རྗེ་བློ་བཟང་གྲགས་པས་ལམ་རིམ་དུ་སོགས།

From Khyentse Lineage - A Tsadra Foundation Project
JKW-KABUM-03-GA-001-022
Wylie title rje blo bzang grags pas lam rim du sogs JKW-KABUM-03-GA-001.pdf
Location mkhyen brtse'i bka' 'bum
Volume 3, sde tshan 1, Text 22, Pages 404-410 (Folios 202b3 to 205b3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. rje blo bzang grags pas lam rim du sogs. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 3: 404-410. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Notes - zin bris  ·  Stages of the Path - lam rim

1 Texts in this Section (sde tshan or chos tshan)

[edit]
རྗེ་བློ་བཟང་གྲགས་པས་ལམ་རིམ་དུ། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབས་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་བ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །ཞེས་དང་། མདུན་ལེགས་མར། རྒྱུད་སྡེ་འོག་མ་རྣམས་ཀྱི་ཚུལ། །མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང་། །དམ་བཅའ་ཙམ་དུ་ཟད་པ་ལེགས་མཐོང་སྟེ། །གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང་། །དཔུང་བཟང་གིས་ཞུས་སྤྱི་དང་བྱེ་བྲག་གི །རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་གི །རྒྱུད་ལ་སྦྱངས་བས་སྤྱོད་པའི་རྒྱུད་ཀྱི་ཕྱོགས། །གང་ཡིན་དེ་ཡང་ལེགས་པར་ངེས་པ་བྱས། །རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །གཙོ་བོ་དཔལ་ལྡན་དེ་ཉིད་འདུས་པའི་རྒྱུད། །གང་ཡིན་དེ་ཡང་ལེགས་པར་ངེས་པ་བྱས། །བཞི་པ་རྣལ་འབྱོར་བླ་ན་མེད་པ་ལ། །འཕགས་ཡུལ་མཁས་པ་རྣམས་ལ་ཉི་ཟླ་ལྟར། །ཡོངས་སུ་གྲགས་པའི་ཕ་རྒྱུད་འདུས་པ་དང་། །རྣལ་འབྱོར་མ་རྒྱུད་ཀྱེ་རྡོར་བདེ་མཆོག་གི །རྩ་རྒྱུད་བཤད་པའི་རྒྱུད་ལ་སོགས་པ་དང་། །བསྡུས་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད། །གསལ་བྱེད་དྲི་མེད་འོད་ལ་སོགས་པར་སྦྱངས། །ཞེས་སོ། །དེ་ཡང་མཁས་དབང་བུ་སྟོན་གྱིས་དུས་འཁོར་དང་། ས་སྐྱ་པ་ཡབ་སྲས་ཀྱིས་ཀྱེ་རྡོར་ཁོ་ན་གཉིས་མེད་རྒྱུད་དུ་འདོད། འཇམ་མགོན་ཙོང་ཁ་པས་བླ་མེད་ཀྱི་རྒྱུད་ཐམས་ཅད་གཉིས་མེད་དུ་བཞེད་པ་སོགས་མང་ངོ་། །ལར་ཙོང་ཁ་པས་བཤེས་གཉེན་དར་ཡུལ་བ་ལ་བརྟེན་ནས་སྔ་འགྱུར། ཐེལ་དང་འབྲི་གུང་གི་སྤྱན་སྔར་ཆོས་དྲུག་ལྔ་ལྡན་སོགས་བཞེད་ཀྱང་། མཚན་ཉིད་ས་ལུགས་དང་། སྔགས་བུ་ལུགས་གཙོར་བཏོན་མཛད་དོ། ། ༈

