ནགས་ཚལ་གྱི་གཏམ་གཞི་ལམ་འབྲས་བུའི་སྣང་བྱེད།

From Khyentse Lineage - A Tsadra Foundation Project
JKW-KABUM-02-KHA-001-014
Wylie title nags tshal gyi gtam gzhi lam 'bras bu'i snang byed JKW-KABUM-02-KHA-001.pdf
Location mkhyen brtse'i bka' 'bum
Volume 2, sde tshan 1, Text 14, Pages 43-48 (Folios 21b6 to 24b2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. nags tshal gyi gtam gzhi lam 'bras bu'i snang byed. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 2: 43-48. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Discourses - gtam

1 Texts in this Section (sde tshan or chos tshan)

[edit]
ནགས་ཚལ་གྱི་གཏམ་གཞི་ལམ་འབྲས་བུའི་སྣང་བྱེད་ཅེས་བྱ་བ། རང་བྱུང་རིག་པའི་ཀློང་སྤྲོས་པ་དང་བྲལ་བ་ལ་ཕྱག་འཚལ་ལོ། །དེ་ཡང་ནགས་ཚལ་མཐོང་ན་དགའ་ཞེས་བྱ་བ་ན། སྤང་ལྗོངས་གསེར་གྱི་མཎྜལ་ཕྱིས་པ་ལྟ་བུའི་ངོགས་སུ། འབབ་ཆུ་སྣ་ཚོགས་ལྷུང་ལྷུང་དུ་འབབ་ཅིང་གཞོལ་བ་ཕྱོགས་མཚམས་ཀུན་ཏུ་རི་དྭགས་རྣམས་བག་ཕབ་པར་རྒྱུ་ཞིང་ཕན་ཚུན་གཅིག་ཏུ་རྩེ་བ། ལྷའི་བྱ་ཚོགས་བཞིན་རས་པུཎྜ་རཱི་ཀའི་ཆུན་པོ་ལ་ཡན་ལག་པདྨའི་སྣལ་མ་ལྟར་ཕྲ་བ། སྤུ་སྡུག་ཨུཏྤལ་གསར་པ་ལྟར་མཛེས་ཤིང་། མགྲིན་པའི་སྒྲ་སྐད་དྲི་ཟའི་གླིང་བུ་ལྟར་མཉན་ན་ཆོག་མི་ཤེས་ཤིང་ཡིད་དུ་འོང་བར་སྒྲོག་པ་དང་། དེ་བཞིན་དུ་སྦྲང་རྩིའི་བཅུད་ཀྱིས་མྱོས་པའི་བུང་བ་གཞོན་ནུ་སྙན་པའི་གླུ་དང་། དགའ་བའི་གཤོག་རླབས་བསྒྱུར་བ་སོགས་དབེན་པའི་གནས་ཤིན་ཏུ་ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བ་ཞིག་ཡོད་དོ། །དེར་ཐབས་གཅིག་ཏུ་རང་བྱུང་སྒྱུ་མའི་རྣལ་འབྱོར་པ་ཡུལ་སྣང་བརྡ་དང་དཔེ་ཆར་ཤར་ཞིང་། ཀུན་རྟོག་ལྷའི་ཕྱག་རྒྱར་རྩལ་རྫོགས་པས་དག་པའི་འཁོར་ལོ་འབྱམས་སུ་ཀླས་པར་ཤར་བའི་རིག་པའི་ཟླ་བ་ཞེས་བྱ་བ་ཞིག་ལྷགས་པ་ན། ལྷའི་བྱ་དྲིལ་བུའི་སྒྲ་ཅན་བྱ་བ་ཞིག་གིས། སྣང་བ་འདི་ནི་ཀུན་ཏུ་བརྟགས་པ་སྟེ། །གཞན་དབང་འཁྲུལ་པར་སྤྱོད་བཞིན་སྲེད་པ་འཕེལ། །ཡོངས་གྲུབ་རིག་པའི་ཟླ་བའི་ངོ་བོ་ཉིད། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན། །ཞེས་བསྐུལ་བ་དང་རིག་རྩལ་གྱི་ཉམས་ལྷག་པར་འབར་ཏེ། བདེ་སྟོང་ཆུ་འཛིན་སྤྲིན་སྐྱེས་གཞོན་ནུའི་དབྱངས་རྟ་ལ་དྲངས་ཏེ་འདི་སྐད་ཅེས་བཞེངས་སོ། །ཨེ་མ་ཧོ། རྟག་པ་མ་ཡིན་ངོ་བོ་སྤྲོས་པ་བྲལ། །ཆད་པ་མ་ཡིན་རང་བཞིན་འགག་པ་མེད། །ཐ་དད་མ་དམིགས་གང་ཤར་རང་ངོར་གྲོལ། །སྣང་བའི་ངོ་རུ་སྣ་ཚོགས་སྣང་བ་ཀུན། །འདུས་པའི་འཁོར་ལོར་འབྱམས་སུ་ཀླས་བ་ཉིད། །རིག་པའི་གཤིས་སུ་དེར་འཛིན་མ་གྲུབ་པས། །སོར་རྟོག་ཤེས་རབ་རྩལ་ལས་སྣ་ཚོགས་ཤར། །འདི་ན་རྣམ་པར་བཀོད་པའི་ས་གཞི་དང་། །ནགས་ཚལ་སྨན་ལྗོངས་དྲྭ་བས་མཛེས་བྱས་ཤིང་། །རྩྭ་ལྗང་མྱུ་གུ་སྔོན་མོའི་རེག་བྱ་ལ། །ཡིད་འོང་པདྨ་གསར་པའི་ཐིག་ལེ་གཡོ། །ལྷུང་ལྷུང་དལ་གྱིས་འབབ་པའི་སྒྲ་སྐད་ལས། །མཉན་ན་ཆོག་མི་ཤེས་པའི་གླིང་བུ་དང་། །འདབ་ཆགས་རི་དྭགས་བག་ཕེབས་རབ་ཏུ་རྩེ། །སྦྲང་རྩིས་མྱོས་པའི་བུང་བ་གཞོན་ནུ་སོགས། །ངོ་མཚར་བཀོད་པ་རྣམ་པར་བཀྲ་བ་ཡང་། །ཕྱི་ལྟར་ཐ་དད་གཟུགས་ཀྱི་མཚན་མ་དང་། །ནང་ལྟར་རྡོ་རྗེའི་གླུ་ཡི་ངོ་བོ་ཉིད། །གསང་བ་ཡེ་ཤེས་ཆེན་པོའི་སྙིང་པོ་ཅན། །ལུགས་འབྱུང་སྲིད་པར་འཁྲུལ་པའི་བག་ཆགས་ནི། །ལུགས་ལྡོག་དག་པའི་རྩལ་མཆོག་འབའ་ཞིག་གོ །ཞེས་ཆེད་དུ་བརྗོད་མ་ཐག་ཏུ། བེམ་པོའི་ངང་ཚུལ་དག་ཀྱང་བདེ་ཆེན་གྱི། །རྣམ་པ་བྲལ་བའི་མཛེས་མས་འཁྱུད་པ་ལས། །རྣམ་བཅས་བདེ་སྟོང་ཡེ་ཤེས་ཆེན་པོའི་སྒྲ། །ཆོས་ཁམས་རྒྱ་མཚོར་སྨིན་པ་འདི་ལྟར་རོ། །ལྗོན་ཤིང་གི་རྩ་བ་ནས་འདུས་པའི་ཁྲིམས་ཀྱི་གཞི་རྣམ་པར་དག་པའི་གླུ་འདི་བྱུང་ངོ་། །ཨེ་མ། དམ་ཆོས་ཀུན་གྱི་དེ་ཉིད་འདི་ཡིན་ཏེ། །ལམ་དང་སྤྱོད་པ་རྒྱ་མཚོའི་གཞིར་གྱུར་ཅིང་། །བཅུ་བདུན་བླང་བྱའི་སྙིང་པོ་དང་ལྡན་པ། །འདུལ་ཁྲིམས་རྒྱ་མཚོའི་རྩ་བ་ཡིན་ཕྱིར་རོ། །ལོ་འདབ་དྲི་བཞོན་གྱིས་བསྐུལ་བ་ལས་སྲུང་སྡོམ་ལམ་གྱི་སྒྲ་འདི་བྱུང་ངོ་། །གཞན་གནོད་གཞིར་བཅས་ཡོངས་སུ་སྤངས་པ་ཡི། །ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཀྱི་མངོན་རྟོགས་ནི། །སྲིད་ལས་ངེས་པར་འབྱུང་བའི་གྲིབ་བསིལ་ཅན། །རིགས་བདུན་འདུལ་བའི་ལོ་འདབ་རབ་ཏུ་གཡོ། །མེ་ཏོག་དང་འབྲས་བུ་ལས་དྲི་བསུང་དང་འགྲོགས་པའི་འབྲས་བུའི་སྒྲ་འདི་བྱུང་ངོ་། །བསླབ་བྱ་ངེས་པར་སྤྱད་པའི་སྙིང་པོ་ནི། །འཁོར་བའི་དགྲ་བཅོམ་མེ་ཏོག་མདའ་ཅན་འཇོམས། །ཞི་བསིལ་ལྷ་མིར་བཅས་པས་བསྟེན་བྱའི་ཡུལ། །འབྲས་བུ་སྲིད་ལས་རྣམ་པར་གྲོལ་བའོ། །མེ་ཏོག་གི་རྩ་བ་ནས་བྱང་སེམས་ཀྱི་ངེས་པའི་གཞི་སྟོན་པར ་བྱེད་པའི་སྒྲ་འདི་བྱུང་ངོ་། །གཞན་ཕན་ཀུནྡཱར་ཆགས་པའི་ཟླ་ཟེར་ཡང་། །ངོ་བོ་སྟོང་པ་ཉིད་ལས་རབ་སྐྱེས་ཤིང་། །དོན་གྱིས་སྲིད་ཞི་མཉམ་པར་སྦྱོར་བའི་ཕྱིར། །ཚད་མེད་བཞི་ཡི་རྩ་བ་ཉིད་ཡིན་ནོ། །ལོ་འདབ་ཀྱི་འཕྱང་འཕྲུལ་རྣམ་པར་གཡོ་བ་ལས་སྨོན་འཇུག་ལམ་གྱི་ཚིགས་སུ་བཅད་པ་འདི་དག་བྱུང་ངོ་། །སྨོན་པ་བདག་གཞན་མཉམ་བརྗེ་གཅེས་པ་སྟེ། །འགྲོ་ཀུན་དུས་གསུམ་དྲིན་དང་ལྡན་བའི་ཕྱིར། །སྲོག་ཀྱང་འདོར་ཕོད་སྙིང་སྟོབས་བསམ་པ་ནི། །ཤིན་ཏུ་བརླིང་བར་བྱས་པའི་ཡལ་ག་ལ། །ཆོས་དང་ཟང་ཟིང་མི་འཇིགས་སྦྱིན་པའི་ལམ། །སྤང་འཇུག་གཞན་ཕན་ཚུལ་ཁྲིམས་ཕ་རོལ་ཕྱིན། །གནོད་དང་ཆོས་དང་ཆོས་ཉིད་ཟབ་མོ་བཟོད། །དགེ་ལ་སྤྲོ་བཞིན་རབ་འཇུག་མི་ཞུམ་བརྩོན། །ཞི་ལྷག་ཟུང་འབྲེལ་མཉམ་ཉིད་ཏིང་འཛིན་བསྒོམ། །ཐོས་བསམ་སྒོམ་པའི་ཤེས་རབ་ཟབ་མོ་བསྐྱེད། །དེ་ལྟར་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ། །གཅིག་ཏུ་བརྩོན་པའི་ལོ་འདབ་རབ་གཡོ་བར། །རང་གཞན་འཁོར་བའི་ཚ་གདུང་སེལ་བར་བྱེད། །ཅེས་སོ། །ཡང་འབྲས་བུ་ལ་ཟུང་འཇུག་གི་གོ་འཕང་སྟོན་ཕྱིར་འདི་སྐད་ཅེས་བྱུང་ངོ་། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ལ་ཆགས་པའི། །འབྲས་བུ་ཚོགས་གཉིས་ཟུང་འཇུག་ངོ་བོ་ཡིས། །ཆོས་དང་གཟུགས་སྐུའི་རང་བཞིན་ཐོབ་བགྱིད་པ། །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་ནོར་བུ་ཡིན། །ཞེས་སོ། །དེ་ཡི་ཚེ་དྲེགས་པས་མྱོས་པའི་བུང་བ་གཞོན་ནུ་དག་སྦྲང་རྩིའི་བཅུད་ལ་རོལ་བཞིན་པར་གཟུངས་སྔགས་རྡོ་རྗེ་ཐེག་པའི་གཞིའི་གནད་གསང་སྟོན་པའི་གླུ་འདི་སྐད་ཅེས་བླངས་སོ། །འཁོར་འདས་གང་དུའང་མ་གྲུབ་གཞི་ཡི་དངོས། །འཁྲུལ་གྲོལ་ལས་འདས་ཀུན་བྱེད་མེ་ལོང་ངོགས། །སྣ་ཚོགས་སྣང་བའི་འཆར་སྒོ་གཉིས་འཛིན་དུ། །བཟུང་བས་མཐའ་མེད་འཁོར་བའི་རྒྱ་མཚོ་བྱུང་། །དེ་ཉིད་རང་ངོར་རིག་པའི་སྐད་ཅིག་མར། །ཁྱད་ཆོས་དྲུག་ལྡན་ཀུན་ཏུ་བཟང་པོའི་ཀློང་། །མངོན་པར་བྱང་ཆུབ་སྲིད་ཞི་ཡོངས་ཀྱི་དཔལ། །ཕཊ། བཀྲ་ཤིས། ཧ་ཧ་ཧ་སྐྱགས་གཏད་མེད་བྷྱོ། །སྣོད་བྷྱོ། ཡག་བྷྱོ།། །། ༈

Footnotes

Other Information