ཡང་དེ་དག་གི་སྐབས་སུ་མཎྜལ་གྱི་རྣམ་བཤད་ལྟ་བུ་སྦྱར་བར་སྤྲོ་ན།

From Khyentse Lineage - A Tsadra Foundation Project
JKW-KABUM-18-TSHA-001-012
Wylie title yang de dag gi skabs su maN+Dal gyi rnam bshad lta bu sbyar bar spro na JKW-KABUM-18-TSHA-001.pdf
Location mkhyen brtse'i bka' 'bum
Volume 18, sde tshan 1, Text 12, Pages 161-174 (Folios 81a2 to 87b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. yang de dag gi skabs su maN+Dal gyi rnam bshad lta bu sbyar bar spro na. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 18: 161-174. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
ཡང་དེ་དག་གི་སྐབས་སུ་མཎྜལ་གྱི་རྣམ་བཤད་ལྟ་བུ་སྦྱར་བར་སྤྲོ་ན། བརྗོད་བྱ་རྒྱས་པ་ནི་གཞན་དུ་ཤེས་པར་བྱ་བ་ལས་ཡི་གེའི་ངལ་བས་སྤྲོ་བར་མ་ནུས་ཤིང་ཤིན་ཏུ་ཉུང་ངུ་ཙམ་ཞིག་བརྗོད་པའི་དབང་དུ་བྱས་ན། གོང་གི་བཤད་པ་ལས། འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དད་པས་སྤྲུལ་ཏེ། ཞེས་པའི་མཚམས་འབུལ་བ་ལ། ཐོག་མར་སྐབས་སུ་བབས་པ་ཞིང་ཁམས་ཀྱི་མཆོད་སྤྲིན་མཎྜལ་དབུལ་ཚུལ་ལས་འཕྲོས་པའི་བརྗོད་པ་ཉུང་ངུ་ཞིག་སྙན་དུ་གསོལ་ན་རྣམ་པ་ལྔ་སྟེ། དང་པོ་གང་ལས་བརྩམས་ཏེ་བྱུང་བའི་ཚུལ་གྱི་གླེང་གཞི་ནི། མདོ་སྡེ་བསྐལ་པ་བཟང་པོ་ལས། བདེར་གཤེགས་སྐྱེས་དབང་འཁོར་ལོས་སྒྱུར་བའི་ཚེ། །དེ་བཞིན་གཤེགས་པ་ཀུན་ཏུ་འོད་དེ་ལ། །གླིང་བཞི་དག་ནི་དབུལ་བར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་དང་། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། རྒྱལ་པོ་ལེགས་པར་བྱུང་བ་ཛམ་གླིང་དུ། །རིན་ཆེན་ཆར་པ་འབེབས་པ་དེ་མཐོང་ནས། །གླིང་བཞི་རིན་ཆེན་གང་བར་བྱས་ནས་ཀྱང་། །རིན་ཆེན་གཙུག་ཏོར་ཅན་གྱི་བསྟན་ལ་ཕུལ། །ཞེས་དང་། དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ལས། ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀངས་ཏེ། །བསོད་ནམས་འདོད་པས་བསོད་ནམས་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་པ་ལ་སོགས་པས་མཚོན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས་ལན་གཅིག་མ་ཡིན་པར་བསྟན་ཅིང་། དེ་ཡང་སྲས་དང་བཅས་པའི་ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