སྨན་གྱི་ངོས་འཛིན་སྐོར་ལས་འཕྲོས་པའི་དོགས་སེལ་ཕྲན་བུ།

From Khyentse Lineage - A Tsadra Foundation Project
JKW-KABUM-17-TSA-002-048
Wylie title sman gyi ngos 'dzin skor las 'phros pa'i dogs sel phran bu JKW-KABUM-17-TSA-002.pdf
Location mkhyen brtse'i bka' 'bum
Volume 17, sde tshan 2, Text 48, Pages 398-406 (Folios 126b4 to 130b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. sman gyi ngos 'dzin skor las 'phros pa'i dogs sel phran bu. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 17: 398-406. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Medicine Texts - gso ba rig pa

1 Texts in this Section (sde tshan or chos tshan)

[edit]
ཨོཾ་ཨ་ཐཱ། སྨན་གྱི་ངོས་འཛིན་སྐོར་ལས་འཕྲོས་པའི་དོགས་སེལ་ཕྲན་བུ་ལ། བདུད་རྩི་ལོ་མ་ནི་རི་ཁ་སྟོད་དུ་ཆིག་སྐྱེས་དང་། འཛིམ་པ་ཀླུངས་སུ་སྐྱེས་པའི་བོང་ངའི་ལོ་མ་ལ་བཞེད། ཟིལ་ཆེ་ཆུང་ཅུང་ཟད་ཡོད་པ་ལས་ཁྱད་ཆེར་མེད། སྟོང་ཟིལ་ཆབ་དང་མ་བྲལ་བ་དགོས། ཆབ་དང་བྲལ་ན་སེངྒེ་ཟིལ་པ་ཡིན། དེ་བ་ཞེས་པ་རིམས་སྐབས་སྔོ། །རླུང་སྐབས་རྒྱ་སྤོས། ཆུ་སེར་སོགས་ཀྱི་སྐབས་སྒྲོན་ཤིང་ལ་ངོས་འཛིན། མིང་ཅན་སེར་པོ་འུག་ལག་དང་། ནག་པོ་ཟུར་ལུགས་ཡོངས་གྲགས། བྱང་ལུགས་རྒྱལ་བའི་སྤྱན་ཅན་ལ་བྱེད། སྔོ་ཅུ་གང་ཟེར་བ་དེ་ཀླུ་སྨན་སྐབས་ཅུ་གང་གི་ཚབ་ཏུ་གཏོང་ཟེར། བདུད་རྩི་གངས་ཤམ་ཀྱིས་འབམ་སྟོད་དུ་འཕྱུར་བ་ལ་འབྱར་བྱེད། །དོན་ཡོད