ཐེག་པ་ཆེན་པོའི་རྡོ་རྗེའི་ཐོལ་གླུ་བྱང་སེམས་འཁྲི་ཤིང་།

From Khyentse Lineage - A Tsadra Foundation Project
JKW-KABUM-22-ZA-012-075
Wylie title theg pa chen po'i rdo rje'i thol glu byang sems 'khri shing JKW-KABUM-22-ZA-012.pdf
Location mkhyen brtse'i bka' 'bum
Volume 22, sde tshan 12, Text 75, Pages 551-555 (Folios 104a6 to 106a1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. theg pa chen po'i rdo rje'i thol glu byang sems 'khri shing. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 22: 551-555. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Vajra Songs - rdo rje'i glu

1 Texts in this Section (sde tshan or chos tshan)

[edit]
ཐེག་པ་ཆེན་པོའི་རྡོ་རྗེའི་ཐོལ་གླུ་བྱང་སེམས་འཁྲི་ཤིང་ཅེས་བྱ་བ། ཨ་ཧོ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ཆུ་གཏེར་ལས། །ལེགས་དབྱུང་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཟླ་ཤེལ་དབང་། །རབ་གུས་དད་པའི་ཀུ་མུད་རྩེ་མོར་ངལ་བསོས་པས། །འདི་ན་བྱང་ཆུབ་སེམས་ཀྱི་འཛུམ་དཀར་གྲོལ་བར་འགྱུར། །གང་ཞིག་སྲིད་པའི་གཅོང་རོང་དམ་པོར་ལྷུང་བ་ཀུན། །དཀོན་མཆོག་གསུམ་གྱི་ཐུགས་རྗེའི་དཔྱང་ཐག་ལ་བརྟེན་ཏེ། །ཞི་བདེ་རིན་ཆེན་གླིང་དུ་ཕྱིན་ཕྱིར་ཐོག་མ་ནས། །དེ་ཉིད་ཁོ་ན་སྐྱབས་ཀྱི་སྙིང་པོར་བསྟེན་པར་བྱ། །དེ་ཡང་སྐྱེས་བུ་གསུམ་གྱི་ལམ་ནི་གང་རུང་བ། །བློ་ཡི་ནུས་སྟོབས་དག་གི་རྗེས་འགྲོས་ལེགས་བླངས་ཏེ། །འཇིག་རྟེན་ཕལ་དང་བདག་ལྟའི་སྐྱོབ་འདོད་མངོན་བཏང་ནས། །སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས་པའི་སངས་རྒྱས་དང་། །བརྗོད་བྱ་རྗོད་བྱེད་ཐར་པའི་ལམ་དཀྲི་དམ་པའི་ཆོས། །རིག་གྲོལ་འཕགས་པའི་ཡོན་ཏན་ལྡན་པ་དགེ་འདུན་ཏེ། །རྣམ་གསུམ་གདུག་དཀར་གཡོ་མེད་དད་པའི་དཔུང་པས་བཟུང་། །ཉིན་དང་མཚན་མོ་རྟག་ཏུ་སྐྱབས་འགྲོ་བྱང་ཆུབ་བར། །བསྙེན་ནས་སྤང་བྱ་བསླབ་བྱ་ཆ་མཐུན་འབད་པས་བསྒྲུབ། །གཞན་དུ་ཕྱི་ནང་གསང་བ་ཡང་གསང་བཞིར་དབྱེ་ཕྱིར། །ཐོག་མ་དེ་དང་དེ་རྗེས་གཞན་ལ་འཇུག་པའམ། །དབང་པོའི་རིམ་པའི་བགོ་སྐལ་ཇི་བཞིན་འབད་པར་བྱ། །ཁྱད་པར་གཤེགས་དང་གཤེགས་འགྱུར་རྒྱལ་ཀུན་གཞན་དོན་ཕྱིར། །བྱང་ཆུབ་སེམས་ཀྱི་གོ་ཆ་བརྟན་པོ་བགོས་པ་ན། །མཐར་ཕྱིན་འདོད་ལྷའི་སྙིང་ལ་ཚེར་མས་བཅིངས་པའི་མདས། །ཕིག་པར་མ་ནུས་གོང་མའི་ཡོན་ཏན་ཚད་བཟུང་མེད། །རྟེན་ནི་རིགས་སད་བྱིན་གྱིས་བརླབས་དང་དད་ལྡན་སོགས། །ཁྱད་པར་སྙིང་རྗེ་ཆེན་པོའི་བློ་དང་ལྡན་པ་དེར། །སྦྱོར་དངོས་