་ཐམས་ཅད་གང་གིས་གཤེགས་པའི་ལམ་ལྔར་གྲགས་པ་ལས། འདིར་ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་ལ་རྒྱ་ཆེར་སྤྱོད་པས་ཚོགས་ལམ་གྱི་རྣམ་གྲངས་སུ་འདུ་བ་གང་ཞིག་སློབ་པའི་སས་བསྡུས་པའོ།། །།གཉིས་པ་སྒྲ་དོན་འབྲེལ་པ་ནི། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྦྱར་ན། མཎྜལ་ཞེས་པ་མ་ཌི་རྒྱན་བྱེད་པའི་བྱིངས་དོན་ལས་དྲངས་ཏེ་གཞི་དུས་སུ་ཀུན་རྫོབ་ཀྱི་བདེན་པའི་སྣང་ཚུལ་ལ་གནས་སྐབས་སུ་མི་བསླུ་བའི་ངེས་པ་རྙེད་པས། ལམ་དུས་རྒྱུ་བསོད་ནམས་ཀྱི་ཚོགས་མཐའ་ཀླས་པ་ལ་འབད་པའི་སྟོབས་ཀྱིས། འབྲས་བུའི་དུས་ན་གཞན་དོན་དུ་སྨོན་ལམ་རྟེན་འབྲེལ་གྱི་མཐུ་འགོག་པ་མེད་པས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་གཟུགས་སྐུ་རྣམ་པ་གཉིས་ཐོབ་པའི་ཉེར་ལེན་དུ་གྱུར་པའི་ཕྱིར་འབྲས་མིང་རྒྱུ་ལ་བཏགས་པ་སྟེ། དེ་སྐད་དུའང་། སློབ་དཔོན་ནཱ་ག་རྫུ་ནས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་སྐྱེས་པ་སྟེ། །ཞེས་སམ། ཁྱད་པར་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན་ཡེ་ཤེས་ཐིག་ལེ་ལས། མ་ནི་ཡིག་འབྲུ་འདབ་མར་བརྗོད། །ཎ་ནི་ཡིག་འབྲུ་ལྟེ་བར་དྲན། །ཌ་ནི་ཡིག་འབྲུ་གེ་སར་ཏེ། །ལ་ནི་ཡིག་འབྲུ་དེ་དེར་བལྟ། ཞེས་པ་ལྟར། ཕྱི་ལྟར་དུ་ཆུ་སྐྱེས་ཀྱི་གེ་སར། ནང་ལྟར་ན་རྡོ་རྗེ་བཙུན་མོའི་མཁའ་དབྱིངས། གསང་བ་ལྟར་ན་ཡུལ་སྟོང་པ་ཉིད་ལ་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རོལ་པས་གཟུང་འཛིན་གྱི་འཆིང་བ་མཚུངས་པར་ལྡན་པའི་ས་བོན་དང་བཅས་པ་བཙན་ཐབས་སུ་གྲོལ་ཏེ། ས་བཅུ་ལམ་ལྔའི་ཡོན་ཏན་ཐམས་ཅད་གཅིག་ཅར་དུ་སྨིན་པས་འབྲས་བུ་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཕྱིར་དེ་སྐད་དུ་བརྗོད་ལ། གཞན་ཡང་ཐུན་མོང་དུ། བླ་མ་དང་། ཡི་དམ་གྱི་ལྷ་སོགས་ཞིང་ཁྱད་པར་ཅན་གྱི་མདུན་དུ་རང་གཞན་བསོད་ནམས་ཀྱི་ཚོགས་རྫོགས་པའི་སླད་དུ། དངོས་ཡིད་ཀྱི་མཆོད་སྤྲིན་མཐའ་ཀླས་པ་ཞིག་འབུལ་དུ་ཡོད་པ་ལས། ཐམས་ཅད་ཀྱི་རབ་དང་། མཆོག་དང་། ཕུལ་ཉིད་ཀྱི་ཕྱིར་རྒྱན་ལྟ་བུར་གྱུར་པ་ནི་མཎྜལ་སྟེ། དཀྱིལ་འཁོར་ཞེས་སུའང་གྲགས་པའི་དཀྱིལ་ནི་དབུས་ཀྱི་ལྷུན་པོ་དང་། འཁོར་ནི་གླིང་བཞི་གླིང་ཕྲན་ལ་སོགས་པ་ཇི་སྙེད་པ་ལའང་བཤད་དུ་ཡོད་དོ།། །།གསུམ་པ་དག་པ་སྦྱོར་བ་ནི་སློབ་དཔོན་ཆེན་པོ་གཉིས་སུ་མེད་པའི་རྡོ་རྗེས། བ་ལྕི་ཆུ་དང་བཅས་པ་སྦྱིན་