ཁྲི་འདོན་མངའ་གསོལ་ལྟ་བུའི་ལེགས་འབུལ་གྱི་ཚེ།

From Khyentse Lineage - A Tsadra Foundation Project
JKW-KABUM-18-TSHA-001-011
Wylie title khri 'don mnga' gsol lta bu'i legs 'bul gyi tshe JKW-KABUM-18-TSHA-001.pdf
Location mkhyen brtse'i bka' 'bum
Volume 18, sde tshan 1, Text 11, Pages 150-161 (Folios 75b4 to 81a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. khri 'don mnga' gsol lta bu'i legs 'bul gyi tshe. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 18: 150-161. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
ཁྲི་འདོན་མངའ་གསོལ་ལྟ་བུའི་ལེགས་འབུལ་གྱི་ཚེ། གོང་རྒྱན་དང་འབེབས་ཞུས་སོགས་སྔ་མ་རྣམས་ལས་བླངས་པའམ། ཡང་ན། ཤྲཱི་བི་ཛ་ཡནྟུ། དགེ་མཚན་བྱེ་བ་ཕྲག་བརྒྱས་མངོན་གཏམས་ཡོན་ཏན་ཡིད་བཞིན་འབྱུང་གནས་ཆེ། །དྲན་པ་ཙམ་གྱིས་རྨོངས་པའི་འཇིགས་འཕྲོག་ཞི་བསིལ་བདུད་རྩི་སྦྱིན་པ་ལ། །གྲགས་པའི་རྔ་ཡབ་ཐ་གྲུར་གཡོ་བར་ཡིད་ཅན་རྒྱ་མཚོའི་དཔལ་གྱུར་པའི། །ཞབས་སེན་སྲིད་ཞིའི་ཐོད་ཀོས་བཏུད་བྱས་ནོར་བུའི་བ་གམ་གཡོ་བའི་དྲུང་། །ཞེས་སམ། ཤྲཱི་སྭསྟི་སིདྡྷནྟུ། ཚངས་སོགས་ཆེ་དགུའི་འདར་ལྡན་ཐོར་ཚུགས་ཀྱིས། །ཞབས་སེན་ནོར་བུའི་མེ་ལོང་ཕྱིས་པའི་ངོགས། །རྨད་བྱུང་དགེ་མཚན་བརྒྱ་ཕྲག་སྣང་བའི་དཔྱིད། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཉེ་དྲུང་དུ། །ཞེས་སམ། ཤྲཱི་ཛཱི་བནྟུ། །དཔལ་ལྡན་རྒྱལ་བ་སྲས་བཅས་ཐུགས་རྗེའི་གར། །ཡེ་ཤེས་ཕུང་པོར་མངོན་པར་སྣང་བའི་གཟུགས། །ལྷར་བཅས་ཀུན་གྱི་གཙུག་གིས་ཉེར་བསྟེན་པའི། །ཞབས་སྟེགས་པདྨོ་སར་པའི་ཉེ་དྲུང་དུ། །ཞེས་སམ། ཨོཾ་སྭསྟི་ཀུརྦནྟུ། གཟོད་ནས་རྟག་པ་དམ་པའི་ཆོས་ཉིད་ལ། །ཤིན་ཏུ་བརྩེ་བའི་ཕྱག་གིས་ཉེར་འཁྱུད་ཀྱང་། །སྙིང་རྗེའི་སྒྱུ་འཕྲུལ་རོལ་མོ་མི་འགོག་པའི། །ཞབས་པད་གདོང་ལྔས་བསྟེན་པ་ག་ལ་བར། །ཞེས་སམ། སྭསྟི་བི་ཛ་ཡནྟུ། རྡུལ་བྲལ་ཆོས་དབྱིངས་ཆུ་གཏེར་ཆེ། །སྙིང་རྗེའི་ས་བརྟོལ་གྱིས་བསྲུབས་པས། །མཚན་དཔེའི་ཟླ་ཤེལ་དར་བབས་པའི། །ཞབས་སྟེགས་ལྷ་བརྒྱའི་ཅོད་པན་དྲུང་། །ཞེས་པ་ལྟ་བུའི་འབེབས་འོག་ནས། །འདི་ན་ཚངས་དབང་གཙུག་གི་རིན་ཆེན་རྣམ་པར་བཞུ་བའི་དོགས་པ་ཅན། །སྤྲིན་སྔོན་ཆུན་པོའི་གོམ་སྟབས་མཐོང་ཚེ་མདོངས་མཐའ་དགའ་བའི་ཟློས་གར་ལྟར། །བསྐལ་མང་བསོད་ནམས་ཟོང་གིས་ཉེར་ཐོབ་ཁྱོད་ཞབས་ལེགས་བྱས་དོ་ཀེར་རྩེར། །མངོན་པར་དབང་བསྐུར་ཤིས་པ་བསྒྲུབས་ཚེ་དད་སྤྲོའི་བརྗོད་པ་འདི་སྐད་དབྱེ། །ཞེས་སམ། རྡུལ་སྙེད་ལུས་ཀྱི་ཆུ་བ་ལྡེམས་པའི་ཕང་། །སོར་བཅུའི་མེ་ཏོག་སྤྱི་བོར་ཟླུམ་དང་བཅས། །རྣམ་གསུམ་དད་པའི་སྦྲང་རྩིའི་བརྟུལ་ཞུགས་ཅན། །གང་དེའི་མགྲིན་པའི་རྫ་རྔ་འདི་སྐད་འཁྲོལ། །ཞེས་སམ། བསྔགས་འོས་ཡོན་ཏན་ཡི་གེའི་དོ་ཤལ་གྱིས། །ཕྱོགས་ཀྱི་བུ་མོའི་འགྲམ་པར་རྒྱན་མཐོང་བས། །མི་ཕྱེད་དད་གུས་མགྲིན་པ་མཐོར་བཏེགས་ནས། །དགེ་ལེགས་ཤིས་པའི་བརྗོད་པ་འདི་སྐད་གླེངས། །ཞེས་སམ། མི་ཕྱེད་གུས་པའི་ཟླ་ཟེར་གྱིས་རེག་པས། །ངག་ཚིག་ཀུ་མུད་དགོད་པའི་འཛུམ་དཀར་ལས། །ཞུ་གསོལ་སྦྲང་རྩིའི་དོགས་པ་གཡོ་དང་བཅས། །ཡེ་ཤེས་གཟིགས་པའི་འབབས་སྟེགས་མཛེས་པར་བྱ། །ཞེས་སམ། ཇི་ལྟར་ཉིན་མོའི་ཐིགས་པ་ཡིས། །ཉེ་བར་ཕྱེ་བའི་པདྨོ་བཞིན། །དད་གསུམ་མཆུ་སྒྲོས་གཡོ་བ་ལས། །ཞུ་གསོལ་གུས་པའི་རྒྱུད་མངས་འཁྲོལ། །ཞེས་སོགས་གང་འོས་ཀྱི་མཐར། ལོག་རྟོག་ར་རིས་གཞར་ཡང་རིང་བཏང་སྐལ་བཟང་དད་པའི་མེ་ལོང་དུ། །རྨད་བྱུང་དམ་པའི་ཡོན་ཏན་གཟུགས་བརྙན་འགོག་པ་མེད་པ་རྒྱུ་བ་ཡིས། །གྲགས་སྙན་འབིགས་བྱེད་རླུང་གི་རྩེ་དགས་ལྷར་བཅས་སྲིད་པའི་ཁམས་འདི་ཡང་། །དགེ་མཚན་སྣང་བ་བརྒྱ་ཕྲག་འབར་བཞིན་ཕན་བདེའི་སིམ་པ་ཅིར་ཡང་ཐོབ། །དེ་ཚེ་མཚན་བཟང་མིག་གི་བདུད་རྩི་ངོ་མཚར་སྣང་བ་ལྷམ་མེ་བས། །བྲལ་སྨིན་ལམ་བདེན་རྒྱལ་རྔ་བརྡུངས་ནས་འགྲོ་རྣམས་ཐར་པའི་སར་བཀོད་ཅིང་། །ཡེ་ཤེས་ཕུང་པོ་གཞལ་དུ་མེད་པ་གཏིང་མཐའ་བྲལ་བར་སྙོམས་འཇུག་པའི། །རྣམ་ཐར་མཐའ་ཀླས་ཚངས་པའི་བློས་ཀྱང་རྫོགས་པར་འདྲེན་པའི་གོ་སྐབས་ཅི། །ཁྱད་པར་སྲིད་ཞིའི་ཐོར་ཚུགས་ཀྱིས་དུད་ཆོས་ཀྱི་རྒྱལ་ཐབས་ཆེན་པོ་ལ། །ཞབས་མཐིལ་འཁོར་ལོའི་རེ་ཁཱ་བཀོད་ཚེ་སྲས་བཅས་འདྲེན་པ་ཐམས་ཅད་ཀྱང་། །བསྔགས་པའི་མེ་ཏོག་ཆལ་ཆིལ་བསྙིལ་བས་ཕྱོགས་ཀྱི་ཁོར་ཡུག་དཀྲིགས་གྱུར་ན། །ལེགས་བྲིས་བཅས་པའི་ཡིད་ཅན་སུ་ཞིག་གུས་པའི་ཐལ་མོ་སྦྱོར་མི་བྱེད། །དེ་སླད་བྱང་ཆུབ་སྙིང་པོའི་བར་དུ་ཐུགས་རྗེའི་བརླན་གྱིས་མི་བཏང་ཕྱིར། །མི་ཕྱེད་དད་གསུམ་ག་བུར་རྡུལ་གྱིས་ཡིད་རབ་མྱོས་པའི་ཀུ་མུད་དཱས། །ཡིད་སྤྲུལ་མཎྜལ་རྒྱ་ཆེར་བཀོད་པས་ཡེ་ཤེས་གཟིགས་པ་མཛེས་བྱས་ཏེ། །དངོས་འབྱོར་མཆོད་སྤྲིན་སྦྲང་རྩིའི་ཐིག་པ་ཅུང་ཟད་གཡོ་བས་བསྙེན་བཀུར་བགྱི། །ཞེས་སམ། མགོན་ཁྱོད་གཟོད་ནས་གྲུབ་པའི་རྒྱལ་ཐབས་ཆེར། །རྣམ་གྲོལ་སྐུ་བཞིའི་རིན་ཆེན་སྔོན་བརྙེས་ཀྱང་། །ཡིད་ཅན་སྲིད་པའི་ཆུ་གཏེར་ལས་གདོན་ཕྱིར། །རྨད་བྱུང་ཐུགས་རྗེའི་སྒྱུ་འཕྲུལ་ཅི་ཡང་སྟོན། །ཁྱད་པར་དེང་འདིར་མཚན་བཟང་ཆུ་ཤེལ་དབང་། །མོས་ལྡན་ཡིད་མཁར་ཤར་བའི་དེ་མ་ཐག །ཡོན་ཏན་བདུད་རྩིའི་དོ་ཤལ་བརྒྱ་ཕྲག་གི །སྣང་བ་དམ་པས་འཇིག་རྟེན་མཛེས་པར་བྱས། །དེ་ཚེ་ཞབས་སེན་བནྡྷུ་ཛཱི་བ་ཀ །རྣམ་གྲོལ་ཆོས་ཀྱི་ཁྲི་ལ་མངའ་གསོལ་བར། །དད་སྤྲོའི་དགའ་སྟོན་ཉུང་ངུའི་མེ་ཏོག་གིས། །སྐལ་པ་བཟང་པོའི་ཤིས་པ་དེང་འདིར་བསྒྲུབས། །ཞེས་སམ། གང་ཁྱོད་ཚོགས་ཟུང་བརྒྱ་བྱིན་སོར་རྩེ་ཡིས། །རྣམ་པར་བྲིས་པའི་མཚན་བཟང་རི་དྭགས་ཀྱིས། །ཉེར་འཁྱུད་བྱིན་རླབས་བདུད་རྩིའི་འོད་སྣང་ཅན། །སྐལ་བཟང་མོས་པའི་རི་དབང་རྩེ་མོར་འཛེགས། །ཁྱད་པར་རིགས་ལས་ཐོབ་པའི་བསྔགས་འོས་ཀྱིས། །རྣམ་ཐར་རི་མོ་བསུབ་ཏུ་མེད་པ་གང་། །དད་གསུམ་བཞིན་གྱི་སྣོད་དུ་འཆར་བའི་མོད། །སྔོན་མེད་ངོ་མཚར་ལྟད་མོར་རིང་ཞིག་གཡེངས། །དེ་ཚེ་ལེགས་བྲིས་གདེངས་ཅན་བདག་པོ་སོགས། །ཆེ་དགུའི་རལ་ཁུར་སྣུམ་པོས་བརླིངས་བྱས་པའི། །ཆོས་ཀྱི་རྒྱལ་ཐབས་ཆེན་པོར་དབང་བསྐུར་བས། །དགེ་ལེགས་ཤིས་པའི་མཆོད་སྤྲིན་ཅུང་ཟད་སྟོབ། །ཅེས་སམ། འདི་ན་བྱང་ཆུབ་སྙིང་པོའི་བདུད་རྩིའི་བཅུད། །བླ་མེད་ཐར་པའི་སྲོག་ཏུ་སོང་བ་ལས། །རྡོ་རྗེའི་རྣལ་འབྱོར་ཡོངས་སུ་གྲུབ་པའི་དཔྱིད། །གཞན་ལ་ཕན་པའི་གར་དུ་ཟློས་པ་གང་། །ཇི་ལྟར་འདམ་ལས་སྐྱེས་པའི་པདྨོ་ཡང་། །དག་པའི་ཁ་དོག་བརྒྱ་ཕྲག་འཆང་བ་ལྟར། །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས། །བྲལ་སྨིན་ཡོན་ཏན་མཐའ་དག་བདག་གིར་མཛད། །དེ་ཚེ་སྲས་དང་བཅས་པའི་རྒྱལ་ཀུན་གྱིས། །རྨད་བྱུང་ཆོས་ཀྱི་ཁྲི་ལ་མངའ་གསོལ་བའི། །དགེ་མཚན་ཤིས་པའི་སྣང་བ་འབྱམས་ཀླས་པར། །དད་སྤྲོའི་མཆོད་སྤྲིན་ཕྲ་མོའི་དགའ་སྟོན་སྟོབ། །ཅེས་སམ། མགོན་ཁྱོད་གཟོད་ནས་རྣམ་གྲོལ་བའི། །ཡེ་ཤེས་ཕ་རོལ་ཕྱིན་བརྙེས་ཀྱང་། །ཐབས་མཁས་མཛད་པའི་གཞན་དབང་གིས། །ངོ་མཚར་ཟློས་གར་ཅི་ཡང་སྟོན། །ཁྱད་པར་དེང་འདིར་མོས་ལྡན་གྱིས། །ཡིད་ལ་བདུད་རྩིའི་དཔལ་སྟེར་བའི། །མཚན་དཔེའི་དཀྱིལ་འཁོར་སྣང་བ་དང་། །མཉམ་དུ་བསྔགས་འོས་ཆ་ཤས་རྫོགས། །དེ་སླད་སྲིད་ན་མངོན་མཐོ་བའི། །ཆོས་ཀྱི་རྒྱལ་ཐབས་ལ་འཛེགས་ཚེ། །ཤིས་པའི་སྒོ་འཕར་དབྱེ་བའི་ཕྱིར། །དད་སྤྲོའི་མཎྜལ་སྟོབ་ལ་ཕྱོགས། །ཞེས་པ་ལྟ་བུས་མཚོན་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། དེ་ལྟར་ཚངས་པའི་སྲས་མོའི་རྒྱུད་མངས་ལ་ཅུང་ཟད་རེག་པའི་བརྗོད་པ་ཉུང་ངུས་མདུན་བསུས་ཏེ། སྐབས་སུ་བབས་པའི་གླེང་པར་བྱ་བ་ནི། འདི་ལྟར་ལྷ་དང་བཅས་པའི་འགྲོ་བ་ཀུན་གྱི། རྟེན་དང་། གླིང་དང་། དཔུང་གཉེན་གཅིག་པུར་གྱུར་པའི་སྐྱོབ་པ་ཁྱོད་ནི། །ཐོག་མ་མ་མཆིས་པའི་དུས་ནས་ཟད་པ་དང་མི་སྐྱེ་ཤེས་པའི་ཡེ་ཤེས་ཀྱི་བདུད་རྩིས་ཐུགས་ཀྱི་དཔལ་བེའུ་ཡོངས་སུ་གཏམས་ཏེ། བྱང་ཆུབ་སྙིང་པོའི་