འཕགས་པ་ཛམྦྷ་ལ་ནག་པོའི་ཆུ་སྦྱིན་གྱི་ཆོ་ག་དངོས་གྲུབ་སྙིང་པོ།

From Khyentse Lineage - A Tsadra Foundation Project
JKW-KABUM-14-PHA-019
Wylie title 'phags pa dzam+b+ha la nag po'i chu sbyin gyi cho ga dngos grub snying po JKW-KABUM-14-PHA-019.pdf
Location mkhyen brtse'i bka' 'bum
Volume 14, sde tshan 19, Pages 309-317 (Folios 1a to 5a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön གུ་རུ་ཆོས་ཀྱི་དབང་ཕྱུག་ (Gu ru chos kyi dbang phyug)
Citation 'jam dbyangs mkhyen brtse'i dbang po. 'phags pa dzam+b+ha la nag po'i chu sbyin gyi cho ga dngos grub snying po. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 14: 309-317. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Offering Rituals - mchod sbyin
Deity dzaM nag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-WI-045
Colophon

།མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་བྲག་རྟ་མགྲིན་མགུལ་ནས་སྤྱན་དྲངས་པའི་ཛམྦྷ་ལ་ནག་པོའི་ཆུ་སྦྱིན་ལ་བརྟེན་ནས་བསྙེན་པའི་ཆོ་ག་ཟུར་དུ་ཕྱུངས་ཏེ་བཀླགས་པས་གྲུབ་པར་བསྡེབས་པ་འདིའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ཀྱི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།།

mnga' bdag gsung sprul gu ru rin po che chos kyi dbang phyug gis brag rta mgrin mgul nas spyan drangs pa'i dzam+b+ha la nag po'i chu sbyin la brten nas bsnyen pa'i cho ga zur du phyungs te bklags pas grub par bsdebs pa 'di'ang mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa 'gro kun dngos grub rnam pa gnyis kyi bdud rtsi la longs su spyod pa'i rgyur gyur cig/__//mang+ga laM

1 Texts in this Section (sde tshan or chos tshan)

[edit]
༄༅། །འཕགས་པ་ཛམྦྷ་ལ་ནག་པོའི་ཆུ་སྦྱིན་གྱི་ཆོ་ག་དངོས་གྲུབ་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།