པ་སྟེ། །ལེགས་པར་བྱུགས་པ་ཚུལ་ཁྲིམས་བཟོད་པ་ནི། །སྲོག་ཆགས་ཕྲ་མོ་སེལ་བར་བྱེད་པའོ། །བརྩོན་འགྲུས་བྱ་བ་དག་ལ་འཇུག་པ་སྟེ། །བསམ་གཏན་དུས་དེར་རྩེ་གཅིག་བྱེད་པའི་སེམས། །ཤེས་རབ་ཚོགས་སོགས་ལེགས་པར་འབར་བ་ཡིན། །ཞེས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་སེམས་ཐོག་མར་བསྐྱེད་པ་ནས་བཟུང་སྟེ་མཐར་གྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཀྱི་བར་དུ་ཇི་ལྟར་སྤྱོད་པར་བྱ་བའི་ངོ་བོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། དེ་ཉིད་འདིར་དྲི་ཡི་ཐིག་ལེ་བྱུགས་པ་ནས་བཟུང་སྟེ་ཚོམ་བུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་བར་ལ་ལེགས་པར་ཚང་བ་ཉིད་དོ།། །།བཞི་པ་ཚུལ་ལམ་རྣམ་པ་ནི། མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་ཟུང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་གི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་འབྱུང་བར་འགྱུར། །ཞེས་པ་ལྟར་གྱི་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ཡོངས་སུ་རྫོགས་པའི་ས་གཞི་ཐམས་ཅད་ཙནྡན་དང་། ཨ་ག་རུ་དང་། ག་བུར་ལ་སོགས་པའི་དྲི་བཟང་པོའི་ཆུས་བྱུགས་ཏེ། ལྷའི་མེ་ཏོག་མནྡཱ་ར་བ་དང་། པུཎྜ་རཱི་ཀ་དང་། ཨུཏྤལ་དང་། ཨུཏྤལ་ཆེན་པོ་ལ་སོགས་སིལ་མར་བཀྲམས་ཤིང་། ནོར་བུ་རིན་པོ་ཆེ་བཻཌཱུཪྻ་དང་། ཨིནྡྲ་ནཱི་ལ་དང་། མརྒད་སོགས་ཀྱིས་མཛེས་པར་བྱས་པའི་གོ་མཚམས་རྣམས་སུ། འབྱོར་པ་དང་རིན་ཐང་གིས་ཁྱད་པར་དུ་བྱས་པའི་རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ལྗོན་ཤིང་། འདོད་པ་འཇོ་བའི་བ་མོ། མ་རྨོས་པའི་ལོ་ཏོག་གི་དགའ་ཚལ་ཏེ་བཞི། མངོན་པ་འབྱུང་བ་སོགས་ནས་བཤད་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ལ་འོས་པའི་རིན་པོ་ཆེ་སྣ་བདུན། གཏེར་ཆེན་པོས་ཡོངས་སུ་གང་བའི་བུམ་པ། སྒེག་སོགས་ཕྱི་ནང་གི་མཆོད་པའི་ལྷ་མོ་བརྒྱད། ཉི་མ་དང་ཟླ་བའི་སྣང་བྱེད། རིན་པོ་ཆེའི་གདུགས་དཀར་པོས་ནམ་མཁའ་ཁྱབ་པར་ཁེབས་པའི་བླ་བྲེ། ཕས་རྒོལ་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་རྣམས་དང་། གཞན་ཡང་ལེགས་བྲིས་དང་། གདེངས་ཅན་དང་། མི་ཡི་འགྲོ་བ་དག་གིས་བདག་ཏུ་བཟུང་བ་དང་མ་བཟུང་བའི་དཔལ་དང་འབྱོར་པའི་ཕུང་པོ་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པས་ཕྱུར་བུར་བཀང་ཞིང་དེ་ཡང་རྡུལ་ཕྲ་རབ་རེའི་ཁོངས་དེ་ལྟ་བུའི་མཎྜལ་རྡུལ་སྙེད་དུ་སྤྲོ་བས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་རྣམ་པར་ཐར་པ་དང་རྗེས་སུ་མཐུན་པ་ཉིད་བྱེད་པ་པོ་རང་གིས་བྱང་དྲངས་པའི་སེམས་ཅན་ཐམས་ཅད་མི་གནས་པའི་བྱང་ཆུབ་དམ་པ་བླ་ན་མེད་པའི་གོ་འཕང་ལ་འགོད་པའི་སླད་དུ་ཕྱོགས་བཅུ་དུས་བཞིའི་མཆོད་འོས་ཐམས་ཅད་གཅིག་ཏུ་འདུས་པའི་མངའ་བདག་རྗེ་བཙུན་བླ་མ་འདིར་འབུལ་ཡུལ་དམིགས་གསལ་གྱི་ཁ་བསྒྱུར་ཇི་ལྟར་འོས་པ་བྱ། དམ་པ་གང་གི་ཞབས་པད་དུ་ཕུལ་ནས། བརྩེ་ཆེན་སྙིང་རྗེའི་གཟིགས་པས་བདག་གིར་མཛད་པར་གསོལ་བ་འདེབས་པ་སྟེ། དེ་སྐད་དུའང་། རྒྱལ་བའི་སྲས་པོ་ཞི་བ་ལྷས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་ཁྱོད་ཀྱིས། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་གསུངས་པ་ལྟ་བུའོ།། །།ལྔ་པ་ཕན་ཡོན་ནི། སློབ་དཔོན་དཔའ་བོས། སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་ལ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །སྣ་ཚོགས་ནད་ཀྱི་འཇིགས་གྲོལ་བ། །གང་ནི་དེ་ཡིས་སྐད་ཅིག་ཐོབ། །ཅེས་དང་། །སྣ་ཚོགས་བསོད་ནམས་ཀྱིས་བརྒྱན་པའི། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང་། །མིར་སྐྱེ་གསེར་ལས་ལྷག་པ་ཡི། ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདོག་ལྟར་ཡན་ལག་ཚང་། །མིག་གི་དཀྱུས་རིང་མཛེས་པར་འགྱུར། །ཞེས་པ་ལ་སོགས་པའི་བརྗོད་བྱ་ཟད་མི་ཤེས་པ་དང་ལྡན་པ་དེ་ལ་ཡང་། གནས་སྐབས་ལག་ཏུ་ལེན་པའི་དབང་དུ། ཚོམ་བུ་ལྔ་པ། བདུན་པ། བཅོ་ལྔ་པ། སོ་བདུན་པ་སོགས་དབྱེ་བསྡུ་ཐ་དད་པ་འབྱུང་བ་ལས་འདིར་ཕྱོགས་ཕྱི་མ་ལྟར་འབུལ་ན། ཞེས་པའི་མཚམས་མཎྜལ་དངོས་དབུལ་ཞིང་། མཐར། དེ་ལྟར་ཡིད་སྤྲུལ་མཎྜལ་གྱི་མཆོད་སྤྲིན་འབུལ་བ་སྔོན་དུ་སོང་ནས། གཉིས་པ་དེ་ཉིད་མཚོན་བྱེད་དངོས་འབྱོར་གྱི་བདོག་པ་ཕྲ་མོ་རྣམས་ཡེ་ཤེས་གཟིགས་པ་དམ་པའི་སྤྱན་ལམ་དུ་བསྟར་བ་ལ། ཐོག་མར་དྲི་མ་མེད་པའི་སོགས་དཀྱུས་ལྟར་སྤྲོ་བར་བྱ་ཞིང་། གལ་ཏེ་དེ་ལས་ཅུང་ཟད་ཞིབ་ཏུ་བཤད་པར་འདོད་ན། གཞན་སྔར་ལྟར་ལ། བཞི་པ་ཚུལ་ལམ་རྣམ་པ་ནི། ཞེས་པའི་མཚམས། ལྷུན་པོ་གླིང་བཞི་གླིང་ཕྲན་ལྕགས་རི་དང་བཅས་པའི་དབུས་སུ་འབྱོར་པའི་ཁྱད་པར་སྣ་ཚོགས་པས་ཡོངས་སུ་གཏམས་པ་སྟེ་དེ་ཡང་གང་ལ་བརྟེན་པའི་གཞི་རླུང་གིས་དཀྱིལ་འཁོར་སྔོན་པོ་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ། རྒྱར་གྲངས་མེད་པ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དཀར་པོ་དཔངས་སུ་དཔག་ཚད་འབུམ་ཕྲག་བརྒྱད། དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་སེར་པོ་རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་གཉིས་ཀའི་ཐད་ཀར་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་སུམ་སྟོང་བཞི་བརྒྱ་ལྔ་བཅུ། ཁོར་ཡུག་ཏུ་ས་ཡ་གསུམ་དང་དྲུག་འབུམ་ཆིག་ཁྲི་སུམ་བརྒྱ་ཡོད་པའི་མཐར་ལྕགས་ཀྱི་རི་བོ་གྲུ་བཞི་པ་དཔངས་སུ་དཔག་ཚད་སུམ་བརྒྱ་བཅུ་གཉིས་རྒྱང་གྲགས་བཞི་དང་ལྡན་པས་ཡོངས་སུ་བསྐོར་བའི་དབུས་སུ། ས་འཛིན་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤར་རིན་པོ་ཆེ་ཀཱནྟ། ལྷོ་བཻཌཱུཪྻ། ནུབ་པདྨཱ་རཱ་ག །བྱང་སུ་བརྞྞ་ལས་གྲུབ་པ་འཕངས་སུ་དཔག་ཚད་ཆིག་འབུམ་དྲུག་ཁྲི་ལས་བརྒྱད་ཁྲི་མཚོར་ནུབ་ཅིང་། ལྷག་མ་སྟེང་དུ་འཕགས་པའི་ཕྱེད་མན་ལའང་བང་རིམ་བཞི་ཡོད་པའི་དང་པོར་གནོད་སྦྱིན་ལག་ན་གཞོང་ཐོགས། གཉིས་པར་ཕྲེང་ཐོགས། གསུམ་པར་སྟག་མྱོས། བཞི་པར་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་རང་རང་གི་དཔུང་དང་བཅས་ཏེ་འཁོད་པའི་སྟེང་གི་གཞིར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་ཀུན་ནས་གྲུ་བཞིར་སྣང་བའི་ངོས་རེར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་རེ། ཁོར་ཡུག་ཏུ་ཁྲི་ཕྲག་གཅིག་ཡོད་ཅིང་། འབྱོར་པ་དང་ལོངས་སྤྱོད་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པའི་དབུས་སུ་ལེགས་བྲིས་ཀྱི་དབང་པོ་རང་གི་བསྟི་གནས་རྣམ་པར་རྒྱལ་བའི་ཁང་བཟང་ངོས་རེར་དཔག་ཚད་ཉིས་བརྒྱ་ལྔ་བཅུ་དང་། སྲིད་དུ་ལྟ་ན་སྡུག་ལས་དཔག་ཚད་ཕྱེད་ཀྱི་འཕགས་པ། ཕྱི་རོལ་གྱི་ཕྱོགས་བཞིར་ཚལ་ཆེན་པོ་བཞི། བྱང་ཤར་མཚམས་སུ་འདོད་དགུ་ཐམས་ཅད་འབྱུང་བའི་ལྗོན་ཤིང་ཡོངས་འདུ་ས་བརྟོལ། །ལྷོ་ནུབ་ཏུ་སྦྱིན་སྐྱེས་ཀྱི་ཚོགས་འདུན་གྲོས་བྱེད་པའི་གནས་ཆོས་བཟང་ལྷའི་མདུན་ས་སོགས་ཏེ་བཀོད་པ་ཕུན་སུམ་ཚོགས་པས་བརྒྱན་པ། དེའི་སྟེང་དུ་དཔག་ཚད་བརྒྱད་ཁྲི་འདས་པའི་ནམ་མཁར་མས་ནས་རིམ་པར་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་འདོད་ཁམས་ཀྱི་ལྷའི་གནས་རྣམས་དང་། དེ་ནས་ཀྱང་ཚངས་རིས་སོགས་བསམ་གཏན་བཞིའི་ལྷ་གནས་བཅུ་གཉིས་དང་། མི་ཆེ་བ་སོགས་གཙང་རིགས་ཀྱི་ལྷ་གནས་ལྔ་སྟེ་གཟུགས་ཁམས་གནས