སྨྱུང་གནས་བཏང་ཚུལ་ཟིན་བྲིས།

From Khyentse Lineage - A Tsadra Foundation Project
JKW-KABUM-21-ZHA-002-003
Wylie title smyung gnas btang tshul zin bris JKW-KABUM-21-ZHA-002.pdf
Location mkhyen brtse'i bka' 'bum
Volume 21, sde tshan 2, Text 3, Pages 137-144 (Folios 10a5 to 13b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. smyung gnas btang tshul zin bris. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 21: 137-144. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris  ·  Ritual of Fasting and Silence - smyung gnas
Colophon
  • First colophon page 140: འདི་ནི་ཇོ་གདན་མཁན་ཆེན་བསོད་ནམས་བཟང་པོ་དང་། མུས་ཆེན་སེམས་དཔའ་ཆེན་པོ་སོགས་མཁས་གྲུབ་ཚད་ལྡན་གྱི་གསུང་ལྟར་བྲིས་པའོ། །མངྒ་ལཾ།
  • Second colophon page 144: ཞེས་པའང་ཉེར་མཁོའི་ཟིན་ཆུང་དུ་བྲིས་པ་དགེ །ཞུ་ཆེན་རིན་པོ་ཆེའི་སྨྱུང་ཆོག་གཏོང་ཚུལ་ཏེ་གཞན་སྤྱི་ལའང་འགྲེ།
  • First colophon page 140: 'di ni jo gdan mkhan chen bsod nams bzang po dang /__mus chen sems dpa' chen po sogs mkhas grub tshad ldan gyi gsung ltar bris pa'o/__/mang+ga laM/
  • Second colophon page 144: zhes pa'ang nyer mkho'i zin chung du bris pa dge__/zhu chen rin po che'i smyung chog gtong tshul te gzhan spyi la'ang 'gre/

1 Texts in this Section (sde tshan or chos tshan)

[edit]
སྨྱུང་གནས་བཏང་ཚུལ་ཟིན་བྲིས་དགེ །ཨོཾ་སྭ་སྟི། སྨྱུང་གནས་དཀར་པོ་ཕྱོགས་བརྒྱད་སྦྲེལ་ཏེ་བཞུགས་པའི་སྐབས་སྔོན་གྱི་ཕྱག་བཞེས་རྙིང་པ་ཚད་ཐུབ་ཀྱི་དགོངས་པ་ལྟར་བྱེད་ན། ས་ག་ཟླ་བ་ལྟ་བུ་ལ་བཞུགས་པའི་ཚེ་ཟླ་བ་གསུམ་པའི་གནམ་སྟོང་ཉིན་གནས་ཁང་ཕྱག་དར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། དཀྱིལ་འཁོར་དང་མཆོད་པ་བཤམ། གཎྜཱིས་བསྐུལ་ཏེ་དགེ་འདུན་རྣམས་འདུས་ནས་གསོ་སྦྱོང་བྱ། མི་ཤེས་ན་ཆོས་སྤྱོད་གང་འོས་འདོན། འདོན་པ་བསྒྲིགས། སྨོན་ལམ་བཏོན་ལ་གྲོལ་བ་ནི་སྦྱོར་བའོ། །འདི་ཉིན་གསོ་སྦྱོང་གཞུང་ལ་ཇ་གཅིག །འདོན་བསྒྲིགས་སྐབས་ཇ་གཅིག་བཅས་གཉིས་བཏང་། ། ༈ ཟླ་བ་༤པའི་ཚེས་༡ལ་ནམ་ལངས་ལག་ཡིག་མཐོང་དུས་གཎྜཱིས་བསྐུལ་ཏེ་འདུས་ནས་སྒོའི་ཕྱི་རོལ་དུ་ལྷྭམ་ཕུད། ཡན་ལག་ལྔ་ཁྲུས་ལེགས་པར་བྱ། ནང་དུ་འོངས་ནས་རྟེན་གྱི་དྲུང་དུ་ཕྱག་འཚལ་རྗེས་ཙོག་པུར་འདུག་ནས་སྡོམ་པ་ལེན། དེ་ནས་བསླབ་གྲལ་ལྟར་གྲལ་ལ་འཁོད་ནས་སྔ་དྲོ་ཆོས་སྤྱོད་རིགས་རྒྱས་པ་དང་། ཆོ་གའང་དལ་འདོན་རྒྱས་པའི་མཇུག་ཏུ་སྨོན་ལམ་རྣམ་གསུམ་ལས་གང་འོས་འདོན། ཉིན་གུང་ཁྲིགས་ཁྲིགས་ལ་གུང་ཚིགས་སྐབས་དཀོན་མཆོག་རྗེས་དྲན། ཁ་ཕུད། ཇ་མཆོད་རྒྱས་པ། ཟས་དཀར་གསུམ་ལ་བརྟེན་པའི་གུང་ཚིགས་ཚར་ནས་ལྷག་མ་བསྔོ། ཟབ་མདོ་དང་བསྔོ་སྨོན་གང་རིགས་བྱ། ཕྱི་དྲོ་ཚར་གཉིས་ཀྱི་དང་པོ་འབྲིང་པོ་དང་། གཉིས་པ་བསྡུས་ཙམ་རྗེས། སྨོན་ལམ་རྣམ་གསུམ་སོགས་ཉི་ཚོད་དང་བསྟུན་པའི་རྒྱས་རྒྱས་བྱ། སྔ་དྲོ་ཆོས་སྤྱོད་སྐབས་ཇ་གཅིག །ཆོ་ག་ལ་ཇ་བཞི། ཕྱི་དྲོ་ཆོ་ག་ཚར་གཉིས་ལ་ཇ་ལྔ། སྨོན་ལམ་ལ་ཇ་གཅིག་བཅས་ཁྱོན་ཉིན་རེར་ཇ་བཅུ་གཉིས་རེ་བཏང་། ཇ་དང་གུང་ཚིགས་རྗེས་ཐམས་ཅད་དུ་ཆབ་ལེན། དེའང་ལས་རྡོར་གྱི་ཆུ་བུམ་དང་བཟེད་ཞལ་བཅས་ཆབ་བཀྱེ་ལ་ཞལ་བཤལ་བ་ལས་སྟངས་ཀ་ཙམ་གྱིས་མི་འཐུས། ཆབ་བསང་ཡར་འོང་དུས་སྒོ་དྲུང་དུ་ཆབ་བཀྱེ། གུང་ཚིགས་གདན་གཅིག་ཁོ་ན་ལས་སྔ་དྲོ་ཟ་བ་སོགས་མི་ཉན། ཕྱི་དྲོའི་ཇ་རྗེས་མའི་ཆབ་བླངས་ཚར་ནས་ཟས་སྐོམ་རྒྱུན་བཅད་པ་ནི་རྐྱང་པའོ། ། ༈ ཚེས་༢ལ་ནམ་ལངས་འདུས་ནས་སྡོམ་པ་ལེན་པ་སོགས་འདོན་རྒྱུ་ཐམས་ཅད་འདྲ། འདི་ཉིན་ངག་བཅད་ཤིན་ཏུ་དམ་པར་བྱེད། མཆིལ་མ་ཕྱིར་འདོར་བའམ། ཟས་ཀྱི་འདུ་ཤེས་མ་སྐྱེས་ན་ཁོང་དུ་སོང་ཡང་ཉེས་པ་མེད། བུམ་ཆུ་བཀྱེ་དུས་སྤྱི་བོར་བླུགས་ཤིང་ལྷག་མ་ཁྲུས་གཞོང་དུ་ཁ་བཤལ་བ་ཙམ་ལས་ཁོང་དུ་མི་འཐུང་། འོན་ཀྱང་སྐོམ་པ་སེལ་བའི་སྲེད་པ་མེད་ན་འཐུངས་ཀྱང་ཉེས་པ་མེད། གལ་སྲིད་ངག་ཤོར་ན་དེ་མ་ཐག་ཕྱི་རོལ་དུ་སོང་ལ་ཡན་ལག་ལྔ་ཁྲུས་བྱ། འདོན་བཟླས་རིགས་ལ་གཉིད་དང་གླལ་བ་སོགས་ཀྱིས་བར་དུ་མ་ཆོད་པ་སོགས་ཤིན་ཏུ་བསྒྲིམ་པ་ནི་ཁུགས་པའོ། ། ༈ ཚེས་༣ལ་སྐྱ་རེངས་ཤར་ཡག་རྗེས་ཐུག་པ་ཤིན་ཏུ་སླ་མོ་བཞིན་སྣང་བ་དྲོ་འཇམ་ཕོར་པ་རེ་བཏང་ནས་ངག་གྲོལ་སྡོམ་པ་བླངས་ལ་ཆོས་སྤྱོད་ནས་བཟུང་རྐྱང་པ་ལྟར་བྱ། ། ༈ དེ་ལྟར་རྐྱང་ཁུགས་སྤེལ་ནས་ཆ་དྲུག་སོང་མཚམས། ཚེས་༡༥དངོས་གཞི་ཁེལ་དགོས་པས། ཆ་བདུན་པ་ལ་ཚེས་༡༣གཉིས་ཀ་ལ་རྐྱང་པ། ཚེས་༡༥ཁུགས་པ་བྱ། ། ༈ ཚེས་༡༨ལ་སྡོམ་པ་ལེན་མི་དགོས། ངག་གྲོལ་ནས་རྗེས་ཆོག་གཏོང་རག་གི་སླད་དུ་ཆོ་ག་ཚར་གཅིག་དང་། སྨོན་ལམ་རྒྱས་པར་བྱ། ཇ་གསུམ་བཏང་། ། ༈ ཚེས་༡༩ཉིན་རྟེན་དྲུང་དུ་མཆོད་པ་ཅི་འབྱོར་བཤམ། དགེ་འདུན་རྣམས་ཚོགས་ནས་ཆོས་སྤྱོད་ཅི་རིགས་གསུང་སྐབས་ཇ་བཏང་། ཞལ་ཏ་པས་རྟེན་ལ་སྙན་ཤལ་དང་། སྒྲུབ་པ་པོ་རྣམས་ལ་ཡོན་འབུལ་མདུན་དུ་བཞག །འབྲས་སིལ་ལམ་གྲོ་མ་ལྟ་བུའི་ཞལ་ཟས་བཟང་པོའི་དགའ་སྟོན་བྱ། བསྔོ་སྨོན་དང་བཀྲ་ཤིས་རྒྱས་པར་བརྗོད་ལ་དཀྱིལ་འཁོར་བསྡུས་ཏེ་གྲོལ་བ་ནི་འཕགས་པ་བྱོན་པའི་དགའ་སྟོན་ལ་ལོངས་སྤྱོད་པའོ། །དེས་མཚོན་ཏེ་སྨྱུང་གནས་ཆ་གཅིག་ལྟ་བུ་ལའང་། ཉིན་དང་པོ་སྦྱོར་བ། གཉིས་པ་རྐྱང་། གསུམ་པ་ཁུགས། བཞི་པ་རྗེས་ཆོག །ལྔ་པ་ལ་འཕགས་པ་བྱོན་པའི་དགའ་སྟོན་བྱ་བ་སྟེ་ཉི་མ་ལྔ་རེ་དང་། རྐྱང་ཁུགས་གཉིས་ལ་ཆོ་ག་གསུམ་རེ། རྗེས་ལ་གཅིག་བཅས་ཆོ་ག་ཚར་བདུན་འགྲོ་དགོས། འདི་ནི་ཇོ་གདན་མཁན་ཆེན་བསོད་ནམས་བཟང་པོ་དང་། མུས་ཆེན་སེམས་དཔའ་ཆེན་པོ་སོགས་མཁས་གྲུབ་ཚད་ལྡན་གྱི་གསུང་ལྟར་བྲིས་པའོ། །མངྒ་ལཾ། ། ༈

མཆོད་བཤམ་ནི། བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རིགས་བཞིས་བསྐོར་བའི་བྲིས་སྐུ་གཙོ་བོར་གྱུར་བའི་སྐུ་གསུང་ཐུགས་རྟེན་གྱི་མདུན་སྟེགས་བུའི་དབུས་སུ་མཎྜ་ལར་རྡུལ་ཚོན་གྱི་པདྨ་འདབ་མ་བརྒྱད་པ། ལྟེ་བ་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། མཚམས་བཞི་མཛེས་ཚོན། ཟླ་གདན་རེའི་སྟེང་དུ་དབུས་སུ་ཚོན་ཕུང་དཀར། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་གུ་བཀོད་པ་མཉྫིའི་ཁར་བཞག །དེའི་མདུན་དུ་གཏོར་མ་དཀར་ཟླུམ་རྒྱུན་བཞག་གཉིས་ཕྲེང་ཚར་དུ་བཤམས་པའི་བྱང་ཤར་དུ་མཚམས་འཛིན་མེ་ཏོག །ཤར་དུ་མཆོད་ཡོན་ནས་བརྩམས་ཏེ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལ། མར་མེ་དང་། ཞལ་ཟས་གསུམ་རེ་བཤམ། དེའི་ཕྱི་རོལ་དུ་སྒོས་མཆོད་མཆོད་པ་རྣམ་ལྔའམ། སྤོས། མར་མེ། ཞལ་ཟས་རྣམས་ཤར་དུ་ཆ་གཉིས། ཕྱོགས་གཞན་རྣམས་སུ་ཆ་རེ་སྟེ་ཆ་ལྔ་བཤམ། ཆོ་ག་ཚར་རེ་བཞིན་སྒོས་མཆོད་ཀྱང་བརྗེ་གྲུབ་ན་ལེགས། མ་གྲུབ་ན་སྤྱི་མཆོད་ནི་ངེས་པར་བརྗེ་དགོས། སྤྱི་མཆོད་ཀྱི་མར་མེ་དབུས་མ་དེ་ཚེ་འབར་བྱུང་ན་ལེགས། བུམ་པ་ནི་མགུལ་ཆིངས་དཀར་པོ་ཅན་སྲད་བུ་དམར་པོ་ལ་གཟུངས་རིང་བཟླ་བཞིན་པས་རྡོ་རྗེའི་མདུད་པ་གསུམ་གདབ་པ་གདགས། ནང་དུ་དྲི་བཟང་གི་ཆུ་དང་བྱ་རྒྱུད་ལུགས་ཀྱི་བུམ་རྫས་ཉེར་ལྔ་བཏབ་པས་སུམ་གཉིས་དགང་བ་དཀྱིལ་འཁོར་གྱི་མདུན་ནམ། སློབ་དཔོན་གྱི་མདུན་གང་བདེར་བཤམས་པ་ལས་ལྷ་བསྐྱེད་སོགས་མེད་པས་མཆོད་པའི་དབུས་སུ་བཞག་མི་དགོས། འདས་གཏོར་དང་། ཆོས་སྲུང་གཏོར་མ་རྗེས་མ་རྣམས་ལ་མཐེབ་སྐྱུ་ཞལ་གསོ་བས་ཆོག་པས་རྒྱུན་བཞག་སྣུམ་ཟན་ལེགས་པར་བཞེངས། དཀར་རྩི་བྱུགས། དཀར་རྒྱན་ལས་ཚོན་ཁྲ་མི་བྱེད། གཞི་བདག་གཏོར་མ་ནི་དཀྱིལ་འཁོར་མདུན་དུ་སྟེགས་དམའ་བར་བཤམས་ལ་ཚར་རེ་བཞིན་འདོར་རྒྱུ་ཅན་བྱེད་དགོས། ཚེས་༡༥རྗེས་ཆོག་སྐབས་གཏོང་རག་གི་མཆོད་པ་སྒོས་མཆོད་ཆ་བཅོ་ལྔ་སོགས་གང་འབྱོར་རྒྱས་རྒྱས་དགོས། སྒྲུབ་པ་པོ་མང་དུ་ཡོད་ན་རོལ་མོ་དྲིལ་བུ། དུང་དཀར། རྒྱ་གླིང་། རྔ་སིལ་སོགས་ལས། དུང་དམར། རྐང་གླིང་། ཌཱ་མ་རུ་སོགས་མི་བྱ། མཎྜལ་སྒྲུབ་པ་པོ་རེ་རེ་བཞིན་ཡོད་ན་ལེགས། མེད་ཚེ་སློབ་དཔོན་གྱིས་ཕུལ། མཎྜལ་ཕུལ་ཚེ་དྲི་བཟང་གི་རླན་དང་བཅས་པ་བྱའོ། །ཤུབྷཾ། ། ༈