ན་མོ་གུ་རུ་ཀྲྀཥྞ་ཛམྦྷ་ལཱ་ཡ། འདིར་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་ཛམྦྷ་ལ་ནག་པོའི་སྒྲུབ་ཐབས་རིན་ཆེན་ཆར་འབེབས་ལས། མདུན་བསྐྱེད་ཆུ་སྦྱིན་ལ་བརྟེན་ནས་བསྙེན་པའི་ཆོ་ག་བཀླག་མཆོག་ཏུ་བཀོད་པ་ལ། སྔ་དྲོའི་ཆར་གནས་གཙང་ཞིང་དབེན་ལ་ཡིད་དང་མཐུན་པར་རང་གི་མདུན་ཟངས་གཞོང་གི་དབུས་སུ་འཕགས་པ་ཛམྦྷ་ལའི་སྐུ་ཡོད་ན་བཤམ། དེའི་མདུན་དུ་མེ་ཏོག་ལ་སོགས་པའི་མཆོད་པ་དང་། རིན་པོ་ཆེའི་སྣོད་དུ་སྲོག་ཆགས་མེད་པའི་ཆུ་གཙང་མ་རྣམས་འདུ་བྱ། ཚོགས་ཞིང་ནམ་མཁའ་གང་བར་སད་པར་གྱུར་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་ནི། ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ གནོད་སྦྱིན་ནོར་ལྷ་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའོ༔ ལན་གསུམ། ཚོགས་བསག་པ་ནི། ཧོཿ མ་ལུས་ཕྱོགས་ན་བཞུགས་པ་ཡི༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ནོར་བདག་མགོན་པོ་ཛམྦྷ་ལ༔ གནོད་སྦྱིན་གཏེར་འཆང་ཚོགས་དང་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ མཆོད་པ་རྣམ་པ་དུ་མས་མཆོད༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ དགེ་བ་ཀུན་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ བསོད་ནམས་འགྲོ་བ་ཡོངས་ལ་བསྔོ༔ སྙིང་པོ་བྱང་ཆུབ་མཆོག་ཐོབ་ཤོག༔ ལན་གསུམ། མཎྜལ་ནི། ན་མོ༔ བཀོད་པ་མཛེས་ལྡན་རིན་ཆེན་མཎྜལ་མཆོག༔ རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླས་བརྒྱན༔ རིན་ཆེན་འདོད་ལྔ་ཀུན་བཟང་མཆོད་སྤྲིན་གཏིབས༔ དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་མཆོད༔ བླ་མེད་མཆོད་བཞེས་མཆོག་གི་དངོས་གྲུབ་སྩོལ༔ བདག་སོགས་འགྲོ་བ་མ་ལུས་བསྐྱབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་རཏྣ་མཎྜ་ལ་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཞེས་འབུལ། ཛཿཧཱུྃ་བྃ་ཧོཿས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བདག་བསྐྱེད་ནི། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་རྒྱས་པར་བྱ་བའམ། བསྡུ་ན། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་། གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་། པད་ཟླའི་གདན་ལ་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྐུར་གྱུར་པར་བསམ། མདུན་བསྐྱེད་ནི། རང་གི་མདུན་དུ་པདྨ་དང་ཟླ་བའི་གདན་ལ་ནོར་བདག་རྣམ་ཐོས་བུའི་གཟུགས་ནོར་བུ་སྐྱུགས་པའི་སྟེང་དུ་ཛྃ་ནག་པོ༔ དེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་གྲངས་མེད་པ་འཕྲོས་པས་འཇིག་རྟེན་གྱི་ཁམས་དང་༔ དག་པའི་ཞིང་གི་སྣོད་དང་བཅུད་ཀྱི་འབྱོར་པ་དང་མངའ་ཐང་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཛྃ་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་མགོན་པོ་ཛམྦྷ་ལ་ནག་པོ་མིག་སྨན་གྱི་རི་བོ་ལྟར་བརྗིད་ཅིང་ལྷུན་སྡུག་པ༔ སྐྲ་ཁམ་པ་གྱེན་དུ་བརྫེས་པ༔ གཅེར་བུ་རྣ་བ་མ་ཕུག་པ་ཞོ་འཐུང་བྱིས་པ་དྲེགས་པའི་ཉམས་དང་ལྡན་པ༔ མཚན་མ་གྱེན་དུ་བསྒྲེངས་ཞིང་བ་སྤུ་ལངས་པ༔ སྤྱན་གསུམ་དམར་ལ་ཟླུམ་ཞིང་འཁྱིལ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་བཞི་གཙིགས་པ༔ ཕྱག་གཡས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ༔ གཡོན་པས་ནེའུ་ལེ་ནོར་བུ་སྣ་ཚོགས་པ་ལྷུག་ལྷུག་སྐྱུགས་པ་བརླ་གཡོན་པ་ལ་བརྟེན་ནས་བཟུང་བ༔ ཞབས་གཡས་བསྐུམས་ཞིང་གཡོན་ཅུང་ཟད་བརྐྱངས་པ༔ ཀླུ་ཆེན་པོ་བརྒྱད་སྦྲུལ་གྱི་རྣམ་པས་སྤྲས་པ༔ ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་ཤིང་མི་བསྐྱོད་པས་དབུ་བརྒྱན་པར་བསམས་ལ། ཐུགས་ཀར་ཟླ་བའི་དབུས་སུ་རྡོ་རྗེ་རྩེ་དགུ་པ་ཟླ་བ་ཧཱུྃ་ཡིག་དང་བཅས་པ༔ དཔྲལ་བར་ཨོཾ༔ ལྕེ་ལ་ཛྃ༔ དཔུང་པ་གཡས་པར་བྷ༔ གཡོན་པར་ལ༔ ཐུགས་ཀར་ཛ༔ ལྟེ་བར་ལེན༔ ངར་གདོང་གཡས་པར་དྲཱ༔ གཡོན་པར་ཡ༔ བོལ་གོང་གཡས་པར་སྭཱ༔ གཡོན་པར་ཧཱ༔ དེ་རྣམས་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར༔ ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་འདུལ་བའི་ཕྱིར༔ བཅོམ་ལྡན་མགོན་པོ་མི་བསྐྱོད་པ༔ ཐུགས་རྗེས་སྐུར་སྤྲུལ་ཛམྦྷ་ལ༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨཱཪྻ་ཛམྦྷ་ལ་བཛྲ་ས་མ་ཡ་ཛཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཛཿཧཱུྃ་བྃ་ཧོཿ ཞེས་གཉིས་སུ་མེད་པར་བསམས་ལ་ཕྱག་འཚལ་བ་ནི། ཧཱུྃ༔ གདོད་ནས་མངོན་པར་སངས་རྒྱས་ཀྱང་༔ ས་བརྒྱད་དབང་ཕྱུག་སེམས་དཔའི་ཚུལ༔ ནོར་བདག་མགོན་པོ་ཛམྦྷ་ལ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ ཞེས་ཕྱག་འཚལ་བས༔ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་ལེན་མཛད་པར་བསམ༔ དེ་ནས་རང་གི་ལག་པ་གཡས་པར་པྃ་ལས་བྱུང་བའི་གཏེར་ཆེན་པོའི་བུམ་པ་བཟང་པོ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བའི་མཁྲིག་མར་ཨོཾ༔ བུམ་པའི་ནང་དུ་ཛྃ༔ མཛུབ་མོ་ལ་བྷ༔ གུང་མོ་ལ་ལ༔ སྲིན་ལག་ལ་ཛཿ མཐེའུ་ཆུང་ལ་ལེན༔ མཐེ་བོང་ལ་དྲཱ༔ མཁྲིག་མའི་མཚམས་སུ་ཡ༔ དེའི་གཡས་སུ་སྭཱ༔ གཡོན་དུ་ཧཱ༔ ཐམས་ཅད་ཟླ་བ་བདུད་རྩིས་གང་བ་ལ་གནས་པར་གྱུར༔ རང་གི་ཁྱོར་བའི་ཆུ་རྡོ་རྗེའི་སྔགས་ཀྱིས་བདེ་བ་ཆེན་པོའི་རང་བཞིན་བདུད་རྩིའི་རྒྱུན་ཟད་མི་ཤེས་པར་གྱུར་པ་མདུན་གྱི་ཛམྦྷ་ལའི་ཞལ་དུ་ཕུལ་བས་ཤིན་ཏུ་མཉེས་ཤིང་ཚིམ་ནས་ནོར་གྱི་དངོས་གྲུབ་མ་ལུས་པ་སྩལ་བར་བསམས་ལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ལ་སྭཱ་ཧཱ༔ ཞེས་དང་། ཨོཾ་ཨིནྡྲ་ཎཱི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཞེས་པས་བྱིན་གྱིས་བརླབ༔ ཨོཾ་ཛམྦྷ་སྭཱ་ཧཱ༔ བརྒྱ་དང་བརྒྱད་ཀྱིས་དབུལ་བར་བྱའོ༔ དེ་ནས་མཆོད་པ་ནི༔ ཧཱུྃ༔ མེ་ཏོག་ཕྲེང་སོགས་རིན་ཆེན་དང་༔ བདུག་སྤོས་སྣང་གསལ་སྒྲོན་མེའི་འོད༔ དྲི་མཆོག་ཞལ་ཟས་འདོད་ཡོན་ཚོགས༔ འབུལ་ལོ་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཛམྦྷ་ལ་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་དཱི་པེ་གནྡྷེ་ནཻ་བིདྱཱ་ཤབྡ་པཱུ་ཛ་སརྦ་ས་མ་ཡ་ཧཱུྃ༔ ཞེས་མཆོད། ཧཱུྃ༔ མི་བསྐྱོད་ཡེ་ཤེས་རྡོ་རྗེ་སེམས་དཔའ་ནི༔ འགྲོ་བ་འདུལ་ཕྱིར་གནོད་སྦྱིན་དབང་པོའི་ཚུལ༔ ནམ་མཁའི་མདོག་ཅན་མ་སྐྱེས་ཆོས་སྐུའི་ངང་༔ ལོངས་སྤྱོད་རྫོགས་མཛད་ཐོད་ཁྲག་ནེའུ་ལེ་བསྣམས༔ སྤྲུལ་པའི་ཐུགས་རྗེས་སེམས་ཅན་དབུལ་ཕོངས་སེལ༔ གཞན་དོན་ལ་བཞེངས་ཞབས་གཉིས་བརྒྱད་བསྐུམ་ཚུལ༔ སྒེག་ཅིང་གཞོན་དང་ཁྲོ་བོའི་ཉམས་ལྡན་པས༔ སྒྲུབ་པོའི་རེ་སྐོང་ཕྲིན་ལས་ལྷུན་གྱིས་གྲུབ༔ མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད༔ བདག་ལ་ནོར་དང་ལོངས་སྤྱོད་དངོས་གྲུབ་སྩོལ༔ འཛད་མེད་དབྱིག་གི་ཆར་ཆེན་འབེབས་པར་མཛོད༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སིདྡྷི་སིདྡྷི་ཀུ་རུ་ཧཱུྃ་བྷྲཱུྃ༔ ཞེས་བསྟོད་ཅིང་གསོལ་བ་གདབ་པར་བྱའོ༔ གྲངས་གསོག་ན། སླར་ཡང་རང་གི་ལག་པ་གཡས་པར་སོགས་ནས་བསྟོད་གསོལ་གྱི་བར་བསྐྱར། མཐར་ཐལ་མོ་སྦྱར་ཏེ། མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོ་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། རྟེན་ཡོད་ན། ཨོཾ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་ཀུན་དོན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུཿ གཏོར་མགྲོན་གྱི་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པས་མཐུ་སྟོབས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་བསམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག༔ །ཅེས་སོགས་བསྔོ་སྨོན་དང་། འབད་དང་སྩོལ་བས་མ་གོས་པ་སོགས་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེ་ལྟར་བརྩོན་པའི་རྟགས་དང་ཕན་ཡོན་ཀྱང་གཞུང་ལས། དེ་ལྟ་བུ་བརྒྱ་སྟོང་ཁྲི་འབུམ་སོགས་ཕུལ་ན༔ རྨི་ལམ་དུ་ཆུ་བོ་རྒྱས་པ་དང་༔ གཏེར་རྙེད་པ་དང་༔ ལོ་ཏོག་དང་ནགས་ཚལ་ཕུན་སུམ་ཚོགས་པ་སོགས་ཀྱི་ལྟས་དང་བཅས་ཏེ་ནོར་འཕེལ་བར་འགྱུར་རོ༔ ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །མངའ་བདག་གསུང་སྤྲུལ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་བྲག་རྟ་མགྲིན་མགུལ་ནས་སྤྱན་དྲངས་པའི་ཛམྦྷ་ལ་ནག་པོའི་ཆུ་སྦྱིན་ལ་བརྟེན་ནས་བསྙེན་པའི་ཆོ་ག་ཟུར་དུ་ཕྱུངས་ཏེ་བཀླགས་པས་གྲུབ་པར་བསྡེབས་པ་འདིའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་འགྲོ་ཀུན་དངོས་གྲུབ་རྣམ་པ་གཉིས་ཀྱི་བདུད་རྩི་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ།། །།

Footnotes

Other Information