་རིགས་བཅུ་བདུན་པོ་རིམ་པ་བཞིན་དུ་གནས་པར་བཤད་ལ། གཞན་དུ་ཏིང་ངེ་འཛིན་གྱི་བྱེ་བྲག་གི་འཕེན་པ་ལས་བྱུང་བའི་ནམ་མཁའ་མཐའ་ཡས་སོགས་གཟུགས་མེད་སྐྱེ་མཆེད་མུ་བཞི་པོའི་གནས་ནི་གོང་འོག་དང་ཕན་ཚུན་མེད་དོ། །དེ་ལྟར་གྱི་ལྷུན་པོའི་ཕྱི་རོལ་ནས་གསེར་གྱི་རི་བདུན་དང་། རོལ་པའི་མཚོ་བདུན་གྱིས་རིམ་པར་བསྐོར་བ་དང་། མཐའི་ལྕགས་རིའི་མཚམས་སུ་བ་ཚྭ་ཅན་གྱི་མཚོ་ཞེངས་སུ་དཔག་ཚད་སུམ་འབུམ་དང་ཉི་ཁྲི་ཡོད་པའི་ནང་ཁོངས་སུ། ཤར་དུ་ལུས་འཕགས་གླིང་དབྱིབས་ཟླ་གམ་བཅད་ཁ་རི་རབ་ལ་བསྟན་པའི་ངོས་རིང་བ་དཔག་ཚད་ཉིས་སྟོང་དང་། འབུར་ངོས་ཐུང་བ་དཔག་ཚད་སུམ་བརྒྱ་ལྔ་བཅུ་པ། ལྷོར་ཛམ་བུ་གླིང་སོག་ཁའི་དབྱིབས་ཀྱི་ཞིང་ཆེ་བ་རི་རབ་ལ་བསྟན་པའི། ངོས་རིང་བ་གསུམ་ལ་དཔག་ཚད་ཉིས་སྟོང་དང་། ཡུ་བའི་ཕྱོགས་ལ་དཔག་ཚད་ཕྱེད་དང་བཞི་ཡོད་པ། ནུབ་བ་གླང་སྤྱོད་དབྱིབས་ཟླུམ་པོ། ཐད་ཀར་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ལ་ཁོར་ཡུག་ཏུ་དཔག་ཚད་བདུན་སྟོང་ལྔ་བརྒྱ་ཡོད་པ། བྱང་སྒྲ་མི་སྙན་དབྱིབས་གྲུ་བཞི་པའི་ངོས་རེར་དཔག་ཚད་སྟོང་ཕྲག་གཉིས་གཉིས་རེ་ཡོད་པ། དེ་དག་གི་གཡས་གཡོན་དུ་གླིང་ཕྲན་ཀྱང་། ལུས་འཕགས་པོའི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས། ཛམྦུ་གླིང་གི་གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན། བ་གླང་སྤྱོད་ཀྱི་གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ། སྒྲ་མི་སྙན་གྱི་གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་སྟེ། དེ་དག་ཀྱང་དབྱིབས་སོ་སོའི་གླིང་ཆེན་རྣམས་དང་མཚུངས་ཤིང་། ཆེ་ཆུང་ནི་ཕྱེད་ཕྱེད་དུ་ཡོད་ལ། སོ་སོའི་བདེ་འབྱོར་གྱི་ཁྱད་པར་སྣ་ཚོགས་པ་ལོངས་སྤྱོད་པ་དང་བཅས་པའི་ངང་ཚུལ་ཅན་ཏེ། དེ་སྐད་དུའང་མངོན་པ་མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་ཟུང་། །ཞེས་སོགས་དཀྱུས་བཞིན་ལ། མཛེས་པར་བྱས་པའི། ཞེས་པའི་མཚམས་སུ། ཤར་གླིང་གི་ནང་ནས་བརྩམས་ཏེ་རིན་པོ་ཆེ་སྣ་ཚོགས་ཕུང་པོར་སྤུངས་པའི་རི་བོ། ལྷོ་གླིང་གི་ནང་དུ་རི་རབ་རྩེ་མོའི་བྱང་ཤར་དུ་སྐྱེས་པའི་དཔག་བསམ་གྱི་ལྗོན་ཤིང་། ནུབ་གླིང་གི་ནང་དུ་བཟའ་བཏུང་འདོད་པ་འཇོ་བའི་བ། བྱང་གླིང་གི་ནང་དུ་སྐྱེས་བུའི་རྩོལ་བས་མ་རྨོས་མ་བཏབ་པར་རང་བཞིན་དུ་འཁྲུངས་པའི་ལོ་ཏོག །དེ་ནས་ཀྱང་ཤར་ནས་ཕྱོགས་བཞིར་འཁོར་ལོ་ནས་བརྩམས་པ་དང་། ཤར་ལྷོ་ནས་མཚམས་བཞིར་གླང་པོ་ནས་བརྩམས་ཏེ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། གཏེར་གྱི་བུམ་བཟང་དང་བཅས་པ་སྟེ། དེ་ཡང་ཤར་དུ་འཁོར་ལོ་རིན་པོ་ཆེ་ནི། ལྷ་རྫས་ཀྱི་དྭངས་མའི་གསེར་བཟང་པོ་ལས་བྱས་ཤིང་དབྱིབས་དང་། ལྟེ་བ་ཟླུམ་ལ་རྩིབས་སྟོང་དང་ལྡན་པ། འཁོར་ཡུག་ཏུ་མུ་ཁྱུད་མཉམ་ཞིང་བཟང་བ། ཕས་ཀྱི་རྒོལ་བའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བྱེད་པ་དང་ལྡན་པའོ། །ལྷོར་ནོར་བུ་རིན་པོ་ཆེ་ནི། ལྷ་རྫས་ཀྱི་རང་བཞིན་བཻཌཱུཪྻ་ལས་གྲུབ་ཅིང་དབྱིབས་ཟུར་བརྒྱད་པ། དེའི་འོད་ཀྱིས་དཔག་ཚད་ཙམ་དུ་ཁྱབ་ཅིང་། མུན་པའི་རབ་རིབ་ཐམས་ཅད་འཕྲོག་པས་མཚན་ཡང་ཉིན་མོ་ལྟར་གསལ་བའི་བྱེད་ལས་ཅན། ནུབ་ཏུ་བཙུན་མོ་རིན་པོ་ཆེ་ནི། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། ངང་ཚུལ་རང་བཞིན་གྱིས་བཟང་བ། ལྤགས་པའི་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པས་ལེགས་ཤིང་། རེག་བྱ་འཇམ་པ། ཁ་ནས་ཨུཏྤ་ལ་ཡི་བསུང་ཞིམ་འཐུལ་ཞིང་ཡིད་དུ་འོང་བ། ཚ་བས་ཉེན་པའི་ཚེ་བསིལ་བ་དང་། བསིལ་བས་ཉེན་པའི་ཚེ་ཚ་བ་སྟེ་འདོད་དགུའི་རེག་བྱ་དང་ལྡན་པའོ། །བྱང་དུ་བློན་པོ་རིན་པོ་ཆེ་ནི། རྒྱལ་པོས་གང་སེམས་དེ་ཉིད་ཤེས་ནས་མ་བསྒོས་པར་ཡང་ལས་བྱེད་པ། ཤིན་ཏུ་ཕུན་སུམ་ཚོགས་ཀྱང་ཆོས་མིན་གྱི་ལས་སྤངས་པ། ཉོན་མོངས་པ་མེད་པ། གཞན་ལ་གནོད་པ་མེད་པ། སྐྱེ་བོ་ལ་མི་འཚེ་བ། ཆོས་ཀྱི་བྱ་བ་དང་ལྡན་ཞིང་མ་འོངས་པའི་བྱ་བ་ཤེས་པ་དང་ལྡན་པ། ཐམས་ཅད་ཡོངས་སུ་འབུལ་བ་སོགས་ཀྱི་ཁྱད་ཆོས་ཅན་ནོ། །ཤར་ལྷོར་གླང་པོ་རིན་པོ་ཆེ་ནི། ཡན་ལག་བདུན་པོ་ས་ལ་ལེགས་པར་གནས་ཤིང་། གངས་རིའི་ཕུང་པོ་འགྲོ་ཤེས་པ་ལྟ་བུ་སྟེ། གཡུལ་ལས་རྣམ་པར་རྒྱལ་བར་འདོད་པའི་རྒྱལ་པོ་ལ་འོས་པའི་ནོར་གྱི་མཆོག་གོ །ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེ་ནི། ཐོ་རངས་ཀྱིས་མཚོན་ཏེ་ཡུན་ཐུང་ངུ་ཙམ་ལའང་ཕྱོགས་མ་ལུས་པ་བསྐོར་ནས་སླར་རང་ཁྱིམ་དུ་ལྡོག་པའི་སྟོབས་དང་ལྡན་ལ། རྨ་བྱའི་མགྲིན་པའི་སྤུ་སྡུག་ལྟར་ཁ་དོག་ཡིད་དུ་འོང་བས་བརྒྱན་པའོ། །ནུབ་བྱང་དུ་དམག་དཔོན་རིན་པོ་ཆེ་ནི། བདུད་དང་བདུད་ཀྱི་ཕྱོགས་སུ་གཏོགས་པའི་དཔུང་གང་དག་གཞན་གླགས་བལྟ་བའི་ཕྱིར་འགྲོ་བ་དང་། ལྡང་བ་དང་། འོང་བ་མ་ལུས་པ་འཇོམས་པར་བྱེད་པའི་མཐུ་སྟོབས་ཀྱི་དཔལ་དང་། འབྱོར་བའི་དཔུང་དང་། ཕ་རོལ་གནོན་པའི་སྙིང་སྟོབས་སོགས་ཁྱད་ཆོས་དུ་མས་