ཚར་ཆེན་གྱིས། རྒྱལ་ཡུམ་བདག་མེད་མཁའ་འགྲོ་ལ། །པཎ་གྲུབ་དབང་པོ་བཱི་རུ་པས། །ནོས་པ་ནས་བཟུང་ད་ལྟའི་བར། །རྩ་བའི་བླ་མ་ཡན་ཆད་དུ། །དབང་བཞིའི་ཆུ་བོ་མ་ནུབ་པ། །ཚད་མ་བཞི་ལྡན་དབང་བཞིའི་ལམ། །རྡོ་རྗེ་ཐེག་པའི་སྙིང་པོ་ཡིན། །ཞེས་དང་། འཇམ་དབྱངས་མཁྱེན་བརྩེས། རྗེས་འབྲངས་མཁས་དང་གྲུབ་པར་གྲགས་རྣམས་ལ། །ཐུན་མོང་གདམས་པའི་དཔལ་འབྱོར་མཐའ་ཡས་མོད། །གསང་ཆེན་སློབ་བཤད་བདུད་རྩིའི་ཐིགས་པ་འདི། །མཁས་རློམ་ཕལ་གྱི་རྣ་བའི་སྤྱོད་ཡུལ་མིན། །ཞེས་པ་ལྟར་སྙན་བརྒྱུད་ཚད་མ་བཞི་ལྡན་ཏེ། དང་པོ་སྙན་བརྒྱུད་བཞི་ནི། ཚར་ཆེན་གྱིས། དེ་ཡང་ཐོག་མར་ཚོགས་ཀྱི་འཁོར་ལོ་དང་། །རིན་ཆེན་གསེར་གྱི་མཎྜལ་ལ་སོགས་པས། །སྙན་བརྒྱུད་དང་པོའི་རྟེན་འབྲེལ་ཀུན་བསྒྲིགས་ཏེ། །སྙན་བརྒྱུད་གཉིས་པ་བྱིན་རླབས་རྗེས་གནང་བྱིན། །སྙན་བརྒྱུད་གསུམ་པ་གདམས་པའི་དངོས་གཞི་འདི། །བཀླག་ལུང་མིན་པར་ལག་ལེན་དམར་ཁྲིད་དུ། །སྦྱིན་པས་སྙན་བརྒྱུད་བཞི་པ་ཤུགས་ལས་འབྱུང་། །ཞེས་དང་པོ་བླ་མ་དང་ཆོས་སྐྱོང་ཌཱ་ཀི་མཉེས་པར་བྱས་ཏེ་སྙན་བརྒྱུད་དང་པོའི་རྟེན་འབྲེལ་ཀུན་བསྒྲིག །གཉིས་པ་དབང་བྱིན་རླབས་རྗེས་གནང་སོགས་བཀའ་ཆུ་བོའི་རྒྱུན་མ་ནུབ་པ། གསུམ་པ་མཚན་གསེར་འགྱུར་གྱི་རྩི་འདྲ་བར་གདམས་པའི་ས་རྒ་མ་ལོག་པར་བརྟེན། བཞི་པ་མོས་གུས་གཞོན་ནུ་མའི་བདེ་བ་ལྟ་བུ་ཤུགས་ལས་འབྱུང་བའི་གོ་རིམ་མ་ལོག་པར་མཛད་པའང་ཡོད་ཅིང་། གཞན་དུ་ཡོངས་སུ་གྲགས་པའི་ཚད་མ་བཞི་ལྡན་ཏེ། སཾ་བུ་ཊར། བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གི་རྗེས་འབྲངས་དེ་ཉིད་རིག །གསང་སྟོན་དེ་ཉིད་དངོས་པོ་ཡང་། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །ཞེས་ཁོག་དབུབ་ལོ་རྒྱུས་ཀྱིས་དད་པ་བསྐྱེད་པ་བླ་མ་ཚད་མ། ཉམས་ཁྲིད་ལ་ལས་སྦྱོར་སོགས་དམར་ཁྲིད་སྟོན་བཞིན་ལག་ཏུ་ཁེལ་བ་ཉམས་མྱོང་ཚད་མ། རྒྱབ་བརྟེན་མན་ངག་དཔེ་བུམ་རྣམས་ཀྱི་བསྟན་བཅོས་ཚད་མ། བཤད་ཁུངས་རྒྱུད་དང་རྒྱུད་གཞུང་རྣམས་ཀྱི་ལུང་ཚད་མ་སྟེ་བཞིའོ། །དེ་ལྟར་ཡང་ཀུན་མཁྱེན་ལྔ་པས། ཚོགས་ལས་ཁྱད་པར་གྱུར་པ་སློབ་བཤད་ཅེས། །ཟབ་པ་ལས་ཟབ་སྙན་བརྒྱུད་ཡིད་བཞིན་ནོར། །ཁའུ་བྲག་རྫོང་བསྟན་པའི་སྲོལ་འབྱེད་མཁན། །རིགས་རྣམས་ཀུན་གྱི་ཁྱབ་བདག་ཚར་པ་རྗེ། །ཞེས་སོ། ། ༈ ཕ་རྒྱུད་གསང་འདུས་ནི། གསང་བ་འགྲུབ་པར། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་འགྱུར། །སྙིང་པོ་ལས་ནི་སྙིང་པོ་མཆོག །རྒྱུད་རྣམས་ཀུན་གྱི་བླ་མའི་བླ། །ཞེས་ཆེས་ཆེར་བསྔགས་པ་ལྟར་དཔལ་གསང་བ་འདུས་པ་རིགས་དྲུག་དང་། རྒྱ་གར་དུ་འཕགས་སྐོར་དང་། ཡེ་ཤེས་ཞབས་ལུགས་གཉིས། དེ་ཉིད་བོད་ཡུལ་འདིར་སྔ་མར་བཀའ་བབས་བདུན་དང་། ཕྱི་མ་དྲུག་ཏུ་གྱུར། གཞན་ཡང་རིགས་དྲུག་ཏུ་གཏོགས་པ་དམར་ནག་འཇིགས་གསུམ་སོགས་ཤིན་ཏུ་མང་སྟེ་དགེ་ལྡན་པར་དར་རྒྱས་ཆེ། ། ༈ མ་རྒྱུད་ལ། ཧེ་རུ་ཀ །རྣམ་སྣང་། རྡོ་རྗེ་ཉི་མ། པདྨ་གར་དབང་། རྟ་མཆོག །རྡོ་རྗེ་འཆང་སྟེ་རིགས་དྲུག །ཆ་མཉམ་སྟེ་རིགས་བདུན་ཡོད་པ། བདེ་མཆོག་ལ་ལོ་ནག་དྲིལ་གསུམ། དགྱེས་རྡོར་ལ་རྡོ་རྗེ་སྙིང་པོ་སོགས་འགྲེལ་མཛད་བཅུ་གཉིས་སོགས་འཕགས་ཡུལ་དུ་བྱུང་བ་ལས་ལམ་ཡོངས་སུ་རྫོགས་པ་དྲུག་ཏུ་ངེས་ལ། བོད་ཡུལ་འདིར་མར་དང་དཔྱལ་ལོ་སོགས་ལ་བྱུང་ཡང་ཚང་བར་མ་བཤད། ཡོངས་སུ་རྫོགས་པ་དཔལ་ས་སྐྱ་པར་བཀའ་བབས་གསུམ་ལ། དང་པོ་བིཪྺ་པ་དང་ཡེ་ཤེས་མཁའ་འགྲོ་མས་དངོས་སུ་བྱིན་རླབས་ཌོམྦི་པས་བཀྲལ་བ་ཌོམྦིའི་ལུགས། སློབ་དཔོན་ཨཾ་ག་ནིའི་རྗེས་སུ་འབྲང་པའི་སློབ་དཔོན་པདྨ་བཛྲ་གྱིས་བཀྲལ་བ་འདི་མཚོ་སྐྱེས་ལུགས། སློབ་དཔོན་དམ་ཚིག་རྡོ་རྗེས་བཀྲལ་བའི་ནག་པོ་ལུགས་དང་གསུམ་ལས། བིཪྺ་པའི་ལུགས་སམ་མན་ངག་གི་ལུགས་ལྷ་དགུ་པ་ནི་གཙོ་བོ་ཉིད་དོ། ། ༈ གཉིས་མེད་དུས་ཀྱི་འཁོར་ལོ་ཞེས་རྒྱུད་སྡེ་གཞན་དང་བཤད་ཚུལ་མི་འདྲ་བ་ནི། གངས་ཅན་འདིར། འཕྲོ་ལུགས། གོ་ལུགས། རྭ་ལུགས། ས་ལུགས། ནག་ལུགས་སོགས་བཀའ་བབས་ཉི་ཤུ་བཅོ་ལྔ་བྱུང་པས། དེང་སང་རྒྱུན་ཡོངས་སུ་གྲགས་པ་ནི་བུ་ལུགས་སོ། ། ༈ མཆོད་པ་ཐམས་ཅད་ཀྱང་བླ་ན་ཡོད་མེད་གཉིས་སུ་འདུ་ལ། དེ་ཡང་ཞིང་ནི་སངས་རྒྱས་སོགས་མཆོད་པ་བླ་མ། ཚང་དབང་སོགས་ལ་མཆོད་པ་བླ་ན་ཡོད་པའོ། །བསམ་པའི་ཁྱད་པར་མཐོ་རིས་ལ་དམིགས་པ་བླ་ན་ཡོད་པ་དང་། ཐར་པ་ལ་དམིགས་པ་བླ་མ། རང་བཞིན་མེད་པའི་ཤེས་རབ་ཀྱིས་ཟིན་པ་བླ་མེད། མ་ཟིན་པ་བླ་ན་ཡོད་པ་སོགས་དབྱེ་བ་མང་ངོ་། །དུས་འཁོར་རྩ་རྒྱུད་ཀྱི་དུམ་བུ་བླ་མའི་དགོངས་པ་ཡོན་ཏན་ཡོངས་སུ་བཟུང་བ་ལས། ཉེ་དུ་འབྲེལ་པ་ཤུལ་ན་གནས་པ་ཡི། །གཤིན་གྱི་དུས་སུ་དགེ་བ་གང་བྱས་པའི། །རྣམ་པར་སྨིན་པ་བས་ཕྱིར་བེའུ་བཞིན། །གང་དུ་སྐྱེས་བ་དེ་ཡི་རྗེས་སུ་འབྲང་། །དེ་བཞིན་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་པས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་སྙོགས་པར་འགྱུར། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསགས་པའི་སྡིག་པ་རབ་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོ་མིག་བྲལ་སྲོག་ཉམས་ལ། །མིག་སྲོག་བྱིན་ཀྱང་དེ་ཡི་དཔེར་མི་ཕོད། །དེ་རྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ནས། །བསྐལ་བར་གྲངས་མེད་བསགས་པའི་སྒྲིབ་པ་ཡང་། །མུན་པར་ཉི་མ་ཇི་བཞིན་མ་ལུས་སེལ། །ཞེས་སོ། །པཎ་ཆེན་ཤཱཀྱ་ཤྲཱིས། མངོན་བྱང་ཆུབ་དང་ཆོས་འཁོར་བསྐོར། །ལྷ་བབས་ཆོ་འཕྲུལ་ཆེན་པོ་སྟེ། །དད་ལྡན་བསོད་ནམས་གསོག་བྱེད་པས། །ཁྱད་པར་ཅན་གྱི་དུས་ཆེན་ཡིན། །ཞེས་ས་ག །ཆུ་སྟོད། མཆུ། དབྱུག་པ་ཟླ་བ་བཞིའོ། ། ༈

