྲུགས་པའི་འགྲོ་བ་རྨུ་རྒོད་རྣམས་ཀྱང་དུས་ཐམས་ཅད་དུ་དགའ་ཞིང་འདུ་བས་ཕྲིན་ལས་ཀྱི་སྒོ་ཡངས། སྤྱོད་ལམ་ཐམས་ཅད་ཀྱང་དམ་པའི་ཚུལ་ལས་མི་འདའ་ཞིང་གཞན་ལ་ཕན་པ་དང་། བདེ་བ་དང་། དེའི་དོན་དུ་འགྱུར་བ་ཁོ་ན་ལས་མེད་པས་གདུལ་བྱ་ཐམས་ཅད་འདུན་པ་དང་། གུས་པ་དང་། དད་པ་ངང་ངམ་ཤུགས་ཀྱིས་འཕེལ། ཐུགས་རྒྱུད་ལ་སྒྲིབ་པ་ཡེ་ནས་མེད་པས་ཞལ་མཐོང་བ་དང་། གསུང་ཐོས་པ་ཙམ་གྱིས་ཀྱང་གཞན་སྣང་འགྱུར་ནུས་ཤིང་། དེའི་བློ་མངོན་སུམ་དུ་མཁྱེན་པས་རང་རྒྱུད་དང་འཚམས་པའི་གདམས་པ་སྣ་ཚོགས་ཀྱིས་བསྐྱངས་པས་ཀུན་ཀྱང་སྲང་དུ་ཚུད་པ་ཁོ་ན་ཉིད་དུ་གྱུར། ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་སྤྱི་དང་། འོད་གསལ་རྡོ་རྗེ་སྙིང་པོ་ཡང་གསང་སྙིང་ཐིག་གི་གནད་རྣམས་ཇི་བཞིན་དུ་འདོམས་པ་ནི་ད་ལྟའི་དུས་ན་འདི་ཙམ་ཞེས་མཁས་གྲུབ་མང་པོའི་མགུལ་པ་ནས་རང་རྡོལ་དུའང་བྱུང་བ་ལྟ་བུ་ཡིན་ཏེ་ཀུན་གྱི་ཅོད་པན་གྱིས་བདར་བའི་ཞབས་པད་དྲི་མ་དང་བྲལ་བ་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ན་རིག་པ་འཛིན་པ་འགྱུར་མེད་རྡོ་རྗེའམ་རྡོ་རྗེ་རབ་བསྔགས་རྩལ་ཞེས་ཡོངས་སུ་གྲགས་པའོ། །དེ་ལྟར་རང་ཉིད་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཏུ་གྱུར་པ་ཉིད་ནའང་། དངོས་པོའི་ཟང་ཟིང་མ་བསྒྲུབ་བཞིན་བྱུང་བ་ཐ་དག་མཆོད་སྦྱིན་ཁོ་ནའི་ཕྱོགས་སུ་གཏོང་བ་དང་། གཞན་གྱི་སྲོག་བསྐྱབས་ཤིང་འཁོན་བསྡུམ་པ་དང་ཆོས་སྟོན་པ་རྣམས་ཀྱང་ཕྱོགས་སུ་མ་ལྷུང་བ་དང་། དུས་ཐམས་ཅད་དུ་ཉེས་སྤྱོད་ཀྱི་ཆ་སྡོམ་པ་དང་། ཆོས་ཀྱི་སྒོ་ཐམས་ཅད་སྡུད་པ་ལ་ཆོག་ཤེས་མེད་པ་དང་། གཞན་དོན་མི་གཡེལ་བ་དང་། དེ་ལ་སོགས་པའི་སྐབས་ནམ་དུ་ཡང་། འོ་བརྒྱལ་བའི་རྣམ་འགྱུར་མི་བཞེས་པ་དང་། འཁོར་གྱི་ལོག་སྒྲུབ་ཇི་ཙམ་བསགས་ནའང་མི་འཁྲུགས་པ་དང་། ཟབ་མོའི་དོན་ལ་ཤིན་ཏུ་དགྱེས་པ་དང་། དུས་རྟག་ཏུ་ལྷོད་པར་མི་གནས་པ་དང་། ཏིང་ངེ་འཛིན་ལ་རྟག་ཏུ་གནས་པ་དང་ལྡན་པ་སྟེ། དེ་དག་ཀྱང་སྒྱུ་མའི་བལྟ་བས་བལྟས་ཏེ་གདུལ་བྱ་ཐ་དག་ལ་གདམས་པའི་དོན་དུ་དགོངས་པ་ཅན་གྱི་མཛད་སྤྱོད་ཡོངས་སུ་སྤྱད་པར་བྱེད་པའོ། །དེ་ཉིད་སྔོན་ཚེ་རྣམས་སུ་འཕགས་བོད་ཀྱི་ལྗོངས་ན་སྐྱེ་བ་བཞེས་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་རབ་རྡོ་རྗེ། རོང་ཟོམ་ཆོས་ཀྱི་བཟང་པོ། ཀློང་ཆེན་རྡོ་རྗེ་གཟི་བརྗིད། གར་དབང་གཏེར་བདག་གླིང་པ། པདྨ་མདོ་སྔགས་བསྟན་འཛིན་སོགས་དང་། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། འགྲོ་མགོན་དབང་སྡུད་སྙིང་པོ་སོགས། སངས་རྒྱས་ཁོ་ན་ལྟ་བུ་རྣམས་དང་། མ་འོངས་པ་ན་བདེ་གཤེགས་རྣམ་རོལ་མཐའ་ཡས་སུ་སངས་རྒྱས་སྤྲུལ་སྐུའི་མཛད་པའང་སྟོན་པར་འགྱུར་རོ། །དེ་ནི་ད་ལྟ་ཞིང་འདིའི་མགོན་དུ་འཚོ་ཞིང་གཞེས་ལ་སླད་ཀྱང་བསྐལ་པ་ཇི་སྲིད་དུ་ཞབས་པད་བརྟན་པའི་རང་བཞིན་ཅན་ནོ། །དེས་ནི་འདི་ལྟར་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ་དམ་པ་འོད་གསལ་མན་ངག་སྡེའི་གྲུབ་མཐའ་ལས་བརྩམས་ཏེ་བསྟན་པ་རྒྱ་མཚོ་ལམ་སྟེགས་སུ་བཤད་པའི་ཆོས་ཚུལ་ཀུན་མཁྱེན་བཀའ་འབུམ་འདི་ཡི་གེ་གྲངས་མང་ལ་རྒྱུན་མི་འཆད་པའི་བྱེད་པོ་པར་གྱི་འཕྲུལ་དུ་བསྐྲུན་དགོས་པར་བཞེད་ནས། བྱེད་པ་པོ་རྣམས་ལ་ཇི་ལྟར་འདོད་པའི་ཡོ་བྱད་གཏན་པ་མེད་པ་ལྟ་བུས་མདུན་བསྟར། བྱམས་པ་དང་བརྩེ་བའི་གསུང་སྙན་གྱིས་མགྲོན་དུ་བོས་ནས་དབྱར་རིལ་པོ་བཞིའི་ཁོངས་སུ་གེགས་མེད་པར་གྲུབ་པར་མཛད་པ་ཡིན་ལ། དེ་དག་གི་སྐབས་རྣམས་སུའང་ལྷ་དཀར་ཕྱོགས་སྐྱོང་བ་རྣམས་དང་། སྲོག་བདག་གསུམ་སོགས་རྡོ་རྗེའི་ཆོས་སྐྱོང་སྲུང་མ་རྣམས་དང་། མི་དང་མི་མ་ཡིན་སོགས་ཆོས་ལ་དགའ་བ་རྣམས་ཀྱང་ཡི་རང་འབུལ་བའི་རྣམ་འགྱུར་དང་ལྡན་པ་ཁོ་ན་ཏེ་ནག་ཕྱོགས་རྣམས་ཀྱང་ཐོ་འཚམས་པ་ལ་འོང་བར་མ་སྤོབས་སོ། །དེ་ལྟ་བུར་བཞེངས་པའི་ཆོས་སྡེ་དེ་ལ་སྔར་མི་དབང་ཆོས་ཀྱི་རྒྱལ་པོ་ལ་སྡེ་དགེ་རིན་པོ་ཆེས་ལྷུན་གྲུབ་སྟེང་དུ་བཞེངས་པའི་པར་ཤོག་ཚད་རིང་པོ་ཅན་ལ་པུསྟི་ཀཿདགུར་བསྡོམས་པ་ཉིད་ནའང་། དེ་ལས་འཛིན་བདེ་བར་ཤོག་ཚད་འབྲིང་པོའི་གྲས་སུ་བགྱིས་པས་པོད་བཅུ་བཞིར་གྱུར་ཏེ། སྔར་དགེ་རྩེ་མ་ཧཱ་པཎྜི་ཏས་གནང་བའི་དཀར་ཆག་རྒྱས་པ་ཆོས་རབ་རྣམ་འབྱེད་ལས་གསལ་བའི་གོ་རིམ་འཆོལ་མི་ཕོད་པ་ལྟར་ནའང་། པོད་ཁ་སྙོམས་པ་གཙོ་བོར་བྱས་ནས་ཚན་ཁ་ཤས་སྔ་ཕྱིར་ནུར་ཞིང་པོ་ཏི་རེ་རེ་བཞིན་བཞུགས་བྱང་བཅས་བསྣན། གཞུང་དོན་རྡོ་རྗེའི་ཚིག་ལ་དཔྱད་ཞུས་ཀྱི་སྒྲོ་བཏགས་ཀྱིས་ཡུལ་སོ་སོའི་སྐད་ལུགས་དང་བརྡ་དག་ཕྱོགས་རེ་བའི་འདོད་པར་འཐེན་པ་ནི་དངོས་སུ་དོན་གྱི་དབྱིངས་རྒྱ་ཆེ་བ་རང་བློས་ཀྱོག་པ་དང་། བལྟར་མི་མངོན་པར་བྱིན་རླབས་ཀྱི་ཚན་ཁ་བཅོམ་པ་པོར་ངེས་པས་ཚིག་ལ་ཧ་ཅང་ཞེན་པ་དང་། ཡིག་ནོར་དམིགས་བསལ་གྱི་རྒྱུན་བཞག་པ་གཉིས་ཀ་མ་བྱས་པར་མ་ཕྱི་ལ་གཏུག་པའི་དཔེ་བསྡུར་དོ་དན་ཙམ་དུ་མཁས་པ་གཞན་དང་། དམན་བུ་བདག་ཉིད་ཀྱིས་ཀྱང་གུས་པས་བསྒྲུབ་ཅིང་། དམིགས་བསལ་བདེན་གཉིས་ཤིང་རྟ་བྱང་སེམས་སྐོར་དབུ་མའི་བཞེད་འགྲེལ་ཅན་ལ་འཕྲོས་དོན་དུ་དེང་སང་ཞེས་པ་ནས་ཁྱད་ཆོས་བརྒྱད་པོ་བཤད་པར་དེ་ཡང་ཞེས་ཡིག་ནོར་རྒྱུན་འབྱམས་སུ་འདུག་པ་ཀུན་མཁྱེན་བླ་མའི་དངོས་སློབ་ཆེན་པོ་འཇིགས་མེད་ངོ་མཚར་གྱི་ཕྱག་བྲིས་ཅན་དུ་གསལ་བ་ལྟར་དེང་སང་ཞེས་བྲིས་ཡོད་པ་དང་། གཞན་ལུང་འདྲེན་དང་ས་བཅད་ཁ་ཤས་ཙམ་ཡི་གེ་ནོར་བ་སོར་བཅུད། སྣ་ཚོགས་སྐོར་ལ་བླ་མ་ཐུགས་ཀྱི་སྙིང་པོའི་ཀ་དག་གི་ཁྲིད་ཡིག་སྣང་གསལ་སྒྲོན་མ་ཞེས་པ་གསར་དུ་རྙེད་པ་ལ་ལུང་རྒྱུན་མི་བཞུགས་ཀྱང་དཔེ་རྒྱུན་བཞག་པ་དང་། གཏེར་པོད་སྐོར་ལ་ཞི་ཁྲོ་ངན་སོང་སྦྱོང་བའི་གཏེར་གཞུང་མཁྱེན་སྤྲུལ་རིན་པོ་ཆེའི་ཕྱག་ནས་བྱུང་བ། དབང་གི་སྤྱི་དོན་མཐར་ཀུན་མཁྱེན་ཆེན་པོའི་ཕྱག་ཐོ་ཤོག་བྱང་གཅིག་ཅན་བཅས་གསར་རྙེད་དང་། ཡེ་ཤེས་བླ་མའི་སྐབས་ལུང་འདྲེན་རྒྱུད་ཚིག་ཅན་དང་། ས་བཅད་ཅིག་ལ་ཁ་གསལ། ཀུན་མཁྱེན་ཞལ་ལུང་ལ་ཆད་འཛུད་བྲི་རྒྱུན་ཉམས་པ་ཁ་ཤས་བཅས་མཁས་གྲུབ་དམ་པ་མང་པོའི་ཕྱག་བརྒྱུད་ཀྱི་དཔེ་དང་བསྟུན་པ་ཙམ་བཅས་ཀྱི་བྱ་བའང་བགྱིས་པ་ལགས། དེ་ལ་གླེགས་བམ་དང་པོ་ ཀ༽ པ་ལ་ ཡོན་ཏན་རིན་པོ་ཆེའི་མཛོད་རྩ་བ་དང་། མཚན་ཉིད་ཐེག་པའི་དོན་རྒྱ་ཆེར་འགྲེལ་བདེན་གཉིས་ཤིང་རྟའི་སྟོད་དུམ། ཁ༽ པ་ལ་ བདེན་གཉིས་ཤིང་རྟའི་སྨད་དུམ། ག༽ པ་ལ་ རིག་པ་འཛིན་པའི་སྡེ་སྣོད་ཀྱི་རྒྱ་ཆེར་འགྲེལ་རྣམ་མཁྱེན་ཤིང་རྟའི་སྟོད་དུམ། ང༽ པ་ལ་ དེའི་སྨད་ཆ་དང་། བསྐྱེད་རྫོགས་དང་སྒོམ་ཕྱོགས་ཀྱི་དྲིས་ལན་སྐོར་བཅས་སོ། ། ཅ༽ པ་ལ་ བསྟོད་ཚོགས་སྐོར་ཚན་པ། བླ་མ་དགོངས་པ་འདུས་པའི་ཆོ་གའི་རྣམ་བཤད། མདོ་སྔགས་སྨོན་ལམ་གྱི་འགྲེལ་པ། ཀུན་བཟང་སྨོན་ལམ་གྱི་འགྲེལ་པ་བཅས་སོ། ། ཆ༽ པ་ལ། དྲིས་ལན་ལུང་གི་གཏེར་མཛོད། སྔ་འགྱུར་རྙིང་མ་ལ་རྒོལ་ངན་ལོག་རྟོག་བཟློག་པའི་བསྟན་བཅོས་ལ་རྣོ་སོ་གསར་བསྣན་ཅན། ཆབ་ཤོག་སྐོར་བཅས་སོ། ། ཇ༽ པ་ལ་ གཏམ་གྱི་ཚོགས་ལེའུ་བདུན་ཅུ་དོན་གསུམ་ཅན། ཉ༽ པ་ལ་ སྣ་ཚོགས་སྐོར། ཏ༽ པ་ལ་ རྒྱུད་ལུགས་ཕུར་པ་སྐོར། ཐ༽ ད༽ ན༽ རྣམས་ལ་གཏེར་པོད་སྐོར་ལེ་ལག་དང་བཅས་པ། པ༽ པ་ལ་ སྔ་འགྱུར་༼༡༤༽རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད། ཨ༽ པ་ལ་ རྣམ་ཐར་རྒྱས་བསྡུས་ཚན་གསུམ། གསན་ཡིག་དང་བཅས་བཞུགས་པའོ། །དེ་དག་འབོར་བསྡོམ་པར་ཤོག་གྲངས་སྟོང་ཕྲག་ལྔ་དང་ཆིག་བརྒྱ་བཅོ་ལྔ་ཙམ་དུ་སོན་པ་རྣམས་ལ་དབུ་ལྷ་མདོ་སྔགས་ཀྱི་སྟོན་པ་དང་། འཕགས་བོད་ཀྱི་པཎ་གྲུབ་མང་པོ། ཀློང་སྙིང་རང་གཞུང་ལས་བྱོན་པའི་རྩ་གསུམ་ཕལ་ཆེ་བ། མཇུག་ལྡེབ་འགར་ཐུགས་རྟེན་མཆོད་སྡོང་། སྙིང་ཏིག་རང་གི་སྲུང་མ་གཙོ་ཆེ་བའི་སྣང་བརྙན་རྣམས་ཅི་རིགས་པས་མཛེས་པར་བྱས་ཤིང་། དེ་དག་གི་བྱ་བ་ལག་ཏུ་ལེན་པའི་བྲི་རྐོས་རྣམས་ལའང་འདྲེན་པ་དམ་པས་ཆོས་ཀྱི་འབྲེལ་པས་མཚམས་སྦྱར། ཟང་ཟིང་གི་རེ་བ་ཡིད་བཞིན་དུ་བསྐང་ཞིང་འཇམ་པའི་གསུང་གིས་དབུགས་དབྱུང་བཅས་གནང་བ་མ་གཏོགས་ཆེ་བཙན་གྱི་བྱ་བས་གཅུར་བ་སོགས་གནོད་སྦྱོར་གྱི་རྣམ་པ་ནི་ལྟ་ཅི་སྨོས་ཏེ་ཡིད་ཅུང་ཟད་སུན་པ་ཙམ་ཡང་མི་བྱ་བར་དགོངས་པ་བཞིན། ཉེ་གནས་ཀྱི་གྲྭ་ཚོགས་ནས་ཀྱང་དེ་དག་ལ་བཟའ་བཏུང་སྟོབ་པ་དང་ཡོན་དངོས་སྦྱར་བ་རྣམས་སོགས་ལ་ཚུལ་བསྟི་སྟངས་དང་བཅས་པས་བགྱི་བ་མཐར་ཕྱིན་པའི་ཚེ་ཤོག་བུའི་རིན་དང་། པར་ཤིང་ཉོས་བཞོག་བཅས་བསྡོམས་པར་རིན་ཆེན་གཉིས་པའི་གོར་མོ་ལྔ་ཁྲི་ཆིག་སྟོང་བདུན་བརྒྱ་སོ་བདུན་གྱི་རིན་འབབ་ཙམ་ནི་རགས་རྩིས་སུའང་ངེས་པར་སོང་བ་སྟེ། དེའི་ཁོངས་སུ་འབྱོར་ལྡན་འགའ་ཞིག་རྣམ་དཀར་གྱི་བསོད་ནམས་ལ་སྤྲོ་བས་དངོས་རྫས་ཞལ་འདེབ་ཀྱི་ཚུལ་དུ་བྱུང་བའང་ཡོད་དེ། ཕུ་ཐང་མགོན་བསམ་ནས་གོར་རྙིང་སྟོང་ཕྲག །སྒ་རྗེ་དཔོན་མོ་ཚེ་རིང་དཔལ་མོ་ནས་གོར་ཁྲི་གཅིག་སྟོང་གཉིས་དང་དགུ་བརྒྱའི་བབ། འདུས་སྡེའི་སྤྱི་ལས་སྦྱིན་པ་དང་། དགེ་ལེགས་གཉིས་ཀྱི་རྩིས་འཕར་གོར་ཉིས་བརྒྱ། བཙུན་མ་ཤེས་རབ་མཚོས་གོར་ཉིས་བརྒྱ་ལྔ་བཅུ། ཐང་ལོ་གཏེར་སྲས་རྣམ་རྒྱལ་ནས་གོར་ལྔ་བཅུ་དང་། མའི་དགེ་རྩར་གོར་དྲུག་ཅུ་རེ་ལྔ་བབ། དགེ་ལེགས་འདས་པའི་ཆེད་གོར་བརྒྱ་ཉི་ཤུ་བབ། མཁའ་འགྲོ་ཡེ་ཤེས་སྒྲོན་མ་འདས་པའི་གོར་དྲུག་ཅུ་བབ། བླ་མ་དམ་པ་ཡེ་ཤེས་རྒྱ་མཚོའི་ཕྱག་ནས་གོར་བརྒྱད་བརྒྱ་དོན་ལྔ་བབ། རྫ་རྒྱུད་འཇུ་མང་དཔོན་སྡེ་སྐོར་ནས་གོར་སུམ་བརྒྱ་ཉི་ཤུ། དཔལ་སྒྲོན་གོར་རྙིང་བཅུ། རྡོ་རྗེ་མཚོས་གོར་གཅིག །ཆོས་དབྱིངས་གོར་བཅོ་ལྔ་། སང་ཆོས་གོར་གཉིས། རྡོ་རྗེ་གོར་དགུ། ཨོན་མོའི་ཨ་སྐ་འདས་པའི་ཆེད་གོར་ཆིག་སྟོང་དྲུག་བརྒྱ་དོན་ལྔ་བབ། ཨོ་རྒྱན་ལྷ་མོས་གོར་གསུམ། ཚུལ་ཁྲིམ་སྒྲོན་མས་གོར་ཞེ་གཉིས་བབ། ཨ་ཚེ་གོར་བཞི་བབ། བསམ་གཏན་ཆོས་སྒྲོན་གོར་དྲུག་བབ། ཨ་བསོ་གོར་གཅིག །དཔལ་དབྱངས་གོར་གཉིས། ཕྲིན་ལས་རྣམ་རྒྱལ་ནས་མ་རྒན་གྱི་དགེ་རྩར་གོར་བརྒྱ་སོ་ལྔ་བབ། པདྨ་གོར་དོན་ལྔ་བབ། སྦྲ་རིང་གོར་བརྒྱད་ཅུ་བབ། ཞི་བ་ཆོས་མཚོའི་ཆེད་གོར་བཅུ། གོ་འཇོ་ཞིག་གི་གོར་བདུན་ཅུ་བབ། གཡུ་ལྷ་ནས་གོར་སྟོང་ཕྲག་གཅིག་བབ། སྦྱིན་པས་གོར་སུམ་བརྒྱ་གྱ་དྲུག་བབ། ནོར་དབང་འདས་པའི་དགེ་རྩར་གོར་བརྒྱ་གྱ་གཉིས་བབ། དར་རྒྱས་ཆེད་གོར་བརྒྱ་བབ། གྱང་སྒང་བས་གོར་ཆིག་སྟོང་གཅིག་བརྒྱ་བཅུའི་བབ། བཀྲ་ཤིས་རྡོ་རྗེ་ནས་རྡིལ་ཚད་བཅུ་བབ། མ་རེ་བསོད་རྡིས་ནས་གོར་སོ་ལྔ་བབ། ཆོས་མཚོའི་ཆེད་གོར་ཉི་ཤུ། འཛིང་བསོད་ནམས་དོན་གྲུབ་གོར་གཉིས། ཆོས་དབྱིངས་སྒྲོན་མ་གོར་སོ་ལྔ་བབ། ཁྱུང་པོ་ཐུབ་བསྟན་གོར་ཉིས་བརྒྱ་བཞི་བཅུ། ཚེ་རིང་བཀྲ་ཤིས་གོར་སུམ་བརྒྱ་ཉི་ཤུ་བབ། ཇོ་མོ་ཞིག་ནས་གོར་དྲུག །སྒྲོན་མ་ནས་གོར་བཅུ། ཕུན་ཚོགས་དབང་སྒྲོན་གོར་བཅོ་ལྔ་བབ། ཨུ་རྒྱན་ཆེད་གོར་བཅུ་གསུམ་བབ། བོ་ལྷ་གོར་གཅིག །སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེས་གོར་བཞི་བརྒྱ་དང་གཉིས་བབ། བླ་མ་ཟླ་འོད་ཀྱི་དགོངས་རྫོགས་ཆེད་གོར་དགུ་བཅུ། བྲག་ཡབ་ནས་བླ་མ་ཤེས་རབ་ཀྱིས་གོར་བརྒྱད་ཅུ། སྒྲོན་མའི་ཆེད་གོར་བདུན་ཅུ། ཆོས་འཕེལ་ཆེད་གོར་དྲུག་ཅུ། འོའི་ལི་གོར་གསུམ། དཀར་ལོས་གོར་བཅུ། ཆོས་སྒྲོན་གོར་བཅུ། ཨ་ཚོང་གོར་བརྒྱ་བརྒྱད་ཅུ། ལྷུ་མཚོ་གོར་སོ་ལྔ་། པདྨ་དབང་ཕྱུག་གོར་གྱ་གསུམ། དར་རྒྱས་གོར་བཞི། འཕགས་པས་གཉིས་བརྒྱ་ཞེ་གཉིས་བབ། བསོད་སྒྲོན་སུམ་བརྒྱ་དྲུག་ཅུ་བབ། བསོད་ནམས་སེངྒེས་གོར་བཅུ། དར་རྒྱས་གོར་བཞི། ཁྲིད་སྦྱོང་འདུས་སྡེའི་སྤྱི་པ་ཐུབ་བསྟན་ཀརྨ་གཉིས་ནས་གོར་ཆིག་སྟོང་སུམ་བརྒྱ་ཞེ་བདུན་བབ། འཇམ་དབྱངས་ཆོས་གྲགས་གོར་བཅུ། འདུས་སྤྱིའི་རྩིས་འཕར་དུ་ཨ་སྤྲུག གྲགས་པ་གཉིས་ནས་གོར་ཆིག་སྟོང་བདུན་བརྒྱ་བཞི་བཅུ་བབ། ཨ་འགོ་གོར་གཉིས། བཀྲ་ཤིས་བསམ་འགྲུབ་གོར་བཅུ་དྲུག །མཁའ་སྤྱོད་གོར་ཉི་ཤུ། ཨ་ཚུལ་གོར་གཅིག །དཔལ་སྐྱིད་གོར་གསུམ། རྩ་རླུང་འདུས་སྡེས་གོར་དྲུག མཁན་ཨ་འཇམ་གོར་ཉེར་དྲུག །དོན་འགྲུབ་གོར་གཅིག །སྨོན་ལམ་སྐྱིད་གོར་སོ་ལྔ་བབ། སངས་རྒྱས་མཚོ་གོར་གཅིག་བབ། པད་ལྷ་གོར་བཞི། བདེ་བ་ལྷ་མོ་གོར་དྲུག་ཅུ་བབ། ཇོ་མོ་སྤྱིའི་གོར་དོན་དགུ། ཁྲ་རིས་མའི་ཆེད་གོར་བཅུ། སྒོ་འཛི་གཏེར་སྟོན་ནས་གོར་བརྒྱ་ཉི་ཤུ་བབ། ལོ་ཡག་མཚོ་གོར་གསུམ། མ་རེ་འཆི་མེད་གོར་བཅོ་ལྔ་། ཆོས་སྒྲོན་ཆེད་གོར་ཉིས་བརྒྱ། ཚེ་དབང་རིག་འཛིན་གོར་གསུམ། ཚེ་དབང་ཆོས་སྒྲོན་གོར་གཉིས། དགེ་རྩེ་ཨ་དཀའ་གོར་བརྒྱ་དྲུག་ཅུ། རབ་གསལ་འདས་པའི་ཆེད་གོར་བཞི་བརྒྱ་དང་བརྒྱད་བབ། བློ་གྲོས་ཆེད་གོར་བརྒྱ་སུམ་ཅུ་བབ། རིག་ལོའི་ཆེད་གོར་དྲུག་ཅུ་བབ། པདྨ་ཚེ་རིང་འདས་པའི་ཆེད་དུ་གོར་ཉིས་བརྒྱ་བཞི་བཅུ་བབ། ཁྲིད་སྦྱོང་སྤྱི་པ་བྱམས་པ། གནས་སྐྱབས་གཉིས་ནས་གོར་བརྒྱ་ལྔ་བཅུ་བབ། གུ་རུ་ནས་མ་རྒན་གྱི་དགེ་རྩར་གོར་ལྔ་བཅུ། དཔལ་སྒྲོན་གོར་དགུ། རྡོ་རྗེ་མཁའ་སྤྱོད་གོར་གཅིག །དཔག་བསམ་ཆེད་གོར་དགུ། ཨ་འཇམ་གོར་ལྔ། དགེ་འདུན་སྒྲོན་མ་གོར་གཉིས་བབ། སྤྱི་པ་བསྟན་འཛིན་བཀྲ་ཤིས་སྐོར་ནས་གོར་ཉེར་བདུན། བདེ་ཆེན་དཔལ་སྒྲོན་ནས་གོར་ཉིས་བརྒྱ་བདུན་ཅུ་བབ། ཨ་དཀའ་ནས་གོར་བརྒྱ་དྲུག་ཅུ་བབ། ཨ་སྙན་གོར་ཉིས་བརྒྱ་བཅོ་ལྔ་བབ། གོ་ཇོ་མོ་ནས་གོར་གཅིག །ནམ་མཁའ་རྡོ་རྗེས་གོར་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་བབ། ཤེས་རབ་མཚོས་གོར་ལྔ་བཅུ་བབ། ཟླ་བ་རྒྱལ་མཚན་ནས་སྒོམ་ཕྱོགས་དྲིས་ལན་གྱི་ཡོན་བབ། འདུས་སྡེའི་སྤྱི་པ་སྤོབས་པ་དང་བསོད་ཁོ་གཉིས་ནས་རྩིས་འཕར་ཇ་སྒམ་གཅིག་བཅས་ཐམས་ཅད་བསྡོམས་པར་དངུལ་གོར་སུམ་ཁྲི་གཅིག་སྟོང་བདུན་བརྒྱ་སུམ་ཅུ་རྩ་བརྒྱད་ཀྱི་མིང་བབ་ཙམ་བྱུང་བ་རྣམས་ལས་དངོས་པོ་ཅུང་ཟད་ཙམ་ཡང་ཆུད་མི་ཟ་བར་གནས་སུ་སྨིན་ངེས་མཛད་ནས། དངོས་རྫས་ཆུང་ངུ་རེའི་འབྲེལ་པ་ཡན་ཆད། བྲི་རྐོས་སོགས་དང་། ཞབས་འདེགས་ཀྱི་བྱ་བ་ཉུང་ངུ་རེ་ཙམ་བགྱིས་པའང་རུང་སྟེ་ཐམས་ཅད་ལ་དེ་དང་དེའི་དགེ་བའི་རྩ་བ་དག་ནམ་དུའང་མི་ཟད་པར་འཕེལ་ཞིང་དུས་དང་དུས་སུ་སྨིན་པ་དང་། ཁྱད་པར་དུ་ཀུན་མཁྱེན་ཆེན་པོས་རྗེས་སུ་བཟུང་ཞིང་འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཀྱི་གདུལ་བྱར་འགྱུར་ནས་གཞོན་ནུ་བུམ་པའི་སྐུའི་དབྱིངས་སུ་སྐད་ཅིག་མར་སངས་རྒྱ་ཞིང་། སླར་ཕྱིར་གསལ་ལྷུན་གྲུབ་ཀྱི་རྣམ་རོལ་ཚད་དང་དཔག་པའི་མཐས་མི་གཏུགས་པ་རྟག་ཁྱབ་ཕྲིན་ལས་ཀྱི་རོལ་མོས་འགྲོ་བ་ཡིད་ཅན་རྒྱ་མཚོའི་དོན་བྱེད་པར་འགྱུར་བའི་ཐུགས་བསྐྱེད་ཀྱི་སྒོ་ནས་ལྗགས་བསྔོའི་མཚམས་སྦྱོར་ཟབ་མོ་གནང་བའང་ངེས་པར་མཛད་སོང་བས་སྐལ་པ་ཤིན་ཏུ་བཟང་པོ་དང་ལྡན་པའི་གང་ཟག་ཁོ་ནར་ཐེ་ཚོམ་དང་བྲལ་བར་དེ་དག་རྣམས་གྱུར་ཏོ་ཞེས་སྨྲའོ། །སླར་ཡང་སྨོན་པའི་ཚིག་ཉུང་ངུ་ཞིག་བསྡེབ་པར་བྱ་སྟེ། ཨོཾ་སྭ་སྟི་སིདྡྷཱརྠ། བསྔགས་འོས་ཀུན་གྱིས་བསྔགས་པའི་སྤྲིང་ཡིག་གིས། །ཀུན་མཁྱེན་བླ་མ་འཇིགས་མེད་གླིང་པ་ཞེས། །ཡང་དག་བཀོད་པའི་མཚན་གྱི་དབྱངས་སྙན་པོས། །ཞིང་ཁམས་ཡོངས་རྫོགས་རྒྱས་པར་བྱས་པ་བཞིན། །གང་གི་ཡེ་ཤེས་སྒྲིབ་པ་ཀུན་བྲལ་བས། །ཀུན་རྟོག་བློ་ཡི་འཇུག་པས་མ་བསླད་པའི། །མངོན་རྟོགས་རྟོགས་པའི་བཀའ་མཆིད་བདུད་རྩིའི་ཀླུང་། །ཆོས་ཚུལ་རྒྱ་མཚོའི་སྙིང་པོར་འཇུག་ལྡོག་བྱེད། །དེས་ནི་ཐེག་པ་མཆོག་གི་རང་སྐད་ཀྱིས། །ཐེག་པ་ཀུན་ལ་གཞལ་བའི་ངེས་བརྗོད་དུ། །མ་ནོར་ལམ་འདིར་ཤོག་ཅེས་གདམས་པའི་དབྱངས། །སྐལ་བཟང་རྣ་བར་འཕེལ་འགྲིབ་སྤང་བཞིན་མཆི། །མཚོན་བྱེད་བརྡ་ཡི་ཡི་གེ་སྤེལ་བའི་པར། །ཚངས་ཆེན་རལ་པའི་སྣོད་ལས་འབབ་པའི་རྒྱུན། །མཚོན་བྱའི་བཤད་སྒྲུབ་ཆུ་རྒྱུན་རོལ་པའི་གཞིར། །ཇི་སྲིད་བར་དུ་རྒྱས་པའི་རྟེན་འབྲེལ་དངོས། །དེ་ལྟའི་གྲུབ་པ་ནོར་བུ་དཔག་བསམ་ཤིང་། །གཏེར་གྱི་བུམ་པ་སོགས་ཀྱིས་མཚོན་མིན་ཕྱིར། །བསྔོ་བྱའི་དངོས་པོ་གཞལ་བར་དཀའ་ན་ཡང་། །ཚིག་ཚོགས་ཉུང་ངུས་ཇི་ལྟར་ནུས་བཞིན་བྱ། །ཡོན་ཏན་རིན་ཆེན་འཛད་པ་མེད་པའི་གཏེར། །མཐའ་ཡས་སེམས་ཅན་སངས་རྒྱས་སར་འགོད་པའི། །དོན་དུ་བསྒྲུབ་ཀྱང་གནས་སྐབས་མངོན་མཐོའི་དབྱིག །འབྱུང་བར་ལུང་གིས་གོ་སྐབས་ཕྱེས་པའི་ཕྱིར། །བདེ་ལེགས་རྒྱ་མཚོའི་གཞིར་གྱུར་ལུང་རྟོགས་ཆོས། །གཉིས་མེད་གསུངས་དེའི་ཞལ་སྒྲོས་ལས་འབབས་རྒྱུན། །ཉེ་རེག་ཆོ་གར་བསྟེན་པའི་བཤེས་གཉེན་གྱི། །བཞེད་དོན་འགོག་མེད་སྤྲིན་དཀར་བླ་རེ་བྲེས། །དགེ་བཅུའི་བརྗོད་པ་ལུས་ཉམས་ཆེར་བརྟས་པའི། །གླང་པོའི་རྐང་པས་ལྔ་བདོའི་གཡུལ་བརྫིས་ནས། །སླར་ཡང་བདེ་སྐྱིད་རྫོགས་ལྡན་ཞིང་བལྟ་བའི། །སླད་དུ་བཞོན་བཟང་འཚོ་བ་དགེ་གྱུར་ཅིག །ལོ་ལེགས་ཕྱུགས་འཕེལ་ལ་སོགས་ཆ་རེ་ནས། །སྨོན་པའི་སྨྲ་བྱེད་ངལ་བ་ཉུང་བའི་ཕྱིར། །འཕོ་ལྟུང་བྲལ་བའི་སུམ་རྩེན་ལྗོངས་སྤྲུལ་ནས། །མཁའ་ཁྱབ་ཡིད་ཅན་རྒྱ་མཚོའི་བསྟི་གནས་བགྱི། །དེར་ཡང་མངོན་པར་ཞེན་པའི་བློ་མིན་པས། །ངེས་ལེགས་དགའ་བའི་ཚལ་དུ་འགྲོ་བའི་ཕྱིར། །སྡོམ་བཞིའི་ཚིག་ཕྲེང་མཐོ་རིས་རྔ་སྒྲ་ལ། །ཡང་ཡང་ངོམས་པ་མེད་པར་མཉན་གྱུར་ཅིག །ཉེར་ལེན་དབང་ཤེས་འགོག་པའི་མཉམ་བཞག་ཅན། །དེ་བཞིན་གཤེགས་པའི་སེ་གོལ་སྒྲས་སློང་སྟེ། །བྱང་ཆུབ་སྤྱོད་པའི་སྐྱ་རེངས་ལ་ཞུགས་ནས། །རྣམ་མཁྱེན་ཉིན་བྱེད་དབང་པོས་མཛེས་གྱུར་ཅིག །བསྐལ་ཆེན་མང་པོའི་བཤུལ་ལམ་གྱིས་ངལ་བའི། །འགྲོན་རྣམས་བགྲོད་པ་འཇམ་པོའི་ཤིང་རྟ་ལས། །མྱུར་པོའི་བསྐྱོད་པ་བླ་ན་མེད་པ་ཡིས། །ཀུན་ཏུ་འོད་ཀྱི་ཞིང་དེར་འདྲེན་གྱུར་ཅིག །དེ་སོགས་འཇམ་དཔལ་དཔའ་བོའི་ཐུགས་བསྐྱེད་ཀྱི། །མཐའ་དང་རྗེས་སུ་མཐུན་པར་རབ་སྨོན་ན། །བརྗོད་འདོད་དམ་བཅའ་ཉམ་པར་མི་འགྱུར་བའི། །ཇི་སྙེད་རྗོད་བྱེད་གཞན་ཡང་རྒྱས་གྱུར་ཅིག །རྣམ་དཀར་བགྱིས་པའི་རྩ་བ་རབ་བརླིང་ཞིང་། །བསྔོ་ཚུལ་ཡལ་གས་ཕྱོགས་སུ་མ་ལྷུང་བར། །གནས་ལ་སྨོན་པའི་འབྲས་བུས་དུད་གྱུར་པའི། །ལྗོན་འདིར་སྲས་བཅས་རྒྱལ་བས་མཐུན་འགྱུར་སྩོལ། །སྙིང་པོར་བསྟན་པའི་བརྗོད་པ་གང་ཞིག་མཁའ་ལ་སྤྲིན་སྒྲ་ལྟ་བུར་ལྡིར། །ཉན་ལ་རིངས་སོ་བརྒྱུད་འཛིན་རྨ་བྱས་འཇའ་ལུས་མདོངས་སྒྲོ་ངོམ་བཞིན་རྩེ། །ཆོས་འདི་སྔོན་ཆད་པད་འབྱུང་བི་མ་རྣམ་སྣང་ལོ་ཙཱས་ཕྱེས་ཤིང་དར། །ཕྱི་ན་ཀློང་ཆེན་འཇིགས་མེད་གླིང་དང་འགྲོ་འདུལ་བླ་མས་བཀྲལ་ཏེ་བཤད། །རྒྱས་པར་གྱུར་ཅིག་ཕྱོགས་དུས་ཀུན་ན་གནམ་དང་ཉི་མ་ཆུ་རྒྱུན་བཞིན། །གནས་འདིར་མཛེས་པའི་མཆོག་སྤྲུལ་རྣམས་དང་རྒྱལ་སྲས་ལྕམ་དྲལ་སྐྱེས་ཆེན་ཚོགས། །བསྟན་འདིའི་སླད་དུ་ཆེད་ཀྱིས་བྱོན་ཏོ་མཁའ་མཉམ་སེམས་ཅན་སྟོངས་མཐའི་བར། །མཛད་ཕྲིན་བཅས་པའི་ཞབས་པད་བརླིང་ནས་གདུལ་འགྲོའི་སྐལ་པ་ལྕི་བར་མཛོད། །མཁའ་ཁྱབ་རྒྱལ་བས་ཤིས་པའི་མེ་ཏོག་གང་གི་གཙུག་ཏོར་ལ་བཅིངས་པའི། །ཆོས་ཀྱི་རྒྱལ་པོ་བླ་ན་མེད་གྱུར་འདྲེན་པ་རྡོ་རྗེ་རབ་བསྔགས་རྩལ། །མཆོག་གི་གཟུགས་སྐུ་བསྐལ་བརྒྱར་བརྟན་ཅིང་གསུང་ལ་གནས་པའི་རིག་འཛིན་ཚོགས། །ཕྱོགས་བཅུར་རྒྱས་པའི་དཔལ་དུ་འབར་ནས་བདག་ཀྱང་ལུང་བསྟན་ཐོབ་གྱུར་ཅིག །ཅེས་པའང་མགོན་པོ་གང་གི་བཀའ་དྲིན་གྱིས་འཚོ་བ་ཨོ་རྒྱན་རིག་འཛིན་ཀུན་བཟང་རྣམ་རྒྱལ་ཞེས་བགྱི་བས། འོད་གསལ་ཐེག་མཆོག་གླིང་གི་ཆོས་སྡེར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།