འཕགས་པའོ། །བྱང་ཤར་དུ་གཏེར་ཆེན་པོའི་བུམ་པ་ནི། གང་གིས་རེག་པ་ཙམ་ནས་ཟས་དང་། གོས་དང་། མལ་ཆ་ལ་སོགས་པ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟར་འཛད་མེད་དུ་འབྱུང་བའོ། །དེ་ནས་ཀྱང་ཤར་ནས་བརྩམས་ཏེ་སྒེག་སོགས་བཞི་དང་། ཤར་ལྷོ་ནས་བརྩམས་ཏེ་མེ་ཏོག་མ་སོགས་བཞི་སྟེ། དེ་ཡང་ཤར་དུ་སྒེག་མོ་མ་ནི། མཛེས་སྡུག་གི་རྣམ་འགྱུར་ཕ་མཐའ་ཡས་པས་ཡིད་ཀྱི་ཆོམ་རྐུན་དུ་བྱེད་པ། ལྷོར་ཕྲེང་བ་མ་ནི་ནོར་བུ་རིན་པོ་ཆེ་སྣ་ཚོགས་པའི་དོ་ཤལ་འཛིན་པ། ནུབ་ཏུ་གླུ་མ་ནི། དབྱངས་ཀྱི་ཡན་ལག་བདུན་དང་ལྡན་པའི་གདངས་སྙན་པོ་རྣ་བའི་བཅུད་ལེན་དུ་སྟོབ་པ། བྱང་དུ་གར་མ་ནི། སྒེག་པ་དང་། ཞི་བ་ལ་སོགས་པའི་གར་གྱི་ཉམས་འགྱུར་མཐའ་ཀླས་པས་མཆོད་པ། ཤར་ལྷོར་མེ་ཏོག་མ་ནི། ཆུ་སྐྱེས་དང་། ཐང་སྐྱེས་དང་། གཞན་ཡང་ལྷ་རྫས་ཀྱིས་མེ་ཏོག་མནྡཱ་ར་བ་ལ་སོགས་པ་ཆར་དུ་བསྙིལ་བ། ལྷོ་ནུབ་ཏུ་བདུག་སྤོས་མ་ནི། ལྷན་ཅིག་སྐྱེས་པ་དང་། རྗེས་སུ་སྦྱང་བ་ལས་བྱུང་བའི་བསུང་ཞིམ་གྱི་སྤྲིན་ཕུང་འཐུལ་བ། ནུབ་བྱང་དུ་སྣང་གསལ་མ་ནི། རང་བྱུང་དང་། སྦྱང་བ་ལས་བྱུང་བའི་སྒྲོན་མེ་ས་ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་ཡོངས་སུ་སྣང་བར་བྱེད་པ། བྱང་ཤར་དུ་དྲི་ཆབ་མ་ནི། ཙནྡན་དང་། གསུར་དང་། གུར་གུམ་ལ་སོགས་པའི་དྲི་ཞིམ་པོའི་སྤོས་ཆུས་སྐུ་ལ་བྱུགས་པའོ། །དེ་ནས་ཤར་གླིང་གི་ནམ་མཁར་ལྷུན་པོའི་ཕྱེད་ཀྱི་ཐད་དུ་ཉི་མའི་དཀྱིལ་འཁོར་ཐད་ཀར་དཔག་ཚད་ལྔ་བཅུ་རྩ་གཅིག་པ། འོག་གཞི་མེ་ཤེལ་དང་། མཐའ་གསེར་གྱི་ར་བས་བསྐོར་བ། ནང་ན་ལྷའི་བུ་ཉི་མ་འཁོར་དང་བཅས་པ་གྲོང་ཁྱེར་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་བཅས་པ། ལྷོ་གླིང་གི་ནམ་མཁར་སྔར་ལྟར་ཟླ་བའི་དཀྱིལ་འཁོར་འོག་གཞི་ཆུ་ཤེལ་དང་མཐའ་ཆུ་ཤེལ་གྱི་ར་བས་བསྐོར་བའི་ནང་དུ་ལྷའི་བུ་ཟླ་བ་འཁོར་དང་བཅས་པའི་གྲོང་ཁྱེར། ནུབ་གླིང་གི་ནང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཐུར་མ་བརྒྱ་དང་ལྡན་པ་སོགས་ཆེན་པོ་ལ་འོས་པའི་ཡོ་བྱད། བྱང་གླིང་གི་ནང་དུ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ནམ་བ་དན་དཀར་པོ་ཕས་རྒོལ་གྱི་མཚན་མ་ལས་རིང་དུ་བྱས་པའི་དགེ་མཚན་གྱི་མཚོན་བྱེད་དུ་བསྒྲེང་བ་རྣམས་དང་། གཞན་ཡང་ལེགས་བྲིས་དང་། གདེངས་ཅན་དང་། སོགས་དཀྱུས་ལྟར་འདྲེན་པར་བྱ་བ་ཉིད་དོ། ། ༈

Footnotes

Other Information