གསང་སྨན་གྱི་རིགས་འགའ་ཞིག་ལ།

From Khyentse Lineage - A Tsadra Foundation Project
JKW-KABUM-17-TSA-002-050
Wylie title gsang sman gyi rigs 'ga' zhig la JKW-KABUM-17-TSA-002.pdf
Location mkhyen brtse'i bka' 'bum
Volume 17, sde tshan 2, Text 50, Pages 419-424 (Folios 137a3 to 139b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gsang sman gyi rigs 'ga' zhig la. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 17: 419-424. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Medicine Texts - gso ba rig pa

1 Texts in this Section (sde tshan or chos tshan)

[edit]
ཤྲཱི་སྭསྟི་པྲ་པུཥྟཾ། འདིར་གསང་སྨན་གྱི་རིགས་འགའ་ཞིག་ལ། བྱང་ལྷུན་པ་སོགས་ལུག་མིག་ཆེ་བ་མགོ་གཉིས་གསུམ་སྦྲེལ་བ། ལོ་མ་མིང་ཅན་སེར་པོ་འདྲ་བ། ཁེར་སྐྱེས་ཚི་ཅན་རྟིང་པ་ཐུང་བ་རྐང་གཅིག་པ་དེ་ལ་དོམ་རལ་པའམ། དོམ་ནག་རལ་པ་ཞེས་མགོ་ཆག་གི་ཆིག་༡སྡུམ་མཛད། ཟུར་ལུགས་པས་མ་ཏང་མཆིན་བུ་ལ་མགོ་ཆག་གི་གསང་བ་ཆིག་༢སྡུམ་མཛད། བྲང་ཏི་སོགས་ཨབྷིཥ་༣དང་། སྔ་རབས་པ་ཁ་ཅིག་སྤང་སྐྱེས་ཨའུ་ཙི་༤ལ་མཛད། །གློ་བའི་གསང་སྨན་ལ། ར་མོ་ཤེལ་སྨན་པས་བདུད་༥རྩི་གངས་ཤམ་པ། ཕལ་ཆེར་གྱིས་ཚན་༦དམར་པོ་སྟེ་སྲོ་ལོ་དམར་པོ། གཏེར་བྱུང་གི་མན་ངག་འགར་ཇོ་མོ་གློ་༧སྡུམ་མམ་རོག་བོ་འཇོམས་སྐྱེས། གཡུ་ཐོག་ཡབ་སྲས་ཀྱིས་སྲོ་ལོ་དཀར་ཆུང་སུག་འདྲ་ཞེས་པ་འདིའི་མེ་ཏོག་ཁ་བྱེ་མ་ཐག་པ་ལ་མཛད། ། ༈ མཁྲིས་པའི་གསང་སྡུམ་ནི་བི་ཇི་དང་དྭགས་པོ་རིན་པོ་ཆེ་བཅས་གུར་ཏིག་༩ལ་བཞེད། འདི་རྨ་ལའང་བཟང་། ། ༈ ཤ་དུག་གསང་སྨན་ཕལ་ཆེར་བྱིའུ་༡༠ལ་ཕུག །བི་ཇིས་ཀོན་བ་གབ་༡༡སྐྱེས། མོ་གོལ་གྱི་སྨན་པ་དག་འོམ་བུའི་ལོ་མ་ལ་༡༢བཞེད་སྣང་། ། ༈ དུག་སྤྱིའི་གསང་སྨན་ལྡུམ་སྟག་༡༣དང་། དཔའ་བོ་དཀར་༡༤པོ་ལ་བཞེད་པ་མང་། དྭགས་པོས་བྲག་སྐྱ་ཧ་༡༥བོ་ལ་མཛད། འདི་ནོར་ཕྱུགས་ཀྱིས་རྩ་ཆུ་ཤིང་སོགས་ཀྱི་དུག་ལ་ཟབ་པ་མྱོང་གྲུབ། སྤུ་བོའི་ སྨན་པ་དག་སྡུམ་བུ་རྨ་༡༦བྱ་ཟེར་བ་ལོ་མ་དམར་སྨུག་ས་ལ་བསྒྲད་ནས་སྐྱེ་བ། འདབ་མ་ཉ་ག །ལྡུམ་བུ་བོང་ང་དམར་པོའི་ལོ་དབྱིབས་ཕུང་པོ་ཆུང་བ་ཕོར་ཞབས་འཁོར་རྒྱ་ཙམ་ལས་མི་སྐྱེ་བ་རོ་ཤིན་ཏུ་ཁ་བ་ཞིག་ལ་བྱེད། གཡུ་ཐོག་དང་ཟུར་མཁར་བ་སོགས་ནི་ཀོ་༡༠ཋ་ཁོ་ན་མཛད་པ་ཉིད་དོ། ། ༈ མོ་ནད་ཁྲག་ཚབ་གསང་སྨན་བ་མ་ལུ་༡༨ལུའི་རྩ་བ་ལ་ཆག་སྨན་པས་མཛད། ། ༈ དམུ་ཆུའི་གསང་སྨན། གཡུ་ཐོག་པས་བྱ་མ་གྲགས་༡༧གོང་བཏུས་པའི་སྲད་དཀར་ཁོ་ན་དང་། ར་མོ་ཤེལ་སྨན་སོགས་མང་པོ་ཞལ་འཆམས་པར། པྲི་ཡངྐུ་༢༠། སྲད་ནག །མེ་ཏོག་སྔོ་དམར་ལོ་མ་སྤུ་ཆུང་ཅན། སྔོ་སྟབས་སེང་ཞེས་ལོ་སྡེབས་སར་བསྒྲད་སྡོང་བུར་མེ་ཏོག་ནག་རྡོག་སྐྱེ་བ་སྔོ་ཆོལ་བརྡུངས་བྱས་ནས་ཆུར་བསྐྱུར་ན་ཁུ་བ་སྔོན་པོར་འགྲོ་བ་སྔོ་བཻཌུཪྻ་ཞེས་པ། རྟ་མོན་པ་ཞེས་རྩ་བ་ཆ་ག་མོན་ཆེན་དམར་པོ་ཅན་མེ་ཏོག་རྩི་ཐོག་དཀར་པོ་ཅན་གྱི་ལོ་མ་སྟེ་འདི་བཞི་ལ་མཛད། དེ་དག་ཉི་མ་མ་ལྡོག་གོང་དུ་བཏུས་ནས་སྔོ་ཆོལ་གྲིབ་སྐམ་དགོས་གསུངས། ། ༈ མན་ངག །ཨོཾ་ཨ་ཐཱ། གུ་གུལ་ནག་པོ། མི་ཟི་ནག་པོ། བོང་ང་ནག་པོ་གསུམ་སྦྱར་༡བའི་དུད་པས་བྱིས་པའི་གདོན་ཐམས་ཅད་རྒྱང་རིང་དུ་བྱེར་བར་བྱེད་དོ། །སྟར་བུ། རུ་རྟ་གཉིས་མཉམ་སྦྱོར་ལ། མཛེ་ཚྭ་ཕྱེད་ཆ་བསྣན་༢པས་བུད་མེད་ཀྱི་རླུང་ཚབ་སེལ་ཞིང་མངལ་སྐྲན་ཐམས་ཅད་བཤིག་པར་བྱེད་དོ། །ལྕུམ་རྩ། སྐྱེར་ཤུན། ཡུང་བ་གསུམ་ཆ་མཉམ་༣ པའི་ཕྱེ་མས་བྱིས་པའི་ཤ་སེར་དང་མིག་སེར་གྱི་ནད་སེལ་སྟེ། ཐུན་གསུམ་གྱིས་ཆོག་པ་མྱོང་གྲུབ་མའོ། །ཡང་ན་མཁྲིས་ལས་རྣམ་རྒྱལ་ཚད་ལྡན་དང་། ཁ་ཆེ་གུར་གུམ་མཉམ་སྦྱོར་༤ ཀྱང་ཟབ་བོ། །ལྦ་བ་ལ་རྒྱ་མིའི་ཁ་ཟས་སུ་འགྲོ་བའི་ཧེ་ཏེ་༥ཞེས་པ་འདི་ནངས་པར་ལྟོ་སྟོང་ཟོས་པས་འཇོམས་ངེས་མྱོང་བས་གྲུབ་བོ། །པཎྜི་ཏ་གོ་དྷ་༦ལའི་ལུགས་ནི། བུ་ཧར་གྱི་ཐག་པ་ལ་གཤའ་ནག་གི་ཕྲེང་བ་བརྒྱུས་ཏེ་མགུལ་པར་དཔྱངས་པ་ཉིད་དོ། །རེ་ལྕགས་པའི་རྩ་བ་ཞིབ་བརྡུངས་ཆུར་བཙོས་༧པས་འབྱར་བྱ་བ་འབྲས་ནད་ལ་ཟབ་པ་མྱོང་གྲུབ་མའོ། །གསང་སྨན་ནར་མོ་སླ་ངར་བརྔོས་པ་ལ། མར་ཁུ་དང་ཨ་རག་གི་ཉིང་ཁུས་བྲན་ནས་འཐུང་ན་གྲང་འགྲམ་གྱི་རིགས་ཐམས་ཅད་ལ་ཐེངས་པས་ཆོག་གོ །རྨ་སྲིན་འཚོར་མི་འདོད་པ་ལ་ས་ཁ་སྟོད་ཤིན་ཏུ་མཐོ་བར་གནས་པའི་བྲ་བྱིའི་པགས་པ་༩དྲོན་མོའི་འབྱར་གྱིས་ཕན་པར་ངེས་སོ། །དབང་ལག་ཆ་བཅོ་ལྔ་དང་ཏིལ་དཀར་ཆ་བཞི་ཞིབ་པར་བཏགས་ཏེ། ཕག་པའི་ཤ་ཆ་གསུམ་དང་སྦྱར་༡༠ཏེ་ཁྱེའུ་སོགས་སུ་བསྟེན་ན་རོ་ཙ་བའི་མཆོག་ཏུ་འགྱུར་རོ། །བྱིས་པའི་ཁ་ལང་ལ་ར་ཁྲག་དང་དངུལ་ཆུ་དུལ་མ་སྦྱར་བ་བྱུགས་༡༡ པས་ཕན་ནོ། །བུད་མེད་བུ་བཙས་རྗེས་རཀྟ་འབྱམས་པ་ལ་འདོམས་སུ་འོམ་བུའི་དུད་པ་བཏང་ཞིང་། རྒྱ་ཚོས་ཀྱི་གར་ཐང་ལ་དོམ་མཁྲིས་བཏབ་ནས་བཏང་༡ ༢ན་ཆོད་ངེས། རྒྱ་སྐྱེགས་ཀྱི་ཆིག་ཐང་༡༣དུག་དང་སྲིན་ནད་ཐམས་ཅད་ལ་ཟབ། ། ༈ ལིང་ཏོག་ལ་ནི་ལ་ཐོ་ཞིབ་བཏགས་ཕྱེ་མ་སྐམས་འདེབས་༡༤ ཀྱིས་འཕྲལ་དུ་ཕན་ངེས་ལག་བླངས། ། ༈ མེས་ཚིག་གི་རྨ་རིགས་ཐམས་ཅད་ལ་རྟ་ཕྲུ་རློན་པ་བརླན། སྐམ་པོ་ཡིན་ན་ཆུ་ལ་༡༥སྤངས་ནས་བརླན་པས་ཕན་ངེས་ཟབ། ། ༈ བུད་མེད་ཕྲུ་གུ་སྐྱེ་མ་ཐུབ་པ་ལ། གོ་བོའི་ཤ་༡༦ཆུ་ལ་སྦྱར་ནས་གསང་སྟེ་བཏང་བས་འབྱིན་ངེས་ལག་བླངས། ། ༈ རྒྱ་གར་སོགས་ཚད་པ་ཆེ་བའི་སྐྱོན་གྱིས་འཁྲུ་ནད་འབྱུང་བ། དེའི་གཉེན་པོར་རབ་བྱ་རྒོད་ཀྱི་གསོན་ཁྲག་དྲོན་མོ༡༧། འབྲིང་ཁྲག་སྐམ། ཐ་མའང་ཤ་ཁྲག་སྤུ་སོགས་གང་འཛོམས་ཀྱི་ཐང་གིས་ཕན་པ་མྱོང་གྲུབ། ། ༈ རྨ་རིགས་བཅད་འབྱོར་ཉི་ཤུ་ཐུན་མོང་དུ་གསལ་བ་དང་། གཞན་ཡང་གསང་སྡུམ་ཞལ་ཤེས་བཞི་ཡོད། ། ༈ ཟུག་རྔུ་ཁོང་དུ་ལངས་པ་དང་། བུ་རོག་མ་ཐོན་པའི་གསང་སྨན་ཡུ་མོ་མདེ་འབྱིན་༢༥ཏེ། དེ་ཡང་སྔ་མ་ལ་རྡོ་ཁབ་༢༦ལེན་དང་། ཕྱི་མ་ལ་འོལ་མོ་སེའི་རྩ་བ་༢༧བསྡེབས་པ་ཆིག་རྒྱུག་ཏུ་བཤད་སྣང་། ། ༈ སྣ་ཁྲག་སོགས་ཤོར་བའི་གསང་སྨན། གུར་ཏིག་དོམ་མཁྲིས་༢༨རྒྱ་སྐྱེགས་ཁུ་བས་ཕུལ་གཏོང་ཆུ་བསིལ་གྱིས་རེག་བྱ་བྲལ་བར་ཁྲག་འབྱམས་ཕྱོགས་ནས་ཡང་ཡང་བྲན་པས་ཆོད་ངེས་བི་ཇིས་བཞེད། ༈། རྒྱུ་གཟེར་གསང་སྨན་གཞོན་ནུ་མ་གྲོང་ཆོས་ཀྱིས་མ་གོས་བའི་པད་རག །རི་ཀླད། སྙ་ལོ། དུག་ཉུང་བཞི་༣༨སྦྱོར་རིལ་བུ་ལྟོ་བཀུག་ནས་སྲན་འབྲིང་ཙམ་བདུན་རེ་ལན་གསུམ་གཏོང་བ་ལས་མི་དགོས་ཞེས་གནུབ་སྟོན་བུདྡྷ་ཛྙཱ་ན་བས་བཤད། །སྦྱར་དུག་སྲུང་བ་དང་། བྱུར་དུག་ནད་རོ་རྩི་ཞེན་གཏིང་འཕར་རྒྱུ་ཡོད་པ་རྣམས་ལ་བྱང་ལྟས་ཀྱི་ཆར་ཉུང་ལོ་དགུ་ལོན་པའི་ཁཎྜ་༣༣། དེ་ཡི་ས་བོན་ལོ་དགུ་ལོན་༣༤པ། ཧ་བོའི་འབུས་བུ་ཆ་མཉམ་པའི་རིལ་བུ་སྲན་འབྲུ་ཙམ་པ་བདུན་རེ་རྩ་སྟོང་ལ་བསྟེན་པས་ཟླ་གཅིག་གིས་ནད་ཚབ་དང་ཡུན་ཇི་ལྟར་ཆེ་ཡང་གཏིང་དག །རིལ་བུ་གསུམ་རེ་རྩ་སྟོང་ལ་གཏོང་ན་ཉིན་རེའི་སྦྱར་དུག་ངེས་པར་སྲུང་ཞེས་ཛི་ན་མི་ཏས་བཤད་པ། ཞང་སྨན་པས་ལུང་དྲངས་ཤིང་གསང་རྒྱ་ཆེ་བར་མཛད་འདུག་ལགས། ། ༈

Footnotes

Other Information