གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་མཐའ་རྩ་གསུམ་གཏེར་བདག་གླིང་པ།

From Khyentse Lineage - A Tsadra Foundation Project
JKW-KABUM-19-DZA-001-026
Wylie title gnubs chen sangs rgyas ye shes kyi skye mtha' rtsa gsum gter bdag gling pa JKW-KABUM-19-DZA-001.pdf
Location mkhyen brtse'i bka' 'bum
Volume 19, sde tshan 1, Text 26, Pages 225-232 (Folios 113a3 to 116b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gnubs chen sangs rgyas ye shes kyi skye mtha' rtsa gsum gter bdag gling pa. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 19: 225-232. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre History Texts - lo rgyus  ·  Religious History Texts - chos 'byung

1 Texts in this Section (sde tshan or chos tshan)

[edit]
༄༅། །གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་མཐའ་རྩ་གསུམ་གཏེར་བདག་གླིང་པའམ། གར་དབང་གནམ་ལྕགས་རྡོ་རྗེ་ཞེས་གྲགས་པ་ནི། ལྷོ་ཟླ་ནང་ཆེན་གྱི་སའི་ཆ་གནས་ཆེན་ཇོ་བོ་གཟེ་རྒྱལ་དང་། སྐུ་རྒྱལ་ཤེ་ནེ་སོགས་ཀྱི་འདབས་ནགས་རོང་ཞེས་པར་ཡབ་འབྲུ་ཆེན་རླངས་ཀྱི་རིགས་བཀྲ་ཤིས་དང་། ཡུམ་དགེ་ལེགས་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ནང་འཁྲུངས། ལོ་རྟ་གསལ་བར་མི་སྣང་། འཁྲུངས་རྟགས་དང་གཟིགས་སྣང་སོགས་ངོ་མཚར་ཆེ་བ་མང་དུ་བྱུང་། ཅུང་ཟད་ནར་སོན་པ་ན་ནང་ཆེན་དགེ་ལུགས་གྲྭ་ཚང་ཀ་མདའ་ཆོས་རྗེ་རྔོག་བློ་ལྡན་ཤེས་རབ་ཀྱི་སྤྲུལ་པར་གྲགས་པ་ཞིག་ལས་སྐྱབས་གསུམ་འཛིན་པའི་སྡོམ་པ་བཞེས་མཚན་བཀྲ་ཤིས་ཕུན་ཚོགས་གསོལ། ནས་བླ་བྲང་དུ་ཆོས་སྒོར་ཞུགས། འདོན་ཆ་སོགས་ཅི་རིགས་ཐུགས་ལ་བཟུང་། སྐུ་ན་ཕྲ་མོའི་སྐབས་གཏེར་ཆེན་སྟག་ཤམ་པ་ནང་ཆེན་སྒར་དུ་བྱོན་པར་ཆོས་འབྲེལ་ཙམ་གསན། དེ་མ་གཏོགས་བླ་མ་གཞན་སུ་ལའང་ཆོས་བཀའ་འདྲ་གསན་ཚུལ་མི་སྣང་། ཀུན་སྤྱོད་ཤིན་ཏུ་འཚུབས་པས་གྲྭ་རིགས་རྣམས་དང་མཐུན་དཀར་ཙམ་བྱུང་། བར་སྐབས་བླ་བྲང་གི་གཏེ་དཔོན་འདྲའང་མཛད། ཆོས་རྗེ་བོད་དུ་འབུལ་སྐྱེལ་བྱོན་སྐབས་ཞབས་ཕྱིར་བཀྲ་ཤིས། འདི་སྐབས་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་དང་རྒྱལ་པོ་ལྷ་བཟང་མཆོད་ཡོན་དུས་ཡིན་འདྲ། ཐུགས་རབ་གསལ་བས་བླ་མས་རི་བོ་དགེ་ལྡན་དུ་མཚན་ཉིད་སྦྱང་བར་བསྐུལ་ནའང་། དུས་བབས་ཟབ་གཏེར་གྱི་ལུང་བསྟན་བྱུང་ནས་མ་བཞུགས་པར་ཁམས་སུ་བྱོན། སླར་འབྲི་གུང་དུ་བྱོན་ནས་དཀོན་མཆོག་ཕྲིན་ལས་བཟང་པོ་རྩ་བའི་བླ་མར་བསྟེན། གྲྭ་ཚང་དུ་ལོ་གསུམ་ཙམ་བཞུགས། བཀའ་ཆོས་ཅི་རིགས་དང་། ལྷག་པར་རླུང་ཛ་པཱིར་སྙན་བརྒྱུད་ཀྱི་སྐོར་ཞིབ་ནན་ཏུ་གསན་པས་ཉམས་རྟོགས་ཁོང་ནས་བརྡོལ། རྫུ་འཕྲུལ་དང་མངོན་ཤེས་རྩོལ་མེད་དུ་ཤར། ལུང་བསྟན་དུས་བབས་བཞིན་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། རླུང་སེམས་ལས་སུ་རུང་བའི་རྫུ་འཕྲུལ་ལ་བརྟེན་ནས་གནས་ཆེན་མང་པོ་ཐོགས་མེད་དུ་ཉུལ་བས་ཁ་བྱང་ལུང་བསྟན་ལྟར། གཞོ་སྟོད་ཏི་སྒྲོ་མཁའ་འགྲོའི་ཚོགས་ཁང་ཆེན་མོ་ནས། བླ་མའི་ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་བསམ་པ་ལྷུན་གྲུབ་མའི་སྐོར་ཐོག་མར་བཞེས། མནལ་ལམ་གྱི་སྣང་ཆར་པདྨ་འོད་དུ་ཕེབས་པའི་གཟིགས་སྣང་འབྱམས་ཀླས་པ་བྱུང་། དེ་ནས་མོན་ཤ་འུག་སྟག་སྒོ། ཙཱ་རི་ཟིལ་ཆེན་ཕུག །ཀོང་གནས་སོགས་ནས་ཟབ་གཏེར་མང་དུ་བཞེས། འབྲི་གུང་པ་དཀོན་མཆོག་ཕྲིན་ལས་བཟང་པོ་དགོངས་པ་གཞན་དོན་དུ་གཏོད་པར་རིག་ནས་མྱུར་བར་བྱོན་ཀྱང་ལམ་བསྟབས་བདེ་མིན་གྱིས་ཅུང་ཟད་འགོར་བས་བླ་མ་ཞིང་གཤེགས་ནས་སྐུ་གདུང་ཞུགས་འབུལ་གྱི་སྐབས་ཙམ་ཕེབས། འདི་བོད་དུ་ལྗང་འགར་བྱུང་སྐབས་ཡིན་འདུག །དེ་ནས་ཁམས་སུ་བྱོན། ཙཱ་རི་གཉིས་པ་གཟེ་རྒྱལ་གྱི་གནས་སྒོ་ཕྱེ་བས་མཚོན་གནས་གཏེར་གྱི་སྒོའང་མང་དུ་ཕྱེས། ནང་ཆེན་རྒྱལ་པོ་སོགས་དང་མཆོད་ཡོན་འབྲེལ་ཞིང་དེ་ཕྱོགས་ཡས་མན་དུ་ཕྲིན་ལས་ཅུང་ཟད་རྒྱས། ཁྱད་པར་སྦས་གནས་སྤུ་བོ་ཕྱོགས་སུ་བྱོན་པས་ཀ་གནམ་སྡེ་པ་དང་མཆོད་ཡོན་ལེགས་པར་འབྲེལ་ཞིང་། སྤུ་བོ་ཡེ་གོང་ཁྲིམས་གཟིགས་རྔམས་ཆེན་སྒང་དུ་བདུད་འདུལ་སྔགས་པའི་གླིང་ཞེས་འདུས་སྡེ་ཆུང་ངུའང་བཏབ། འདིའི་ཤར་ཕྱོགས་རྟ་མགྲིན་གནས་ཆེན་དགའ་བ་ལུང་། ལྷོར་གཤིན་རྗེའི་གནས་རྒྱ་ལ་སེང་གཏམས། ནུབ་ཏུ་མཁའ་འགྲོའི་གནས་བོང་རི། བྱང་དུ་བཀའ་བརྒྱད་གནས་རྨ་ཀུང་ལུང་སོགས་ཡོད་པར་གསུངས། རྔམས་ཆེན་རོང་ནས་བཀའ་བརྒྱད་གསང་བ་ཟིལ་གནོན་གྱི་གཏེར་ཁ་ཆེན་པོ་བཞེས་པས་མཚོན། དེ་ཕྱོགས་ཡས་མན་ནས་ཀྱང་ཟབ་གཏེར་མང་དུ་བྱུང་། ཕལ་ཆེར་གཏན་ལ་ཕབ་ནས་དབང་ལུང་ཁྲིད་གསུམ་འཆད་སྤེལ་སོགས་ཀྱང་མཛད། སླར་རང་གནས་སུ་བྱོན། འདི་ཡན་གྱི་རྣམ་ཐར་མེ་ཤེལ་གསལ་བའི་ཕྲེང་བ་ཞལ་གསུངས་ཚིགས་བཅད་མ་ལྡེབ་སུམ་བརྒྱ་ལྷག་ཙམ་ཡོད་རུང་། བར་སྐབས་ཀྱི་ཞལ་གཟིགས་ལུང་བསྟན་གསུང་མགུར་སོགས་ཧ་ཅང་མང་དྲགས་པས་རྣམ་ཐར་དངོས་གཞི་དེ་ཙམ་གསལ་པོ་ཞིག་མི་སྣང་། མཇུག་གི་ཁ་སྐོང་རྣམ་ཐར་འདྲ་ནི་མེད་སྐད། སྤུ་བོར་བྱོན་སྐབས་དྭགས་ལ་སྒམ་པོའི་ཞབས་དྲུང་བྱོན་ནས་ཆོས་བདག་ཏུ་མངའ་གསོལ་ཚུལ་སྣང་བ། བཟང་པོ་རྡོ་རྗེ་སྤྲུལ་སྐུའི་དུས་ཡིན་འདྲ། མཚན་གྱི་རྣམ་གྲངས་པདྨ་གཏེར་བདག་གླིང་པ། ཀརྨ་ལས་འབྲེལ་གླིང་པ། རིག་འཛིན་རྩ་གསུམ་གླིང་པ། གར་དབང་གནམ་ལྕགས་རྡོ་རྗེ། སྔགས་འཆང་ཧཱུྃ་ནག་དྲག་རྩལ། རིག་འཛིན་བདུད་འདུལ་རྡོ་རྗེ། གཏེར་ཆེན་པདྨ་སྨིན་གྲོལ་སོགས་སུ་གྲགས། མཆིམས་ཕུར་ཕེབས་སྐབས་སྐྱིད་མོ་གྲོང་ནས་རིགས་ལྡན་ཞིག་ལས་རྒྱར་བཞེས་པའི་སྲས་རིག་འཛིན་ཐུགས་མཆོག་རྡོ་རྗེ་འཁྲུངས་སྐད། གཏེར་ཆོས་ཀྱི་རྣམ་གྲངས་རྗེ་ཉིད་སྤུ་བོར་བཞུགས་སྐབས་ཚིགས་སུ་བཅད་པ། དེ་སྐབས་རྒྱུད་སྡེ་དཔེར་འཁོད་ཀ་ཐོ་ནི། ཚེ་སྒྲུབ་རྣམ་བཞི་ཡང་ཕུར་དམར་ནག་དང་། །དྲག་པོ་རིགས་གསུམ་ཐུགས་རྗེ་ཆེན་པོ་དང་། །མཁའ་འགྲོ་སེང་གདོང་ཞིང་སྐྱོང་སྡེ་ཚན་གཉིས། །ཡེ་ཤེས་མགོན་པོ་སྡེ་ལྔ་ལ་སོགས་དང་། །དྲེགས་པ་འབུམ་ཏིག་དང་བཅས་མ་ལུས་ཀྱི། །སྔ་ཕྱིར་གདན་དྲངས་དགོས་རིམ་ཁོལ་ཕྱུང་ལ། །མེ་རྟ་ཡན་ཆད་ཤོག་སེར་བུ་དཔེ་ནི། །པོ་ཏིའི་སྡེ་ལ་བཅུ་བཞི་ལྷག་ཙམ་བྱུང་། །ཞེས་གསུངས་པ་ནི་རགས་རིམ་ཙམ་ཞིག་ཡིན་སྣང་བ་ལས་གཏེར་ཆོས་རྒྱ་ཆེར་བཞུགས་སྐད། དེང་སང་དབང་ལུང་གི་རྒྱུན་ཡོད་པ་བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་ནས་སྤྱན་དྲངས་པའི་བླ་མའི་ཐུགས་སྒྲུབ་བདེ་གཤེགས་ཀུན་འདུས་ཞེས་གསོལ་འདེབས་བསམ་པ་ལྷུན་གྲུབ་པའི་སྤྱི་སྒྲུབ་དང་། སྒོས་སྒྲུབ་སོ་སོའི་དབང་། བསྐྱེད་རྫོགས་ལས་ཚོགས་དང་བཅས་པ་པུསྟི་གཉིས། གཞོ་སྟོད་ཏི་སྒྲོ་ཚོགས་ཁང་ཆེན་མོ་ནས་སྤྱན་དྲངས་པ་གུ་རུ་དྲག་པོ་ཡང་ཟབ་པདྨ་ཁྲག་འཐུང་ཞེས་རྒྱུད་ལུང་མན་ངག་དང་འབྲེལ་པ་དབང་བཞིའི་ཟབ་ཁྲིད་ཁྱད་འཕགས་ལས་ཚོགས་མཐའ་རྒྱས་བཅས་པུསྟི་གཉིས། སྤུ་བོ་ཁྲིམས་༢གཟིགས་རྔམས་ཆེན་རོང་པདྨའི་སྦས་ཚལ་ནས་སྤྱན་དྲངས་པའི་ཡི་དམ་བཀའ་བརྒྱད་ཆེན་མོ་གསང་བ་ཟིལ་གནོན་རྒྱུད་སྡེ་བཅུ་བཞི་སོགས་རྒྱུད་ལུང་མན་ངག་ཕྲིན་ལས་དང་བཅས་པ་ཤིན་ཏུ་རྒྱས་པར་བཞུགས་པའི་པུསྟི་བདུན། མོན་ཤ་འུག་༢སྟག་སྒོ་ནས་སྤྱན་དྲངས་པའི་ཡང་ཕུར་གྭའུ་དམར་ནག་ཤིན་ཏུ་ཟབ་པ་པུསྟི་གཅིག །ཙཱ་རི་ཟིལ་ཆེན་གསང་ཕུག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་འཆི་བདག་ཟིལ་གནོན། ལྷོ་ཝ་ཞབས་བྲག་རི་ཚེ་བུམ་འདྲ་བ་ནས་སྤྱན་དྲངས་པའི་ཚེ་སྒྲུབ་རྡོ་རྗེའི་གོ་ཁྲབ། རྡོ་ཤལ་སྨད་ཇོ་བོ་སྒ་རྒྱལ་རིན་ཆེན་སྤུངས་པའི་མགུལ་ནས་སྤྱན་དྲངས་པའི་ཚེ་སྒྲུབ་པདྨ་གསང་ཐིག །རྡོ་ཤུལ་སྟོད་སྨད་མཚམས་མཁའ་འགྲོ་སྙིང་ཕུག་ནས་སྤྱན་དྲངས་པའི་ཚེ་སྒྲུབ་ལྕགས་ཀྱི་རྒྱ་མདུད་འཆི་བསླུ་སོགས་ལས་ཚོགས་མང་བར་བཞུགས་པ་བཅས་ཚེ་སྒྲུབ་སྐོར་བཞི་ལ་པུསྟི་གཅིག་ཙམ། སྦས་ཡུལ་བྲག་གད་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་འཁོར་འདས་ཟིལ་གནོན་པུསྟི་གཅིག །སྦུ་བོ་དར་སྣ་ཕ་ཝཾ་རྟ་མགོ་ནས་གདན་དྲངས་པའི་རྟ་མཆོག་རོལ་པ་ཉི་མའི་སྙིང་པོ། རྟ་མགྲིན་ཁྲོ་རྒྱལ་སྟོབས་འདུས། གསེར་གླིང་རི་ཆེའི་ནོར་བུའི་བང་མཛོད་ནས་གདན་དྲངས་པའི་རྡོར་སེམས་ཡེ་ཤེས་འོད་ཀྱི་དྲ་བའི་སྐོར། ལྷོ་ཟླ་ལྕི་རྒྱུད་སྨུག་པོ་ལྷ་རྩེ་ནས་གདན་དྲངས་པའི་ཕྱག་རྡོར་དྲེགས་པ་ཟིལ་གནོན། དབང་ཆེན་གསང་བ་ཐ་ནག་གི་སེར་སྲུང་སྤུ་གྲི་དམར་པོ། འབྲོང་རྒྱལ་གནོད་སྦྱིན་གྱི་གསོལ་མཆོད། དུད་སོལ་ལྷ་མོའི་མཆོད་བསྟོད། སྦུ་བོ་འདུང་ཆུའི་རྒྱལ་བ་བྱམས་པའི་སྙན་ནས་གདན་དྲངས་པའི་དབང་དྲག་པདྨ་ཡང་གསང་། རྡོ་རྗེ་གྲོ་ལོད་ཀྱི་སྐོར་ལེ་ཚན་གསུམ་བཅས་འདི་རིགས་པུསྟི་གཅིག་ཙམ། ཁྲོམ་གཟིགས་རྔམས་ཆེན་རོང་ནས་སྤྱན་དྲངས་པའི་འཇམ་དཔལ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་དུག་རི་མེ་འབར་གྱི་སྐོར་པུ་སྟི་གཅིག །གཞོ་སྟོད་ཏི་སྒྲོ་བྲག་དཀར་མཁའ་འགྲོ་ཀེ་རི་གསང་མཛོད་ནས་གདན་དྲངས་པའི་གསང་བ་ཌཱ་ཀི་ཡིད་བཞིན་ནོར་མཆོག་གི་ལས་ཚོགས་དང་བཅས་པ་པུསྟི་གཅིག །ཇོ་བོ་གཟེ་རྒྱལ་གྱི་གངས་ཁྲོད་དམར་ནག་རཀྟའི་མཚོ་ནས་སྤྱན་དྲངས་པའི་མཁའ་འགྲོ་བདུད་འདུལ་མའི་སྐོར་པུསྟི་གཅིག་ཙམ། དཔལ་ཙཱ་རི་ནས་སྤྱན་དྲངས་པའི་ཞིང་སྐྱོང་མགོན་པོའི་སྐོར་པུསྟི་ཕྱེད་ཙམ། མདོ་སྨད་ཆབ་མདོ་ལ་གོང་དགེ་བསྙེན་ཕོ་བྲང་ནས་གདན་དྲངས་པའི་བླ་མའི་ནོར་སྒྲུབ་པདྨ་རྒྱལ་པོའི་སྐོར་རྒྱས་པ་དང་། གསེར་གླིང་ནོར་བུའི་བང་མཛོད་དམ། བྲག་ནག་བདུད་རྫོང་ནས་གདན་དྲངས་པའི་དུ་རུ་ཀ་སོགས་མཐའ་དམག་ཟློག་བྱེད་བླ་མ་དྲག་པོའི་ཆོས་སྐོར་ཆོག་སྒྲིག་མང་བ་དང་བཅས་འདི་རིགས་ལའང་པུསྟི་རེ་རེ་ཙམ་ཡོད་པ་བཅས་ཁྱོན་དྲིལ་གཏེར་ཆོས་པུསྟི་སྟབས་བདེ་ཅན་བཅོ་བརྒྱད་ཙམ་ཡོད་སྣང་། ཤོག་སེར་འབེབས་མ་གྲུབ་པ་དང་། དཔེ་རྒྱུན་ཡོད་ཀྱང་དབང་ལུང་གི་རྒྱུན་མི་བཞུགས་པའང་མང་དུ་ཡོད་འདྲ།། །། ༈

Footnotes

Other Information