་ཞགས་པ་ཞེས་བྱའི་རྩྭ། །སྡོང་བུ་འབྲས་ཀྱི་ལྗང་བུ་འདྲ། །ལོ་མ་སྔོ་འཐུག་རལ་གྲི་འདྲ། །བསོད་ནམས་ལྡན་པའི་པུ་ཏྲ་ཡིས། །སྨན་ལྗོང་ཉམས་དགར་བཙལ་བ་ན། །རླུང་གི་རྒྱུ་བ་བྲལ་བའི་དུས། །དེ་ཉིད་རང་བཞིན་གཡོ་འགུལ་བྱེད། །འདི་འཕྲད་ཡིད་བཞིན་ནོར་བུ་སྟེ། །བསམ་པ་ཐམས་ཅད་མྱུར་དུ་འགྲུབ། །ཞེས་སྣང་ནའང་ཕལ་གྱིས་མཐོང་བའི་ཡུལ་མིན། འབྲོག་ཟ་ཡུ་མོ་ནི་ས་ཁ་སྟོད་དུ་སྐྱེ་བ། ཟ་འདྲ་བ་ལ་དེ་ལས་སྐྱ་ཤིང་ཚེར་མ་མེད་པ་དེའོ། །སེར་པོ་དགུ་དྲིལ་སྤང་ལ་སྐྱེ། སྟོང་ཟིལ་དང་མཚུངས་ཞིང་རྩ་བ་སེར་པོ་རྟ་ལྕགས་ལྷས་མ་འདྲ་བ་ཞིག་ཡོད། ལུག་ངལ་ནི་བ་མྱོང་། སྐྱི་བའི་མེ་ཏོག་སྔོན་པོ་ཅན།འབྲས་བུ་ངང་པ་གསེར་སྒང་། ཚེར་སྐྱའི་འབྲས་མེ་ཏོག་སེར་པོ་ཅན། བུས་ཐལ་རྡོར་ཚབ་རུང་། རྒྱ་ཟས་བེ་རྣ་ཟེར་བ་འདིས་གྲེ་འགགས་ལ་ཕན། ཁོང་པའི་སྤུ་ཐམས་ཅད་དག་པར་བྱེད་ཅེས་བཤད། ཀླུང་སྐྱེས་གོ་སྙོད་དང་། རི་སྐྱེས་ལྕ་པ། ཁ་སྟོད་དུ་སྐྱེས་པ་ཏོང་ཀུན་ཏེ་རིགས་ཕྱོགས་གཅིག །སེ་རྒོད་ནི་ཡུལ་སྐད་དུ་འཛོ་མོ་ཤིང་དུ་གྲགས་པ་དེ་ཡིན། མཛོ་མོ་ཤིང་ནི་སྤྱང་རྔ་མ་ཞེས་འབོད་པ་ལ་བཞེད། སྤོར་རྡོ་རྗེ་མཆུ་ཞེས་པ་དེ་ཨ་རུའི་ཚབ་རུང་ཟེར། འགའ་ཞིག་གིས་གྲེ་ཐོག་གསང་སྨན་དུ་བཞེད། ཆུ་ནད་ཀྱི་གསང་སྨན་རིགས་ཐམས་ཅད་ཁཎྜ་བྱེད། ཨ་ཙཪྻ་ཛ་ལན་པཱུ་རིའི་རྨ་སྨན་རེ་རལ་འདྲ་ཚད་པ་ཞིག་ཡོད། འདི་རྨ་སྨན་གང་ལའང་ཁ་ཚར་བཏབ་པས་ཕན་ཆེ། རྒྱམ་ཚྭ་གྲུ་བཞི་ཤེལ་འདྲ་བ། གྲུ་བཞིར་ཆག་འགྲོ་བ་དེ་བཟང་། རྒྱ་ཚྭ་དཀར་པོ་བ་ཚྭ་འདྲ་བ་གྲི་ཡིས་བཞོག་ཐུབ་པ་བཟང་། ཁ་རུ་ཚྭ་བཅག་མཚམས་ངང་ཁྲམ་ཁྲམ་བྱེད་པ་རྭ་གཞོབ་གྱི་དྲི་བྲོ་བ་དེ་བཟང་། ཨ་གར་ནག་པོ་ནི་རྭ་འདྲ་བ། མེ་ལ་བསྲེགས་དུས་སྣུམ་ཆིལ་ཆིལ་ཁོལ་བ་དེ་བཟང་། ཐར་ནུ་ཁ་བྱང་བསྟན། ས་གཟར་བ། ཆུ་སྒྲ་དྲག་པོ་ཐོས་པར་སྐྱེས་པ་ཉིད་སྟོན་སྔོ་ལོ་བསྐམ་ནས་བརྐོ། ནང་གི་ཞོ་མ་བོ་བར་རས་ལྟ་བུར་བསྟུམ་ནས་མགོ་མཇུག་བཟློག་ལ་བཏགས། ཁཎྜ་བྱུང་ན་མཆོག །མ་བྱུང་ན་འདུལ་དྲུག་བྱ། ཚགས་ལེགས་པར་བྱས་པ་ཉིད་སྦྱངས་སྨན་གང་ལ་གཏོང་ཡང་བཞི་འགྱུར་བསྡེབས། ཡང་ན་ཁཎྜ་ཆུར་སྦྱངས་པས་རིལ་བུར་དྲིལ། སྐྱུགས་སྨན་རྣམས་ཁ་འབུས་དུས་བཏུ་ཞིང་། གནས་དང་། སྐམ་ཚུལ་སོགས་དེ་ལས་གོ་བཟློག །ཕུར་ནག་གི་ལོ་མ་སྔོ་སིབ་མཁན་པ་འདྲ་ལ་དྲི་དུག་པ། ཕུར་སྔོན་འགའ་ཞིག་གིས་འདི་ཕུར་ནག་ཏུ་བཞེད་སྣང་། ནི་སྔོ་ཨ་ག་རུ། ཕུར་དཀར་ནི་མཁན་དཀར་འདྲ་བ། རྐྱལ་བ་ཆུ་ཐུབ་འབུ་སུ་ཧང་དང་། ལ་ལས་ནཱི་ལའི་མདོག་ཅན་ལ་བྱེད། བོང་སེར་ནི་ལོ་མ་གླང་སྣ་འདྲ་ལ། མེ་ཏོག་སེར་པོ་ཅན་དེ་དང་། ལ་ལས་མེ་ཏོག་སེར་ཆེན་ལ་བྱེད། དེ་གཉིས་གང་ཡིན་ཀྱང་རྩ་ལོ་འདྲེས་མ་དགོས་ཤིང་ནུས་པ་ཕྱོགས་མཚུངས་པ་འདྲ། བོང་དམར་ནི་ཁ་སྟོད་ཀྱི་སུར་ནག་སོགས་ཀྱི་ནང་དུ། ལོ་མ་བོང་དཀར་འདྲ་བ། སྡོང་བུ་མཐོ་རེའམ་ཁྲུ་རེ་ཙམ་གྱི་རྩེར་མེ་ཏོག་དམར་སྨུག་བོང་དཀར་འདྲ་ཚད་པ་ལ། སྤུ་ཐིབ་སེ་འབྱུང་བ་དེ་ཡིན། ཁྱུང་སྡེར་སྨུག་པོའི་ཚབ་ལྡུམ་རྩ་བཀག་དང་། དཀར་པོའི་ཚབ་ནི། ལོ་མ་རེ་རལ་འདྲ་ཞིང་སྤུ་འདིའི་སྤུ་འདི་རྒྱ་ལུགས་རྨ་སྨན་ཐམས་ཅད་ཀྱི་མཆོག་ཏུ་འཛིན། ཡོད་པ། རྩ་བ་ཁྱུང་གི་སྡེར་མོ་འདྲ་བ་དེ་ཡིན། དེ་ཡི་ལོ་མ་ཁ་པཱུ་རའི་རྨ་སྨན། བྱེའུ་ལ་ཕུག་ནི་ཁ་སྟོད་མཐོ་སར་བྱེ་ཤུལ་སོགས་སུ་སྐྱེ་བ། མེ་ཏོག་དཀར་ཁྲ། རྩ་བ་ཉུང་མའི་དྲི་བྲོ་བ་དེ་དང་། ཚབ་རུང་ཙམ་དུ་དེ་དང་ཆ་འདྲ་ཀླུང་གི་གད་ཤུལ་སོགས་སུ་སྐྱེ་བ་དེ་བཏང་། སྲིན་ཤིང་སྣ་མ་ནི་སྟག་ཆུང་མར་འབོད་པ་དེ་ཡིན། འབྲས་བུ་བྱི་ཏང་གའི་ཚབ་རུང་ངེས། ལྕགས་ཀྱུ་ཆེ་ཆུང་གཉིས་ལས། ཆུང་བ་དེ་ཡི་རྩ་བ་ཁྲག་རྐང་དང་། ལོ་མ་ལྕགས་ཀྱུ་བྱེད། ཆེ་བ་དེའི་འབྲས་བུ་ཟི་ར་དཀར་པོའི་ཚབ་རུང་ཟེར། མཁན་དཀར་ནི་གསེར་མགོ་འདྲ་ལ་མེ་ཏོག་མེད་པ་དེ་དང་། མཁན་དམར་ནི་རྩ་སྡོང་ཐམས་ཅད་དམར་བ་དེར་ངོས་འཛིན། གཡའ་ཨ་ཀྲོང་ཡོངས་གྲགས། མཁན་ཨ་ཀྲོང་གསེར་མགོ་དང་། སྤོང་ཨ་ཀྲོང་གོང་མོ་སྤོ་ཐོ་ཞེས་འབོད་པ་དེ་ལ་ཕྱེད། ནིརྨ་ནཱ་ཐའི་རྨ་སྨན་ནི་ལོ་མ་ཁ་གསུམ་པ་རྒྱབ་ལ་རྡུལ་ཞགས་ཡོད་པ་སྡོང་བུ་ཟངས་སྐུད་འདྲ་བ་དེའོ། །བྱ་རོག་ཉུངས་མ་ནི་མེ་ཏོག་སེར་པོ་ཡུངས་དྲི་བྲོ་བ། བྲག་ལྕམ་ནི་སྒ་ཏིག་མེ་ཏོག་འདྲ་ལ་མདོག་དཀར་ཞིང་ལོ་མ་རལ་གྲི་འདྲ་བ་དེའོ། །སྔོ་ཆུ་སྲིན་སྡེར་མོ་ནི་ས་རོང་རྣམས་ལ་ལོ་མ་ལྗང་གུ་རལ་གྲི་འདྲ་བ་ཁྲད་པོར་སྐྱེ་བ་དེ་ཡིན། རི་ཤོ་ལ་ངོས་འཛིན་མང་ཡང་། རྐྱང་ཤོག་ལ་བྱེད་པ་ནུས་པ་རྣོ་ངེས། བྲག་སྐྱ་ཧ་བོ་ནི་ལོ་མ་འདབ་བཞི་སྒོར་མོ་དངུལ་ཞག་འཚེར་བ་སྡོང་བུ་མཁྱིད་རེ་ཙམ་རྩེར་མེ་ཏོག་དཀར་སྔོན་འབྱུང་བ་དེ་ལ་བྱེད་གསུང་། བྱ་ཕོ་ཙི་ཙི་ཤིང་མ་ལྡུམ་མེ་ཏོག་སྔོ་དམར་ཅན་དེ་ལ་བྱེད། བྱང་ལུགས་སྲད་དམར་ལ་བཞེད། སྒ་ཏིག་རྨུ་ཆུའི་སྐབས་རྩ་བ་ཤིང་འདྲ་བ་དེ་དགོས། རྨ་རིགས་དང་སྐྲ་སྐྱེ་བའི་གསང་སྨན་ཐང་དཀར་མེ་ཏོག་དམར་པོ་དེ་ལ་བྱེད། གྲྭ་མ་ནི་ཤིང་ཚེར་མ་ཅན་མེ་ཏོག་སེར་པོ་མདངས་མི་གསལ་བ་འཆར་བ་དེ་ལ་བྱེད། སྔོན་བུ་ཕལ་ཆེར་གྱིས་ཤོག་ཤིང་ལ་ངོས་འཛིན་ཀྱང་། དངོས་ནི་མེ་ཏོག་སྔོན་པོ་སྡོང་བུ་བཅད་འཕྲོ་ནས་འོ་མ་འབབས་པ། དབྱར་གཞུང་ཙམ་སྐྱེ་བ་དེ་ལ་བཞེད། བདུད་རྩི་གངས་ཤམ་ལོ་མ་སྔོ་ལྗང་སྐྱ་འདབས་བཞི་སྤུ་དང་ལྡན་པ། མེ་ཏོག་སྔོན་པོ་འཆར་བ་དེ་ཡིན། སྙི་བ་འགའ་ཞིག་གིས་ཚེར་སྔོན་གྱི་རྩ་བ་ལ་བྱེད། ལ་ལས་ནད་མ་གཡུ་ལོའི་རྩ་བ་ལ་བྱེད། དངོས་ནི་མེ་ཏོག་སྔོན་པོ་དམར་མདངས་ཅུང་ཟད་ཡོད་པ་རྩ་བ་མངར་ཞིང་ཁ་ཉམས་ཅན་དེ་ཡིན། སྲོལ་སྡེམས་པ་ནི་གོང་བུ་དམར་པོའི་ནང་སྐྲ་འདྲ་བ་དྲིལ་ནས་ཡོད་པ་དེ་ཡིན། འབམ་པོ་མེ་ཏོག་སྐྱ་བོ་སྤང་ལ་འབྱར་བ་དེ་དང་། དེ་ལས་རིང་བཙད། སྲད་དཀར་ནི་ལོ་མ་མུ་ཟི་མདོག་མེད་འདྲ། མདོག་ཤིན་ཏུ་སྐྱ་ཞིང་མེ་ཏོག་དཀར་ལ་སྔོ་མདངས་ཡོད་པ། རོ་མངར་ཤས་ཆེ་བ་དེ་དངོས་ཡིན། ལ་ལས་སྲད་དཀར་དུ་འཛིན་པའི་མེ་ཏོག་ཤ་སྒོག་འདྲ་བ་དེ་ཆུ་སྲད་ཡིན། ཆུ་ཤོ་ཆུ་མ་རྩིར་འཛིན་པ་ཡང་ཡོད། དེ་འཁྲུལ་པ་ཁོ་ན་བས་སོ། ལྷང་མཐིལ་ལམ་རྟ་ཚེར་ཟེར་བ་དེ་འབྲས་ཀྱི་གསང་སྨན་ཡིན། རྩ་ཁུ་བྱུག་ནི་ཀོ་ཋ་འཁྲུལ་མེད་ལ་བྱེད། འབྲི་ཀུ་རཏྣ་ནི་མེ་ཏོག་སེར་པོ་ཤེས་རབ་ལོ་མ་འདྲ་བ་མདངས་མི་གསལ་ཞིང་དེ་ལས་ཆེ་བ་དེ་ལ་བྱེད། རྨ་ཡི་གསང་སྨན་ཡིན། སེང་གེ་འཇིགས་མེད་ནི་ལོ་མ་པ་ཡག་འདྲ་བ། མེ་ཏོག་འབུ་སུ་ཧང་འདྲ་ཞིང་སོར་གསུམ་བཞི་ལས་མ་འཕགས་པ་ཟླ་བ་བཞི་པའི་མགོ་ཙམ་དུས་མེ་ཏོག་ཡལ་འགྲོ་བ་དེའོ། །སྤྱིར་རུས་ཆག་སྐབས་ནད་མ་སྒྱིད་མ་དང་། རྨ་སྐབས་སེངྒེ་འཇིགས་མེད། གློ་བའི་སྐབས། ཤ་ལ་ཡུ་རིང་ཟེར་བར་སྣང་། གཟའ་དུག་ཡབ་དྲན་པ་གཡག་སྙིང་དང་། ནི་ལོ་མ་ཁྲག་སྡུམ་སོག་ལེ་ཁ་འདྲ་བ། ལའུ་དཀར་པོ་སོགས་ཟེར། དེ་ལས་ཆེ་ཞིང་དཔངས་མཐོ་བ། འབྲས་བུ་ནག་པོ་མཐེབ་རྡོག་ཙམ་ཡོད་པ་དེ་ལ་བཞེད་སྣང་། ཡུམ་ནི་མེ་ཏོག་ཀླུ་བདུད་འདྲ་བ་སྦྲེལ་ནས་སྐྱེ་བ་དེའོ། །ལ་ལས་ལའུ་དཀར་པོ་སེང་སྦར་ལ་ངོས་འཛིན། པྲི་ཡང་ཀུ་ནི། པྲི་ཡངྐུ་དཀྱུས་མ་དང་འདྲ་ལ་དེ་ལས་རིང་ཞིང་དྲི་དུགས་པ་དེའོ། །གཟའ་བརྒྱད་ལྡུམ་བརྒྱད་ནི་སྟོང་རི་ཟིལ་པ་སོགས་ལ་ངོས་འཛིན་ནའང་ཐུན་མོང་དུ་མི་བཤད། ཇོ་མོ་གློ་ལྡུམ་ནི་ལོ་མ་སྲོ་ལོ་དམར་པོ་འདྲ་བ། མེ་ཏོག་སྔོན་པོ་དམར་མདངས་ཅན་ཟླ་བ་གསུམ་པའི་ནང་སྐོར་སྐྱེ་བ་དེ་ཡིན། སྤྲ་བ་སྟོན་ཟླ་གསུམ་གྱི་དུས་བཟང་བཏུ་ཞེས་པ། རྒྱ་རྩིས་དང་བསྟུན། ཟླ་༧ཚེས་༣། ཟླ་༨ཚེས་༥། ཟླ་༩ཚེས་༧རྣམས་ལ་བཞེད་པའང་སྣང་། མཁྲིས་པ་ཐམས་ཅད་ཁ་བ་སྟེ། །དོམ་གྱི་མཁྲིས་པ་མངར་བ་ཡིན། །ཞེས་དང་། ཙནྡན་བཟང་ངན་ཆུ་ལ་དྲིས། །ཆུར་བྱིངས་བསིལ་ངད་ལྡན་ན་བཟང་། །ཞེས་དང་། ཨ་གར་བཟང་ངན་མེ་ལ་དྲིས། །དྲི་ལྡན་ཆིལ་ཆིལ་ཁོལ་ན་བཟང་། །ཞེས་སོ། །གཡུ་ཐོག་པས་ལོ་མ་བ་ལུ་དང་མེ་ཏོག་ད་ལིར་བཞེད། །སྤྱིར་དཀར་ནག་གཉིས་ལས། དཀར་པོ་ཅུང་བསིལ་ཞིང་། ནག་པོ་དྲོད་ཆེ། གསེར་མེའི་མེ་ཏོག་གསེར་མེ་དང་། འབྲས་བུ་པ་ཏོ་ལར་བཞེད་མཁན་སྣང་ནའང་ཁྱབ་པ་ཡོད་མ་འདྲ། རྡོག་པོ་ཆེ་ཤོས་ཀ་རཉྫ་དང་། ཆུང་བ་འཇམ་འབྲས་སུ་བཞེད་པའང་སྣང་། ཤྲཱི་ཁཎྜ་ནི་བསེ་ཤིང་གི་ཞོ་ཡིན། དེ་ཡང་འབྲས་ཕྱེས་སྦྲུས་པ་ཕབས་རྡོག་འདྲ་བ་དང་། མ་སྦྲུས་པ་ཐང་ཆུ་འདྲ་བ་གཉིས་ཡོད་སྣང་། ཟེ་ཚྭ་ཆུ་ནང་ཡང་ཡང་བསྐོལ་ནས་ཤེལ་ལྟར་དྭང་བ་མ་གཏོགས་སྨན་དུ་མི་གཏོང་། དེ་སླར་ཡང་བསྐོལ་བས་གྲུ་བཞིར་ཆགས་པ་ལ་ན་གུ་ཚྭ་ཟེར་གསུངས། ཚར་བོང་དབྱིབས་ཧ་ལམ་ཐ་རམ་འདྲ་བ་འཕྲེད་དུ་ཁྲད་པོར་སྐྱེ་བ། དེ་འདྲ་གྱེན་དུ་སྐྱེ་བ་སྡོང་བུ་མཐོ་རེ་ཙམ་ཡོད་པ་ཡོག་མོ། ཤོ་རྩ་ནི་ཁག་མར་འབོད་པའི་རྩ་བ། ཤོ་མང་རྨ་ཡི་ཚ་བ་སེལ་བྱེད་ནི་ཡུལ་སྐད་དུ་ཨ་ཤོ་ཆུ་ཤོར་འབོད་པ་དེ་ཡིན། ཕུར་ནག །མཁན་རིགས་ཤིང་མ་ལྡུམ་ལོ་མ་སྔོ་སིབས་དྲི་དུགས་པ་དེ་དང་། གླ་རྐང་ཆུང་བའི་རིགས་དེ་གཉིས་ཕྱེད་མར་གཏོང་ཞེས་གསུངས། ༈ །ཏལ་ཞེས་པ་དཀར་པོ་གཟི་ཡི་དབྱིབས། ཞུམ་མིག་ཞེས་པ་མདོག་ལྗང་ལ་སྐྱ་ཞད་ཡོད་ཅིང་ལུང་མི་སྒྲིབས་པ་ཉི་མ་ལ་བསྟན་ན་ཞུམ་བུའི་མིག་ལྟ་བུའི་འོད་འབྱུང་བ། ཨིནྡྲ་ནཱི་ལ་མདོག་སྔོན་པོ་དཀར་འོད་འཕྲོ་བ་ཟུར་ལྡན་ཞིག་ཡོད། དམན་པ་སྔོན་པོ་འོད་དེ་ལས་ཞན་པ། པདྨ་རཱ་ག་དམར་པོ་རྒྱ་སྐྱེགས་མདངས་ཅུང་ཡོད་ཅིང་ཁ་དོག་མཆོག་ཏུ་གསལ་བ། ན་ལ་ཞེས་དེ་དང་ཆ་འདྲ་ཡང་མདོག་མི་གསལ་བ། ཤེལ་ཉི་འོད་ལ་བསྟན་པས། འཇའ་ཚོན་འཕྲོ་བ། དབང་རིལ་མདོག་སྣ་ཚོགས་འབྱུང་ཞིང་། ཤུན་པ་རིམ་པ་མང་བ། གཡུ་སྤྲུག་མདོག་དཀར་ལྗང་ཡུང་བ་དང་ལྷན་དུ་བརྡར་ན་དམར་ཁམ་དུ་འགྲོ་བ། མུ་ཏིག་དཀར་པོ་མདོག་དམར་ཉམས་ཅན། སྦུར་ལེན་མདོག་སེར་ལ་དྭངས་པ་དང་། དམར་སེར་ཤིན་ཏུ་དྭངས་པ། རྡོ་རྗེ་ཕ་ལམ་དཀར་པོ་ཟུར་བརྒྱད་ལ་མདངས་གྲིབ་སོ་གུག་པ་ལྟ་བུ། འདི་སྲན་ཙམ་ལ་དངུལ། ༣༠༠༠ ཨིནྡྲ་ནཱི་ལ་སྲན་ཙམ་ལ། ༠༡༠༠ སྤྲད་ཟེར་སྤུར་ལེན་གྱི་ཚབ་སྤོས་ཤེལ་དཀྱུས་མ་ལས་དྭངས་ཤིང་མདངས་གསལ་བ་དང་། མུ་ཏིག་ཚབ་དོན་ཤུལ་ཡོད་པའི་ཉ་ཕྱིས་ཀྱིས་རུང་ཟེར་སྣང་། ། ༈

Footnotes

Other Information