དུས་འཁོར་དབང་ལེར། ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ་གཉིས་ཀྱིས་བསྒྱུར་བའི་བཅུ་ཡི་དཔངས་དང་སོར་གཉིས་དག་གི་མཆུ། །དུག་གི་མགྲིན་པ་སོར་བརྒྱད་ཁ་དེར་རི་བོང་འཛིན་པ་ལྟར་དཀར་ཞི་རྒྱས་པའོ་གཞན་ལ་མིན། །ཞེས་ཁྲུས་བུམ་དང་རྣམ་བུམ་སོགས་རྒྱར་སོར་བཅུ་དྲུག །དཔངས་ལ་ཉི་ཤུ། མགྲིན་པར་དྲུག །ཁ་སོར་བརྒྱད་དུ་བྱས་པའི་གསུམ་ཆ་གཉིས་པ་ལ་བུག་པ་ཡོད་པ། མཆུ་སོར་གཉིས་པ་འཕྱང་བ་རྒྱས་པ་སོགས་ལས་བཞིའི་མཚན་མ་ཡོད་པ་སྟེ་སྔ་ཐོག་ཏུ་རེ་གཉིས་ཡོད་རུང་། འཕགས་པ་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་སྐབས་བྱ་བ་སླ་ཕྱིར་ལྟོ་བར་ངང་པའི་རྐེ་འདྲ་བའི་མཆུ་དང་། མཛེས་བཅོལ་བའི་ཞབས་ར་སོགས་དར་བ་ཡིན་ནོ། ། ༈

Footnotes

Other Information