བཤེས་གཉེན་ལ་སྤྲིང་བའི་གཏམ་ཐེག་པའི་འཁྲི་ཤིང་།

From Khyentse Lineage - A Tsadra Foundation Project
JKW-KABUM-02-KHA-001-015
Wylie title bshes gnyen la spring ba'i gtam theg pa'i 'khri shing JKW-KABUM-02-KHA-001.pdf
Location mkhyen brtse'i bka' 'bum
Volume 2, sde tshan 1, Text 15, Pages 48-52 (Folios 24b2 to 26b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. bshes gnyen la spring ba'i gtam theg pa'i 'khri shing. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 2: 48-52. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Discourses - gtam

1 Texts in this Section (sde tshan or chos tshan)

[edit]
བཤེས་གཉེན་ལ་སྤྲིང་བའི་གཏམ་ཐེག་པའི་འཁྲི་ཤིང་ཞེས་བྱ་བ། འཇི༷གས་བྲལ་འགྱུར་བདེའི་མཐའ་ལས་འདས་པའི་ཟུང་འཇུག་འཕོ་མེ༷ད་ཆུ་སྐྱེས་གསར། །བསོ༷ད་ན༷མས་ཡེ་ཤེས་ཚོགས་གཉིས་ཉིན་བྱེད་འཛུམ་པའི་རྟགས་ཀྱི་སོར་མོ་ཡིས། །ཉེར་ཕྱེད་དེ་ཚེ་རྣམ་ཀུན་མཆོ༷ག་ལྡ༷ན་འཁྱུད་རྒྱས་རོལ་པའི་བཅུད་ལེན་ཅན། །མཚུངས་བྲལ་བཤེས་གཉེན་སྲིད་དང་ཞི་བའི་ཐོར་ཚུགས་རྩེ་མོར་རྒྱལ་གྱུར་ཅིག ༡ །གཙུག་ཏོར་དྲྭ་བ་མཛེས་པའི་དོག་པ་རྣམ་པར་བྲལ་ཡང་སོར་མོ་ཡིས། །དེ་མཚོན་གདེངས་ཀ་གྱེན་དུ་ཕྱོགས་པའི་ཨུཏྤལ་དམར་པོའི་དཔེ་ཟླ་ཅན། །རབ་གུས་གདུང་བའི་ཡིད་ཀྱི་དབང་གྱུར་ཉེ་བར་གསོལ་བའི་ཚིག་གི་ཕྲེང་། །སྙན་པ་བྲལ་མོད་རང་བཞིན་ཉིད་དུ་དད་པས་བརྗོད་འདི་དོན་གྱིས་ལྕི། ༢ །ཟླ་བའི་ཐོད་ཅན་འཛུམ་ཟེར་རལ་པ་བདེ་འབྱུང་དབང་པོའི་མཐུ་མ་ཡིན། །ཚུལ་མིན་མྱོས་ལྡན་མཚམས་སྤྲིན་བཞིན་མདངས་འདོད་འགྲོའི་འཇོ་སྒེག་གིས་བསླུས་མིན། །དེ་ལྟར་ན་ཡང་སྔོན་སྨོན་གྱིས་བསྐྲུན་བློ་གྲོས་གཏེར་ལྡན་དེ་དབང་དུ། །སོང་བ་གང་ཞིག་བདེན་པ་གཉིས་ཀྱི་ཆོས་ཚུལ་རྒྱ་མཚོའི་སྙིང་པོ་ཉིད། ༣ །བཅད་ལྷུག་སྤེལ་བའི་ཉམས་བརྒྱས་རབ་སྒེག་སྙན་པར་སྨྲ་བའི་འཛམ་བུའི་ཤིང་། །རང་བཞིན་རྐྱེན་དང་རྣམ་འགྱུར་གྱིས་མཚོན་འབྲས་བུར་སྨིན་པའི་དོག་པ་ནི། །བསྒྱུར་བགོད་འཕྲི་བསྣན་རི་མོའི་འགྲོས་ལྡན་མ་དྲོས་རླབས་ཀྱིས་བཟུང་བ་ལས། །རིག་པའི་གནས་ཀུན་སྨྲ་བའི་ཁྱུ་མཆོག་སུཪྺཎ་ཡི་དཔེ་ཟླར་བསྒྲུབས། ༤ །གང་ན་སྤོང་བདུན་འཁོར་བཅས་ཆུ་གཏེར་བསྲུབས་ལས་འཐོན་པའི་རིག་གྲོལ་ཟླ། །བཅས་དང་རང་བཞིན་དོན་ལ་མི་འགལ་ངེས་པར་འབྱུང་བའི་རི་དྭགས་ཅན། །སྲིད་པའི་སྡུག་བསྔལ་ཁོང་བུར་དབུགས་འབྱིན་ཞི་བདེའི་ངལ་བསོའི་འཛུམ་ཟེར་གྱིས། །འཇུག་སྒོ་ཐོག་མའི་ཀུནྡཱའི་འབབ་སྟེགས་ཡོངས་སུ་ཕྱེ་ཕྱིར་ལྷགས་པ་བཞིན། ༥ །ཡིད་ནི་གཞན་ལ་ཕན་པའི་འཁྲི་ཤིང་དམ་པ་ཉིད་དུ་ཆགས་པ་ལས། །སྨོན་འཇུག་སེམས་ཀྱི་པདྨ་དཀར་པོའི་ལ་ཐོད་མཛེས་པའི་བསིལ་ཡབ་དེས། །དམན་པའི་བློ་ཅན་སྲས་བཅས་རྒྱལ་བའི་གྲིབ་བསིལ་མཆོག་ཏུ་དེས་སྦྱར་ཏེ། །ཆེན་པོ་བདུན་ལྡན་ཐེག་པའི་དྲྭ་བར་ངལ་བསོའི་དབུགས་རབ་འབྱིན་བར་གྱུར། ༦ །ཁྱད་པར་དུ་མས་མངོན་པར་འཕགས་པའི་བླ་མེད་རྡོ་རྗེའི་མཚན་དོན་ལ། །ཉེ་བར་གནས་པས་མི་ཕྱེད་བརྟག་དཀར་དཔལ་ལྡན་མྱུར་བའི་ཤུལ་ལམ་དོར། །སྨིན་བྱེད་ཀྱིས་གཞུག་དམ་ཚིག་གྲོགས་བཅས་རིམ་གཉིས་འདེགས་འཇོག་བསྒྱུར་བ་ཡིས། །ཁ་སྦྱོར་བདུན་ལྡན་རིན་ཆེན་གླིང་ཕྱིན་རྟག་ཁྱབ་ལྷུན་གྲུབ་རོལ་པས་སྤྱོད། ༧ །དེ་ལྟའི་ཐེག་གསུམ་ཡིད་བྱེད་ལས་འདས་མངོན་སུམ་སྙིང་ཏིག་བདུད་རྩིའི་གཏེར། །གསང་སྔགས་རིགས་ཅན་ལྷ་རྣམས་ཀུན་ལ་བགོ་བཤའ་བྱེད་མོད་ཡང་དག་པའི། །ངེས་ཤེས་བརྟན་ལྡན་སྒྲ་གཅན་ཕྲག་དོག་རྣམ་པར་བཏུད་པའི་དཔལ་དེ་ཡིས། །མི་ཤིགས་འཕོ་ཆེན་བདེ་བའི་རྡོ་རྗེར་འཆི་མེད་སྲོག་གི་ཀ་བ་བཙུགས། ༨ །བྱུང་གནས་འགྲོ་གསུམ་རྟོག་པས་མ་བཅིངས་བརྗོད་མེད་ལྷན་སྐྱེས་ཡེ་ཤེས་ནི། །གཟོད་མ་ཉིད་ནས་གྲུབ་པ་ལས་འདས་གཞི་གྲོལ་ཀ་དག་ལྟ་བའི་ཀློང་། །རིག་གདངས་སྒྲོན་བཞིའི་རོལ་པས་མངོན་སྤྲུལ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྦུབས། །དབྱེར་མེད་འདྲེས་ལས་རོ་གཅིག་ལྷུན་གྲུབ་འོད་གསལ་འདུས་མ་བྱས་དབྱིངས་ཐིམ། ༩ །དེ་ལྟར་རིམ་འཇུག་ཐེག་པའི་མཆིལ་པ་རྣོན་པོའི་དབང་དུ་བྱས་པ་ཡིས། །ཀུན་ནས་དུལ་གྱུར་སེམས་ཀྱི་གཉིས་འཐུང་རྫོགས་པ་ཆེན་པོའི་གཙུག་ཏོར་ཅན། །ཁྱོད་གཅིག་ཐར་པའི་ས་འཛིན་དབང་པོར་རྣམ་པར་བཤེས་པའི་བརྟུལ་ཞུགས་དེར། །རྗེས་སུ་བསྔགས་ཏེ་ཆོས་ཀྱི་གླེང་མོ་ཅུང་ཟད་མགྲིན་པའི་རོལ་མོར་འཁྲོལ། ༡༠ །ནང་གི་དེ་ཉིད་བསམ་གྱིས་མི་ཁྱབ་ཆོས་ཀུན་གཟིགས་པའི་རྡུལ་བྲལ་སྤྱན། །འཇམ་དཔལ་གཞོན་ནུར་མངོན་པར་འགྲུབ་པའི་ཀུན་མཁྱེན་དེ་ཡིས་རྗེས་བཟུང་བའི། །གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྣལ་འབྱོར་མཆོག་གི་ཕྱག་རྒྱ་ཡིས། །རྗེས་སུ་སྐྱོང་ཁྱོད་གཞན་དུ་དཀོན་མཐོང་ཡང་དག་བཤེས་སུ་ངེས་པ་རྙེད། ༡༡ །འདིར་གནས་རྨོངས་པའི་ཚོན་རིས་སྟུག་པོ་འགོག་པ་མེད་པར་ཤར་བ་ལ། །གང་གང་འཛིན་པའི་རིག་ཤེས་རྗེས་འགྲོ་ཆོས་ཚུལ་བཟུང་བའི་བུས་པ་ཡང་། །ཡང་དག་བསྟན་དང་སྟོན་པ་སྤྱི་དང་ཁྱད་པར་སྔ་འགྱུར་ཡོ་ག་གསུམ། །ཚུལ་དེར་རབ་དད་སྐྱབས་གསུམ་འཛིན་པའི་གདུགས་ཀར་ཁོང་བུར་ངལ་བསོ་ཐོབ།༡༢ །བདག་ཅག་འདྲེན་པ་ཐམས་ཅད་མཁྱེན་ཞབས་འཇི༷གས་མེ༷ད་བློ༷་ལྡ༷ན་རྒྱ༷་མཚོ༷་ཡིས། །དཔལ་གྱི་མགུར་ལས་ཆོས་ཚུལ་ཟད་མེད་རོལ་མོར་འཁྲོལ་བ་རྗེས་མཚོན་སླད། །འཁོར་བ་ལས་སྒྲོལ་དུས་གསུམ་རྒྱལ་ཡུམ་ཡོན་ཏན་ནོར་བུའི་ཟ་མ་ཏོག །གང་ལ་རབ་བསྔགས་ཟུང་གིས་བརྒྱན་པའི་ཕྲེང་བ་འདི་ཉིད་དབུལ་བར་བགྱི། ༡༣ །སླད་མའི་ཆར་ཡང་ནང་གི་དེ་ཉིད་དཔྱིད་དང་ཐིག་ལེ་མཉམ་སྦྱོར་བའི། །བདེ་སྟོང་ཡོན་ཏན་ཕྱི་རོལ་ལ་སྨིན་ས་བཅུ་རྒྱུན་མཐར་ཞུགས་ཀྱི་བར། །ཚུར་མཐོང་སྐལ་བཟང་འགྲོ་བའི་སྤྱོད་ཡུལ་གདན་གསུམ་མི་འགྱུར་རྟག་པའི་མཐུས། །ཨཽ་ཌཱིའི་ཡུལ་ལྟར་སྔགས་རིག་གྲུབ་པའི་ཧེ་རུ་ཀ་ཡིས་ཀུན་བཟང་སྨོན། ༡༤ །དེ་སྐད་གསོལ་བ་ཀུན་མཁྱེན་རྗེ་དེའི་བྱིན་རླབས་སྙིང་དབུས་སིམ་པ་ལས། །དད་པའི་རྟོག་པ་ཕྱོགས་ཙམ་མཆིས་དེའི་ཚུལ་གནས་ཐོས་བསམ་སྒོམ་གསུམ་ལ། །སྨོན་པའི་བློ་ཅན་འཇིགས་མེད་མཁྱེན་བརྩེའི་མྱུ་གུ་ཞེས་བགྱི་གཞོན་ནུ་དེས། །སྤྲིང་བ་འདིས་མཐུས་ཐུགས་ཡིད་འདྲེས་པའི་བསམ་སྦྱོར་ཡང་དག་འགྲུབ་གྱུར་ཅིག ༡༥ །སརྦ་ས་མནྟ་ཤུ་བྷཾ་ཛ་ཡནྟུ།། །། ༈

Footnotes

Other Information