རྗེས་གསུམ་རྫོགས་པའི་ཆོ་གས་འཐོབ་བྱས་ནས། །བྱམས་པའི་མྱུ་གུ་སྙིང་རྗེའི་ཆུ་ཡིས་རབ་བརླན་ཅིང་། །དགའ་བའི་མེ་ཏོག་བཏང་སྙོམས་འབྲས་བུས་མཛེས་དུད་པའི། །སྨོན་སེམས་དབྱར་སྐྱེས་གཞོན་ནུ་མགྲོན་དུ་ཉེར་བསྟེན་ཏེ། །ཁྱད་པར་འཇུག་པའི་རིན་ཆེན་ཤིང་རྟ་བསྙེན་པར་བྱ། །ཐར་པ་ལ་སྦྱོར་དམ་ཆོས་སྦྱིན་པའི་གདུགས་དཀར་པོ། །འབད་མེད་དགོས་རྒུ་རྣམས་སྟེར་ནོར་བུའི་གཙུག་ཏོར་ཅན། །གནས་སྐབས་འཇིགས་བཅས་ཚ་གདུང་སྐྱོབ་པའི་གྲིབ་བསིལ་ཅན། །འདི་དེ་འགྲོ་བའི་བླ་ན་མངོན་པར་མཛེས་པར་བྱ། །རང་གཞན་ཉེས་སྤྱོད་རྡུལ་དང་རྣམ་པར་མི་མཛའ་ཞིང་། །དགེ་ཚོགས་བུང་བ་ཡོངས་སུ་བསྡུ་བའི་དྲི་བསུང་ཅན། །གཞན་དོན་མཆོག་གི་སྦྲང་རྩིའི་དོགས་པས་རབ་གཏམས་པའི། །ཚུལ་ཁྲིམས་ཆུ་སྐྱེས་སྤྱི་བོའི་ལ་ཐོད་བཞིན་དུ་བསྟེན། །གནོད་པའི་ཡུལ་གྱིས་ཁོང་མི་འཁྲུགས་པའི་བརྟུལ་ཞུགས་ཅན། །ཐར་པའི་ཕྱིར་ན་དཀའ་བ་སྤྱད་པའི་སྐྱེས་བུ་དེའི། །ཡིད་ནི་ཟབ་མོའི་དོན་དང་མཛའ་བ་སྐྲག་པ་མིན། །རྣམ་གསུམ་བཟོད་པའི་གོ་ཆ་བགོ་ལ་རྟག་ཏུ་འདུན། །བྱང་ཆུབ་བར་དུ་འདོར་མེད་བསྒྲུབ་པའི་དམ་བཅའ་དང་། །རྟག་ཏུ་དེ་བཞིན་སྦྱོར་བས་ཉམས་བླངས་གཡེལ་བ་མེད། །མི་འགོད་མི་ལྡོག་ཆོག་མི་ཤེས་པས་བརྩོན་པ་གང་། །ཐར་པ་འཛིན་པའི་སྲོག་ཏུ་ཀུན་ནས་རིག་པར་བྱ། །དབེན་ཞིང་འདུ་འཛི་ལས་བརྒལ་ནགས་ཁྲོད་དམ་པ་དེར། །རྟག་ཏུ་ཞི་བར་མཉམ་བཞག་དོན་ལ་ལེགས་པར་སྦྱོར། །ལམ་ལ་མ་ཞུགས་དེ་ལྡོག་མོས་སྤྱོད་ཏིང་འཛིན་དང་། །ཟག་མེད་འཕགས་པའི་བསམ་གཏན་རྣམ་གསུམ་སྒྲུབ་པར་བྱ། །ཁྱད་པར་ཐོས་པའི་བདུད་རྩི་བར་མེད་བཏུང་བ་ལས། །དེ་དོན་རྗེས་སུ་བསམ་པའི་ལང་ཚོ་རབ་རྒྱས་ཤིང་། །སྒོམ་སྤང་དེ་ཉིད་བཅུད་ལེན་གྲུབ་པ་གང་དག་ནི། །སྲིད་ཞི་ལས་གྲོལ་ཐར་པ་མཆོག་ལ་མྱུར་དུ་འགྲོ། །བསླབ་བྱ་དེ་ཀུན་མི་མཐུན་ཕྱོགས་དང་བཤེས་མིན་ཅིང་། །ཀུན་ཏུ་གོང་འཕེལ་ཆུད་མི་འཛའ་བའི་གྲོགས་དང་བཅས། །རྟག་ཏུ་གཡེལ་མེད་སྐྱེས་བུ་ཆེན་པོའི་ལམ་མཆོག་ཉིད། །བསྟེན་པར་མཛོད་ཅིག་གུས་པའི་ཐལ་མོ་སྙིང་གར་འཛུམ། །མཐར་ཕྱིན་ཚོགས་སྦྱོར་མཐོང་སྒོམ་ལམ་ནི་རྣམ་པ་བཞིར། །ས་བཅུའི་མངོན་རྟོགས་ཡོན་ཏན་མ་ལུས་ཡོངས་རྫོགས་ཏེ། །གྲངས་མེད་གསུམ་མཐར་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །སྒྲིབ་ཀུན་སྤངས་ཏེ་མཐའ་རུ་ཕྱིན་པའི་ལམ་རྙེད་ནས། །སྐུ་དང་ཡེ་ཤེས་ཕྲིན་ལས་བསམ་མི་ཁྱབ་པར་སྤྱོད། །ཚུལ་འདི་སྡེ་སྣོད་གསུམ་གྱི་བརྗོད་བྱ་རྒྱ་ཆེ་ལ། །བརྗོད་དོན་ཟབ་ཕྱིར་བརྒལ་བར་དཀའ་ཡང་རྡོ་རྗེའི་གླུའི། །རྣམ་པར་ཕྱེ་ལས་གྲུབ་པའི་དགེ་ཚོགས་རྨད་བྱུང་གིས། །འགྲོ་ཀུན་ཐར་པ་མཆོག་གི་ས་ལ་གཤེགས་གྱུར་ཅིག། །། ༈

Footnotes

Other Information