མཆོད་ཡོན་ལ་ཞི་བའི་སྐབས་སུ་རྫས་བདུན་ཅེས་འབྱུང་བ་ནི། བ་དམར་སེར་གྱི་འོ་མ། ཏིལ་དཀར་པོ། འབྲས། བ་ལུའམ་སེ་བ་ལྟ་བུ་སྨན་ཤིང་བཟང་པོའི་མེ་ཏོག་དཀར་པོ། ནས་དཀར་པོ། རྩྭ་ཀུ་ཤ །གུར་གུམ་རྣམས་ལེགས་པར་སྦྱར་ཏེ་བླུགས། ཞབས་བསིལ་ལ་ཤུན་པ་ལྔ་ཞེས་འབྱུང་བ། རྒྱ་གར་དུ་གྲགས་པའི་འོ་མ་ཅན་གྱི་ཤིང་། ནྱ་གྲོ་དྷ། ཨུ་དུམྦ་ར། བླ་ཀྵ། པིལྤ་ལྱ། གནྡྷ་མུནྡྷ་རྣམས་ཀྱི་བར་ཤུན་ཡིན་ཀྱང་བོད་འདིར་མི་འབྱོར་བས། བལ་བུ། འོམ་བུ། ཁམ་བུ། ལྕང་དཀར། ཤུག་པ་ལྔའི་བར་ཤུན་གྱི་སྟེང་། འདག་རྫས་ཉེ་ཤིང་དང་། སྲན་དཀར་གྱི་ཕྱེ་མ་བཅས་སྦྱར་ལ་བཏབ། མེ་ཏོག་ནི། ངོར་ལུགས་ཀྱི་ཕྱག་ལེན་ལ་སྟེགས་བུའི་སྟེང་དུ་ཏིང་ཕོར་ནང་འབྲུ་དཀར་བླུགས་པ་ཁོ་ན་ལས་བཅོས་མའི་མེ་ཏོག་སོགས་འཛུགས་སྲོལ་མེད། སྤྱིར་དངོས་དང་བཅོས་མའི་མེ་ཏོག་སོགས་ཇི་ཙམ་འབྱོར་ན་བཟང་བས་རྟེན་གྱི་དྲུང་དུ་བཀོད་པས་མཛེས་པར་བཤམས། བདུག་སྤོས་ནི་རྒྱུད་སྡེ་འོག་མའི་སྐབས་འདིར་གླ་རྩི་སོགས་མ་འདྲེས་པའི་སྤོས་རེང་ཏིང་ཕོར་ནང་བཙུག །སྤར་རྒྱུ་ཟུར་དུ་སྤོས་གཞོང་ལྟ་བུར་བཞག །གཞན་སྤོས་སྣོད་དུ་མེ་ཐལ་འཇམ་པོར། སྤོས་དཀར། ཙནྡན་དཀར་པོ། ཨ་ག་རུ་སོགས་བདུགས་པའི་དུ་བ་འཐུལ་བར་བྱའོ། །མར་མེ་ནི་རྩི་མར་བཟང་པོའི་ཁུ་བ་བཙག་བཅད་གྲུངས་ཐོན་པ་ཤིན་ཏུ་གསལ་བར་བྱ། དྲི་ཆབ་ལ་དྲི་ལྔ་བཏབ་ཅེས་འབྱུང་བས། ཁ་ཆེའམ་བལ་པོ་གུར་གུམ་ལ་གཞི་བྱས་ཏེ། ག་བུར། ཙནྡན་དཀར་པོ། ཛཱ་ཏི། ཨ་ག་རུ་ནག་པོའམ། འགའ་ཞིག་ཛཱ་ཏིའི་ཚབ་ཏུ་ཙནྡན་དམར་པོ་འབྱུང་སྟེ་དེ་རྣམས་ཀྱི་གྲུངས་ཆུ་ཀུ་ཤའི་འཐོར་གཡབ་བཅས་བཞག །ཞལ་ཟས་ཀྱི་རྒྱུར་དཀར་གསུམ་མངར་གསུམ་གཙང་མ་འབྱོར་ན་བསྲེས་ཀྱང་ལེགས། རོལ་མོ་འབུད་དཀྲོལ་བརྡུང་གསུམ་གྱི་ཟླས་ཕྱེ་བའི། དུང་དཀར། དྲིལ་བུ། སིལ་སྙན། རྔ། གཞན་ཏིང་ཤག་སོགས་བརྡུང་ན་ཆོག །རྒྱ་གླིང་ནི་གྲྭ་ས་ཆེ་བ་རྣམས་སུ་དེ་ཙམ་དག་འདོད་མི་མཛད་ཀྱང་ལྷ་མཆོད་པའི་བསམ་པས་འབུད་ཀྱང་འགལ་བ་ནི་མེད་དོ། །ཞེས་པའང་ཉེར་མཁོའི་ཟིན་ཆུང་དུ་བྲིས་པ་དགེ །ཞུ་ཆེན་རིན་པོ་ཆེའི་སྨྱུང་ཆོག་གཏོང་ཚུལ་ཏེ་གཞན་སྤྱི་ལའང་འགྲེ། ། ༈

Footnotes

Other Information