བསྐྱེད་རྫོགས་ཟིན་བྲིས་དེ་ཉིད་གསལ་བའི་འགྲེལ་པར་སོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-03-GA-001-035
Wylie title bskyed rdzogs zin bris de nyid gsal ba'i 'grel par sogs JKW-KABUM-03-GA-001.pdf
Location mkhyen brtse'i bka' 'bum
Volume 3, sde tshan 1, Text 35, Pages 645-701 (Folios 323a6 to 351a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. bskyed rdzogs zin bris de nyid gsal ba'i 'grel par sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 3: 645-701. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris  ·  Generation Stage - bskyed rim  ·  Completion Stage - rdzogs rim

1 Texts in this Section (sde tshan or chos tshan)

[edit]
བསྐྱེད་རྫོགས་ཟིན་བྲིས་དེ་ཉིད་གསལ་བའི་འགྲེལ་པར། གང་ཞེས་པ་སུ། དེ་ཞེས་པ་འདི། ཞེས་དང་། དུས་ཀྱི་བརྟུལ་ཞུགས་ནི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ། ། ༈

དགེ་སློང་དང་སྔགས་རྒན་གཉིས་ཀྱང་ཁོར་རང་གི་ཉམས་དང་རྟོགས་པ་གཉིས་དེ་དང་དེའི་ཚུལ་དུ་བཀོད་པས་གཞན་གཤེད་ནས་འོང་བ་མ་ཡིན། ན་རེ་ཞེས་པ་བོད་ཀྱི་དོན། ས་སྐྱ་དབུ་མ་རང་རྒྱུད། འབྲི་གུང་རང་སྟོང་། དགེ་ལུགས་ཐལ་འགྱུར། ཇོ་ནང་གཞན་སྟོང་ཡིན་ཟེར་འདུག །འདས་རྗེས་ཐོབ་པའི་པཎ་གྲུབ་རྣམ་གསུམ་ནི། དགའ་རབ། ཤྲཱི་སེང་། འཇམ་དཔལ་ལོ། ། ༈ གཞུང་ཆེན་སྡེ་ལྔ་ནི། དབུ་ཕར་འདུལ་མཛོད་རྒྱུད་སྡེ་ལྔར་ཟེར་སྲོལ་ཡོད། ། ༈ ཡང་དག་པ་ནི་ཉོན་མོངས་ཀྱི་དྲི་མ་བྲལ་བས་ཟེར། ལས་མཐའ་ལས་དག་པ། རྟོག་པ་སེམས་ཉོན་མ་མོངས་པ། འཚོ་བ་ཟས་གོས་དཀོར་མ་འདྲེས་པ། ཏིང་འཛིན་བསྐྱེད་རིམ། ལྟ་བ་སེམས་ཉིད། རྩོལ་བ་བརྩོན་འགྲུས། ། ༈ དབང་སྒྲུབ་གཞི་ལས། བསྐྱེད་རིམ་སྒྲུབ་ཐབས་ཆོས། རྫོགས་རིམ་སྒྲུབ་བྱེད་དམ་རྒྱུད། སྒྲུབ་འབྲས་ཕྱག་ཆེན་དང་སྦྱར་ཟེར་བ་སྣང་། ། ༈ དེ་བཞིན་ཉིད་ནི་རང་གི་སེམས་ཉིད་བསམ་གྱིས་མི་ཁྱབ་པ་ལ་ལྟ་བ། ཀུན་སྣང་ནི་དེ་ལྟར་མ་རྟོགས་པ་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྐྱེད་པ། རྒྱུ་ཡི་ཏིང་འཛིན་ནི་དེ་གཉིས་ཡ་མ་བྲལ་བའི་ངང་ཡི་གེ་ཧཱུྃ་ཧྲཱིཿལ་སོགས་པ་བསྒོམ་པ། ། ༈ བསྐྱེད་རིམ་རྒྱས་པའི་ཕྱོགས་ལ་སྦྱང་བྱ་སྒང་སྐྱེས། སྦྱོང་བྱེད་བདག་སྲས་ལྔ་ནི། རྒྱུ་ཡི་ས་བོན་ཧཱུྃ་ཧྲཱིཿསོགས་ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཡུམ་མཁར་བཀུག་པ། སེམས་ཅན་རྣམས་བཀུག་ནས་སྒྲིབ་པ་སྦྱོང་བ། འཁོར་འདས་གཉིས་སུ་མེད་པར་ཆེ་བ་བསྐྱེད་པ། དཀྱིལ་འཁོར་ལྷ་ཚོགས་མཁའ་ནས་བཏོན་ཏེ་གདན་ལ་འགོད་པ་ལྔའོ། །གཞན་སྲས་བརྒྱད་ནི། གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་ས་བོན་དུ་གྱུར་པ། དེ་ཉིད་འབྲས་བུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་སྐུར་བཞེངས་པ། ཡབ་ཀྱི་རྟོག་ཚོགས་ཡི་གེའི་རྣམ་པར་འགོད་པ། ཡུམ་གྱིས་ཡབ་ལ་ཐུགས་རྗེའི་དཀྱིལ་འཁོར་སྤྲོ་བར་གསོལ་བ་གདབ་པ། སྔ་མ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་རྣམས་སྐབས་འདིར་རང་ལ་བསྟིམ་ཞིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ང་རྒྱལ་ལ་གནས་པ། དེ་མ་ཐག་ཡབ་ཡུམ་གཉིས་བདེ་སྟོང་གཉིས་སུ་མེད་པར་སྦྱོར་བ་བྱས་པས་ཡུམ་མཁར་དཀྱིལ་འཁོར་བསྐྱེད་པ། རྟོག་ཚོགས་ལྷར་གྱུར་ཡུམ་མཁའ་ནས་ཕྱིར་འདོན་ཅིང་ཕྱི་རོལ་གྱི་གདན་ལ་འགོད་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་དབང་བསྐུར་རྒྱས་གདབ་པ་རྣམས་སོ། ། ༈ འབྲིང་པོར་མངལ་སྐྱེས་ཀྱི་བག་ཆགས་སྦྱང་བྱ། སྦྱོང་བྱེད་མངོན་བྱང་ལྔ་ནི། མངོན་བྱང་དང་པོ་ཟླ་བ། གཉིས་པ་ཉི་མ། གསུམ་པ་ས་བོན་ཕྱག་མཚན། བཞི་པ་འོད་ཀྱི་གོང་བུར་གྱུར་པ། ལྔ་པ་སྐུ་ཡོངས་རྫོགས་སོ། །ཡང་བཞི་ནི། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་དགོད། །ཅེས་སོ། །ཆོ་ག་གསུམ་ནི། ཐུགས་རྡོ་རྗེའི་ངོ་བོ་ཕྱག་མཚན་བསྒོམ་པའི་ཆོ་གས་རང་སེམས་ཐུགས་རྡོ་རྗེར་དག །དེ་གནས་འགྱུར་ནས་ཧཱུྃ་ཡིག་སོགས་སུ་བསྒོམས་པས་གསུང་རྡོ་རྗེར་རྫོགས། དེ་ལས་འོད་འཕྲོས་དོན་གཉིས་བྱས་ནས་ལྷ་སྐུར་བསྒོམས་པས་ལུས་ལྷ་སྐུ་རྡོ་རྗེར་སྨིན་པའོ། ། ༈ སྦྱང་བྱ་དྲོད་གཤེར་སྐྱེས་མ་བསྡུས་པ་དང་། རྫུས་སྐྱེས་ལ་ཤིན་ཏུ་བསྡུས་པ་རྣམས་ནི་གཞུང་ནས་བཤད་མ་ཐག་པའོ། ། ༈ དངོས་གཞི་བདུན་ཡང་ལྔ་པ་ཡན་ཆད་ཏིང་འཛིན་ཉམས་ལྔ་སྐྱེ་ཐབས་ཡིན་པས་སྔོན་དུ་འགྲོ་བ་ཡིན། གསལ་བརྟན་ཚད་བརྒྱད་ལས། དང་པོ་བཞི་ནི། ལྷར་སྣང་འགག་པ་མེད་པའི་སལ་ལེ། སྣང་དུས་དམིགས་པ་མཚན་མས་མ་བཅིངས་པའི་སང་ངེ་། སྣང་སྟོང་དབྱེར་མེད་ཀྱི་ཡིན་ལུགས་རང་བབས་སུ་ཤར་བའི་ལྷག་གེ །སོ་སོར་རྟོག་པའི་རིག་པའི་ཡེ་ཤེས་ཀྱི་ངོ་ན་མངོན་སུམ་པས་ལྷང་ངེའོ། །གཉིས་པ་བཞི་ནི། གང་ལྟར་བསྒྱུར་ཡང་དེ་ལྟར་བསྒོམ་དུ་བཏུབ་པས་ཅིར་ཡང་བསྒྱུར་དུ་བཏུབ་པའོ། །ཞེས་སྣང་ངོ་།། །། ༈ བཤགས་རྒྱུད་ལས། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་སྟོན་པར་བྱེད་པ་དང་། ལམ་ཉམས་སུ་ལེན་པའི་གདམས་ངག་སྟོན་པར་བྱེད་པ་དང་། འབྲས་བུ་མངོན་དུ་གྱུར་པའི་དོན་སྟོན་པར་བྱེད་པའོ། །ཞེས་དང་། ཀུན་གཞི་རྒྱུའི་རྒྱུད་དང་། ལམ་ཐབས་ཀྱི་རྒྱུད་དང་། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད། ཅེས་དང་། གྲོལ་ལམ་ལྟ་བའི་བཤགས་པ་དང་། ཐབས་ལམ་དབང་གི་བཤགས་པར་དབང་བཞིའི་ལམ་རྒྱས་པར་བསྟན། སྒྱུ་འཕྲུལ་དྲྭ་བའི་བཤད་སྲོལ་གྱི་ཐབས་གྲོལ་དང་། གཞན་གྱི་ཐབས་གྲོལ་བཤད་སྲོལ་མི་མཚུངས།། །། ༈ ཨོཾ་སྭ་སྟི། རྒྱུད་རིག་པ་རང་ཤར་ལས། འཇུག་པའི་སྒོ་ནི་བདེན་པ་རྣམ་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །ཞེས་དང་། རང་རྒྱལ་མདོ་སྡེའི་གྲུབ་མཐའ་ནི། འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་ཆོས་ལ་བདག་ཡོད་ལྟ། །ཞེས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྣམ་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །ཞེས་དང་།། །། ༈ ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ །ཞེས་དང་། དོན་དམ་ལ་ཡང་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང་། །ཡང་དག་སེམས་ཀྱི་དོན་དམ་མོ། །ཞེས་དང་། ཀྲྀ་ཡའི་ཐེག་པའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་རྣམ་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་པའོ། །ཞེས་དང་། དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ཡོ་བྱད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །ཞེས་དང་། བྱང་ཆུབ་ལྔ་པོ་འདི་ལྟ་སྟེ། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང་། །བསྐྱེད་པའི་སྒོ་ནས་བྱང་ཆུབ་དང་། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་བོ། །དེ་ལྟར་བྱང་ཆུབ་རྣམ་ལྔ་སྤྱོད། །ཅེས་དང་། ལྟ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། །ཞེས་དང་། ཨུ་པ་ལ་ཡི་ལྟ་བ་ནི། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲྀ་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་དང་། མ་ཧཱ་ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །ཞེས་སོགས་དང་། ལུང་ཆེན་ཨ་ནུའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འདོད། །ཅེས་དང་། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གཅིག་རྫོགས་ལྟ་བ་ཕྱིན་ཅི་མ་ལོག་པ། མ་རིག་པ་མེད། གཉིས་རྫོགས་རིག་པའི་སྐུ། ཐམས་ཅད་རྫོགས། དབྱིབས། །གཅིག་སྒྲོན་མ། འབྱུང་གཉིས་ཤེས་རབ། འབྱུང་ཐམས་ཅད་ཡེ་ཤེས། འབྱུང་། །གཅིག་སྐྱེ་སྟོང་ཉིད། གཉིས་སྐྱེ་དབྱིངས་ཡེ་ཤེས། ཐམས་ཅད་སྐྱེ། །འོད་ཀྱི་སྐུ་རྣམ་པར་དག་པ། གཅིག་མེད་མ་རིག་པ ་གཉིས་མེད་སེམས་དང་ཡིད་ཐམས་ཅད་ཉོན་མོངས་པ། མེད། །ཞེས་གསུངས་སོ། ། ༈ རང་ཤར་ལས་ རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་ལྟ་རྒྱུ་མེད། །ལྟ་བ་སེམས་ཀྱི་དྲི་མ་ཡིན། དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ཞེས་དང་། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་དག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམ་དང་མ་བསྒོམ་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མས་བཅིངས། །ཡང་དག་རིག་ལ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །ཅེས་དང་། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུར་བྱར་མེད་རང་བྱུང་ཉིད། །རྟོགས་མེད་པ་ལ་དེ་བཞིན་གཤེགས། །ཞེས་གསུངས་འབྱུང་བ་ལྔ་༡༩ལས་མ་གྲུབ་པའི། །སྐྱེ་འགྲོ་སེམས་ཅན་གཅིག་ཀྱང་མེད། །ཅེས་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འབྱུང་བ་ལྔ་ཡི་དབྱིངས་སུ་བསྐྱོད། །ཅེས་དང་། རླུང་རྣམ་པ་ལྔ་ཡིས་ལེའུ༢༠བར། ཡེ་ཤེས་ཀྱི་མདངས་བྱེད་དོ། །མེ་རྣམ་པ་ལྔ་ཡིས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔ་ཡིས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔ་ཡིས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་ལྔ་ཡིས་ཡེ་ཤེས་ཀྱི་གནས་བྱེད་དོ། །ཞེས་སོགས་ནང་གི་འབྱུང་བ་ཉི་ཤུ་རྩ་ལྔ་རྒྱས་པར་བཤད་དོ། །དེས་ན་འདི་ནས་ཤར་གྱི་ཕྱོགས་ན་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་ཡོད་དོ། །དེ་ནི་ས་རྣམ་པར་དག་པར། གསང་སྙིང་གི་ལེའུ་དང་པོར། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་། དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ། གཉིས་པར། སངས་རྒྱས་སྤྱན་དང་མ་མ་ཀཱི། །སོགས་སོ།། །། ༈ ཀུན་བྱེད་རྒྱལ་པོ་ལས། སེམས་ཉིད་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དང་དོར་མེད་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་འགྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ཅེས་སོགས་གསུངས། ཀུན་འདུས་རིག་པའི་མདོ་ལས། འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས། །མཆོད་པ་རྒྱ་མཚོའི་རང་བཞིན་ཏེ། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་རྒྱུན་མི་འཆད། །ཅེས་དང་། དངོས་པོ་བརྟན་གཡོ་ལ་སོགས་པའི། །སྒྲ་སྐད་བསམ་གྱིས་མི་ཁྱབ་པ། །ཀུན་ཀྱང་གསང་སྔགས་གསང་བའི་ཚིག །བཟླས་བརྗོད་རྒྱ་མཚོ་རྒྱུན་མི་འཆད། །ཅེས་དང་། རྔམས་གློག་ལས། གནས་དེར་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་དང་སྨན་ལྔ་དང་། །སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །གྭའུའི་ནང་དུ་བླུགས་ནས་སུ། །ས་གཞི་གཏེར་དང་ལྡན་པར་བྱ། །ཞེས་དང་། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །པདྨ་འདབ་མ་བརྒྱད་པ་བསྒོམ། །དབུས་སུ་ཁྲོ་བོ་སྟོབས་པོ་ཆེ། །འདབ་མ་ལ་ནི་ཀླུ་བརྒྱད་པོ། །བསྒོམ་མམ་ཡང་ན་བྲིས་ཀྱང་རུང་། །ཁྲོ་བོའི་ཞབས་ཀྱི་མཐིལ་གྱིས་ནི། །ཀླུ་རྣམས་རབ་ཏུ་མནན་ནས་སུ། །ཧཱུྃ་གཉིས་བར་དུ་ཀླུ་རྣམས་ཀྱི། །སྙིང་པོ་སྤེལ་ཞིང་གཟིར་ནས་སུ། །ཀླུ་རྣམས་གནས་པའི་ས་ཕྱོགས་སུ། །ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱ། །ཁྲོ་བོས་མནན་པའི་ཀླུ་རྣམས་ཀྱི། །ཁ་ནས་ཆར་པ་སྐྱུགས་པར་བསམ། །འཇིགས་དུས་ལྟ་བུའི་ཆར་པའང་འབབ། །ཅེས་སོ། ། ༈ རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་རྒྱུད་ལས། །བསོད་ནམས་མཆོག་ལྡན་གཟུགས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱིས་འགྲུབ་མི་བལྟ། །བཙལ་ནས་ཐོབ་པར་མི་བྱེད་དེ། །རྒྱུ་ཡི་དུས་ཉིད་འབྲས་བུའི་མཆོག །ཅེས་དང་། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚིགས་བཟང་པོ་རྣམས། །འཇིག་རྟེན་མཚན་མའི་རྟོག་པ་སྟེ། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། དེར་ནི་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་ལ་སོགས་པའི་རྫས། །ས་གཞི་གཏེར་ཆེན་རྒྱས་པར་བྱ། །བཀྲ་ཤིས་མཆོག་ཏུ་བསྔགས་པ་ཡིན། །ཅེས་དང་། བཀྲ་ཤིས་ཆེན་པོའི་བུམ་པ་ནི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་ཆེན་དེ་ལ་སྦྱིན་པར་བྱ། །ཞེས་དང་། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་ལྕེ་ལ་བཞག །ཅེས་དང་། བཙལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོའི་རྩལ་གྱིས་ནི། །ཆོས་ཀུན་སྒྱུ་མར་དབང་བསྒྱུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །ཞེས་དང་། ། ༈ རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ལས། །རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམས་ཆེན་སྟོན། །ངག་གི་དབང་ཕྱུག་རྟ་གདོང་ཞལ་གྱིས་གནོན། །ཅེས་དང་། མྱ་ངན་འདས་པར་གྱུར་པ། །མེད་པ་ལས་བྱུང་སྐུ་གདུང་ནི། །སྐུ་ཡི་གདུང་དང་རིང་བསྲེལ་ཞེས། །འགྲོ་བའི་བསོད་ནམས་རྟེན་དུ་གྲགས། །ཞེས་དང་། ཙ་ན་ཀ་ཡི་འབྲུ་ལྟ་བུ། །དཀར་ལ་ཙན་དམར་ཁ་དོག་གསལ། །ཟོས་པ་ཡོན་ཏན་བསམ་མི་ཁྱབ། །བདུད་རྩི་སྨན་གྱི་མཆོག་ཏུ་གྲགས། །ཞེས་དང་། དེ་བཞིན་རིག་འཛིན་སེམས་དཔའ་དང་། །མི་ཡི་ལུས་སུ་སྤྲུལ་པ་དང་། །གང་ཟག་ས་པ་ཆོས་མིག་ལྡན། །བསོད་ནམས་དཔལ་ཞིང་དག་པ་དག །སྡོང་བུ་སྙིང་པོར་སྦྱངས་ཕྱི་ན། །སྐལ་བ་ཅན་ལ་སྣང་བ་ནི། །ལ་ལ་དག་ལ་ཤཱ་རི་རམ། །ལ་ལ་དག་ལ་རིང་བསྲེལ་སྐུ། །ཞེས་སོགས་དང་། སེམས་ཅན་རྣམ་པ་ཐམས་ཅད་ལ། །བྱང་ཆུབ་སྙིང་པོ་ཡོད་པའི་ཕྱིར། །མེ་ཡི་ལས་ཀྱི་བྱ་བ་ཡིས། །ལྔ་ཕུང་སྦྱངས་ན་མེད་མི་སྲིད། །འདི་དག་བསྒྲུབ་པར་བྱ་བ་ཡང་། །ཤེལ་ཀྱི་ཟ་མ་ཏོག་ནང་དུ། །བསྡུས་ཏེ་ཕྱག་རྒྱའི་རྒྱས་བཏབ་ནས། །ཤེལ་གྱི་གྭའུའི་ནང་དུ་བཅའ། །བསྒྲུབས་པས་དེ་ལ་སྨོན་ལམ་དང་། །སྒྲིབ་སྦྱངས་གསོ་ལ་འཕྲོ་འ དུ་བྱ། །འཕྲོ་འདུ་བྱ་བའི་ཆོ་ག་ཡང་། །ནམ་མཁར་གང་བའི་ཤཱ་རི་རམ། །ཞིང་ཁམས་གང་བའི་རྒྱལ་བ་ལས། །ཆར་གྱི་རྒྱུན་བཞིན་དེ་ལ་བབས། །རྩེ་གཅིག་བཟླས་པ་གསུང་གི་རྒྱུན། །མ་ཧཱ་ཤཱ་རི་རཾ་བིདྱཱ་ཡེ་ཧཱུྃ། གྲངས་མེད་བར་ཆད་མེད་པར་བཟླས། །མཆོག་ཏུ་གསལ་ཞིང་འཚེར་བ་དང་། །འོད་ཀྱི་ཟེར་ཕྲེང་ཉི་ཟེར་བཞིན། །ཟང་ཟིང་བྲ་ཕྲེང་སྣང་བར་འགྱུར། །ཟ་མ་ཏོག་གི་ཕྱི་རོལ་ན། །གསལ་བ་དེ་ལ་འབྱུང་བར་འགྱུར། །འགུལ་ཞིང་མང་པོར་འཕེལ་བ་དང་། །རྒྱལ་བ་སེམས་དཔའ་རིག་འཛིན་གྱི། །གཟུགས་བརྙན་ཤེས་དང་དེ་ལས་ནི། །གསལ་བར་བདག་ལ་སྟོན་པར་འགྱུར། །དང་པོ་སྣོད་དེ་ཁེངས་པ་ཡིན། །གཉིས་པ་ཕྱེད་དམ་བརྒྱ་རྩ་བརྒྱད། །ཐ་མའང་གྲངས་འགས་འཕེལ་བར་འགྱུར། །དེ་དག་གྲུབ་པ་རྟགས་ཆེན་ཏེ། །དེ་ཚེ་དངོས་གྲུབ་བླང་བར་བྱ། །ཐོབ་པའི་ཡོན་ཏན་བསམ་མི་ཁྱབ། །ཚེ་འདིར་རིག་འཛིན་ས་ལ་གནས། །རྒྱལ་བ་དག་དང་མཉམ་པར་འགྱུར། །ཞེས་སོ། །གཞན་ཡང་དེས་གཞན་དོན་བྱེད་ཚུལ་དང་། དེ་ལ་མཆོད་ཚུལ་སོགས་རྒྱ་ཆེར་གསུངས་སོ། །ཞར་ལས་བྱུང་བའི་ཡོན་ཏན་ཡང་། །འགྲོ་བ་ཀུན་གྱི་དོན་སྤྱོད་པ། །སེམས་དཔའ་ཆེ་ལྟར་འགྲུབ་པར་འགྱུར། །ཞེས་དང་། དེ་ལ་ཀུན་གྱི་རང་བཞིན་དེ་ཉིད་འདུས། །དེ་ལ་བསམ་མེད་དམིགས་མེད་དེར་བཞག་ན། །ཅིར་སྣང་ཅིར་སྲིད་མཚན་མེད་དེ་གཅིག་པས། །སྐྱེ་འགག་མེད་པའི་དེ་ཉིད་ཡེ་སངས་རྒྱས། །ཞེས་དང་། དེ་ལ་ཚིག་ཏུ་གང་བརྗོད་པ། །ནམ་མཁའ་དག་ལ་རྩོད་པ་འདྲ། །ཚིག་ཏུ་སྨན་དང་དཔྱད་བཤད་ཀྱང་། །ནད་པའི་ཚོགས་ལ་མི་སྨན་ནོ། །ཞེས་དང་། རང་བྱུང་གདོད་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་པའི་བདུད་རྩིའི་མཆོག །ཅེས་དང་། དབུས་སུ་མཆི་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་སྦྲོན་ལ་ཞུ།། །། ༈ ཀུན་བཟང་དགོངས་པ་ཟང་ཐལ་གྱི་སྐོར་ནས་ལུང་དྲངས་འགའ་ཞིག་བཞུགས། །རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་ཆོས་སྡེ་གསང་སྔགས་ཀྱི་བསྟན་པ་གསུམ་གྱི་ཆོས་འབྱུང་ཞུས་ལན་ལས། དེའི་ཚེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྷ་སྲས་མུ་ཁྲི་བཙད་པོ་གསུམ་གྱིས་འདི་སྐད་ཅེས་ཞུས་སོ༔ ཀྱཻ༔ སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ༔ སངས་རྒྱས་ཀུན་གྱིས་གདུང་འཛིན་པའི༔ དུས་གསུམ་མ་འགགས་ས་ལེར་གཟིགས༔ ཐུགས་རྗེའི་སྤྲུལ་པ་ཁྱེད་ལ་བསྟོད༔ ཞེས་གདུང་བའི་ཤུགས་ཀྱིས་གསོལ་བ་བཏབ་སྟེ་ཞུས་པ༔ ཀྱཻ་རིག་འཛིན་ཆེན་པོ༔ སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་ཀྱི་གདུལ་བྱ༔ གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལ༔ བཀའ་དྲང་པོར་ལམ་དུ་གནས༔ བཀའ་ཉམས་པར་བྱེད་པའི་གང་ཟག་ཅི་ལྟ་བུ་གཅིག་འབྱུང་༔ ཐོག་མའི་གསང་སྔགས་འདི་ལམ་ཉེ་རིང་ཇི་ལྟར་ལགས༔ གསང་སྔགས་ཀྱི་བཀའ་བསླད་པའི་སེམས་ཅན་མཐར་ཅི་ལྟ་བུར་འགྱུར་ལགས༔ ཞེས་ཞུས་སོ༔ བཀའ་སྩལ་པ༔ གསང་སྔགས་ཀྱི་བསྟན་པ་འདི་བོད་ཁ་བ་ཅན་གྱི་ཡུལ་དུ་བཀའ་དྲང་པོར་མི་ལོ་ལྔ་བརྒྱ་དང་བདུན་གནས་སོ༔ དེ་ནས་བདུད་ཀྱི་དམོད་པ་དར་བའི་ལས་དབང་གིས༔ རྒྱུའི་ཆོས་སྤྱོད་པའི་དགེ་སློང་དང་༔ དགེ་ཚུལ་གྱི་ཆས་སུ་ཞུགས་ཏེ༔ གསང་སྔགས་ཀྱི་ཆོས་བསྟན་པ་ལ་སྨད་པར་འགྱུར་རོ༔ གཞོག་འཕྱས་དང་། ལྐོག་ཆོས་དང་༔ དངོས་སུ་རྩོད་པར་འགྱུར་རོ༔ དེ་ནས་རིམ་གྱིས་འཕེལ་ནས་རྒྱལ་ཁམས་ཀུན་ཏུ་ཁྱབ་པ་དང་༔ བོད་སྤྲེའུ་གདོང་དམར་གྱི་བུ་ཡིན་ཏེ༔ ཁོང་ཅོལ་ཆུང་བས༔ བཀའ་རྒྱུད་ལུང་གསུམ་དཀྲུགས་ཏེ༔ གོང་གི་འོག་ཏུ་བཅུག༔ འོག་གི་གོང་དུ་བཏོན༔ ཐེག་པ་གོང་འོག་བསྲེས༔ བཀའ་བབས་འཆོལ་དུ་བཅུག༔ གསང་སྔགས་ཀྱི་བཀའི་བྱིན་རླབས་ཉམས་ཏེ༔ བསྟན་པ་ཉམས་དམའ་བར་འགྱུར་རོ༔ གསང་སྔགས་ཀྱི་བསྟན་པ་འདིའི་མཚན་ཉིད་ནི༔ ཀུན་ཏུ་བཟང་པོའི་དགོངས་པ་ཡོངས་སུ་བརྡོལ་བ༔ རྒྱུད་ལུང་མན་ངག་གསུམ་ཞེས་བྱའོ༔ འདིའི་རྒྱུད་ཀྱི་ཆོས་ཐམས་ཅད་བཀའ་དྲང་པོར་ཉམས་སུ་བླངས་ན་མི་ཚེ་གཅིག་གིས་སངས་རྒྱས་པར་འགྱུར་རོ༔ ལུང་གི་ཆོས་བཀའ་དྲང་པོར་ཉམས་སུ་བླངས་ན༔ ཟླ་བ་དྲུག་གིས་སངས་རྒྱས་པར་འགྱུར་རོ༔ མན་ངག་གི་ཆོས་དྲང་པོར་ཉམས་སུ་བླངས་ན༔ ནང་རྟོགས་ན་ནང་སངས་རྒྱས༔ ནུབ་རྟོགས་ན་ནུབ་སངས་རྒྱས་སོ༔ གསང་སྔགས་ཀྱི་བཀའ་སྨོད་པའི་སེམས་ཅན་ནི༔ རྒྱུད་མ་ཧཱ་ཡོ་གའི་ཆོས་ལ་སྨོད་ན༔ བསྐལ་པ་གསུམ་ལྕེ་ལ་ཞིང་རྨོ་བའི་སེམས་ཅན་དམྱལ་བར་སྐྱེའོ༔ ལུང་ཨ་ནུ་ཡོ་གའི་ཆོས་ལ་སྨོད་ན༔ བསྐལ་པ་ཆེན་པོ་བདུན་ཁོག་པ་ཁྲོ་ཆུ་ཁོལ་མས་བསྲེགས་པའི་དམྱལ་བར་སྐྱེའོ༔ མན་ངག་རྫོགས་པ་ཆེན་པོའི་ཆོས་ལ་སྨོད་ན༔ ཚ་བའི་དམྱལ་བར་སྐྱེ༔ བསྐལ་པ་བཅུ་དྲུག་ཏུ་ལས་མྱོང་བས༔ དེ་འཁོར་བ་ཁ་བརྒྱུད་པ་ལས༔ འབྲས་བུ་ཐར་པ་ཐོབ་པའི་སྐལ་པ་གཏན་ནས་བརླག་ནས་མེད་དོ༔ ཞེས་གསུངས་སོ༔ ཡང་ཞུས་བ༔ ཀྱཻ༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ གསང་སྔགས་ཀྱི་བསྟན་པ་བར་མ་དེ༔ བོད་ཁ་བ་ཅན་གྱི་ཡུལ་དུ་བཀའ་དྲང་པོར་ལོ་དུ་ཙམ་གནས༔ དེ་ནས་གང་ཟག་ཅི་ལྟ་བུས་བསླད་པར་འགྱུར༔ གསང་སྔགས་དེའི་མཚན་ཇི་ལྟར་གྲགས༔ དེའི་ཡོན་ཏན་ཅི་ལྟ་བུ་མཆིས༔ སྨོད་པའི་སེམས་ཅན་དེ་མཐར་ཇི་ལྟར་འགྱུར་བ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཉོན་ཅིག༔ གསང་སྔགས་ཀྱི་བསྟན་པ་བར་མ་དེ༔ བོད་ཁ་བ་ཅན་གྱི་ཡུལ་དུ་བཀའ་དྲང་པོར་མི་ལོ་དྲུག་ཅུ་གནས་པར་འགྱུར་རོ༔ དེ་ནས་ཐེག་པ་འོག་མའི་སྒོར་ཞུགས་པའི་གང་ཟག༔ རྒྱལ་པོ་བེ་ཧར་སྙིང་ལ་ཞུགས་པའི་རིགས༔ བློ་རྩེ་རྣོལ་ཅོལ་ཆུང་བ་འགའ་ཞིག་གིས་གསང་སྔགས་སྨོད༔ ལྟ་བ་ལ་ཤན་མ་ཕྱེད༔ སྤྱོད་པ་ལ་བླང་དོར་མ་ཕྱེད༔ གོང་འོག་འཁྲུལ་པར་སྤྱོད་པས་གསང་སྔགས་ཀྱི་བཀའ་ལས་འདས་ཏེ་ཉམས་པར་འགྱུར་རོ༔ གསང་སྔགས་བསྟན་པ་བར་མ་དེ་ནི༔ རྡོ་རྗེ་འཆང་གིས་ལུང་བསྟན་པའི་གང་ཟག་རྒྱུད་སྡེ་བཞིའི་དགོངས་པ་ཞེས་བྱ་བ་འདི་ཉམས་སུ་བླང་བའི་འབྲས་བུ་ནི༔ བསྐྱེད་པ་ལྷ་བསྒོམས་པས་མི་ཚེ་གསུམ་ནས་སངས་རྒྱས༔ འབྲས་བུ་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཚེ་གཅིག་གིས་སངས་རྒྱས༔ གསང་སྔགས་ཀྱི་བསྟན་པ་དེ་ལ༔ བཀའ་ལ་བསླད་འཇུག་བ་དང་༔ སྨོད་པའི་སེམས་ཅན་རྣམས་ནི༔ བྱོལ་སོང་གི་གནས་སུ་བསྐལ་བ་གཅིག་སྐྱེ༔ དེ་ནས་ཚ་བའི་དམྱལ་བར་བསྐལ་པ་གཅིག་ཏུ་ལས་མྱོང་བར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཀྱཻ༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ གསང་སྔགས་བསྟན་པ་ཕྱི་མ་ལ་ཟབ་མོའི་གཏེར་དུ་སྦས་པ་འདི་རྣམས༔ བཀའ་དྲང་པོར་ཡུན་ཅི་ཙམ་གནས་པར་འགྱུར༔ མཐར་དེའི་བསྟན་པ་ཅི་ལྟ་བུས་བསྣུབ་པར་འགྱུར༔ ཇི་ལྟར་དུ་གྲགས་པ་ལགས༔ དེའི་ཡོན་ཏན་འབྲས་བུ་ཅི་ཙམ་ཞིག་ཐོབ་པ་ལགས༔ དེ་ལ་སྨོད་པའི་སེམས་ཅན་མཐར་ཅི་ལྟར་འགྱུར་བ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཉོན་ཅིག་བོད་ཀྱི་དད་པ་ཅན༔ རིན་ཆེན་ཟབ་མོའི་སྣོད་དུ་སྦས་པའི་ཆོས་འདི༔ སྤྱིར་བསྟན་པ་མི་ལོ་བརྒྱ་དང་བཅུ་འབྱུང་༔ དེ་ཡང་གཏེར་ཆེན་རེ་རེ་ལ་བསྟན་པ་ལོ་དྲུག་བརྒྱ་དང་དྲུག་ཅུ་འབྱུང་བ་ཡང་ཡོད༔ ཉིས་བརྒྱ་དང་རྩ་གཅིག་འབྱུང་བའང་ཡོད༔ བརྒྱ་དང་ཉི་ཤུ་འབྱུང་བའང་ཡོད༔ ངེས་པ་མེད་དོ༔ ཐུན་མོང་གི་གཏེར་ཕྲན་བུ་རྣམས་ལ་གདུལ་བྱ་ལོ་ལྔ་བཅུ་ཡོད་པ་ཡང་ཡོད༔ ཉེར་གཅིག་པ་དང་༔ བཅུ་གསུམ་པ་སྣ་ཚོགས་ཡོད་དོ༔ དེ་ཡང་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན༔ ཁྱད་པར་འཕགས་པའི་གཏེར་ལྔ་ཡོད༔ གཏེར་ཆེན་བརྒྱ་དང་རྩ་གཅིག་གནས་པ་ལས༔ གདུལ་བྱ་ལོ་ལྔ་བརྒྱ་བཅུ་གསུམ་ཡོད་པའང་ཡོད༔ དེ་རྣམས་ལ་ཉམས་སྨོད་པའི་བདུད་བགེགས་ནི༔ འགོང་པོ་སྤུན་དགུ༔ དམ་སྲི་སྤུན་དགུ༔ ཐེའུ་རང་སྤུན་དགུ་སྙིང་ལ་ཞུགས་པའི་བན་བཙུན་དམ་ཉམས་མང་པོས༔ གཏེར་གྱི་ཆོས་ཟབ་མོ་ལ་ཡ་གདང་སྐུར་པ་བཏབ་སྟེ༔ བཀའ་བྱིན་རླབས་མ་ཉམས་པར་སྤྱོད་པའི་གང་ཟག་རྣམས་ལ༔ རུ་ང་དང་ཕྲག་དོག་སྣ་ཚོགས་བྱེད༔ ཆོས་ལ་ང་བདག་གི་འགོང་པོ་ཞུགས་པས༔ གཏེར་ཆོས་སྤྱོད་པ་རྣམས་ཀྱང་ཡིད་གཉིས་སུ་འགྱུར་ཏེ༔ ཕ་རོལ་དང་རྩོད་པའི་ཕྱིར་སྣ་ཚོགས་མགོ་བསྡུས༔ ཉམས་སུ་མི་ལོན་པའི་ཤེས་བྱ་མཐའ་ཡས་སུ་སྤྱོད་པས༔ བྱིན་རླབས་དང་ནུས་པ་ཡལ་ཏེ༔ ཟབ་མོའི་བསྟན་པ་ཉམས་པར་འགྱུར་རོ༔ འདིའི་མཚན་ནི༔ གསང་སྔགས་བསྟན་པ་ཕྱི་མ་དེ་ནི་སྙིང་པོ་ཐུགས་ཀྱི་བསྟན་པ་ཞེས་བྱའོ༔ འདི་ཉམས་སུ་བླང་བའི་ཡོན་ཏན་ནི༔ སྨོན་ལམ་དང་ཐུགས་རྗེའི་ཁྱད་པར་གྱིས༔ བསྐྱེད་པའི་རིམ་པ་ལྷ་བསྒྲུབ་པ་རྣམས་ཀྱང་༔ གསང་སྔགས་ཀྱི་བསྟན་པ་གོང་མ་རྣམས་ལས་ཀྱང་བདུན་འགྱུར་གྱི་བྱིན་རླབས་མཐུ་རྩལ་ཆེའོ༔ འབྲས་བུ་རྫོགས་པ་ཆེན་པོའི་ཆོས་རྣམས་ནི༔ ཚེ་འདི་ལ་ངེས་པའི་དོན་མངོན་དུ་གྱུར་ཏེ༔ གང་ཟག་རབ་རྣམས་ཀྱིས་མན་ངག་མཐོང་བ་ཙམ་གྱིས་སངས་རྒྱ་བ་འབྱུང་ངོ་༔ འབྲས་བུ་གཏེར་གྱི་བསྟན་པ་རིན་པོ་ཆེ་ལ་སྨོད་པའི་བདུད་དང་འགོང་པོས་ཁ་བསྒྱུར་བས༔ འབོལ་འཆོལ་བདུད་ཀྱི་རིགས་རྣམས་ནི༔ ཚེ་འདི་ལས་འཕོས་མ་ཐག༔ ལྕགས་ཀྱི་ངོ་བོ་དཔག་ཚད་སྟོང་དང་ལྔ་བཅུ་ཡོད་པའི་འོག་ཏུ༔ བསྐལ་པ་ཆེན་པོ་དྲུག་ཅུ་བརྗེས་ནས༔ དེ་ནས་འཁོར་བའི་གཡང་ས་ཆེན་པོར་འདྲིལ་ཞིང་༔ བྱང་ཆུབ་ཀྱི་ས་བོན་རྩད་ནས་བསྐམ་པར་འགྱུར་རོ༔ ཞེས་སོགས་དང་། ཡང་དེ་འཕྲོས། ཀྱཻ༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ སངས་རྒྱས་ཀྱི་བསྟན་པ་དུས་དེར་རྫོགས་པ་ལགས་སམ༔ རྫུ་འཕྲུལ་གྱིས་གཏེར་རྣམས་འབྱུང་བའི་དུས་གང་ལགས༔ དེ་ནས་བོད་ཀྱི་སེམས་ཅན་མཐར་ཇི་ལྟར་འགྱུར་བ་ལགས༔ ཞེས་ཞུས་སོ༔ བཀའ་སྩལ་པ༔ ཉོན་ཅིག་བོད་ཀྱི་དད་པ་ཅན༔ གསང་སྔགས་ཀྱི་བསྟན་པ་དང་པོ་དེ༔ རྒྱ་གར་ཡུལ་དུ་བསྟན་པའི་སྙིང་པོ་ལ་འབྱུང་༔ བོད་ཀྱི་ཡུལ་དུ་བདེ་སྐྱིད་ལྡན་པའི་དུས་སུ་འབྱུང་༔ གསང་སྔགས་བར་བ་དེ༔ རྒྱ་གར་ཡུལ་དུ་བསྟན་པའི་མཐའ་ལ་འབྱུང་༔ བོད་ཀྱི་ཡུལ་དུ་ལྔ་བརྒྱ་ཕྲག་བཅུའི་བརྒྱད་པ་ལ་འབྱུང་༔ གསང་སྔགས་ཀྱི་བསྟན་པ་ཕྱི་མ་དེ༔ བོད་དུ་ལྔ་བརྒྱ་ཕྲག་དགུའི་རྐེད་པ་ལ་འབྱུང་༔ དེ་ནུབ་ཁ་རུ་ཤཱཀྱ་ཐུབ་པའི་བསྟན་པ་རྫོགས་སོ༔ རྒྱ་གར་མཐའ་དབུས་ཀྱི་དྷརྨ་ཐམས་ཅད་རིན་པོ་ཆེའི་སྦུབས་སུ་ཐིམ༔ དེ་དུས་བོད་ན་སྡེ་སྣོད་གསུམ་གྱི་ཆོས་རྟགས་ཙམ་འཛིན༔ གསང་སྔགས་ཀྱི་ཆོས་འཆོལ་པ་རུ་སྤྱོད༔ ངའི་ཕྲིན་ལས་ཀྱི་ལྷག་མ་ལོ་བརྒྱ་ཙམ་གཅིག་འོང་༔ དེ་ནས་རྫུ་འཕྲུལ་གྱི་གཏེར་རང་བརྡོལ་དུ་བྱུང་ནས༔ བོད་ཁོལ་བུར་ཕན་པར་འགྱུར་རོ༔ དམན་ཆད་ལས་ལ་སྤྱོད་པའི་སེམས་ཅན་ལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀྱི་ཡུལ་མ་རྙེད་ནས༔ མཐའ་ལ་ཐུག་པའི་སེམས་ཅན་སྡུག་བསྔལ་གྱི་མཚོ་ལ་སྤྱོད་དོ༔ ཞེས་གསུངས། འདིའི་གསང་སྔགས་བསྟན་པ་དང་པོ་དེ་རྙིང་མ་སྔ་དར། བར་བ་དེ་གསང་སྔགས་གསར་མ་ཕྱི་དང་། ཕྱི་མ་དེ་ཟབ་གཏེར་རིམ་པར་འབྱུང་བ་རྣམས་ཡིན་འདུག །རྫུ་འཕྲུལ་གྱི་གཏེར་ཡང་། རྫུ་འཕྲུལ་དྲག་པོའི་གཏེར་དགུ། མཚོན་ཆ། འཁྲུལ་འཁོར། རེག་དུག །རྩི་དུག །སྤུ་གྲི། ནང་འཁྲུག་སྦྱོར་བ། ཡུལ་ཁམས་བསྲེག་པ། ཐན་ངན་འགྱེད་པ། མཐའ་ལ་བསྐྲད་པ་རྣམས་ཀྱི་གཏེར་ཁ་ཡོད་པ་རང་བརྡོལ་ནས༔ བདུད་ཀྱི་དཔུང་བཟློག་ཅིང་ཅུང་ཟད་ཕན་པར་བཤད༔ ཡང་དེའི་སྤྲོས་མེད་གསང་བའི་དབང་ལས། རྩ་གསུམ་འཁོར་ལོ་ལྔ་གསལ་གདབ་པ་ནི༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ ཁྱོད་ཀྱི་ལུས་ཀྱི་དབུས་ཁོག་པའི་ནང་ན་ཡར་འཁོར་བ་དང་༔ མྱ་ངན་ལས་འདས་པའི་རྩ་མང་པོ་ཡོད་དེ༔ དེ་རྣམས་ཀྱི་དབུས་ན་མི་འགྱུར་བ་རྡོ་རྗེའི་རྩ་ཞེས་བྱ་བ༔ རྩ་བ་ལྟེ་བའི་འོག་ཏུ་ཟུག་པ༔ རྩེ་མོ་སྤྱི་གཙུག་ཚངས་པའི་བུ་ག་ལ་ཟུག་པ༔ འཁོར་ལོ་ལྔའི་དབུས་ན་ཡར་སྲོག་ཤིང་གི་ཚུལ་དུ་ཡོད་པ༔ དབྱིབས་གྲོ་སོག་གི་སྦུ་གུ་ཙམ་ཡོད་པ༔ ཁ་དོག་ཟ་འོག་གི་སྐུད་པ་ལྟར་ལྔ་སྒྲིལ་དུ་ཡོད་པ༔ སྲོག་ཆགས་ནས་མ་ཤིའི་བར་དུ་གནས༔ དབུགས་ཆད་པ་དང་ཡལ་འགྲོ་སྟེ་རོ་ལ་མི་མངོན་ནོ༔ དེ་ལ་མིང་ནི་རྡོ་རྗེའི་རྩ་ཞེས་བྱ༔ རྩ་དབུ་མ་ཞེས་བྱ༔ ཞེས་གསུངས། ཡང་དེའི་རིག་པ་རྩལ་དབང་གི་འགྲེལ་པ་ལས། ཡང་ཞུས་པ། ཀྱཻ༔ སློབ་དཔོན་ཆེན་པོ་ལགས༔ སེམས་དང་རིག་པ་དེ་ལྟ་བུའི་ཁྱད་པར་ཆེ་བ་ལ༔ བློ་དམན་པའི་གང་ཟག་གིས་ཉམས་སུ་བླང་ཚུལ་ཅི་ལྟར་བགྱི༔ ཞེས་ཞུས་སོ༔ བཀའ་སྩལ་པ༔ རྒྱལ་པོ་དང་མཚོ་རྒྱལ་གསོན་ཅིག༔ ལམ་ལ་འཇུག་པའི་རྣལ་འབྱོར་པས་ཉམས་སུ་བླང་བའི་དུས་ན་ལུས་གནད་དྲང་པོར་བཅའ༔ མིག་བར་སྣང་ལ་ཧུར་ཐག་བཅད་དེ་བཞག༔ རླུང་དལ་བུར་བྱས་པས་བཅའ་བ་ལུས་ཀྱི་གནད་ཚང་པའོ༔ བཞག་ཐབས་སེམས་ཀྱི་གནད༔ འདས་པ་སྔར་ཞེན་གྱི་བག་ཆགས་རྗེས་མི་འབྲང་༔ མ་འོངས་པ་ཉོན་མོངས་པའི་སྔོན་མི་བསུ༔ བྱིང་བ་དང་༔ རྨུགས་པ་དང་༔ ཡེང་བ༔ ལྟེང་བ༔ གཡོ་བ༔ འཕྲོ་བ༔ བསམ་གཏན་གྱི་སྐྱོན་ཀུན་སྤངས་ཏེ༔ སལ་ལེ༔ སིང་ངེ་༔ ཧྲིག་གེ༔ ཧུར་རེ༔ རྗེན་ནེ་བཞག་པས༔ རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཡིན་ཏེ༔ དེའི་ངང་ལ་གནས་པ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདུད་ཀྱི་དམག་བྱེ་བ་དུང་ཕྱུར་གྱི་མཚོན་ཆའི་ཆར་ཕབ་ཀྱང་༔ ཏིང་ངེ་འཛིན་དེའི་ངང་ལ་གནས་པས་བདུད་ཐུལ་བ་ཡིན་ནོ༔ དེ་བཞིན་དུ་ཏིང་ངེ་འཛིན་དེ་ལས་མ་ཡེངས་ན༔ ལམ་གྱི་རྣལ་འབྱོར་པ་ལ་དགྲ་བགེགས་ཀྱིས་ཚུགས་པར་མི་འགྱུར་རོ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་དེ་ལ་འགྱུར་བ་མེད་པས༔ འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པ་ཡིན་ནོ༔ དེ་བཞིན་དུ་རྣལ་འབྱོར་པ་ལ་ཚེ་བསྲིང་བའི་ཉམས་ལེན་ཀྱང་དེ་ཀ་ཡིན༔ རྒས་པ་དང་༔ རྒུད་པ་མི་འོང་༔ རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ལ་འགྱུར་བ་མེད་པས༔ འདོད་ཡོན་ཐམས་ཅད་དབང་དུ་འདུ་བ་ཡིན༔ དེ་བཞིན་དུ་ལམ་གྱི་རྣལ་འབྱོར་པ་ལ་དངོས་གྲུབ་ཀྱི་ཆར་ཀྱང་དེའི་དུས་ལ་འབབ་པོ༔ ནད་ཐམས་ཅད་དེས་སེལ༔ དེའི་ཕྱིར་ཉམས་ལེན་དེ་ལ་འབད་རྩོལ་སྐྱེད་ཅིག༔ སངས་རྒྱས་ཀྱི་དགོངས་པ་དེའི་ངང་ལ་གཡོ་བ་མེད་པས༔ སྐྱེ་མེད་ཆོས་སྐུའི་དགོངས་པ་ཟེར་བ་ཡིན༔ སེམས་ཅན་གྱི་རྟོག་པ་དུམ་བུར་ཡོད་པས་སྡུག་བསྔལ་སྣ་ཚོགས་འབྱུང་བ་ཡིན༔ ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པས་འཇིག་རྟེན་གྱི་ཆགས་སྡང་སྣ་ཚོགས་འཆར་བ་ལ༔ སེམས་ཀྱི་འཁྲུལ་པ་བུན་ལངས་འཕྲོ༔ དེ་ལ་དྲན་པས་ཙིར་བཟུང་༔ རིག་པ་སོ་ལ་ཡེར་ཞོག༔ ཡང་གཟུང་འཛིན་གྱི་སྣང་བ་འཁྲུགས་རུམ་འོང་༔ དྲན་པའི་ལྕགས་ཀྱུས་ཙིར་ཟུང་༔ ནང་གི་ཤེས་པ་གློད་པས་རིག་པ་གསལ་ཧྲིག་འོང་༔ དེའི་ངང་ལ་ཡུན་རིང་གོམས་པས་ཏིང་ངེ་འཛིན་ཇེ་བརྟན་ལ་འགྲོ༔ ལས་དང་པོའི་དུས་ན་སེམས་རྟོག་བཅས་ཀྱི་འཚུབ་མ་འཚུབས་ནས༔ རིག་པ་སྤྲིན་གྱི་ཉི་མ་ལྟ་བུ་ལས་མི་འཆར་ཏེ༔ ཉོན་མོངས་པ་དུག་གསུམ་ལས་དུག་ལྔར་གྱུར༔ དེ་ལས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་འཕེལ་ཏེ༔ དེའི་ལས་ཀྱི་སྣང་བ་གློ་བུར་གྱི་རྟོག་པས་མཚམས་སྦྱར་ནས་བརྒྱ་སྐྱེ་བརྒྱ་འགག༔ རྟོག་པ་གཅིག་སངས་པ་དང་གཅིག་སྐྱེ༔ དེ་ལྟ་བུའི་གསེབ་ན་རང་བྱུང་གི་རིག་པ་ངོས་འཛིན་པ་ལ་ཉམ་ཆུང་རྟ་རྒོད་འདུལ་བ་བཞིན་དུ་ཤིན་ཏུ་གྲིམ་པར་བྱ་དགོས་ཏེ༔ ཉོན་མོངས་པ་དུག་ལྔ་ལས་གྱུར་པ་ཆགས་སྡང་གཟུང་འཛིན་གྱི་བྱིངས་འཐིབ༔ ཡེང་བ་ལ་སོགས་ཟི་ཧྲང་བྱུང་མ་ཐག༔ སེམས་འཁྲུལ་པའི་སྣང་བ་ཡིན་བསམ་པ་དང་༔ དྲན་པས་ཙིར་བཟུང་༔ ལུས་གནད་བཅའ༔ སྟེང་འོག་གི་རླུང་ཁ་སྦྱོར༔ ཤེས་པ་ལྷོད་གློད་པས་རིག་པ་གསལ་སྟོང་དེའི་ངང་ལ་ཡུན་ཇེ་རིང་སྦྱང་ངོ་༔ དེའང་སྐད་ཅིག་མ་དང་པོ་ལ་འཁྲུལ་རྟོག་སྐྱེས་ནས༔ རབ་ཀྱི་སྐད་ཅིག་མ་གཉིས་པ༔ འབྲིང་གིས་གསུམ་པ༔ ཐ་མས་སྐད་ཅིག་མ་བཞི་ལ་དྲན་པས་ཟིན་དགོས༔ དེ་མ་ཟིན་ན་འཁྲུལ་སྣང་ལ་འབྱམ་འགྲོ༔ རྟོག་པ་སྐྱེ་བ་དེ་རང་གྲོལ་དུ་སོང་བ་དང་༔ རིག་པའི་ངོ་བོ་མཐོང་བ་དུས་མཉམ་ལ་འབྱུང་ངོ་༔ གཞན་ཡང་དབང་རབ་གནས༔ གནས་སྤོར་སྲུང་འཁོར་དགེ་བའི་བྱ་བ་ཅི་བྱེད་ཐམས་ཅད་ལ་ཡང་༔ རང་ཡེ་ཤེས་ལྷ་རུ་བསྐྱེད་པའི་དུས་ན༔ ལྷ་རུ་ལམ་གསལ་བ་དེ་ཀ༔ རིག་པ་རང་གསལ་གྱི་ངོ་བོ་ལ་གནས་པ་ཡིན་པས༔ བྱིན་རླབས་དང་ནུས་པ་དཔག་ཏུ་མེད་པ་འབྱུང་ངོ་༔ ཉིན་པར་དྲན་འཛིན་གྲིམ་དུ་བྱས་པས༔ ནུབ་མོ་རྨི་ལམ་དུའང་རིག་པ་གསལ་ཐེབས་པ་འབྱུང་༔ དེས་འཁྲུལ་པ་ཀ་ནས་དག་འགྲོ༔ རབ་བར་དོའི་སེམས་ཅན་གྱི་དོན་བྱེད་ན༔ རིག་པ་ཧུར་རེ་ཧྲིག་གེ་བ་དེའི་ངང་ལས་རྣམ་ཤེས་བཀུག་པས་གཤེད་དང་ཕྲལ་ནས་ངོ་སྤྲོད་པ་གང་བྱས་ཀྱང་འཁྲུལ་སྣང་ལས་བཟློག་ནུས་སོ༔ རང་སྲིད་པའི་བར་དོར་འཁྱམས་སྲིད་ན་བར་དོའི་སྣང་བ་དེ་ལས་ཀྱི་རླུང་སྟོབས་ཆེ་བས་བསྡད་པའི་དབང་མེད་པར་ཆོ་ལོང་ལོང་འགྲོ་སྟེ༔ དེའི་དུས་སུ་རླུང་བཟུང་དྲན་པས་གསལ་གདབ༔ རིག་པ་སལ་ལེ་ཧྲིག་གེ༔ ཧུར་རེ༔ རྗེན་ནེ༔ འདི་ལ་སྐད་ཅིག་མ་གསུམ་ལ་གནས་ནུས་ན༔ དེའི་རྗེས་སུ་འདུན་པ་བཏང་པས་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམ་པར་དག་པ་སྐད་ཅིག་མ་ཐང་གཅིག་ཏུ་ཡུད་ཙམ་ལ་སྐྱེ་བར་འགྱུར་རོ༔ དེ་བཞིན་དུ་བྱོལ་སོང་དང་༔ ཡི་དྭགས༔ དམྱལ་བའི་གནས་སུ་སོང་ན་ཡང་༔ རིག་པ་སྐད་ཅིག་མ་གཉིས་དང་གསུམ་དང་༔ བཅུ་གསུམ་དང་༔ ཉེར་གཅིག་དང་༔ བརྒྱའི་བར་དུ་རིག་པ་རང་སོ་ཟིན་ན་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར་འགྱུར་རོ༔ རིག་པ་ལ་ཡོན་ཏན་དཔག་ཏུ་མེད་པའི་ཕྱིར་རོ༔ ཡང་རང་བཞིན་དུ་རིག་པ་གསལ་ཐེབས་པའི་དུས་ཡོད་དེ༔ སྐྱེས་བུ་རིམས་ནད་ཀྱིས་ཡུན་རིང་འབྱོངས་པའི་དུས་དང་༔ ཐང་ཆད་པ་ལ་ངལ་བསོ་བའི་དུས་དང་༔ ཕུང་པོ་འཇིག་པའི་དུས་དང་༔ རྒྱུའི་ཐིག་ལེ་དཀར་དམར་འཕྲད་པའི་དུས་འཆར་བས་ངོ་ཤེས་པར་གྱིས་ཤིག༔ གྲོགས་ཀྱི་རིགས་པ་གསལ་ཐེབས་པའང་ཡོད་དེ༔ གནས་དང་ཁང་ཁྱིམ་བཟང་པོ་དང་༔ ནོར་བུ་རིན་པོ་ཆེ་དང་༔ ཟ་འོག་ཟིམ་གྱི་གོས་དང་༔ གདུང་ཤཱ་རཱི་རཾ་བཅང་ན༔ རིག་པ་གསལ་ཐེབས་པའི་གྲོགས་བྱེད༔ དེ་ལ་ངོ་ཤེས་པས་ཡུན་ཇེ་རིང་ཇེ་བརྟན་ལ་འགྲོ༔ སྐད་ཅིག་མ་ཉེར་གཅིག་དེ་ལ་གནས་ན་འཆི་བ་བསླུ་ནུས༔ ཆུ་ཚོད་གསུམ་གྱི་ཡུན་གནས་ན༔ བར་དོ་དང་པོ་ལ་སངས་རྒྱས་ནུས༔ གྲོ་སྐད་ཅིག་གནས་ནུས་ན༔ ནམ་མཁའི་ཐོག་གིས་མི་ཚུགས་སོ༔ མཐར་འཁྲུལ་པའི་རྒྱུན་ཆད་ནས༔ རིག་པ་རང་བྱུང་གི་ཏིང་ངེ་འཛིན་ལ་རྒྱུན་དུ་གནས་ཏེ༔ རྡོ་རྗེ་འཆང་གི་སྲས་སུ་འགྱུར་རོ༔ ཞེས་གསུངས༔ འདིའི་སེམས་རིག་གཉིས་སོ་སོར་ཕྱེ་ནས་སེམས་རྣམ་རྟོག་དག་པའི་ངོ་བོ་རིག་པ་ཐོད་རྒལ་དང་ཀ་དག་གཉིས་ལས་བློ་དམན་ཀ་དག་ཉམས་སུ་ལེན་པའི་ཐབས་ཡིན་འདུག་ཀྱང་། དེའི་ཆོས་སྡེ་རྩ་བའི་དམ་ཚིག་རྣམ་བཤད་ལས། ལྷའི་བསྐྱེད་རིམ་གསལ་བ་རབ་སྙིང་པོ་རྒྱུན་ཆད་མེད་པ༔ འབྲིང་སྟོང་ཕྲག་རེ༔ ཐ་མ་བརྒྱ་རྩ་ཉེར་གཅིག༔ བདུན་བདུན་ཞག་ལ་མི་ཆགས་པར་བཟླ༔ ཞེས་དང་། དུས་ཐ་མ་ལ་སེམས་ཅན་ཤ་ཁྲག་ལ་གཅན་གཟན་ལྟ་བུར་རྔམ༔ སྲོག་སྲིན་པོ་ལྟ་བུར་འཕྲོག༔ ཆོས་བྱེད་མིང་བཏགས་པ་རྣམས་ཀྱང་༔ ཤ་ཁྲག་དཔག་མེད་ཟ་པའི་དུས་འོང་༔ གསང་སྔགས་པ་རྣམས་ཀྱང་གསང་སྔགས་ཀྱི་དམ་རྫས་ཤ་མེད་པར་མི་འོང་ཟེར༔ ཐ་སྙད་བཏགས་ཏེ་ཤ་ཁྲག་དམར་པོ་བསྐྱིལ་ནས་སྲིན་པོའི་ཆ་བྱད། ཤ་ཁྲག་དམར་ལ་བག་མེད་དུ་སྤྱོད་ནས༔ མཐར་ལས་ཀྱི་ཤ་ཟ་ནག་པོར་སྐྱེ་བར་འགྱུར་རོ༔ དེའི་དུས་སུ་གསང་སྔགས་སྤྱོད་པའི་རྣལ་འབྱོར་པ་ལམ་ལ་གནས་པ་རྣམས་འདི་ལྟ་བུར་གྱིས་ཤིག༔ གསང་སྔགས་དམ་ཚིག་རྫས་ཤ་ལྔ་དང་བདུད་རྩི་ལྔ་ནི་སྒྲུབ་ཆེན་གྱི་སྨན་ལ་འདུས༔ ནང་རང་གི་ལུས་ལ་ཚང་བའོ༔ བསད་པ་དང་མི་གཙང་བའི་ལག་ནས་བྱུང་བ་ནི་ཉམས་པ་ཡིན་པས༔ རྫས་སུ་མི་རུང་སྟེ༔ སོ་སོ་སྐྱེ་བོས་མཐོང་བའམ་ཚོར་བའི་གནས་སུ་ཤ་ཁྲག་གིས་མ་མོ་མཁའ་འགྲོ་མཆོད་ན༔ ཡ་ག་ངན་པ་ཕོག་ནས་གསང་བའི་དམ་ཚིག་ཉམས་པར་འགྱུར་རོ༔ དེའི་ཕྱིར་ཤ་ཁྲག་དྲི་ཚོར་ཙམ་གྱིས་བྱིན་གྱིས་བརླབས་ཏེ་སྤྱད་དུ་རུང་༔ མངོན་པར་ཚོལ་བའི་ཤ་ཁྲག་མ་བསྟེན་ཅིག༔ ཟང་ཐལ་ཆོས་སྡེ་རྩ་གསུམ་རིན་པོ་ཆེའི་སྒྲོན་མ་ལས། གླིང་བཞི་མིའི་ཡུལ་ཡན་ཆད་རང་ལ་བདེ་བ་བྱ་བའི་རྒྱུ་ཡོད་དེ༔ ཉོན་མོངས་པ་ལྔ་འཇོལ་ཉོག་ཏུ་སྤྱོད་ནས་དམར་འགྲོ་བའི་རིགས་མང་ངོ་༔ བདེ་འགྲོའི་གནས་སུ་སངས་རྒྱ་བར་འདོད་ན༔ ངས་བསྟན་པའི་སྒོ་འདིར་མ་ཞུགས་ན༔ ས་བོན་མེད་པ་བཞིན་དུ་བདེ་བའི་རྒྱུ་མེད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ སེམས་ཅན་ཐམས་ཅད་ལ་རང་གི་ལུས་ལ་རིགས་དྲུག་གི་ས་བོན་དྲུག༔ ལས་ཀྱི་རླུང་དྲུག་རང་ཆས་སུ་ཡོད་དེ༔ དེའི་ནང་ནས་ཤིན་ཏུ་འཇིགས་པའི་ས་བོན་དུཿནག་པོ་དང་༔ ལས་ཀྱི་རླུང་ནག་པོ་ཐོད་རྒལ་ཞེས་བྱ་བ་གཅིག་མིའི་རྐང་མཐིལ་ན་ཡོད་པས་དེ་ནི་མཐོ་རུ་མི་རུང་སྟེ༔ སུམ་མདོར་སླེབས་ན་དུད་འགྲོར་ངེས་པར་སྐྱེ༔ ལྟེ་བར་སླེབས་ན་ཡི་དྭགས་སུ་སྐྱེ༔ སྙིང་གར་སླེབས་ན་གྲང་བའི་དམྱལ་བར་སྐྱེ༔ མགྲིན་པར་སླེབས་ན་ཚ་བའི་དམྱལ་བར་སྐྱེ༔ སྤྱི་བོར་སླེབས་ན་མནར་མེད་པའི་དམྱལ་བ་ཆེན་པོར་སྐྱེའོ༔ གནས་པ་ཡང་དེ་ལྟར་དུ་ཡོད་དེ༔ མིའི་ལུས་དེའི་རྐང་མཐིལ་ན་ཡོད་པས་བདེ་བ་འགྲུབ་པའི་སྐབས་ཡོད་པའོ༔ ཞེས་སོགས་གསུངས། སྲོག་གཅོད་སོགས་མི་དགེ་བ་སྤྱོད་ན་རླུང་དང་དུཿཡིག་སྟོབས་རྒྱས་ཤིང་། དགེ་བའི་ལས་ཀྱིས་རིམ་པར་མནན་པ་དང་། སྡོམ་པ་སོགས་ཚུལ་ལྡན་བསྲུངས་ན་ལྡང་མི་ནུས་པར་བཤད། འདི་སངས་རྒྱས་ཐུབ་པ་ཆེན་པོས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་གསུང་བ་ཡིན་པར་གསུངས། ཡང་དེའི་ཆོས་སྡེ་ཚོགས་ཀྱི་མཆོད་པ་བསྟན་པ་ལས། ཚོགས་ཀྱི་འཁོར་ལོ་བྱ་བ་དང་༔ ཚོགས་མཆོད་བྱ་བ་གཉིས་ལས༔ དང་པོ་ཚོགས་ཀྱི་འཁོར་ལོ་ལ༔ རོ་དྲུག་ཚང་བའི་ཟས་བརྒྱད་དང་ཡོ་བྱད་ཕུན་སུམ་ཚོགས་པ་བཤམ༔ དེ་ཡང་མཆོག་ཏུ་གཅེས་པ་ཤ་ཆང་གཉིས་ཡིན་ཏེ༔ ཤ་ནི་ནད་ཡུན་རིང་གི་ཤ་མ་ཡིན་པ་དང་༔ མི་འམ་གཅན་གཟན་གྱིས་བསད་པའི་ཤ་མ་ཡིན་པ་དང་༔ གྲི་ཐབས་རྨད་གུ་རྨེ་དང་བཅས་པ་བླང་བར་མི་བྱའོ༔ རུང་ཅན་ཚེ་ཟད་པ་ཁོ་ན་བསྔགས་སོ༔ དེ་ཡང་དབང་པོ་ཚང་དགོས་སོ༔ གྲིར་ཤི་བའི་ཤ་ཁྲག་ནི་གནོད་སྦྱིན་མཆོད་པའི་རྫས་ཡིན་པས་དམ་རྫས་སུ་མི་རུང་ངོ་༔ རྨིག་ཟླུམ་དང་༔ མཛེ་ཅན༔ རྨེ་ཤ༔ ནད་ངན་པས་ཤི་བ༔ རྒྱུ་ངན་དངོས་པོ་རུལ་པ་ནི་མཁའ་འགྲོ་མི་མཉེས་པས་དམ་རྫས་སུ་མི་རུང་ངོ་༔ ཆང་ནི་བཟང་ཞིང་མང་པོ་མཆོག་ཏུ་བསྔགས་ཏེ༔ རྣལ་འབྱོར་པས་བྲེ་ལ་མི་གཞལ་ནན་གྱིས་མི་བཏང་༔ ཅ་ཅོ་དང་གཡེང་བ་འདྲེས་པའི་དུས་སུ་མི་བཏང་༔ བྱིན་གྱིས་མ་བརླབ་པར་ལོངས་མི་སྤྱད༔ ཅེས་གསུངས། ཡང་དེའི་མཁའ་འགྲོའི་མངོན་རྟོགས་ཡིད་བཞིན་ནོར་བུ་ལས། རང་ལུས་རྡོ་རྗེ་ཕག་མོ་བསྒོམ་པ་ཡང་༔ ཕྱི་ལྟར་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ༔ ནང་ལྟར་ན་རྡོ་རྗེ་ཕག་མོ་ཡིན༔ གསང་བ་ལྟར་ན་ཨེ་ཀ་ཛཱ་ཊི་ཡིན་ནོ༔ ཞེས་དང་། དེའི་མཁའ་འགྲོའི་ལས་རིམ་གསང་བའི་མན་ངག་ལས༔ སྐྱ་རེངས་དང་པོ་ཤར་ནས་གདང་ཆེན་བར༔ བདག་གི་ཚེ་དང་དབང་ཐང་རྒྱས་པའི་དུས༔ མགོན་པོ་ཚེ་དཔག་མེད་པའི་སྒྲུབ་པ་བྱ༔ དེ་ཡི་ཕྲིན་ལས་ཏིང་འཛིན་བསྙེན་པ་བཟླས༔ སྐྱེ་འཆི་མེད་པའི་ཚེ་ཡི་དོན་ལ་ལྟོས༔ གསལ་བྱེད་ནམ་ལངས་ཉི་མ་དྲོས་ཀྱི་བར༔ བདག་གི་རྐྱེན་དང་བར་ཆད་ཞི་བའི་དུས༔ སྒྲིབ་སྦྱང་མན་ངག་གཅེས་པས་ཉམས་སུ་བླང་༔ དེ་ཡི་ཆོ་ག་ཏིང་འཛིན་བསྙེན་པ་བཟླ༔ ཡུལ་གསུམ་དབྱེར་མེད་བཤགས་པའི་དོན་ལ་ལྟོས༔ ཉིན་ཕྱེད་ཡོལ་ནས་དམར་ཐག་བྱུང་གི་བར༔ བདག་གི་སྣང་བ་དབང་དུ་འདུ་བའི་དུས༔ ཡིད་བཞིན་ནོར་བུ་བླ་མའི་སྒྲུབ་པ་བྱ༔ དེ་ཡི་གསོལ་འདེབས་མཆོད་འབུལ་སྙིང་པོ་བཟླ༔ རང་རིག་རང་གསལ་བླ་མའི་དོན་ལ་ལྟོས༔ ས་ནག་དགོང་ལ་གཟའ་སྐར་ཚོགས་ཀྱི་བར༔ བདག་གི་དགྲ་བགེགས་བར་ཆད་འདུལ་བའི་དུས༔ དམ་ཅན་བཀའ་སྲུང་རྣམས་ཀྱི་སྒྲུབ་པ་བྱ༔ དེ་ཡི་ཕྲིན་ལས་ཏིང་འཛིན་སྲོག་སྙིང་བཟླ༔ བདག་གཞན་མེད་པ་དྲག་པོའི་དོན་ལ་ལྟོས༔ ཞེས་སོགས་དང་། ཕྲིན་ལས་གཏོར་མ་བསྙེན་པ་གང་བྱེད་ཀྱང་༔ མ་ཡེངས་དེ་ཡི་ཏིང་འཛིན་བརྟན་པར་གྱིས༔ གསང་སྔགས་བོན་གྱེར་མི་བྱ་ཚིག་དོན་བསྡེབ༔ ཏིང་འཛིན་མེད་པའི་བསྙེན་སྒྲུབ་ཁྱི་སྐད་འདྲ༔ ཞེས་གསུངས། དེའི་སྙན་བརྒྱུད་ཀྱི་གཏད་རྒྱ་བསྟན་པ་ལས། དེ་ནས་རིག་འཛིན་རྣམ་པ་གསུམ་གྱིས༔ བཀའ་སྲུང་དམ་ཚིག་གི་རྒྱ་གསུངས་པ༔ རྒྱལ་བ་དགོངས་པའི་བརྒྱུད་པ་ཡི༔ དམ་ཅན་ཁྲོས་མ་ནག་མོ་ཁྱོད༔ རྫོགས་པ་ཆེན་པོའི་སྲུང་མར་བསྐོས༔ རིག་འཛིན་རིག་པའི་བརྒྱུད་པ་ཡི༔ དུར་ཁྲོད་མ་མོ་རྣམ་པ་གསུམ༔ རྫོགས་པ་ཆེན་པོའི་སྲུང་མར་བསྐོས༔ གང་ཟག་སྙན་ཁུང་བརྒྱུད་པ་ལ༔ བོད་ཡུལ་བརྟན་མ་བཅུ་གཉིས་ཀྱིས༔ རྫོགས་པ་ཆེན་པོའི་བཀའ་སྲུང་གྱིས༔ དེ་ཕྱིར་བཀའ་སྲུང་སྡེ་གསུམ་པོ༔ གཏད་རྒྱ་ཐུབ་པའི་གང་ཟག་ལ༔ རྒྱལ་པོའི་བྲན་ལྟར་ལེགས་པར་ཉོན༔ དམ་མེད་ལུང་མེད་ཤོག་འཁྱམས་གྱིས༔ གསང་ཆེན་གསང་བ་སྒྲོག་པ་ལ༔ བཀྲ་མི་ཤིས་དང་ཚེ་ཐུང་གྱིས༔ ལོག་པའི་རྫོགས་ཆེན་སྤྱོད་པ་སྲུངས༔ བསྟན་པའི་མཐའ་ལ་རྫོགས་ཆེན་གྱི༔ ཡི་གེ་ཚིག་བཞི་ལེའུ་གཅིག༔ ཐ་ན་ཆོས་སྐུའི་དོན་མཚོན་པ༔ ཡི་གེ་འབྲུ་གཅིག་མ་ལུས་ལ༔ བཀའ་སྲུང་སྡེ་གསུམ་མ་མོས་སྲུངས༔ ལས་ཅན་ཕྱི་མས་གཏེར་དུ་སྦོས༔ བཀའ་དེ་ལེགས་པར་བསྲུང་གྱུར་ན༔ འོག་མིན་ཆོས་ཀྱི་དབྱིངས་སུ་བྱོན༔ ཞེས་གསུངས། དེའི་ཆོས་སྡེ་སྙིང་གི་དགོངས་པའི་རྒྱུད་ཀྱི་དོན་ཨོ་རྒྱན་ཆེན་པོས་ཞལ་གདམས་སུ་བཀོད་པ་པདྨའི་བཀའ་ཡིག་དང་པོ་ལས། འདི་ལ་དོན་གསུམ་སྟེ༔ གནས་ལུགས་སངས་རྒྱས་ཀྱི་དགོངས་པའི་བཞུགས་ཚུལ་བཅའ་བ་དང་གཅིག༔ བཞག་ཚུལ་གྱི་གང་ཟག་གི་ཉམས་ལེན་བསྟན་པ་དང་གཉིས༔ འཆར་ཚུལ་གྱི་གང་ཟག་གི་བོགས་དབྱུང་བ་བསྟན་པ་དང་གསུམ༔ དེའི་དང་པོ་གནས་ཚུལ་ནི༔ འདི་ནས་སྟེང་གི་ཕྱོགས་འོག་མིན་བརྡལ་བ་ཆེན་པོའི་ཕོ་བྲང་ན༔ ཆོས་སྐུའི་སངས་རྒྱས་རང་བྱུང་གི་གཞལ་ཡས་ཁང་༔ ཕྱི་ནང་མ་བསྒྲིབ་པར་གསལ་ལ༔ རིན་པོ་ཆེའི་སྒྲུབས་ན་ཡེ་ཤེས་ལྔའི་འོད་ལྔའི་སྐུ་ཞལ་ཕྱོགས་བཅུར་གཟིགས་ནས༔ གསུང་འགག་པ་མེད་པར་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པ༔ ཐུགས་གསལ་ལ་དྭངས་པ་འཕོ་འགྱུར་མེད་པར་བཞུགས་སོ༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དེ་ན་བཞུགས་སོ༔ སྔར་འདས་པའི་སངས་རྒྱས་རྣམས་ཀྱང་དེ་ན་བཞུགས་སོ༔ མ་འོངས་པའི་སངས་རྒྱས་རྣམས་ཀྱང་དེར་འབྱོན་པར་འགྱུར་རོ༔ དེ་ཤེས་པས་ཀྱང་སངས་རྒྱས་ཀྱི་ཕ་ཡུལ་ཤེས་པའོ༔ གཉིས་པ་བཞག་ཚུལ་གྱི་གང་ཟག་གི་ཉམས་ལེན་བསྟན་པ་ནི༔ དབྱིངས་དང་ཞིང་ཁམས་སྐུ་དང་ཡེ་ཤེས་ཡིད་ལ་བྱས་ན་འོད་གསལ་གྱི་ལྷར་གོལ༔ ཅི་ཡང་མ་བྱས་པར་སྟོང་བ་ཉིད་ལ་བློ་གཏད་ན་གཟུགས་མེད་པའི་ལྷར་གོལ༔ རྟོག་པ་མ་བཅོས་པའི་རིག་པ་ངར་དང་བཅས་ཏེ་ཞོག༔ ད་ལྟར་གྱི་ཤེས་པ་ལ་གདངས་མེད་པར་ཐིམ་བཞག་ན༔ བྱོལ་སོང་གི་གནས་སུ་གོལ་བས༔ གང་ཟག་སྐལ་བ་ཅན་སངས་རྒྱ་བར་འདོད་ན༔ ཤེས་པ་མ་བཅོས་པར་ལྷོད་ཞོག༔ རྟོག་པ་མ་བཅོས་པའི་རིག་པ་གསལ་བའི་ངར་དང་བཅས་ཏེ་བཞག་གོ༔ ཞེས་སོགས་གསུངས། དེའི་ཆོས་སྡེ་བི་མ་ལའི་སྙན་བརྒྱུད་རྫོགས་པ་ཆེན་པོའི་འགྲེལ་པ་ཡེ་ཤེས་རང་གསལ་ལས་གཞི་གནས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་སྐབས་ལས། དེ་ལྟར་བཞུགས་པའི་ཡེ་ཤེས་དེ༔ རང་གི་མཚན་ཉིད་ནི་ངོ་བོ་ཆོས་སྐུར་བཞུགས༔ རང་བཞིན་འོད་དུ་བཞུགས༔ ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་ཏེ༔ དེ་ལ་ངོ་བོ་སྐུར་གནས་ཀྱང་༔ སྐུ་གསུམ་གྱི་གཞི་ཙམ་ལས་ཞལ་ཕྱག་ཏུ་གྲུབ་པ་ནི་མེད་དོ༔ འདི་ཁ་ཅིག་གི་ཤེས་རབ་དང་འོད་ཀྱི་ཁ་མིག་རྣ་བ་ཅན་ལ་སོགས་བྱས་ནས་འདུག་སྟེ༔ མ་ཧཱ་ཡོ་གའི་གོལ་ས་སྤང་བར་མི་ནུས་སོ༔ གལ་ཏེ་ཁ་མིག་རྣ་བ་ཅན་ཡོད་ན་ནི་གཟུགས་ཅན་དུ་ཡོད་དམ༔ ཡིད་ཙམ་དུ་ཡོད༔ གཟུགས་ཅན་དུ་ཡོད་ན་འགྲོ་དྲུག་ཕལ་བ་དང་ཁྱད་མེད༔ ཡིད་ཙམ་དུ་ཡོད་ན༔ སྐྱེ་མཆེད་མུ་བཞི་དང་༔ ཡི་དྭགས་རྣམས་ཀྱང་ཁྱད་པར་མི་རྙེད་དོ༔ ཞེས་སོགས་རང་ཤར་གྱི་ལུང་དང་། ཡང་། རང་བཞིན་གྱི་ངོས་ནས་འོད་དུ་གནས་ཏེ༔ ཁ་དོག་དབྱིབས་ཅན་དུ་གྲུབ་པ་ནི་མེད་དེ༔ འདི་ལ་ཁ་ཅིག་གིས་འོད་ལྔའི་མཚན་ཉིད་ཁ་དོག་བཤད་པར་འདུག་སྟེ༔ འདི་རབ་ཏུ་མི་འཐད་དེ༔ ཆོས་སྐུ་དང་གཟུགས་སྐུ་གཉིས་ཁྱད་པར་མེད་པའི་སྐྱོན་སྤང་བར་མི་ནུས་སོ༔ ཞེས་དང་། ལུང་དྲངས། ཡང་། ཆོས་ཐམས་ཅད་ཀྱི་ནང་ན་སྟོང་པ་ཉིད་དོ་ཞེས་བྱ་བ་བཤད་པ་རྣམས་དང་འགལ་ལོ༔ ཐུགས་རྗེའི་ཆ་ནས་འཆར་བའི་གཞི་འགག་མེད་དུ་གནས་པས་ཀུན་ལ་ཁྱབ་པའི་ཡེ་ཤེས་སོ༔ འདི་ལ་ལ་ནས་ཡེ་ཤེས་རྒྱུན་ཆད་ཡིན་པར་བྱས་ནས་འདུག་སྟེ༔ ཡེ་ཤེས་ཀྱི་འཆར་གཞི་མེད་ན་སངས་རྒྱས་ཀྱི་མཁྱེན་པའི་ཆ་མེད་པས༔ ཡང་ན་ཕྱང་ཆད་པའམ༔ བེམ་པོ་ལ་སོགས་པའི་སྐྱོན་སྤང་བར་མི་ནུས་སོ༔ དེ་ལྟར་ཕར་ཕྱིན་ལས༔ ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད༔ རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར༔ ཞེས་གསུངས་སོ༔ ཞེས་སོགས་དང་། དེའི་ལུས་ལ་ཡེ་ཤེས་གནས་ཚུལ་སྐབས་ལས། སྐུ་ཡུངས་འབྲུ་སྤྱན་ཕུལ་ཐག་ཙམ་ཟེར་བ་ནི༔ རྒྱུ་དང་འབྲས་བུའི་ཁྱད་པར་ལ་དགོངས་པའོ༔ ཞེས་སོགས་གསུངས། ཡང་འདིའི་ཆོས་སྡེ་ཡང་དག་དོན་གྱི་སྙན་བརྒྱུད་འདའ་ཁ་འཆི་བྲོད་སྒྱུ་ལུས་བོར་ཆོག་ལས། གཞི་ལ་སངས་རྒྱས་ཀྱི་དགོངས་པ་ངོས་བཟུང་བ་དང་༔ དེ་གང་ཟག་གི་རྒྱུད་ལ་ཅི་ལྟར་བཞུགས་ཚུལ་བསྟན་པའོ༔ དང་པོ་སངས་རྒྱས་ཀྱི་དགོངས་པ་ངོས་བཟུང་བ་ནི༔ ཡང་དག་པར་རྫོགས་པའི་སངས་རྒྱས་རང་ཅི་ཙམ་ལ་ཟེར༔ སངས་རྒྱས་ཀྱི་ངོ་བོ་རང་གང་ཡིན་སྙམ་ན༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པ་སངས་རྒྱས་ཀྱི་ངོ་བོ་ཡིན་ཏེ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས༔ དེ་ཡང་སངས་རྒྱས་ཆོས་ཀྱི་སྐུ་རང་གང་ཡིན་སྙམ་ན༔ ལོག་ན་མེད༔ རང་རིག་པ་ཅིའི་ངོ་བོ་ཡང་མ་གྲུབ་པ་སྟོང་སང་ངེ་༔ ཟང་ཐལ་ལེ་གནས་པ་འདི་ཀ་ཆོས་ཀྱི་སྐུ་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ༔ རིག་པའི་རང་བཞིན་མ་འགག་པར་སལ་ལེ༔ ཧྲིག་གེ༔ སིང་ངེ་༔ ཡེ་རེ་གནས་པ་འདི་ཀ་རིག་པ་ཀུན་ཏུ་བཟང་པོ་ཡིན་ནོ༔ ཆོས་ཉིད་སྟོང་པ་དང་རིག་པ་གསལ་བ་གཉིས་དབྱེར་མི་ཕྱེད་པར་ཝལ་ལེ༔ ཁྱུག་གེ༔ བུན་ནེ༔ ལོང་ངེ་འདུག་པ་འདི་ཀ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ༔ དོན་གནས་ལུགས་སྟོང་གསལ་ཆེན་པོ༔ རིག་པའི་རང་གདངས་འོད་ལྔར་སྣང་༔ འོད་ཀྱི་གདངས་སྐུ་རུ་ཤར་ནས་རང་གི་སྙིང་ག་ཆོས་ཉིད་ཀྱི་འཁོར་ལོ་ན༔ སྐུ་ཚོམ་བུའི་དཀྱིལ་འཁོར་དང་བཅས་པ་རང་གསལ་གྱི་མདངས་དང་ལྡན་པ༔ གཏིང་གསལ་གྱི་བཀྲག་དང་ལྡན་པར་བཞུགས་ཏེ༔ ལོངས་སྤྱོད་རྫོགས་པའི་སྐུའོ༔ དེའི་གདངས་མ་འགག་པར་འོད་ལྔ༔ རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ལམ་ལ་ཞུགས་ཏེ༔ རིག་པའི་གསང་སྒོར་འཆར་བ་ནི༔ ཐུགས་རྗེ་སྤྲུལ་པའི་སྐུའོ༔ ཞེས་གསུངས། ། ༈ ཡང་དེའི་ཆོས་སྡེ་གང་གི་ཕག་མོ་ཟབ་རྒྱའི་དམ་བཅའ་ལས་ཀྱི་རིམ་པའི་འགྲེལ་བ་ཡང་ཟེར། རིན་ཆེན་ཁང་བུའི་འགྲེལ་པ་ལས། རྙོག་པ་མེད་པའི་རྒྱུད་ལས། མི་རྨུགས་པ་ཤེས་རབ་མེད་པ་ཁ་ཅིག་ནི༔ དགེ་བའི་ལས་མི་བྱེད་པར་གཉིད་གཅིག་པུར་རྨུགས་ཤིང་༔ གཞན་ལ་ཡང་གཏམ་མ་ཟེར༔ གཉིད་ལོག་ཅེས་ཟེར་བའི་རྨུགས་པ་དེ་ནི༔ མཐོ་རིས་ཐོབ་མི་སྲིད་པར་གླིང་བར་གྱི་མུན་པར་གནས་པར་འགྱུར་རོ༔ ཞེས་གསུངས་པས༔ ངལ་དུབ་དྲག་པོ་དང་༔ ཟས་གཉིད་ཀྱི་རྒྱུར་འགྲོ་པ་མི་ཟའོ༔ གཉིད་ཆུང་བར་འདོད་པ་ལ༔ སླེ་ཏྲེས་དང་༔ མེ་ཏོག་ལུག་རྨིག་པ་ཞིབ་པར་བཏགས་ཏེ༔ དཔུང་པ་ལ་བསྐུས་ན་གཉིད་མི་འོང་ངོ་༔ གཉིད་བཙན་ཐབས་སུ་སྤང་བར་འདོད་ན༔ རྟ་དཀར་པོའི་སྤྱི་གཙུག་གི་རུས་པ་དང་༔ སྤང་རྒྱན་དཀར་པོ་དང་༔ མར་དཀར་དང་གསུམ་བསྲེས་ལ་ཉལ་དུས་སྣ་བུག་གཡོན་བཀག༔ གཡས་ན་ཡར་རྫས་གསུམ་པོ་བསྲེགས་པའི་དུད་པས་བདུག་པས་གཉིད་མེད་པར་འགྱུར་རོ༔ ཡང་ཙནྡན་དཀར་པོ་བཟང་པོ་ཆུ་ལ་བདར་བས་མིག་ལ་བསྐུས་ན༔ མིག་གྲང་དྲགས་ནས་ཉིན་ཞག་མང་པོར་གཉིད་མི་འོང་ངོ་༔ ཡང་མེ་ཏོག་ལུག་རུ་བ་སེར་པོ་དང་༔ རྟ་དཀར་པོའི་སྤྱི་གཙུག་གི་རུས་པ་བརྡུངས་ཏེ་མར་དཀར་བསྲེས་པའི་དུད་པས་སྣ་བུག་གཡས་སུ་བདུག་ན་གཉིད་མི་འོང་༔ གཡོན་དུ་བདུག་ན་འོང་ངོ་༔ འོ་མ་དང་༔ ཚྭ་དང་༔ མར་དང་༔ ཏིལ་དང་༔ བུ་རམ་རྣམས་སྦྱར་ཏེ་འོ་མ་བཀོལ་བ་ལ་བཏབ་སྟེ་འཐུང་ན་གཉིད་མི་འོང་ངོ་༔ ཞེས་སོགས་གསུངས། ཞུས་སོ༔ ཡང་དེའི་སྙིགས་མ་དྭངས་མའི་མན་ངག་དྲུག་ལས༔ ཚེ་སྒྲུབ་བཅུད་ལེན་བྱེད་པའི་ཚེ༔ རླུང་དང་རིག་པའི་བཅུད་ལེན་འདི༔ ཡིད་ཀྱིས་འཛིན་ཕུར་བཏབ་ཕྱིར་བསྒོམ༔ ལུས་ངག་ཡིད་གསུམ་བཅུད་ལ་བོར༔ རྐེད་པ་ཐང་ཤིང་ལྟ་བུར་བསྲང་༔ རྐང་པ་རེའུ་མིག་ལྟ་བུར་བསྣོལ༔ མགྲིན་པ་ལྕགས་ཀྱུ་ལྟ་བུར་དགུག༔ རོ་སྟོད་སེང་གེ་ལྟ་བུར་གསེང་། ལག་པ་ཞགས་པ་ལྟ་བུར་བསམ༔ ལྕེ་རྩེ་ཡ་རྐན་མཐིལ་ལ་སྦྱར༔ སོ་གཉིས་མ་བསྡམ་མ་རེག་ཙམ༔ དེ་ནས་ལྟ་སྟངས་བཞི་ལ་གཏད༔ ཆོས་ཉིད་ཞི་བ་སྣ་རྩེར་གཏད༔ བྱང་ཆུབ་སེམས་དཔའ་ཐད་ཀར་བལྟ༔ བདུད་རྩི་འཁྱིལ་བའི་སྨིན་ཕྲག་ཏུ༔ བུདྡྷའི་གཙུག་ཏོར་ནམ་མཁའ་ལ༔ དེ་ལྟར་བཞི་ལ་མ་ཡེངས་གཏད༔ སྟེང་རླུང་མནན་ལ་འོག་རླུང་བསྡམ༔ མ་ཐུབ་དུས་སུ་སྣ་ནས་བཏང་༔ འཛིན་དང་བཏང་དང་དལ་བུས་བྱ༔ སེམས་ནི་གཏད་མེད་རང་སོར་བཞག༔ འཇིག་རྟེན་བྱ་བ་བཏང་ལ་བསྒོམ༔ ལྟོ་བ་གང་ན་རླུང་མི་བདེ༔ ངལ་དུབ་དྲག་ཤུལ་བྱས་པ་ན༔ རླུང་སྲོག་ནད་འཇུག་དེ་ཕྱིར་སྤང་༔ རླུང་འཇམ་མཁས་པའི་གོམས་སུ་གཞུག༔ ཡང་ནས་ཡང་དུ་གོམས་པ་དང་༔ གྲོ་སྐད་ཅིག་ཏུ་རླུང་ཐུབ་ན༔ ཚེ་རིང་གྲུབ་རྟགས་སྣ་རེ་ཐུབ༔ ཉིན་ཕྱེད་སྐད་ཅིག་རླུང་ཐུབ་ན༔ ཚེ་ལོ་བརྒྱ་ཐུབ་གྲུབ་རྟགས་ཐོན༔ ཉིན་གཅིག་ཐུབ་ན་མངོན་ཤེས་ཤར༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན༔ ཆུ་ལ་མི་བྱིང་མཁའ་ལ་འཕུར༔ ཉིན་ཞག་ཕྲུགས་གཅིག་རླུང་ཐུབ་ན༔ འཇིག་རྟེན་ཁམས་འདི་ཐམས་ཅད་ཀུན༔ རྫུ་འཕྲུལ་སྟོན་ཅིང་ལྟ་བར་ནུས༔ དབང་བཅུ་ངེས་པར་ཐོབ་པ་ཡིན༔ ལུས་འདི་ལྷག་མེད་སངས་རྒྱས་འགྱུར༔ རླུང་རིག་འབྱོངས་པའི་ཡོན་ཏན་ཡིན༔ ཞེས་རླུང་བསྒོམ་པའི་ཡོན་ཏན་གསུངས༔ ཡང་དེའི་བཻ་རོའི་སྙན་བརྒྱུད་བར་པ་ལས༔ ད་ཆོས་སྤྱིའི་ལུགས་ཀྱི་སེམས་ལ་དང་པོ་བྱུང་ས་མེད༔ བར་དུ་གནས་ས་མེད༔ ཐ་མ་འགྲོ་ས་མེད་པར་འདོད་དེ༔ རྫོགས་པ་ཆེན་པོ་ལས་དང་པོ་བྱུང་ས་མ་ཆོད་ན་འཁྲུལ་པའི་རྩད་མི་ཆོད༔ བར་དུ་གནས་ས་མེད་ན་ཡེ་ཤེས་ངོས་མི་ཟིན༔ ཐ་མ་འགྲོ་ས་མེད་པར་རྟོགས་ཀྱང་སངས་མི་རྒྱ་བས༔ དང་པོ་བྱུང་ས་ཡོད༔ བར་དུ་གནས་ས་ཡོད༔ ཐ་མ་འགྲོ་ས་ཡོད༔ དེ་ཡང་དང་པོ་འཁོར་འདས་གཉིས་རྒྱབ་མ་གྱེས་པའི་དུས་ན༔ འཁོར་འདས་བར་མདོ་བྱ་བ༔ སངས་རྒྱས་མེད་པ་རྟོགས་པ་མངོན་དུ་མ་གྱུར༔ སེམས་ཅན་མེད་པར་འཁྲུལ་སྣང་དངོས་འཛིན་མ་བྱུང་༔ རྡུལ་ཕྲ་རབ་དང་ཕྱིའི་འབྱུང་བ་ལྔ་ལ་མ་བརྟེན༔ འགྲོ་དྲུག་གི་སེམས་ཅན་སྒྲིབ་པོས་མ་བྱས་པས༔ འཁོར་འདས་གཉིས་ཀ་མ་གྲུབ་པའི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ༔ འདུས་མ་བྱས་ཞེས་བྱ་བ༔ རང་བྱུང་གཉུག་མ་ཞེས་བྱ་བ༔ ངོ་མ་ཤེས་ཀྱི་བར་དོ་ཆེན་པོ༔ འཁོར་འདས་གཉིས་ཀ་མ་ཡིན་ཞེས་བྱ་བ་གཅིག་འབྱུང་སྟེ༔ དེའི་ངོ་བོ་སྟོང་པ༔ རྒྱུ་ནི་རང་བྱུང་༔ དཔེ་ནི་ནམ་མཁའ་ལྟ་བུ་ལ་གདངས་ཅིར་ཡང་སྣང་བ་གཅིག་ཡིན་ཏེ༔ དུས་ནམ་བྱུང་ན་བསྐལ་པ་བགྲང་དུ་མེད༔ ཚད་གྲངས་མེད༔ དཔག་ཅིང་གཞལ་དུ་མེད་པའི་གོང་དུ་བྱུང་༔ ཡུན་ཅི་ཙམ་གནས་ན༔ བསྐལ་པ་གྲངས་ཚད་མེད༔ དཔག་ཏུ་མེད་པ་གཅིག་བྱུང་ངོ་༔ དེ་ནི་འཁོར་འདས་གཉིས་ཀའི་གཞི་ཡིན་ཏེ༔ བྱུང་ས་ཡིན་ནོ༔ ཞེས་སོགས། ཀུན་ཏུ་བཟང་པོའི་གྲོལ་ཚུལ་དང་འགྲོ་དྲུག་འཁྲུལ་ཚུལ་གསུངས༔ སེམས་གནས་པ་འགྲོ་དྲུག་གི་ལུས་ཀྱི་བློ་ངན་རླུང་དང་བསྡོངས་ནས་རྣམ་རྟོག་འཕྲོ༔ སེམས་འགྲོ་བ་རིགས་དྲུག་འཁོར་བར་འཁྱམས་པར་བཤད༔ བཻ་རོའི་སྙན་བརྒྱུད་ཕྱི་མ་ལས། ད་ཐག་མ་ཆོད་པ་ཆོད་པར་བྱེད་པ་དོན་གྱི་ངོ་སྤྲད་པ་ནི༔ ཙིཏྟ་རིན་པོ་ཆེའི་གཞལ་ཡས་ན་དྭངས་མ་ལྔ་འདུས་ཀྱི་བདག་ཉིད་སྲོག་མི་ཤིགས་པའི་ཐིག་ལེ༔ ཆོས་མཁྱེན་པ་མ་འགག༔ ཉ་ཆུ་ནང་མའི་མིག་གམ༔ མན་ཤེལ་དག་པ་ལྟ་བུ་ས་ལེར་གནས་སོ༔ དེ་ལྟར་སྣང་བ་གཟུགས་སུ་གྲུབ་པས་ཆད་པའི་མཐའ་དང་བྲལ༔ རེག་པ་རྫས་སུ་མ་གྲུབ་པས་རྟག་པའི་མཐའ་དང་བྲལ༔ དོན་རྟག་ཆད་ཀྱི་མཐའ་ལས་ཡེ་ནས་གྲོལ་བས༔ བྱས་པའི་ལྷུན་གྲུབ་མ་ཡིན༔ བྱུང་བའི་ལྷུན་གྲུབ་ནམ་མཁའ་ལྟར་སྟོང་པ་ཕྱལ་བར་ཡང་མ་སོང་༔ ས་རྡོ་སྟར་བེམ་པོར་ཡང་མ་སོང་༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དུ་ས་ལེར་གནས་སོ༔ མཁས་པ་ཤྲཱི་སིཾ་ཧའི་དགོངས་པ་ལས༔ ཆོས་སྐུ་སྙིང་ལ་གནས་པའི་དཔེ་དང་དོན་བསྟན་པའི་ལེའུ་སྟེ་དང་པོའོ༔ བཻ་རོ་ཙ་ན་ཉོན་ཅིག༔ གནས་པ་དེ་ལྟ་བུ་གནས་ཏེ༔ སྒོམ་པ་ནི་དེ་ལྟ་བུ་མི་བསྒོམ་མོ༔ དེ་ལྟར་བསྒོམ་ན་སྐྱོན་རྣམ་པ་གསུམ་འབྱུང་༔ རང་གི་ལུས་ལ་ཞེན་པ་སྐྱེ༔ རྟག་པའི་མཐའ་རུ་ལྷུང་༔ རྟོག་པ་ཉིང་འཁྲུལ་གྱི་སྒོམ་དུ་གོལ་ལོ༔ དེའི་འབྲས་བུ་ལུས་ཀྱི་འཁྲུལ་པ་མི་ཆོད༔ སེམས་གནད་པས་ལུས་གནད་ཆེ༔ དུཿཁ་ལུས་ཀྱིས་བསྒྱུར༔ སྙམ་བྱེད་ཀྱི་ལུས་བཙོ་སྲེག་འོང་༔ དགྲ་འདྲེ་འོང་༔ བར་དོ་འོང་སྙམ་བྱེད་པ་ལུས་ལ་འབྱུང་སྟེ་འཇིགས་སྐྲག་དངངས༔ དེའི་དུཿཁས་སྐྱབས་ཚོལ་བའི་བསམ་པ་འབྱུང་བ་དང་༔ རིགས་དྲུག་གི་མངལ་སྒོ་རུ་ཐུམ་འགྲོ༔ དེའི་ཕྱིར་དཔེ་དོན་གྱི་ཆོས་ཉམས་སུ་ལེན་པ་ལ་ལུས་ཀྱི་འཁྲི་བ་ཆོད་དགོས༔ འཁྲི་བ་ཇི་ལྟར་གཅོད་ཇི་ལྟར་བསྒོམ་སྙམ་ན་སྙམ་བྱེད་ལུས་དང་སྒོམ་བློའི་ཤེས་པ་གཉིས་ཀ་ཕྱལ་གྱིས་བཏང་ནས༔ ཆོས་སྐུ་གཏིང་གསལ་བའི་ངང་ནས་ཤེས་པ་འཛིན་མེད་དུ་ཙན་གྱིས་ཞོག་ཅིག༔ དཔེ་རིན་པོ་ཆེ་མན་ཤེལ་ལྟ་བུ༔ དོན་རང་ལུས་ཆོས་ཀྱི་སྐུ་རུ་ཡོད་པས༔ ལུས་གདོས་པ་ཅན་མ་ཡིན་ནོ༔ སྟོང་པ་ཟང་ཐལ་དུ་བསྒོམ༔ ཆོས་སྐུ་གསལ་བའི་སྦུབས་སུ་བསྒོམ༔ མན་ངག་གི་རྒྱུད་ལས། ལུས་ཀྱི་རང་བཞིན་མན་ངག་གསལ་བའི་སྦུབས༔ རྟོག་མེད་མཉམ་པའི་ངང་ནས་ཡེ་ཤེས་གསལ༔ མ་བཙལ་རང་བྱུང་འོད་ཀྱི་ཕུང་པོར་གནས༔ ཞེས་གསུངས། དེ་གནས་ལུགས་ལམ་དུ་ཁྱེར་བ་ཞེས་བྱའོ༔ རང་བཞིན་གསལ་བའི་སྦུབས་གཏན་ལ་མ་ཕེབས་ན༔ ལྟ་བ་རང་བྱུང་གི་རྒྱལ་པོ་དཔངས་མཐོ་ཡང་༔ བྱེ་མའི་རི་ལ་མཁར་བརྩིགས་པ་འདྲ༔ མན་ངག་གི་རྒྱུད་ལས། འགག་མེད་སྐུ་ནི་སྟོན་པར་ཆེ༔ རང་རིག་ཡེ་ཤེས་སྟོན་པར་ཆེ༔ སྲོག་མེད་སྐུ་ལྔ་འཁོར་དུ་ཆེ༔ མ་སྒྲིབ་དཀྱིལ་འཁོར་གནས་སུ་ཆེ༔ ཡེ་ནས་ལྷུན་གྲུབ་དུས་སུ་ཆེ༔ ཆེ་བ་ལྔ་ཡི་ཁྱད་པར་བསྟན༔ ཅེས་གསུངས། དེ་ལུས་གདོས་པའི་ཕུང་པོ་སྟོང་པ་ཟང་ཐལ་དུ་བསྒོམས་ན༔ ནད་ཀྱིས་ན་རྒྱུ་མེད༔ གདོན་གྱིས་གདོན་རྒྱུ་མེད༔ ཆུས་ཁྱེར་དུ་མེད༔ སས་མནན་དུ་མེད༔ མེས་བསྲེག་ཏུ་མེད༔ རླུང་གིས་གཏོར་དུ་མེད༔ དཔེ་བར་སྣང་སྟོང་པའི་འཇའ་ཚོན་དང་འདྲའོ༔ ད་སྐུ་གསུང་ཐུགས་ཡུལ་དང་བཞིའི་ངོ་སྤྲོད་ནི༔ དང་པོ་གནས་པའི་ཡུལ་གཏན་ལ་མ་ཕེབས་ན༔ ཡེ་ཤེས་རྐྱང་པར་བལྟ་སྟེ༔ བྱ་ལོང་ནམ་མཁའི་མཐའ་ཚོལ་བ་དང་འདྲ་བས༔ ཡུལ་གྱི་ངོ་སྤྲོད་ནི༔ ཡུལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམ་པར་དག་པའི་ཞིང་ཁམས་མཆོག་གི་འོད་གསལ་ཆེན་པོ༔ རྒྱ་གང་དུའང་མ་ཆད་པ༔ ཕྱོགས་གང་དུ་ཡང་མ་ལྷུང་༔ རྒྱ་ཆད་ཕྱོགས་ལྷུང་མེད་པ་ནམ་མཁའ་སྤྲིན་དང་བྲལ་བའམ༔ རྒྱ་མཚོ་རླབས་དང་བྲལ་བའམ༔ མེ་ལོང་ཕྱིས་པ་ལྟ་བུའམ༔ མར་མེ་དྭངས་པ་ལྟ་བུ་དེ༔ བླ་མའི་ཕྱག་ལེན་གྱི་ངོ་སྤྲོད་ཙམ་ན༔ དཀར་ལམ་ལམ་བྱུང་བ་དེ་བྱང་ཆུབ་སེམས་དཔའི་སྣང་བ་ཡིན༔ འོད་དུ་ཤིག་གེ་བ་དེ་ལོངས་སྤྱོད་རྫོགས་པའི་སྣང་བ༔ མར་མེ་དྭངས་བ་དེ་ཡུལ་ཆོས་ཀྱི་དབྱིངས་ཞེས་བྱ་བ༔ ཆོས་སྐུ་བཞུགས་པའི་གནས་ཡིན་ནོ༔ ད་ནི་གཞི་ལ་ཆོས་སྐུ་མི་བཞུགས་ན༔ གཞི་ཕྱལ་པ་རུ་སོང་སྟེ༔ མི་མེད་པའི་ཡུལ་སྟོང་པ་དང་འདྲ་བས༔ ཆོས་སྐུའི་ངོ་སྤྲོད་ནི་ཤེལ་ལྟ་བུ༔ རང་ལུས་ཆོས་སྐུར་ངོ་སྤྲོད་པའོ༔ ཆོས་ཀྱི་སྐུ་ལ་ཡེ་ཤེས་མི་བཞུགས་ན༔ ཐུགས་རྗེ་དང་མཁྱེན་བ་མི་འཆར་བས་འདག་པའི་འདེར་སོ་དང་འདྲ་བས༔ ཐུགས་ཀྱི་ངོ་སྤྲོད་ནི༔ དཔེས་མཚོན་ན་ཤེལ་ལྟ་བུ་ནི་ཆོས་ཀྱི་སྐུ་ཡི ན་ནོ༔ ཤེལ་གྱི་ནང་གི་འོད་ལྔ་ནི་གཞི་གནས་ཀྱི་ཡེ་ཤེས་ལྔའོ༔ ཤེལ་ཕྱར་བས་འོད་ལྔ་ཕྱིར་ཤར་བ་དེ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡེ་ནས་རང་བྱུང་ཆེན་པོ་སྟེ༔ མན་ངག་གི་ཕྱོགས་ཆ་དག་ནས་གཏན་ལ་མ་ཕེབས་ན༔ ཕྱོགས་གཅིག་གིས་གཏན་ལ་མི་ཕེབས་པས༔ དཔེར་ན་ངང་ངུར་མཚོ་ལ་གཏད་པས་དུས་ཀྱི་ད ར་འཁྱགས་པས་སྡུག་བསྔལ་དུ་གྱུར་བ་ལྟ་བུའོ༔ གསུང་གི་ངོ་སྤྲོད་ནི༔ བླ་མའི་ཕྱག་ལེན་གྱིས་ངོ་སྤྲད་ཙམ་ན༔ སངས་རྒྱས་ཀྱི་གསུང་འགག་པ་མེད་པ་དེའོ༔ དེ་ཧྲིལ་གྱིས་དྲིལ་ན་མཐོ་དམན་མེད་པའི་ཡུལ༔ གདོས་པ་མེད་པའི་སྐུ༔ སེམས་མེད་པའི་ཏིང་ངེ་འཛིན་དང་གསུམ་དུ་ཤེས་པར་བྱའོ༔ དེ་ལ་མཐོ་དམན་མེད་པའི་ཡུལ་ནི་ཆོས་ཀྱི་དབྱིངས་སོ༔ གདོས་པ་མེད་པའི་སྐུ་ནི་ཆོས་སྐུ་གཏིང་གསལ་ཆེན་པོའོ༔ སེམས་མེད་པའི་ཏིང་ངེ་འཛིན་ནི༔ ཡིད་འཛིན་པའི་བློ་དང་བྲལ་ནས་ཡེ་ཤེས་བློ་བྲལ་དུ་ཤིག་གེ་བ་དེ་ཡིན་ཏེ༔ ཡང་རྒྱ་ཆེ་བ་ལྟར་བཤད་ན༔ ཕྱི་སྟོང་ནང་སྟོང་རྒྱ་ཆེ་བ་ནི་ཡུལ་ཆོས་ཀྱི་དབྱིངས་སོ༔ ཕྱི་གསལ་ནང་གསལ་འོད་གསལ་ནི་ཆོས་ཀྱི་སྐུའོ༔ ཕྱི་རིག་ནང་རིག་ཐམས་ཅད་རིག་པ་ནི༔ རྒྱུན་མི་འཆད་པའི་ཡེ་ཤེས་སོ༔ ད་ཆོས་ཀྱི་སྐུ་སྟོང་བར་མི་འདོད༔ ཐམས་ཅད་མཁྱེན་པའི་དོན་བཤད་དོ༔ མན་ངག་གི་རྒྱུད་ལས། རང་རིག་ཡེ་ཤེས་ཆོས་སྐུ་ལ༔ སྒོ་ལྔའི་རྣམ་ཤེས་ཀུན་ཚང་པས༔ དེ་ཡི་གཟུགས་བརྙན་ལོངས་སྤྱོད་རྫོགས༔ མཐོང་གདངས་སོ་སོ་སྤྲུལ་པའི་སྐུ༔ ཞེས་གསུངས། ཞེས་པ་དང་། ཡང་དེ་ལས་ད་ནི་ཆོས་སྐུ་ཇི་ལྟར་བཞུགས་པའི་ཚུལ་བསྟན་པ་ལ་བཞི་སྟེ༔ འདྲ་བས་འདྲ་བ་དང་གཅིག༔ འདྲེས་པས་འདྲེས་པ་དང་གཉིས༔ ཕྱེ་བས་ཕྱེ་བ་དང་གསུམ༔ ཁྱབ་པས་ཁྱབ་པ་དང་བཞིའོ༔ དང་པོ་འདྲ་བས་འདྲ་བ་ནི༔ སངས་རྒྱས་ཐམས་ཅད་དགོངས་པ་གཅིག་པའོ༔ འདྲེས་པས་འདྲེས་པ་ནི༔ སངས་རྒྱས་ཐམས་ཅད་ཞིང་ཁམས་གཅིག་འདྲེས་པའོ༔ ཆོས་ཀྱི་དབྱིངས་ཐམས་ཅད་གཅིག་པའོ༔ ཕྱེ་བས་ཕྱེ་བ་ནི༔ སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མ་འདྲེས་ཏེ༔ རང་གདངས་ལས་བཞུགས་པའོ༔ ཁྱབ་པས་ཁྱབ་པ་ནི༔ ཆོས་ཉིད་མའི་ཐ་མི་དད་དུ་ཁྱབ་ལ༔ ཆོས་སྐུ་བུའི་ཐ་དད་དུ་ཁྱབ་པའོ༔ གཞི་ཆོས་ཀྱི་དབྱིངས་ན་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཨུ་བེའི་སྡོང་བུན་སྤོས་ཀྱི་རེངས་བུ་བལྟམས་པ་ལྟ་བུར་བཞུགས་སོ༔ དཔེར་ན་ལྷ་ཁང་དུ་མར་མེ་བརྒྱའམ་སྟོང་སྦར་ན་སྙིང་པོ་མ་འདྲེས་ལ་འོད་འདྲེས་པ་ལྟ་བུའོ༔ གསང་བ་བརྡ་རྒྱུད་ལས། ནམ་མཁའ་སྟོང་པ་དག་ལ་མར་མེ་བརྒྱ་སྟོང་སྦར་ན་སྙིང་པོ་མ་འདྲེས་པ་ལ་འོད་འདྲེས་པ་ལ་བསྙད་དོ༔ ཞེས་གསུངས། འོ་ན་སངས་རྒྱས་དེ་རྣམས་གཅིག་གིས་གཅིག་ལ་གཟིགས་ནས་འགྲོ་བ་དང་༔ གླེང་བ་ལ་སོགས་པ་ཡོད་དམ་མེད་ན༔ བགྲོ་གླེང་མེད་དེ༔ ཅིའི་ཕྱིར་ན་ཆོས་སྐུ་ལ་གཟུང་འཛིན་གྱི་རྟོག་པ་མེད༔ གཉིས་སྣང་གི་རྟོག་པ་ཐིམ་གྱིས་ནུབ་ནས༔ རང་སྣང་བདེ་བ་ཆེན་པོའི་ལམ་གྱིས་གནས་སོ༔ དེ་ཆོས་ཀྱི་དབྱིངས་ན་སངས་རྒྱས་ཐམས་ཅད་བཞུགས་ཚུལ་བསྟན་པའོ༔ ཞེས་གསུངས། ཡང་བཻ་རོའི་ཐུགས་རྒྱུད་ལས། ད་སྤྱི་དོན་དྲུག་པ་ཐེག་པ་དགུའི་ཆོས་ཐམས་ཅད་ཆོས་ཀྱི་སྐུ་བྱ་བ་སྟོང་ཞིང་བདག་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་འདོད་དེ༔ ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་བསྟན་ན༔ ཆོས་ཀྱི་སྐུ་ནི་མཚན་དང་དཔེ་བྱད་དང་ལྡན་པ༔ རྣམ་པར་ཤེས་པའི་སྒོ་མ་འགག་པར་འདོད་དོ༔ དེའང་ཆོས་སྐུ་སྟོང་ཞིང་བདག་མེད་པ་ན༔ ཀུན་གཞི་མ་ཐོག་ཏུ་གོལ་བ་ཡིན༔ ཆོས་སྐུ་སྟོང་པར་འདོད་པ་དེ༔ མུ་སྟེགས་ཆད་པའི་ལྟ་བར་གོལ་བ་ཡིན༔ ཅི་ཡང་ཡིད་ལ་མེད་པར་བསྒོམ་པ་དེ་ཉོན་མོངས་སངས་པ་ཡོད་དེ༔ ཡེ་ཤེས་རྒྱས་པ་མེད་དོ༔ མཉམ་ཉིད་སེམས་ཀྱི་འཇོག་ཚུལ་ཙམ་ཡིན༔ སངས་རྒྱས་ཐོབ་པའི་སྐལ་བ་མེད་དོ༔ རྡོ་རྗེ་སེམས་དཔའི་ཞལ་ནས༔ ཐེག་པ་མང་པོའི་ཆོས་རྣམས་ཀྱི༔ ཆོས་སྐུ་སྟོང་པ་བདག་མེད་སྟོན༔ སེམས་ཀྱི་བཞག་ཚུལ་བསྟན་པ་ཙམ༔ སངས་རྒྱས་ཐོབ་པའི་སྐལ་བ་མེད༔ ངེས་པར་སངས་རྒྱས་ཐོབ་འདོད་ན༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་༔ མཚན་དང་དཔེ་བྱད་ལྡན་པར་ཡོད༔ སྟོན་པ་འོད་མི་འགྱུར་པ་དེ༔ ཡེ་ཤེས་ལྔ་ཡི་ཕུང་པོར་ཡོད༔ ཐུགས་ཀྱི་མཁྱེན་པ་མ་འགག་པ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད༔ ཅེས་གསུངས། ཅེས་སོགས་གསུངས་ཏེ་བཻ་རོའི་སྙན་བརྒྱུད་འདི་རྣམས་རྫོགས་ཆེན་སྙིང་ཏིག་གི་གཞི་ལམ་འབྲས་བུའི་གོ་དོན་ཟབ་ཅིང་གསལ་བ་ཡོད༔ ཀུན་ཏུ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཡེ་ཤེས་རང་ཆས་རིག་པ་འོད་དུ་འབར་བའི་རྒྱུད་ཀྱང་ཟེར། །བཟང་པོའི་དགོངས་པ་ཟང་ཐལ་གྱི་རྒྱུད་ལེའུ་ཉི་ཤུ་པ་ལས། ཉོན་ཅིག་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ༔ ང་ཆོས་སྐུའི་བཞུགས་གནས་བཤད་ཀྱི༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྟེང་གི་ཕྱོགས་རི་རབ་ལྷུན་པོའི་རྩེ་མོ་དཔག་བསམ་ཤིང་ཡོངས་སུ་བརྡལ་བའི་རྩེ་ནས་དཔག་ཚད་བཅུ་གསུམ་འདས་པ་ཐམས་ཅད་ངའི་ཞིང་ཁམས་ཡིན༔ རྒྱ་ནི་ནམ་མཁས་ཅི་ལྟར་ཁྱབ་པ་ངའི་ཞིང་ཁམས་ཀྱིས་ཁྱབ་བོ༔ དཔངས་ནི་འཇིག་རྟེན་གྱི་ཁམས་དང་མཉམ༔ དཔག་ཚད་བརྒྱད་ཁྲི་འདས་སོ༔ འོག་ཕྱོགས་ནས་རྡོ་མེད་དེ་རིན་པོ་ཆེ་སྣ་ལྔ་བརྡལ་བ་ཆེན་པོ༔ ཕྱོགས་མཚམས་ཐམས་ཅད་རིན་པོ་ཆེ་བརྩེགས་པ༔ སྟེང་ཐམས་ཅད་རིན་པོ་ཆེ་སྣ་ལྔའི་གུར་ཕུབ་པ༔ རིན་པོ་ཆེ་ལྔ་ཡང་གདོས་པའི་གཟུགས་མ་ཡིན་པས༔ རང་བྱུང་ཡེ་ཤེས་ཀྱི་འོད་ལས་བྱུང་བའི་རིན་པོ་ཆེ༔ བཏེག་ན་འཕར་བྱེད་པ༔ མནན་ན་ནེམ་བྱེད་པ༔ བཀྲག་དང་འོད་འཚེར་བ༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་ཆེན་པོའི་སྦུབས༔ ངོ་བོ་ཉིད་ཀྱི་སྣང་བ་ཆོས་དབྱིངས་མའི་ཁྱབ་ཚུལ་ཞེས་བྱ་བ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ངས་གཙོ་བྱས་པའི་ཆོས་སྐུ་ཐོག་མ་མེད་པའི་སངས་རྒྱས་ཐམས་ཅད་དེ་ན་བཞུགས༔ མ་འོངས་པའི་ཆོས་སྐུ་ཐོབ་པ་ཐམས་ཅད་ཀྱང་དེར་འབྱུང་བར་འགྱུར་རོ༔ ཞེས་དང་། ཉོན་ཅིག་རྡོ་རྗེ་འཆང་ཆེན་པོ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱ་བ་དེའི་སྒྲ་དོན་བཤད་ཀྱི། འོག་མིན་ཞེས་བྱ་བ་ནི་སྟེང་གི་ཕྱོགས་ཐམས་ཅད་ཁྱབ་པ་འོག་མ་ཡིན་པས་ན་འོག་མིན་ཞེས་བྱའོ༔ ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི༔ དེའི་ནང་ཆོས་སྐུ་ཐོབ་པའི་སངས་རྒྱས་མ་ཡིན་པ་གཞན་གང་གིས་ཀྱང་མི་མཐོང་བའི་ཕྱིར་རོ༔ ཕོ་བྲང་ཞེས་བྱ་བ་ནི་རྒྱལ་པོ་འོད་མི་འགྱུར་བ་ལ་རང་སྣང་རྟོགས་པའི་འཁོར་གྱིས་བསྐོར་ནས༔ དབྱིངས་ཀྱི་ཁྱབ་ཚད་ཆོས་སྐུའི་སངས་རྒྱས་ཀྱིས་ཁྱབ་པར་བཞུགས་པའི་ཕྱིར་རོ༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང་ཞེས་བྱ་བ་ནི༔ ཡེ་ཤེས་དེ་ཡོད་པ་སེམས་ཅན་ཀུན་གྱི་སྙིང་ན་ཡོད༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའོ༔ ཡེ་ཤེས་ཤར་བས་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་བྱུང་༔ དེ་ཡང་རྒྱུད་ལ་རང་བྱུང་དུ་བྱུང་༔ རང་ངོ་ཤེས་པ་ཡེ་ཤེས་ཆེན་པོའི་སྣང་བ་ཤར༔ ཡེ་ཤེས་ཀྱི་སྣང་བ་རྒྱ་མ་ཆད༔ ཕྱོགས་སུ་མ་ལྷུང་༔ བཀྲག་དང་གཟི་མདངས་དཔག་ཏུ་མེད༔ དེ་ལ་གསལ་བ་རྒྱ་མ་ཆད་པ་ཞེས་བྱའོ༔ ཆེན་པོ་ཞེས་བྱ་བ་ནི༔ ནམ་མཁས་ཁྱབ་ཚད་ཡེ་ཤེས་རང་རིག་གཞལ་ཡས་ཁང་དེས་ཁྱབ་པའི་ཕྱིར་རོ༔ སྦུབས་ཞེས་བྱ་བ་ནི༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་འོད་ལྔ་ལམ་མེའི་དབུས་ན་ཡོད་པའི་ཕྱིར་རོ༔ ཛྙཱ་ན་པཉྩ་རཏྣ༔ དེ་ལྟ་བུའི་གནས་དེ་ཆོས་སྐུ་བཞུགས་པའི་གནས་ཡིན༔ ཆོས་དབྱིངས་མའི་ཁྱབ་ཚུལ་ཞེས་བྱ་བ་ཡིན༔ དེ་འཛིན་པའི་བདག་པོ་ནི་དཔེར་ན༔ ནམ་མཁས་ཁྱབ་ཚད་ཉི་ཟླ་གཟའ་སྐར་གྱིས་ཁྱབ་པ་ལྟར༔ དབྱིངས་དེའི་ཁྱབ་ཚད་ཆོས་སྐུས་ཁྱབ་པར་བཞུགས་སོ༔ ཆོས་སྐུ་ཅི་ལྟ་བུ་ཞེ་ན༔ སྐུ་ལ་རེག་བྱའི་ཐོགས་པ་མེད་པས༔ ཆོས་དབྱིངས་དང་འདྲ་བ་ལ༔ མཚན་དང་དཔེ་བྱད་དུ་ལྡན་པས་ཡེ་ཤེས་ལྔའི་བདག་ཉིད་དུ་བཞུགས་སོ༔ དེའི་ངོ་བོ་སྟོང་པར་བཞུགས༔ མཚན་ཉིད་དབྱེར་མེད་པའི་སྐུར་བཞུགས༔ ཡོན་ཏན་བདེ་བའི་སྐུར་བཞུགས༔ དེའི་ཐུགས་རིག་པའི་ཡེ་ཤེས་ཟང་ཐལ་ལེ་ཡོད་དོ༔ ལུས་རྣམ་པར་དག་པ་ཆོས་སྐུའི་བཀྲག་དང་གཟི་མདངས་མཚན་དང་དཔེ་བྱད་ལྡན་ནོ༔ དེ་ཉིད་ཆོས་སྐུ་ཡིན་པའི་ཕྱིར་སྐུ་མདོག་མཐིང་ག༔ མི་གཡོ་བའི་མཉམ་གཞག་གི་ཕྱག་རྒྱ་ཅན༔ ཡེ་ཤེས་ཆེན་པོའི་འོད་འཆར་བའི་ཕྱིར་འོད་ལྔའི་རྒྱབ་ཡོལ་ཅན༔ སྟོང་གསལ་གྱི་བཀྲག་འཚེར་བའི་ཕྱིར་རིན་པོ་ཆེའི་རྒྱན་གྱིས་སྤྲས་པས༔ དེ་ལ་ཆོས་སྐུ་མཉམ་པ་ཉིད་ཟེར་རོ༔ དེ་གཉིས་ཀ་ལས་དང་པོ་དྲན་པ་ཅི་ཡང་མ་བྱུང་བས༔ དངངས་སྐྲག་གི་འཇིགས་པ་མེད༔ རིག་པ་རང་ངོ་ཤེས་པ་གསལ་ལ་དེར་འཛིན་མེད༔ རིག་པ་ཡེ་ཤེས་ཤར་བ་ཆོས་སྐུ་རྒྱུ་ལྷུན་གྱིས་གྲུབ་པའོ༔ དེ་ལ་ཡེ་ཤེས་ཀྱི་རྩལ་ཕྱོགས་བཅུར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུར་བྱུང་སྟེ༔ ཆོས་སྐུ་དེ་ལ་ཐམས་ཅད་གསལ་ཞིང་སྣང་བའི་ཕྱིར་རྣམ་པར་སྣང་མཛད་ཤར་རོ༔ རང་རིག་པའི་ཡོན་ཏན་མ་འགག་པས་རིན་ཆེན་འབྱུང་ལྡན་ཤར་རོ༔ ཐུགས་རྗེ་སྟོབས་དང་ལྡན་པས་སྣང་བ་མཐའ་ཡས་ཤར་རོ༔ ཤེས་བྱ་ལ་ཐོགས་པ་མེད་པས་དོན་ཡོད་གྲུབ་པ་ཤར་རོ༔ གནས་ལུགས་ལ་འགྱུར་བ་མེད་པས་རྡོ་རྗེ་སེམས་དཔའ་ཤར་རོ༔ དེ་ལྟར་རྒྱལ་བ་རིགས་ལྔ་པོ་དེ་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས༔ མགུར་ཆུ་དང་༔ སེ་མོ་དོ༔ འོད་ཟེར་ལྔའི་རྒྱབ་ཡོལ་ཐམས་ཅད་རྫོགས་ཤིང་གསལ་བ༔ ཞལ་ནང་དུ་གཟིགས་ཏེ་ས་ལེར་བཞུགས་སོ༔ གདོས་པའི་གཟུགས་མ་ཡིན་པར་རང་བྱུང་ཡེ་ཤེས་ཀྱི་སྐུ་གཟུང་འཛིན་མེད་པས༔ ཐུགས་ཀྱི་མཁྱེན་པ་མ་འགག་པ༔ ཞལ་ནང་དུ་གཟིགས་པས་ཤེས་བྱའི་རྩལ་ཝལ་ལེར་སྣང་བའོ༔ དཔེར་ན་རིན་པོ་ཆེའི་བུམ་པའི་ནང་ན་རིགས་ལྔ་ཆོས་སྐུ་ལ་ཞལ་བསྟན་ཏེ་བཞུགས་པ་ལྟ་བུའོ༔ དེ་ཡང་ཆོས་སྐུ་དེ་གཞི་གནས་པའི་ཆོས་སྐུ་ཞེས་བྱའོ༔ ཞེས་སོགས་ཆོས་སྐུ་ནང་གསལ་དེ་ལས་རིགས་ལྔ་ཕྱིར་གསལ་ལོངས་སྐུ་དང་། དེ་ནས་སྤྲུལ་སྐུ་འཆར་ཚུལ་སོགས་དང་། ཡང་དེ་འཕྲོས་ལས། དེའང་ཆོས་ཀྱི་དབྱིངས་དང་གཅིག༔ ཆོས་སྐུ་དང་གཉིས༔ ཡེ་ཤེས་དང་གསུམ༔ དེ་གསུམ་སོ་སོར་བཤད་ཀྱང་དོན་དབྱེར་མེད་དུ་གནས་སོ༔ དཔེར་ན་ནམ་མཁའི་གཟའ་སྐར་དང་༔ རྒྱ་མཚོའི་ནང་གི་གཟའ་སྐར་གྱི་འོད་དང་༔ རྒྱ་མཚོའི་ཆུ་གསུམ་གཅིག་མདངས་གཅིག་ལ་ཕོག་སྟེ་དབྱེར་མེད་དུ་གནས་སོ༔ ཆོས་སྐུ་དང་ཡེ་ཤེས་དབྱེར་མེད་པའི་དཔེ་ཆུ་དང་ལན་ཚྭ་ལྟ་བུ་གཅིག་ལ་གཅིག་གིས་བརྒྱན་ཏེ་གནས་སོ༔ ཆོས་ཀྱི་སྐུ་དང་གཅིག༔ ལོངས་སྤྱོད་རྫོགས་པའི་སྐུ་དང་གཉིས༔ སྤྲུལ་པའི་སྐུ་དང་གསུམ་སོ་སོར་སྣང་སྟེ་དབྱེར་མེད་དུ་གནས༔ ཡེ་ཤེས་ཀྱི་འོད་རྣམ་པ་ལྔ་ཡང་གཟུགས་སྐུ་གཉིས་ཀྱི་རྒྱན་དུ་འཆར༔ དཔེར་ན་ཆོས་ཀྱི་དབྱིངས་ཆོས་སྐུས་བརྒྱན་པའི་དཔེ་གཡུའི་མཎྜལ་ལ་གསེར་གྱི་ཚོམ་བུ་བཀོད་པ་འདྲ༔ ཆོས་སྐུ་ལ་ཡེ་ཤེས་ཤར་བའི་དཔེ་ཤེལ་ལ་འོད་ལྔ་འཆར་བ་དང་༔ ཡེ་ཤེས་ལྔ་ལ་ཐུགས་རྗེ་སྤྲུལ་པ་འབྱུང་བའི་དཔེ་ཉི་མའི་སྙིང་པོ་ལ་འོད་ཟེར་དྲོ་བ་འཇམ་པ་བྱུང་ནས་སེམས་ཅན་གྱི་དོན་བྱེད་པ་དང་འདྲ༔ ཞེས་སོགས་གསུངས། ཆོས་སྐུའི་ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔ་ཡིན། ཡང་དེ་ལས། ངའི་ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་གྱི་རྒྱུད་འདི༔ སེམས་ཅན་འཇིག་རྟེན་པའི་བློ་ཅན་དང་༔ ཐེག་པ་འོག་མ་རྣམས་ཀྱི་རྣ་བར་ཟུར་ཙམ་ཡང་སྨྲ་བར་མ་བྱེད་ཅིག༔ གལ་ཏེ་སྨྲས་ན་ཁ་ནས་ཁྲག་ཏུ་སྐྱུགས༔ མིག་འབྲས་ཐང་ལ་ལྷུང་༔ ཚེའི་དུས་བྱེད་ནས་དམྱལ་བར་བསྐལ་པ་བརྒྱའི་བར་དུ་སྐྱེ་བར་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ འདི་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡིན༔ ཉམས་སུ་ལེན་པའི་རྣལ་འབྱོར་པའི་སྲོག་ཡིན༔ སྐལ་དམན་ཉོན་མོངས་ཅན་དང་༔ ཐེག་པ་དམན་པ་ལ་འདིའི་སྣོད་མེད་པས༔ སྣོད་མེད་ཀྱིས་མཐོང་དུ་མི་རུང་བའི་ཕྱིར༔ ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་དམ་ཚིག་གི་མཁའ་འགྲོ་མ་སྨུག་ནག་རཀྴའི་གདོང་པ་ཞེས་བྱ་བ་བྱུང་སྟེ༔ ཆོས་འདིའི་བཀའི་སྲུང་མ་བྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཀུན་བཟང་གི་སྨོན་ལམ་སྟོབས་ཆེན་མ་ཡང་རྒྱུད་འདིའི་ལེའུ་བཅུ་དགུ་པ་ལས་འབྱུང་། ཟང་ཐལ་གྱི་རྒྱུད་ཆུང་ལེའུ་བརྒྱད་པ་དང་། འདི་གཉིས་རྩ་བ་ཡིན། བྱང་གཏེར་བ་རྣམས་ཟང་ཐལ་གྱི་ངོ་སྤྲོད་ཚེ་འདིར་རྣམ་བཅས་མི་སྣང་བ་ཞེས་ཟེར་བ་ནི་རྒྱུད་འདི་ལས་ལུས་གནད་འདྲ་མིན་དགུ་ཙམ་བཤད་པ་དེ་ཡིན་འདུག །སྙིང་ཏིག་གཞན་ལ་མེད་པའི་ཟབ་གནད་འདི་ལ་སྒེར་དུ། རྫོགས་ཆེན་བཀའ་གཏེར་གཞན་ལ་མེད་པའི་ཟབ་ཁྱད་ཡོད། མུན་ཁྲིད་སོགས་ཤིན་ཏུ་ཟབ་པའི་གནད་འགའ་འདིར་མི་འདུག །རྫོགས་ཆེན་ལྟ་སྒོམ་གྱི་གོ་དོན་གནད་ཆེན་ཡོད༔ ཉམས་ལེན་མཁའ་འགྲོ་སྙིང་ཏིག་སོགས་འདྲིལ་བ་ཡོད། ཡང་རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག་གི་རྩ་རླུང་གི་མན་ངག་ལས། དེ་ཡང་ཨ་ཝ་དྷཱུ་ཏི་ལ༔ ཕྱི་ནང་གསང་བ་གསུམ་དུ་ཡོད༔ ཐབས་ཀྱི་དྷཱུ་ཏི་གཞུངས་པ་ཡིན༔ དེ་ནས་བྱང་སེམས་དཀར་པོ་འབབ༔ ཤེས་རབ་དྷཱུ་ཏི་སྲོག་རྩ་ཡིན༔ དེ་ནས་བྱང་སེམས་དམར་པོ་འབབ༔ གསང་བའི་དྷཱུ་ཏི་འཁོར་ལོ་བཞི༔ དབུས་ན་རྒྱུས་ཏེ་སྲོག་ཤིང་ཚུལ༔ དེ་ནས་ཡེ་ཤེས་རླུང་རྒྱུའོ༔ གསང་བ་ཨ་ཝ་དྷཱུ་ཏི་དེའི༔ གཡས་ན་ལ་ལ་ན་ཡི་རྩ༔ སྒོ་ནི་སྣ་བུག་གཡས་ནས་ཟུག༔ ཡར་འཁྱོགས་མིག་གཡས་དབྱིབས་ལ་སླེབས༔ མར་བརྒྱུད་ལྟག་པའི་ཨན་དང་ག༔ རྒྱུས་པའི་དྷཱུ་ཏི་རང་ལ་འཁྲིལ༔ དེ་ནས་དྷཱུ་ཏིའི་གཡས་ནས་བརྒྱུད༔ ལྟེ་བའི་འོག་སྤུའི་མཚམས་སུ་སླེབས༔ གཡོན་ན་རཏྣ་བ་ཡི་རྩ༔ སྒོ་ནི་སྣ་བུག་གཡོན་ན་ཟུག༔ ཡར་འཁྱོགས་མིག་གཡོན་དབྱིབས་ལ་སླེབས༔ མར་བརྒྱུད་ལྟག་པའི་ཨན་དང་གི༔ དྷཱུ་ཏིའི་རྒྱུས་པའི་མཚམས་ལ་འཁྲིལ༔ དེ་ནས་དྷཱུ་ཏིའི་གཡོན་ནས་བརྒྱུད༔ ལྟེ་འོག་སྤུ་ཡི་མཚམས་སུ་སླེབས༔ ལྟེ་འོག་དྷཱུ་ཏི་སོར་བཞི་དང་༔ ལ་ལ་རཱ་ས་གསུམ་འཛོམ་པ༔ གཡས་གཡོན་རླུང་གཉིས་དྷཱུ་ཏིར་ཚུད༔ ཚུད་པའི་དུས་ན་རྟོག་པ་འགག༔ བུ་ཆུང་མ་ལ་སྐྱེས་ནས་ཀྱང་༔ ཞག་ལྔ་ལོན་ཚེ་རླུང་སེམས་གཉིས༔ དྷཱུ་ཏིར་ཚུད་ནས་ཅི་མི་དྲན༔ སྦྲིད་པ་དྲག་པོ་བྱུང་བ་དང་༔ ཕོ་མོའི་ཆགས་པ་རྫོགས་རྗེས་དང་༔ ཧད་ཀྱིས་བརྒྱལ་བའི་དུས་ན་ནི༔ སྐད་ཅིག་ཙམ་ལ་དྷཱུ་ཏིར་ཚུད༔ འཆི་ལ་ཁད་ལ་དྷུ་ཏིར་ཚུད༔ རྩ་རླུང་འབྱོངས་པའི་རྣལ་འབྱོར་པ༔ ལྟ་བ་རྟོགས་ཚེ་དྷཱུ་ཏིར་ཚུད༔ རླུང་སེམས་དྷཱུ་ཏིར་ཚུད་པའི་རྟགས༔ རྟོག་པ་འགགས་ནས་མི་རྟོག་པ༔ སྤྲོས་དང་བྲལ་བའི་ཉམས་མྱོང་སྐྱེ༔ མི་རྟོག་ཆོས་ཀྱི་དབྱིངས་ཞེས་བྱ༔ འབྲས་བུ་ཆོས་ཀྱི་ཕྱག་ཆེན་ཐོབ༔ ཅེས་དང་། བརྒྱད་པ་རླུང་གི་ལས་བྱེད་ནི༔ སོ་སོ་སྐྱེ་བོ་ཐ་མལ་པ༔ ཚེ་ཡི་འདས་དུས་བྱུང་བའི་ཚེ༔ རླུང་སེམས་རིག་པ་རྣམ་པ་གསུམ༔ སྙིང་རྗེ་མེད་པའི་རླུང་ལ་ཞོན༔ གསང་བའི་གནས་ནས་ཐོན་པ་ན༔ རོ་ལ་དྲི་ཆུ་རྒྱངས་ཀྱིས་འོང་༔ དེ་ནི་ལས་ཀྱི་དམྱལ་བར་སྐྱེ༔ སེམས་དང་རིག་པ་རྣམ་པ་གསུམ༔ མཐུར་དུ་འགྲོ་བའི་རླུང་ལ་ཞོན༔ བཤང་བའི་ལམ་ནས་ཐོན་པ་ན༔ རོ་ལ་དྲི་ཆེན་ལྷུག་གིས་འོང་༔ ཡི་དྭགས་གནས་སུ་སྐྱེ་བར་བྱེད༔ སེམས་རིག་མེད་མཉམ་རླུང་ལ་ཞོན༔ ལྟེ་བའི་གནས་ནས་ཐོན་པ་ན༔ ལྟེ་བར་ཟིལ་བ་ཕྲུམ་མེ་འབྱུང་༔ བྱོལ་སོང་གནས་སུ་སྐྱེ་བར་བྱེད༔ སེམས་དང་རིག་པ་རྣམ་པ་གསུམ༔ བཀྲག་དང་གཟི་བརྗིད་མདངས་བསྐྱེད་པའི༔ རླུང་ལ་ཞོན་ནས་མིག་ལ་ཐོན༔ མིག་གཡས་ཅེ་རེ་བལྟས་ཏེ་སྡོད༔ ལྷ་ཡི་གནས་སུ་སྐྱེ་བར་བྱེད༔ སེམས་རིག་དྭངས་སྙིགས་འབྱེད་པ་ཡི༔ རླུང་ལ་ཞོན་ནས་ཁ་ལ་ཐོན༔ འཆི་ཁར་མ་སླེབས་དབུགས་དང་བྲལ༔ མི་རུ་སྐྱེ་བའི་ལས་བྱེད་དོ༔ སེམས་རིག་དྭངས་སྙིགས་འབྱེད་པ་ཡི༔ རླུང་ལ་ཞོན་ནས་སྣ་ལ་ཐོན༔ སྣ་བུག་གཡས་པ་ཀྱོག་ལ་ཆེ༔ ལྷ་མིན་གནས་སུ་སྐྱེ་བར་བྱེད༔ སེམས་རིག་གྱེན་རྒྱུའི་རླུང་ལ་ཞོན༔ ཚངས་བུག་གཡས་ནས་ཐོན་པ་ན༔ སྤྱི་གཙུག་འཕར་དང་རླུངས་ཟིལ་འབྱུང་༔ ས་ལམ་བཅུ་གསུམ་མན་ཆད་ནོན༔ དེ་ཉིད་རྣལ་འབྱོར་སྒོམ་པའི་རྟགས༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ༔ སེམས་བྲལ་ཡེ་ཤེས་རིག་པ་དེ༔ ཤེས་རབ་ཡེ་ཤེས་རླུང་ལ་ཞོན༔ སྙིང་གི་དབུས་ནས་གནས་བསྐྱེད་དེ༔ ཡེ་ཤེས་གསང་ལམ་ཤེལ་སྦུག་ཅན༔ སྦོམ་དུས་གྲོ་སོག་སྦུ་གུ་ཙམ༔ ཕྲ་དུས་དར་དཀར་སྐུད་པ་ཙམ༔ མིག་ལ་ཟུག་པའི་ནང་ནས་ཐོན༔ མིག་གཡོན་འབྲས་བུ་འབྱུང་བ་ན༔ མིག་གཡོན་མདངས་བཅས་ཅེ་རེ་འོང་༔ རང་བྱུང་ཡེ་ཤེས་ཆེན་པོ་འཆར༔ མངོན་སུམ་མཐོང་བའི་རྣལ་འབྱོར་རྟགས༔ མངོན་པར་རྫོགས་པའི་སངས་རྒྱས་ཐོབ༔ ཅེས་གསུངས། ཡང་ཟང་ཐལ་ཆོས་སྡེ་ཟབ་རྒྱའི་རྩ་བ་རྡོ་རྗེ་ཕག་མོ་དགྱེས་པ་ཕྲིན་ལས་ཀྱི་རྒྱུད་ལས། ཨོ་རྒྱན་ཆེན་པོ་ལ་རྡོ་རྗེ་ཕག་མོས་གསུངས་པ་ཡིན། རྡོ་རྗེ་ཕག་མོས་བཀའ་སྩལ་པ༔ ལྟ་བའི་བཤད་པ་མང་གྱུར་ཡང་༔ རྗེས་དཔག་རིམ་གྱིས་འཇལ་བ་དང་༔ དཔེ་རྟགས་བརྡ་ཡིས་བསྟན་པ་ལ༔ དོན་ལ་ཕེབས་བ་ཤིན་ཏུ་ཉུང་༔ མཁའ་འགྲོའི་ཐུགས་ཀྱི་དགོངས་པ་ཡི༔ ལྟ་བ་ཟབ་མོ་བསྟན་པར་བྱ༔ ལྟ་བ་དངོས་ནི་འདི་ལྟ་སྟེ༔ རང་རིག་བཅོས་བསླད་མེད་པ་ནི༔ རྒྱལ་བའི་དགོངས་པ་མཐར་ཐུག་ཡིན༔ དེ་ལ་སྐྱོན་མེད་ཡོན་ཏན་རྫོགས༔ དེ་ལ་འཕོ་དང་འགྱུར་བ་མེད༔ ལྟ་བའི་སྙིང་པོ་དེ་ཡིན་ནོ༔ དེ་ལ་མན་ངག་རྣམ་པ་གཉིས༔ སྟོང་པ་དང་ནི་གསལ་བའོ༔ སྟོང་པའི་ཕྱོགས་ནས་བརྟགས་པ་ན༔ སྐྱེ་མེད་འགག་མེད་གྲོལ་བ་མེད༔ འོང་མེད་བཅིང་མེད་གྲོལ་བ་མེད༔ རྟེན་མེད་གནས་མེད་འཁོར་བ་མེད༔ འདས་དང་བླང་དང་དོར་བ་མེད༔ སྟོང་དང་མི་སྟོང་དངོས་པོ་མེད༔ རྟག་ཅིང་མིང་མེད་ཡི་གེ་མེད༔ སྒྲ་དང་ཐ་སྙད་མཐའ་དབུས་མེད༔ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས༔ གསལ་བའི་ཕྱོགས་ནས་བརྟགས་པ་ན༔ རིག་པ་དང་ནི་གསལ་བ་ཡོད༔ སྐུ་དང་ཡེ་ཤེས་ཡོན་ཏན་ཡོད༔ ཕྲིན་ལས་ཞིང་ཁམས་གཞལ་ཡས་ཡོད༔ གཙོ་འཁོར་ཕུན་སུམ་ཚོགས་པ་ཡོད༔ རྩོལ་སྒྲུབ་མེད་ཅིང་འདུས་མ་བྱས༔ ལྷུན་གྲུབ་ཆེན་པོར་ངང་གིས་གནས༔ རང་རིག་ལྟ་བའི་རྒྱལ་པོ་ཡིན༔ དཔེར་ན་ནམ་མཁའ་ལྟ་བུའོ༔ ཞེས་ནམ་མཁའ་ལྟ་བུ་ལྟ་བའི་སྐབས་སུ་གསུངས། ཡང་དེའི་ཉི་ཟླ་ལྟ་བུ་བསྒོམ་པའི་རྒྱའི་སྐབས་ལས། རྡོ་རྗེ་ཕག་མོས་བཀའ་སྩལ་པ༔ སྒོམ་པའི་མན་ངག་འདི་ལྟ་སྟེ༔ ཡོད་པར་བསྒོམ་པས་རྟག་པར་གོལ༔ མེད་པར་བསྒོམ་པས་ཆད་པར་གོལ༔ ཡོད་མིན་མེད་མིན་བཞག་པ་ན༔ གཏི་མུག་བྱིང་བའི་གནས་སུ་གོལ༔ ངེས་པའི་སྒོམ་པ་འདི་ལྟ་སྟེ༔ རིག་པའི་ངོ་བོ་བཅོས་བསླད་མེད༔ ཡིན་པའི་ཐོག་ཏུ་གནས་པར་ཞོག༔ དེ་ལ་མཁས་པའི་དཔེ་གསུམ་སྟེ༔ ལུས་ནི་རྣམ་སྣང་ཆོས་བདུན་བྱ༔ ངག་ནི་མི་སྨྲ་དལ་བར་བཞག༔ སེམས་གནད་ཐ་མལ་ཤེས་པ་འདི༔ བཅོས་བསླད་མེད་པར་རང་སོར་གློད༔ དེ་ལ་མན་ངག་རྣམ་པ་བདུན༔ དང་པོ་གནས་ལུགས་ཤེས་པ་དང་༔ གཉིས་པ་ངང་ལ་གནས་པ་དང་༔ གསུམ་པ་ཐད་ཀར་ཆོད་པ་དང་༔ བཞི་པ་རང་ས་ཟིན་པ་དང་༔ ལྔ་པ་འགྱུར་བ་མེད་པ་དང་༔ དྲུག་པ་གདོས་པར་མ་གྱུར་དང་༔ བདུན་པ་མངོན་དུ་གྱུར་པའོ༔ འདི་ལ་རྒྱུན་ཆད་མེད་པ་རུ༔ བརྩོན་པས་ཉམས་སུ་བླངས་པ་ན༔ ཆོས་ཉིད་ཟབ་མོའི་རྟགས་རྣམས་ཤར༔ དེ་ཚེ་འབྲས་བུ་རིམ་གྱིས་ཐོབ༔ ཅེས་གསུངས། ། ༈

ཡང་གོང་དུ་དྲངས་པའི་ཡང་དག་དོན་གྱི་སྙན་བརྒྱུད་ཡི་གེ་མེད་པ་ནམ་ཤི་སངས་རྒྱས་སྒྱུ་ལུས་བོར་ཆོག་ཅེས་པ་འདིའི་འབྲས་བུའི་སྐབས་ལས། གསུམ་པ་མཐར་ཐུག་འབྲས་བུའི་གྲུབ་ཚུལ་བསྟན་པ་ལ་གསུམ་སྟེ༔ དབང་པོ་རབ་རྡོ་རྗེ་སེམས་དཔའི་གསང་ལམ་འདི་དང་འཕྲད་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས༔ ངོ་སྤྲོད་པ་དང་རྟོགས་པ་དུས་མཉམ༔ དབུགས་ཆད་པ་དང་སངས་རྒྱས་པ་དུས་མཉམ༔ སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ༔ བར་དོའི་སྐད་ཅིག་མའི་གྲོལ་ལུགས་བརྩི་མི་དགོས་པར༔ ལུས་རྒྱ་ནམ་གྲོལ་བའི་དུས་སུ༔ རིན་པོ་ཆེ་གསང་བའི་སྦུ་གུ་ནས་ཟང་ཐལ་ཆོས་ཀྱི་སྐུ་རུ་སངས་རྒྱའོ༔ རྒྱུད་ལས། སེང་གེ་མཆོང་བས་ས་ཆོད་ལྟར༔ གོམ་པ་གཅིག་གིས་ཕ་རོལ་ཕྱིན༔ ཅེས་གསུངས་སོ༔ དབང་པོ་འབྲིང་བར་དོའི་ཡེ་ཤེས་ངོས་ཟིན་པས་ལྔ་ལྡན་དང་རྫོགས་ལྡན་གྱི་དགོངས་པ་མཐར་ཕྱིན་ཏེ་སངས་རྒྱའོ༔ རྒྱུད་ལས༔ སྔ་མ་ལས་ཀྱི་འཕྲོ་ལྡན་པས༔ བར་དོར་རྟགས་མཐོང་རང་ས་ཟིན༔ ཞེས་གསུངས་སོ༔ དབང་པོ་ཐ་མ་ནི་སྐྱེ་བ་གཅིག་ཐོག་པར་བཤད་དེ༔ བླ་མ་ལ་མོས་གུས་མ་ལོག་པ་དང་གཅིག༔ མཆེད་གྲོགས་ལ་དམ་ཚིག་མ་ཉམས་པ་དང་གཉིས༔ ཆོས་ལ་ལོག་ལྟ་མ་སྐྱེས་པ་དང་གསུམ་འཛོམ་ན༔ ཚེ་འདིར་སྣང་བ་བདེན་མེད་དུ་མ་རྟོགས་ཤིང་༔ བར་དོར་ཡེ་ཤེས་ངོས་མ་ཟིན་ཀྱང་༔ སྐྱེ་བ་གཅིག་ནས་ལས་ཀྱི་འཕྲོ་མཐུད་ནས་སངས་མི་རྒྱ་མི་སྲིད་དོ༔ རྒྱུད་ལས། སྐྱེ་གནས་མི་འགྱུར་བླ་མ་དང་༔ དེ་ནས་དེ་ཉིད་འཕྲད་པར་འགྱུར༔ ཅེས་གསུངས་པས། རང་གི་བླ་མའི་གདུང་རྒྱུད་དམ༔ ཆོས་འདི་སྤྱོད་པའི་སྐྱེས་བུ་དམ་པ་གཅིག་གི་དྲུང་དུ་སྐྱེས་ནས༔ ལས་འཕྲོའི་དབང་གིས་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ༔ ཞེས་གསུངས་སོ། །ལན་གཅིག་མཐོང་བས་གྲོལ་བའི་སྙན་བརྒྱུད་ཅེས་པ་དེའོ། །འདི་གཙོ་བོ་ཀ་དག་དང་བར་དོའི་ངོ་སྤྲོད་ཉམས་ལེན་ཡིན་པས། ཀ་དག་གི་འབྲས་བུའི་གྲོལ་ཚད་ཡིན་འདུག །ཡང་ཟང་ཐལ་གྱི་ཆོས་ཉིད་མངོན་སུམ་གྱི་ཁྲིད་ཡིག་ལས། རིག་པ་ཡེ་ཤེས་ཀྱི་ལུས་ངག་ཡིད་གསུམ་ཁྱབ་པར་གནས་ཀྱང་༔ ལུས་ཀྱི་དབུས་རྩའི་གཙོ་བོ༔ དྭངས་མ་བཅུད་ཀྱི་ཐིག་ལེ་གནས་པའི་ཟུར་ན་སེམས་བརྟེན་ནས་ཡོད༔ དེའི་དབུས་ཀྱི་སྙིང་པོ་ལ་རིག་པའི་མཛོད་གནས་ཏེ༔ དེ་ཡང་སེམས་བྱ་བ་འཛིན་པ་ཡོད་པ་གཅིག་ཡིན༔ སེམས་ཀྱི་དྭངས་མའི་རྩལ་འཛིན་མེད་དུ་སལ་ལེ་བ་དེ་རིག་པ་ཡིན༔ བདག་འཛིན་ལུས་ཀྱི་འཛིན་པ་ཡོད་པས་སེམས་ཞེས་བྱ་བ་དེ༔ སྙིང་ལ་མི་གནས་སྙིང་གི་ཕྱི་ཟུར་ན་གནས་སོ༔ འཛིན་མེད་རང་གསལ་གྱི་རིག་པ་དེ་སྙིང་ལ་གནས་པས༔ སྙིང་པོའི་དོན་ཞེས་ཟེར་བ་ཡིན༔ སེམས་ཅན་ཐམས་ཅད་སངས་རྒྱས་ཉིད༔ འོན་ཀྱང་གློ་བུར་དྲི་མས་བསྒྲིབ༔ ཅེས་གསུངས་པས། སངས་རྒྱས་ཀྱི་སའང་རིག་པ་ཡིན་ཏེ༔ གློ་བུར་དྲི་མ་ཞེས་བྱ་བ་སེམས་ཡིན་ནོ༔ རིག་པ་ཐིག་ལེ་ཉག་གཅིག་ཏུ་འདུས་པས༔ ཐིག་ལེ་ཉག་གཅིག་ཅེས་བྱ་བ༔ གཟུང་འཛིན་མ་རིག་པ་ལས་བྱུང་བས་འཁྲུལ་པའི་སེམས་ཞེས་བྱ༔ མདོར་ན་བདག་ཏུ་འཛིན་པའི་སེམས་དེས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་ཡིན༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་པའི་དོན་དེ་རིག་པ་ལ་ཟེར་བ་ཡིན༔ དེ་མངོན་སུམ་དུ་རྟོགས་པའི་ཐབས་ནི༔ ལུས་ཆུན་པས་རྩ་ཆུན༔ རྩ་ཆུན་པས་རླུང་ཆུན༔ རླུང་ཆུན་པས་ཐིག་ལེ་ཆུན༔ དེས་རིག་པ་ཡེ་ཤེས་གཡོས་པ་མེད་པར་གནད་དུ་ཚུད་ནས་སངས་རྒྱས་ཀྱི་དགོངས་པ་གཏན་ལ་འབེབས་པའི་དགོས་པ་ཡོད་དོ༔ གཉིས་པ་གནད་གསུམ་ལ་བརྟེན་ནས་རིག་པ་མངོན་སུམ་དུ་བལྟ་བ་ནི༔ གང་གི་རིག་པ་ཡེ་ཤེས་བཤད་པ་དེ་ཉིད༔ དཔེར་ན་ལྷ་ཁང་ན་ལྷ་ཡོད་ཀྱང་མ་མཐོང་ན་ལྷ་ཡོད་པར་འདུག་གམ་སྙམ་པ་ཙམ་ལས༔ མངོན་སུམ་དུ་གསལ་བར་མི་མཐོང་བ་བཞིན༔ རིག་པའི་ཡེ་ཤེས་མངོན་སུམ་དུ་ལྟ་རྒྱུ་ཡོད་སྙམ་པ་ཙམ་ལས༔ ཡིད་དཔྱོད་འཛིན་པའི་གཡུལ་དུ་ཤོར་ཏེ༔ བལྟ་བར་མ་ནུས་ནས་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་མི་ནུས་པས༔ ཆོས་སྤྱིའི་ལུགས་ཕལ་ཆེར་ནི༔ དྲང་དོན་དང་ལྡེམ་དགོངས་ཡིན༔ ངེས་དོན་གྱི་ཆོས་རྣམས་ཀྱང་ཤེས་རབ་ཡུམ་གྱི་དགོངས་པ་ཞེས་བྱ༔ སྟོང་པ་ཉིད་ཀྱི་དགོངས་པ་གཏན་ལ་འབེབས་པ་ཡིན་ཏེ༔ ལ་ལ་ནི་གོམ་པར་ཆུང་༔ ལ་ལ་ནི་ཡུན་རིང་ཉམས་ལེན་མ་ནུས་པས་མཐར་མ་ཕྱིན༔ འགའ་ཞིག་རིག་པ་ཡེ་ཤེས་ཀྱི་དགོངས་པ་ཀློང་དུ་གྱུར་ནས་བྱང་ཆུབ་ཀྱི་ལམ་སྣ་ཟིན་པའང་འབྱུང་ངོ་༔ ཡི་དམ་གྱི་ལྷ་བསྒྲུབས་ནས་སངས་རྒྱས་པར་འདོད་པས་ཀྱང་༔ འཇུག་ཏུ་མི་རྟོག་པའི་རྒྱས་བཏབ་ནས༔ རྫོགས་རིམ་ཞེས་བྱང་ཆུབ་ཐོབ་པར་འདོད་དེ་སངས་རྒྱས་ལ་བགྱང་བ་ཡིན་ནོ༔ ཞེས་གསུངས། སུམ་ཅུ་རྩ་གསུམ་ནི༔ ཉེ་དབང་སོ་གཉིས༔ ལྷ་དབང་དང་སོ་གསུམ་གྱི་གནས་སོ༔ ༈ ༔ཧོར་ཏྲེ་པོ་བླ་མ་འགྱུར་མེད་སྐལ་བཟང་འཕེལ་རྒྱས་བཟང་པོའི་བསྐྱུད་བྱང་ཕྱག་བྲིས་མ་པུསྟི་ལས་ཞལ་བཤུས་པའི་ཉེར་མཁོ་སྦྲང་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་ཝེ། ཨོ་རྒྱན་ཆེན་པོས། སེམས་དང་སེམས་ཉིད་ཀྱི་སོ་མཚམས་ནི༔ སེམས་ཞེས་བྱ་བ་མངོན་པར་འདུ་བྱེད་ཅིང་དྲན་པའོ༔ ཉིད་ཅེས་བྱ་བ་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པའོ༔ ཞེས་དང་། བླ་མ་དགོངས་པ་འདུས་པའི་ཁྲིད་གཞུང་ལས། ཁྲེགས་ཆོད་ཀྱི་གདམས་པ་ནི༔ གང་ཤར་ལྟོས་མེད་རང་ཤར་གྱི་སྟེང་ནས་གཉེན་པོ་དང་ཕྲལ་ནས་འཇོག་པ་ལ་ངོས་འཛིན་ཏེ༔ ཞེས་སོ།། །། ༈

Footnotes

Other Information