ཀུན་རིག་རྩ་ལྷ་སོ་བདུན་གྱི་ཞལ་ཐང་།

From Khyentse Lineage - A Tsadra Foundation Project
JKW-KABUM-17-TSA-003-013
Wylie title kun rig rtsa lha so bdun gyi zhal thang JKW-KABUM-17-TSA-003.pdf
Location mkhyen brtse'i bka' 'bum
Volume 17, sde tshan 3, Text 13, Pages 560-567 (Folios 59b5 to 63a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. kun rig rtsa lha so bdun gyi zhal thang. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 17: 560-567. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Art - rtsom rig / ri mo / bris cha  ·  Guides to Paintings - bri yig

1 Texts in this Section (sde tshan or chos tshan)

[edit]
༄༅། །ཨོཾ་སྭ་སྟི། ཀུན་རིག་རྩ་ལྷ་སོ་བདུན་གྱི་གཙོ་འཁོར་ཐམས་ཅད་ལ་དར་གྱི་རྒྱན་གཉིས་དང་། རིན་པོ་ཆེའི་རྒྱན་བརྒྱད་ཡོད་པ་ལས། དང་པོ་དར་གྱི་སྟོད་གཡོགས་ཆོས་གོས་མཐའ་སྐོར་མེད་པ་ལྟ་བུ་ཞིག་གིས་སྐུ་སྟོད་ཁེབས་ཤིང་། སྣེ་མོ་དཔུང་པའི་ཐད་ཀར་ལྷབ་ལྷུབ་ཏུ་གཡོ་བ། གཉིས་པ་སྨད་གཡོགས་དར་གྱི་ཤམ་ཐབས་ལྟ་བུ་མདུན་ནས་རྒྱབ་ཏུ་དཀྲིས་པ། གསུམ་པ་དབུ་སྐྲ་ཐོར་ཚུག་གྱེན་ཏུ་བཅིངས་པ་ལ་རིན་པོ་ཆེའི་ཏོག་གིས་མཚན་པར་རིན་པོ་ཆེའི་པྲོག་ཞུ་གྱོན་པ། རྣ་གོང་ཨུཏྤལ་མེ་ཏོག་པཉྩ་རིས། རྒྱས་པ་ལས་དར་དཔྱང་འཕྱང་བ། བཞི་པ་རིན་པོ་ཆེའི་རྣ་གོར་ལ་རིན་པོ་ཆེ་སྣ་ཚོགས་པའི་ཕྲས་མཛེས་པ། ལྔ་པ་མགུལ་རྒྱན་རིན་པོ་ཆེའི་གཞུང་གསུམ་པ་རིན་པོ་ཆེའི་དྲ་བས་སྦྲེལ་བ་ལ་རིན་པོ་ཆེའི་འཕྱང་འཕྲུལ་ཅུང་ཟད་དང་བཅས་པ། དྲུག་པ་ཕྱག་གདུབ་གཞུང་གསུམ་པ་རིན་པོ་ཆེའི་ཕྲེང་བས་སྦྲེལ་བ་ཆེ་བ་གཉིས་ཀྱིས་དཔུང་པ་དང་། ཆུང་བ་གཉིས་ཀྱིས་མཁྲིག་མར་བརྒྱན་པ། བདུན་པ་ཞབས་གདུབ་དེ་དང་འདྲ་བ་ལ་རིན་པོ་ཆེའི་ཟ་ར་ཚག་མང་དུ་འཕྱང་བ། བརྒྱད་པ་སྐ་རགས་རིན་པོ་ཆེའི་གཞུང་ལྔ་གྱེན་དུ་བྱས་པ་བར་མཚམས་རིན་པོ་ཆེའི་དྲ་བས་སྦྲེལ་ཞིང་སྨད་དུ་རིན་པོ་ཆེའི་ཟ་ར་ཚག་མང་དུ་འཕྱང་བ། དགུ་པ་རིན་པོ་ཆེའི་དོ་ཤལ་རིན་པོ་ཆེའི་ཕྲེང་བ་ལྟེ་བ་ཡན་ཆད་འཁོར་བ། བཅུ་པ་རིན་པོ་ཆེའི་ཕྲེང་བ་དེ་ལྟ་བུ་ནུ་མའི་བར་དུ་འཁོར་བའོ། ། ༈ གཙོ་བོ་ཀུན་རིག་རྣམ་སྣང་ཞལ་བཞི། ཕྱག་གཡོན་འོག་མ་དང་གཡས་སྟེང་དུ་བྱས་ཤིང་མཐེ་བོང་ལྟོ་སྦྱར་བའི་མཉམ་གཞག་ཅན། ཞབས་རྡོར་སྐྱིལ། ༡༽ སྦྱོང་པའི་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་ཕྱག་རྒྱ་སོགས་གཙོ་བོ་དང་འདྲ། ༢༽ རྒྱལ་མཆོག་རིན་ཆེན་ཕྱག་རིན་འབྱུང་དང་འདྲ། ༣༽ ཤཱཀྱ་རིགས་དབང་ཆོས་འཆད། ༤༽ མེ་ཏོག་ཆེར་རྒྱས་གཡོན་མཉམ་གཞག །གཡས་ཐལ་མོ་བརྐྱང་བ་སྙིང་ག་ནས་ཁ་ཕྱིར་བསྟན་པ། ༥༽ ཡུམ་བཞི་ལས། སྤྱན་མ་ཕྱག་གཡས་ཐལ་མོ་སྙིང་གའི་ཐད་དུ་གན་རྐྱལ་དུ་མཐེ་མཛུབ་སྦྱར་བ་སྤྱན་གྱིས་མཚན་པའི་འཁོར་ལོ་འཛིན་པ། ༦༽ མ་མཱ་ཀཱི་གཡས་མཐེ་བོང་ལག་མཐིལ་དུ་བཞག་པའི་སྟེང་དུ་སོར་མོ་རྣམས་བཀུག་པས་མནན་ནས་ཐུགས་ཀར་བཞག་པས་རྡོ་རྗེ་འཛིན་པ། ༧༽ གོས་དཀར་གཡས་ཐལ་མོ་བརྐྱངས་ཏེ་ཐེབ་མཛུབ་སྦྱར་བ་སྙིང་གའི་ཐད་དུ་ཁ་ཕྱིར་བསྟན་པས་པདྨ་འཛིན་པ། ༨༽ སྒྲོལ་མ་གཡས་ཐལ་མོ་བརྐྱངས་ཏེ་ཐེབ་སྲིན་སྦྱར་བ་སྙིང་གའི་ཐད་དུ་ཁ་ཕྱིར་བསྟན་པས་ཨུཏྤལ་འཛིན་པ། ཡུམ་བཞི་ཀ་ཕྱག་གཡོན་པའི་མཐིལ་གདན་ཏུ་བརྟེན་ཅིང་། སོར་མོ་རྣམས་ཅུང་ཟད་བྱེ་བ། ནུ་འབུར་གྱིས་མཛེས་ཤིང་སྒེག་ཅིང་ཆགས་པའི་ཉམས་ཅན། ༩༽ རྡོར་སེམས་གཡས་མཐེ་བོང་ལག་མཐིལ་དུ་བཞག་པའི་སྟེང་དུ་སོར་མོ་རྣམས་བཀུག་པས་མནན་ཏེ་ཁ་གྱེན་ཏུ་བསྟན་པས་ཐུགས་ཀར་རྡོ་རྗེ་འཛིན་པ། ཕྱག་གཡོན་པ་མཐེ་བོང་ལག་མཐིལ་དུ་བཞག་པའི་སྟེང་དུ་སོར་མོ་རྣམས་བསྡམས་པས་དཀུ་གཡོན་པར་དྲིལ་བུ་འཛིན་པ། ༡༠༽ རྡོ་རྗེ་རྒྱལ་པོ་ལག་གཡས་རྡོ་རྗེ་ཁུ་ཚུར་ཁ་ནང་བསྟན་ནུ་མ་གཡས་པའི་སྟེང་ཐད་དུ་ལྕགས་ཀྱུ་འཛིན་པ། གཡོན་རྡོ་རྗེ་ཁུ་ཚུར་ཁ་ནང་བསྟན་སྙིང་གའི་ཐད་དུ་འཕྱར་བ། ༡༡༽ རྡོ་རྗེ་ཆགས་པ་གཡོན་ཁུ་ཚུར་ནུ་མ་གཡོན་པའི་ཐད་འཕྲེད་ལ་ཁ་ཅུང་ཟད་ཕྱིར་བསྟན་གྱིས་གཞུ་འཛིན་པ། གཡས་རྡོ་རྗེ་ཁུ་ཚུར་སྙིང་གའི་ཐད་ཁ་མཐུར་བསྟན་གྱིས་མདའ་འཛིན་ཅིང་གཞུ་བཀང་བ། ༡༢༽ རྡོ་རྗེ་ལེགས་པ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གའི་ཐད་དུ་ཁ་གྱེན་དུ་བསྟན་ཅིང་མཛུབ་མོ་ཕྱིར་སྦྲེང་བ། ༡༣༽ རྡོ་རྗེ་རིན་ཆེན་གཡས་རྡོ་རྗེ་ཁུ་ཚུར་དཔྲལ་བའི་མཚམས་སུ་ཁ་ནང་དུ་བསྟན་པ་ཕྲེད་ལ་བཞག་པས་རིན་པོ་ཆེ་འབར་བ་འཛིན་ཅིང་། གཡོན་རྡོར་སེམས་འདྲ་བ་དྲིལ་བུ་དཀུར་བརྟེན་པ། ༡༤༽ རྡོ་རྗེ་གཟི་བརྗིད་ཕྱག་གཡས་རྡོ་རྗེ་ཁུ་ཚུར་ཁ་གྱེན་ཏུ་བསྟན་པས་སྙིང་གར་ཉི་མ་འཛིན་ཅིང་། གཡོན་གདན་ལ་བརྟེན་པ། ༡༥༽ རྡོ་རྗེ་རྒྱལ་མཚན་ལག་གཡས་རྡོ་རྗེ་ཁུ་ཚུར་ནང་བསྟན་གྱིས་ནུ་མ་གཡོན་པའི་ཐད་དུ་རྒྱལ་མཚན་འཛིན་པ། གཡོན་གདན་བརྟེན། ༡༦༽ རྡོ་རྗེ་བཞད་པ་ཕྱག་གཡས་རྡོ་རྗེ་ཁུ་ཚུར་ཞལ་གྱི་ཐད་ནས་སོ་ཡི་ཕྲེང་བ་འཛིན་པ། གཡོན་གདན་བརྟེན། ༡༧༽ རྡོ་རྗེ་ཆོས་ཕྱག་གཡོན་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་དཀུ་གཡོན་པར་པདྨའི་རྩ་བ་འཛིན་ཅིང་། དེའི་མེ་ཏོག་ཐུགས་ཀར་ཁ་བྱེ་ལ་ཁད་པ་གཡས་པས་ཁུ་ཚུར་མཐེབ་མཛུབ་སྦྱར་བ་ཁ་ནང་བསྟན་གྱིས་མེ་ཏོག་ཁ་ཕྱེ་བའི་ཉམས་ཅན། ༡༨༽ རྡོ་རྗེ་རྣོན་པོ་ཕྱག་གཡས་རྡོ་རྗེ་ཁུ་ཚུར་དཔུང་པ་གཡས་པའི་ཐད་ནས་ཁ་ཕྱིར་བསྟན་པས་རལ་གྲི་མེ་འབར་བ་འཕྱར་བ། གཡོན་རྡོ་རྗེ་ཁུ་ཚུར་ཁ་གྱེན་དུ་བསྟན་པས་ཐུགས་ཀར་པུ་སྟི་འཛིན་པ། ༡༩༽ རྡོ་རྗེ་རྒྱུ་གཡས་རྡོ་རྗེ་ཁུ་ཚུར་ལྟེ་བའི་ཐད་དུ་ཁ་གྱེན་བསྟན་གུང་མོ་སྒྲེང་བའི་རྩེར་ཆོས་ཀྱི་འཁོར་ལོ་ལེབ་མོས་མཚན་པ། གཡོན་གདན་བརྟེན། ༢༠༽ རྡོ་རྗེ་སྨྲ་བ་གཡས་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་སྙིང་གའི་ཐད་དུ་ལྗགས་རྡོ་རྗེའི་རི་མོས་མཚན་པ་འཛིན་པ། གཡོན་གདན་བརྟེན། ༢༡༽ རྡོ་རྗེ་ལས་གཡས་རྡོ་རྗེ་ཁུ་ཚུར་ཐུགས་ཀར་ཁ་གྱེན་ཏུ་བསྟན་པས་སྣ་ཚོགས་རྡོ་རྗེ་འཛིན་པ། གཡོན་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་ལུགས་རྡོར་སེམས་དང་འདྲ་བ། ༢༢༽ རྡོ་རྗེ་གོ་ཆ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་གྱེན་བསླང་ཁ་ཕྱིར་བསྟན་རང་རང་གི་དཔུང་པའི་ཐད་ཀར་བཞག་པས་རྡོ་རྗེའི་གོ་ཆ་འཛིན་པ། ༢༣༽ རྡོ་རྗེ་གནོད་སྦྱིན་རྡོ་རྗེ་ཁུ་ཚུར་འཕྲིད་ལ་ནང་དུ་བསྟན་པས་ཞལ་འགྲམ་གཡས་གཡོན་གྱི་ཐད་དུ་གླང་པོ་ཆེའི་མཆེ་བ་འཛིན་པ། ༢༤༽ རྡོ་རྗེ་ཁུ་ཚུར་ཕྱག་གཡོན་རྡོ་རྗེ་ཁུ་ཚུར་བརླ་གཡོན་པའི་སྟེང་དུ་གྱེན་བསྟན་གྱིས་རྡོ་རྗེ་རྩེ་ལྔ་འཛིན་པ། དེ་ཡི་སྟེང་དུ་ཕྱག་གཡས་རྡོ་རྗེ་ཁུ་ཚུར་ཁ་སྦུབ་པས་རྡོ་རྗེ་རྩེ་ལྔ་འཛིན་པའི་ཕྱག་གཉིས་ཁ་སྦྱོར་གྱི་རྣམ་པ་ཅན། ༢༥༽ རྡོ་རྗེ་སྒེག་མོ་ལག་གཉིས་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་དཔྱི་ཟུར་གཉིས་སུ་རྡོ་རྗེ་རེ་རེ་འཛིན་པ། ༢༦༽ རྡོ་རྗེ་ཕྲེང་བ་མ་ལག་གཉིས་རྡོ་རྗེ་ཁུ་ཚུར་གྱེན་བསླང་ཁ་ཕྱིར་བསྟན་གྱིས་དཔུང་པ་སོ་སོའི་སྟེང་ཐད་དུ་བསྒྲེང་བས་ཕྲེང་བ་འདྲེན་པ། ༢༧༽ པི་ཝཾ་མ་ལག་གཡོན་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་མཁྲིག་མ་སྙིང་གའི་ཕྱོགས་སུ་ཅུང་ཟད་གུག་པས་དཔུང་གཡོན་ཐད་དུ་པི་ཝཾ་འཛིན་ཅིང་། གཡས་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་ནུ་མ་གཡས་པའི་ཐད་དུ་པི་ཝཾ་སྒྲོགས་པའི་ཚུལ། ༢༨༽ གར་མ་ཕྱག་གཡས་པ་ཐལ་མོ་བརྐྱང་སྟེ་རྣ་བ་གཡས་པའི་ཐད་དུ་ཁ་ཕྱིར་བསྟན་གྱི་བསླང་བའི་ལག་ངར་ཐད་དུ་གཡོན་པའི་ཐལ་མོ་གྱེན་བསླང་ཁ་གཡས་པའི་ལག་ངར་ལ་བསྟན་པ། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་རེ་རེ་འཛིན་པའོ། ༢༩༽ བདུག་སྤོས་མ་ལག་གཉིས་རྡོ་རྗེ་ཁུ་ཚུར་སྙིང་གའི་ཐད་དུ་ཁ་སྦུབ་པས་སྤོས་ཕོར་འཛིན་པ། ༣༠༽ མེ་ཏོག་མ་ཕྱག་གཡོན་པ་རྡོ་རྗེ་ཁུ་ཚུར་གྱིས་སྙིང་གའི་ཐད་དུ་མེ་ཏོག་གི་སྣོད་བཟུང་བ། གཡས་པ་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་དེ་ཡི་སྟེང་ནས་མེ་ཏོག་འཐོར་བའི་ཚུལ། ༣༡༽ མར་མེ་མ་ལག་གཉིས་རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་གཉིས་གཤིབས་ཏེ་སྒྲེང་བས་ཐུགས་ཀར་མར་མེ་འཛིན་པ། ༣༨༽ དྲི་ཆབ་མ་ལག་གཡོན་རྡོ་རྗེ་ཁུ་ཚུར་ཁ་གྱེན་བསྟན་གྱིས་སྙིང་གའི་ཐད་དུ་དུང་ཆོས་དྲིས་གང་བ་འཛིན་ཅིང་། གཡས་རྡོ་རྗེ་ཁུ་ཚུར་ཁ་ཕྱིར་བསྟན་གྱིས་དེ་ཡི་སྟེང་ནས་དྲིས་བྱུག་པའི་ཚུལ་ཅན། ༣༣༽ རྡོ་རྗེ་ལྕགས་ཀྱུ་ཕྱག་གཡས་རྡོ་རྗེ་ཁུ་ཚུར་ཁ་ནང་བསྟན་གྱིས་ནུ་མ་གཡས་པའི་ཐད་དུ་ལྕགས་ཀྱུ་འཛིན་པ། གཡོན་རྡོ་རྗེ་ཁུ་ཚུར་ཁ་ནང་བསྟན་སྙིང་གའི་ཐད་དུ་ཕྱར་བ། ༣༤༽ རྡོ་རྗེ་ཞགས་པ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་པུས་མོ་གཉིས་ཀྱི་སྟེང་དུ་ཁ་སྦུབ་པས་ཞགས་པ་འཛིན་པ། ༣༥༽ རྡོ་རྗེ་ལྕགས་སྒྲོག་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་པུས་མོ་གཉིས་ཀྱི་སྟེང་དུ་ཁ་གྱེན་དུ་བསྟན་པས་ལྕགས་སྒྲོག་འཛིན་པ། ༣༦༽ རྡོ་རྗེ་དྲིལ་བུ་ལག་གཡས་རྡོར་དྲིལ་བསྣོལ་མ་རྡོ་རྗེ་ཁུ་ཚུར་གྱིས་སྤྱི་བོར་དཀྲོལ་བ། གཡོན་གདན་ལ་བརྟེན་པའོ། ༣༧༽ དེ་རྣམས་ཀྱི་བཞུགས་སྟངས་རིགས་ལྔ་རྡོར་སྐྱིལ། སེམས་དཔའ་བཅུ་དྲུག་དང་སྒོ་བ་བཞི་རྣམས་སེམས་དཔའི་སྐྱིལ་ཀྲུང་བརླ་གཡོན་པའི་སྟེང་རྐང་པ་གཡས་པ་བཞག་ནས་གཡོན་པ་བརླ་གཡས་པའི་འོག་ཏུ་བཞག་པ། ཡུམ་བཞི་དང་སྒེག་སོགས་བརྒྱད་ནི་སེམས་མའི་སྐྱིལ་ཀྲུང་བརླ་གཡས་པའི་སྟེང་རྐང་པ་གཡོན་བཞག་ནས་གཡས་བརླ་གཡོན་པའི་འོག་ཏུ་བཞག་པ། སྐུ་ཡི་ཉམས་རིགས་ལྔ་སྐུ་ཤ་རྒྱས་ཤིང་། སྤྱན་གདངས་པ། ཞི་ཞིང་འཛུམ་པ། སེམས་དཔའ་བཅུ་དྲུག་ལས་རྡོ་རྗེ་གནོད་སྦྱིན་མ་གཏོགས་ཞི་འཛུམ་སྒེག་པའི་ཉམས་ལྡན། སྤྱན་ཟིམ་བུར་གཟིགས་པ་སྒོ་བ་བཞི་ཡང་དེ་དང་འདྲ། རྡོ་རྗེ་གནོད་སྦྱིན་ཞལ་རྒྱས་ཤིང་སྤྱན་ཟླུམ་པ། མཆེ་བ་བཞི་གཙིགས་ཤིང་ལྗགས་འདྲིལ་བ། ཁྲོ་གཉེར་ཅུང་ཟད་དང་བཅས་པའི་ཁྲོ་ཚུལ་ཅན། ཡུམ་བཞི་དང་། སྒེག་སོགས་བརྒྱད་ཞི་ཞིང་འཛུམ་ལ་སྒེག་ཅིང་ཆགས་པའི་ཉམས་དང་ལྡན་པའོ།། །། ༈

Footnotes

Other Information