གོ་འཕང་ཕུན་སུམ་ཚོགས་པ་བརྙེས་སུ་ཟིན་ཀྱང་། སྨོན་ལམ་དང་སྙིང་རྗེའི་འཕེན་པ་ཁོ་ནས་ཡང་སྲིད་ཀུན་ཏུ་ཐབས་མཁས་ཀྱི་སྤྱོད་པ་མཐའ་ཀླས་པས་ཡིད་ཅན་ཐམས་ཅད་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་དཀྲི་བར་མཛད་པ་ལས། དེང་གི་ཆར་དགེ་ཞིང་ཤིས་པའི་ལེགས་བྱས་ཀྱི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་བའི་སྐབས་འདིར། རྗེ་བཙུན་བླ་མ་དམ་པ་རིམ་པར་བྱོན་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་ཁྲི་མི་འཇིགས་བཞི་དང་ལྡན་པའི་འཕྲོག་བྱེད་ཀྱི་དབང་པོ་དྲེགས་པས་བསྒྱིངས་པའི་དོ་ཀེར་གྱི་རྩེ་ལ་ཞབས་སེན་གྱི་པདྨོ་བཀོད་པས་ཡིད་སྲུབས་ཀྱི་དཔུང་ཚོགས་སྡེ་དང་བཅས་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་གདན་སྲིད་རྩེར་བསྒྲེངས་བ་དང་ཆབ་ཅིག །ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་སྲས་དང་བཅས་པ་རྣམས་ཀྱི་ལེགས་སོའི་བསྔགས་བརྗོད་མེ་ཏོག་མནྡཱ་རའི་དོ་ཤལ་དུ་གཡོ་བས་དབུགས་དབྱུང་ཞིང་། མངའ་གསོལ་ཏེ། གང་ཞིག་ལེགས་བྲིས་ཀྱི་དབང་པོ་དང་། གདེངས་ཅན་གྱི་བདག་པོ་དང་། ནོར་འཛིན་ཡངས་པའི་ཁྱོན་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་རྣམས་ཀྱིས་མཚོན་མཆོག་དམན་བར་མའི་ཡིད་ཅན་རྒྱ་མཚོའི་རྡུལ་རྙེད་ཀྱི་བསླུ་བ་མེད་པའི་སྐྱབས་སུ་ངེས་པ་རྙེད་པས་ཡིད་དྲངས་ཏེ། ཞབས་སེན་གྱི་ནོར་བུ་སྤྱི་བོར་བསྙེན་ནས་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་དགའ་སྟོན་གཏན་པ་མེད་པར་ལོངས་སུ་སྤྱད་པའི་བཀའ་དྲིན་དང་ངོ་མཚར་ནི་སོ་སོ་སྐྱེ་བོའི་བློ་ཡི་ར་བ་ལས་རིང་དུ་བརྒལ་བའི་ཕྱིར་སྟོང་གསུམ་བཻཌཱུཪྻས་བསྐངས་ཀྱང་གཞལ་བར་ལྟ་ག་ལ། །དེ་ལྟ་ནའང་དངོས་པོའི་བདོག་པ་ཅུང་ཟད་འདིས་མཚོན་རང་གཞན་གྱི་རྒྱུད་ན་དུས་གསུམ་དུ་བསགས་པའི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དད་པས་སྤྲུལ་ཏེ་འབུལ་བའི་མཎྜལ་མཚོན་བྱེད་དུ། ཐོག་མར་དྲི་མ་མེད་པའི་སྙིང་རྗེ་ཆེན་པོའི་འཇུག་པས་གཞན་ལ་ཕན་པར་དགོངས་པའི་ཐུགས་བསྐྱེད་ཡལ་བར་མི་འདོར་བའི་རྟེན་འབྱུང་དུ་ལྷ་རྫས་ཀྱི་ཝསྟྲ་ཟླ་བ་ཞུན་མའི་མདོག་ཅན་དཀྱུས་སུ་རིང་བ། གང་སྐུ་མཚན་དཔེའི་ཕུང་པོ་ཞིང་ཁམས་འདི་ཁོ་ན་ལས་གཡོ་བ་མེད་པར་བསྐལ་པ་རྒྱ་མཚོར་བརྟན་པར་བཞུགས་པའི་དགེ་མཚན་དུ་རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན་འཆི་མེད་མཆོག་སྦྱིན། གང་གསུང་མི་ཤིགས་ནཱ་དའི་སྒྲ་དབྱངས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ཞི་བསིལ་གྱི་བདུད་རྩི་རྒྱུན་ཆད་མེད་པ་སྩོལ་བའི་རྟེན་འབྱུང་དུ་མདོ་སྡེ་བསྐལ་པ་བཟང་པོའི་པུསྟ་ཀཿ གང་ཐུགས་རྡུལ་དང་ཤེས་བྱའི་ཡུལ་ལས་འདས་པའི་ཡེ་ཤེས་ཆེན་པོའི་ཐིག་ལེར་རྒྱུ་དང་མི་རྒྱུའི་དངོས་པོ་ཐམས་ཅད་གཅིག་ཏུ་བསྡམས་པའི་བརྡར་བཀའ་གདམས་མཆོད་རྟེན་པད་སྤུངས་རྙིང་མ། ཞེས་པ་ལ་སོགས་པའི་འབུལ་ཚན་རྣམས་རིམ་པར་བཀོད་པའི་མཐར། སླར་ཡང་ཛམ་བུའི་ལྗོན་པས་ཉེ་བར་མཚན་པའི་ལྗོངས་འདིར་ཕྲིན་ལས་ཀྱི་འཇུག་པ་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བའི་རྟེན་འབྱུང་དུ་མཐའ་རྟེན་རས་དཀར་ཡུག་བཅས་རྣམ་གྲངས་བརྒྱ་ཕྲག་གསུམ་ལ་ཉག་མ་གསུམ་གྱི་ལྷག་པ་འབུལ་ལམ་ཞུས་པས་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པས་རྗེས་སུ་དགོངས་ཏེ་ཉེ་བར་བཞེས་པ་དང་། གུས་ལྡན་པ་ཁོ་བོ་ཅག་གིས་མཚོན་མཐའ་ཀླས་པའི་འགྲོ་བ་ཀུན་གྱི་ཆེད་དུ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ངེས་པ་ལྔ་ལྡན་གྱི་རང་བཞིན་ཆེན་པོར་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་ནས། བྱང་ཆུབ་སྙིང་པོའི་བར་དུ་ཐུགས་རྗེའི་ཕྱག་གིས་མི་འདོར་བ་གསོལ་བ་འདེབས་པ་ལགས། ཞེས་པ་ལྟ་བུ་རྒྱས་བསྡུས་སྐབས་དང་སྦྱར་ཏེ་བཀོད་པའི་མཐར། སྔར་སྨོས་པའི་རྟེན་བཞུགས་གང་འོས་སམ། ཡང་ན། སླར་ཡང་སྨྲས་པ། གཟུང་འཛིན་རྩ་ཡི་མདུད་པ་ཇི་སྙེད་རྡོ་རྗེ་དྡྷཱུ་ཏིར་བསྡམས་པའི་སྐུ། །ཟླ་ཉིའི་རྒྱུ་བ་སྒྲ་གཅན་གྱིས་ཟོས་བྱེད་རྩོལ་བརྗོད་པ་བྲལ་བའི་གསུང་། །ཤེས་དང་ཤེས་བྱ་རོ་གཅིག་ཉིད་གྱུར་འོད་གསལ་རྣམ་ཀུན་མཆོག་ལྡན་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོའི་རོལ་མོ་བསྐལ་པ་རྒྱ་མཚོར་འབར་གྱུར་ཅིག །ཚད་མེད་སྙིང་རྗེའི་ཐུར་མ་བརྒྱས་བཏེགས་བྱིན་རླབས་གདུགས་དཀར་གཡོ་བའི་གྲིབ། །བདག་སོགས་སྲིད་པའི་ཚ་གདུང་གིས་ཉེན་བྱང་ཆུབ་བར་དུ་དབུགས་དབྱུང་བས། །ཕན་བདེའི་ངལ་བསོ་ཅི་ཡང་ཐོབ་ལས་བསྐལ་བཟང་ཨུཏྤལ་དར་བབས་པའི། །རྨད་བྱུང་མཚར་སྡུག་ཆོ་ག་རྫོགས་པས་ཡིད་སྲུབས་དཔུང་བཅས་འཆིང་བར་མཛོད། །གང་ཞིག་སྐྱབས་སུ་ཐོབ་པ་ཙམ་ནས་གནས་སྐབས་མཐར་ཐུག་བསམ་པའི་དངོས། །ཡིད་བཞིན་འཇོ་བའི་དགའ་སྟོན་སྦྱིན་ལ་ནོར་བུའི་རེག་བྱས་མཚོན་མིན་པའི། །མཆོག་གསུམ་རྒྱ་མཚོ་འདུས་པའི་ཞལ་སྐྱིན་མགོན་པོ་ཁྱོད་ཀྱི་ཐུགས་རྗེ་ཡི། །ཕུན་ཚོགས་བཀྲ་ཤིས་སྣང་བ་གསར་པས་སྲིད་ཞིའི་ཁམས་ཀུན་མཛེས་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛ་ཡ་སརྦ་ཤྲེ་ཡོ་བྷ་བནྟུ། །ཞེས་སམ། གང་ཞིག་སྲིད་དང་ཞི་བའི་ཡོན་ཏན་གྱིས། །ཡོངས་སུ་གཏམས་པའི་གསང་བ་མི་ཟད་པ། །མགོན་ཁྱོད་འཆི་མེད་གྲུབ་པའི་ཁྲི་འཕང་དུ། །རྟག་པ་རྒྱུན་གྱི་འཁོར་ལོར་འཚོ་གཞེས་ཤིང་། །བདག་སོགས་མོས་པའི་ཡིད་ཅན་རྡུལ་སྙེད་ཀུན། །རྣམ་གྲོལ་ཐར་པའི་གོ་འཕང་ལ་བཀོད་པའི། །ཞི་བསིལ་བདུད་རྩིའི་གྲུ་ཆར་དབབ་པ་དང་། །ལྷན་ཅིག་བྱང་ཆུབ་བར་དུ་རྗེས་སུ་ཟུངས། །གང་ཞིག་བསྟེན་ན་འཕྲལ་ཡུན་དགེ་ལེགས་ཀྱི། །འདོད་དགུ་གཅིག་ཆར་འཇོ་བའི་མ་ཎི་ཀཿ མཆོག་གསུམ་བཀྲ་ཤིས་ཉིན་མོའི་སྣང་བ་ཡིས། །བྲན་ལས་དོན་གཉིས་པདྨོར་ཛུམ་གྱུར་ཅིག །སརྦ་དཱ་སུ་ཤྲེ་ཡོ་དཱི་པཾ་བྷ་བནྟུ། ཞེས་སམ། ཡེ་ཤེས་མེ་དཔུང་འབར་བའི་མདའ་གཅིག་གིས། །ཚུལ་མིན་ཡིད་སྲུབས་སྡེར་བཅས་བསྲེགས་ནས་སླར། །འགྲོ་འདིའི་བསོད་ནམས་མཆོད་སྡོང་དམ་པ་རུ། །ཞབས་སེན་ནོར་བུའི་བ་གམ་རྟག་བརྟན་ཅིང་། །འདི་ན་གུས་པའི་སྐལ་བཟང་པད་དཀར་གྱིས། །ཉེ་བར་མཚན་པའི་ཡིད་ཅན་མཐའ་དག་ཀྱང་། །ཐུགས་རྗེའི་དཔྱིད་དཔལ་དར་བས་བསྲུང་བ་ལ། །དོན་གཉིས་མཚར་སྡུག་རྫོགས་པའི་བཀའ་དྲིན་སྩོལ། གང་ཞིག་མཚན་ཙམ་ཐོས་པའི་ཟླ་བས་ཀྱང་། །དགེ་མཚན་སྣང་བ་སྟེར་ལ་མི་ངལ་བའི། །མཆོག་གསུམ་བཀྲ་ཤིས་གྲུབ་པའི་ཆོ་ག་ཡིས། །ལྷར་བཅས་དགའ་བའི་དགའ་སྟོན་རྒྱས་གྱུར་ཅིག །སརྦ་དཱ་ལཀྵྨཱི་ཀ་ལྱཱ་ཎཾ་ཤུ་བྷ་ལཀྵྨ་པ་རི་བརྡྷ་ཀུརྦནྟུ། ཞེས་སམ། བགྲངས་ཡས་བསྐལ་པར་གོམས་པའི་བྱང་ཆུབ་སེམས། །གཞན་ཕྱིར་བརྩོན་པ་རྨད་བྱུང་གིས་བསྐྲུན་པའི། །གསང་གསུམ་རྟག་པ་རྒྱུན་གྱི་འཁོར་ལོ་རུ། །མི་ཤིགས་རྡོ་རྗེའི་ཆོས་སུ་ཞབས་བརྟན་ཅིང་། །རྨད་བྱུང་ཐུགས་རྗེའི་འོད་རིས་སར་པ་ཡིས། །རྨོངས་པར་གྱུར་པ་རྣམས་ལ་མིག་བྱིན་ནས། །གང་འདུལ་ཐར་པའི་ལམ་མཆོག་སྟོན་པ་ཡི། །དེད་དཔོན་མཚུངས་མེད་དེ་ནི་ཁྱོད་ཀྱིས་མཛོད། །འདི་ན་གུས་པའི་ཡིད་མཁར་འཕོས་ཙམ་གྱིས། །ངེས་ལེགས་གོ་འཕང་རྩེ་མོར་འགོད་མཛད་པའི། །སྐྱབས་གསུམ་བཀྲ་ཤིས་དཔག་བསམ་དབང་པོ་ཡིས། །ལྷར་བཅས་དགེ་མཚན་བསིལ་བ་སྦྱིན་གྱུར་ཅིག །སརྦ་དཱ་དི་གི་ཀཱ་ལ་སུ་ཤུ་བྷ་སྱ་དཱི་པཾ་རོ་ཙནྟུ། ཞེས་སམ། རྒྱལ་བ་ཀུན་དངོས་མགོན་ཁྱོད་ནི། །དམ་ཆོས་མཐའ་ཀླས་ཡོངས་ཀྱི་སྣོད། །དེ་སླད་འཕགས་ཚོགས་རྒྱ་མཚོ་ཡི། །སྤྱི་ཏོར་རྩེ་མོར་ཞབས་བརྟན་ཞིང་། །རྨད་བྱུང་ཐུགས་རྗེའི་རིན་ཆེན་དབྱིག །ཕྱོགས་ལྷུང་བྲལ་བར་སྦྱིན་པ་ཡིས། །སྲིད་གསུམ་ཕན་བདེའི་དགའ་སྟོན་ལ། །ངོམས་མེད་ལོངས་སུ་སྤྱོད་པར་མཛོད། །གང་ལ་བརྟེན་ནས་མི་བསླུ་བའི། །མཆོག་གསུམ་བཀྲ་ཤིས་གདུགས་དཀར་པོའི། །དགེ་མཚན་གྲིབ་མ་སྣུམ་པོ་རུ། །ལྷར་བཅས་དགའ་སྟོན་འཕེལ་གྱུར་ཅིག །སརྦ་དཱ་མང་ག་ལཾ་བྷཱུ་ཡ྄ཏ། ཞེས་པ་ལྟ་བུ་སྐབས་དང་བསྟུན་སྟེ་ཇི་ལྟར་འོས་པ་དག་སྦྱར་བར་བྱའོ། ། ༈

Footnotes

Other Information