བཅོམ་ལྡན་འདས་རྟ་མཆོག་རོལ་པ་ལ་བསྟོད་པ་གྲུབ་གཉིས་རོལ་མོ།

From Khyentse Lineage - A Tsadra Foundation Project
JKW-KABUM-01-KA-002-021
Wylie title bcom ldan 'das rta mchog rol pa la bstod pa grub gnyis rol mo JKW-KABUM-01-KA-002.pdf
Location mkhyen brtse'i bka' 'bum
Volume 1, sde tshan 2, Text 21, Pages 119-120 (Folios 31a1 to 31b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. bcom ldan 'das rta mchog rol pa la bstod pa grub gnyis rol mo. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 1: 119-120. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Verses of Praise - bstod pa
Deity rta mchog rol pa
Colophon

ཅེས་ལྷག་པའི་ལྷ་མཆོག་གར་གྱི་དབང་ཕྱུག་ལ་བསྔགས་པའི་མེ་ཏོག་ཕྲ་མོ་འདིའང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བཞི་པར་འཐོར་བ་ཛ་ཡནྟུ།།

ces lhag pa'i lha mchog gar gyi dbang phyug la bsngags pa'i me tog phra mo 'di'ang gzhon nu a b+hA yas rang lo bcu bzhi par 'thor ba dza yan+tu

1 Texts in this Section (sde tshan or chos tshan)

[edit]
བཅོམ་ལྡན་རྟ་མཆོག་རོལ་པ་ལ་བསྟོད་པ་གྲུབ་གཉིས་རོལ་མོ་ཞེས་བྱ་བ་བཞུགས་སོ། །གང་ཞིག་བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །གཟུང་འཛིན་ཡུལ་དང་མཛའ་བ་མ་ཡིན་ཀྱང་། །སྣ་ཚོགས་རྟོག་པའི་རྗེས་མཐུན་སྒྱུ་འཕྲུལ་གར། །འདི་ན་དྲག་ཤུལ་ཆོ་གའི་བྱེད་པོར་དབྱེ། ༡ །རབ་འབར་ཉི་གཞོན་འཆར་ཀའི་ལང་ཚོ་ལ། །གར་དགུའི་ཕྱག་རྒྱས་དཔའ་བའི་ཡེ་ཤེས་སེམས། །མཚན་དཔེའི་སྣང་བརྙན་མཐོང་བའི་དགའ་སྟོན་གྱིས། །གྲུབ་གཉིས་བདུད་རྩིའི་དཔལ་སྟེར་ཁྱོད་ལས་སུ། ༢ །གཙུག་ཏོར་ནོར་བུའི་འཁྲི་ཤིང་ལ་མཚན་པའི། །མགྱོགས་འགྲོའི་བཞད་ཞལ་གཡོ་བའི་བརྟུལ་ཞུགས་དང་། །རབ་འགྲོགས་ཧ་ཧིའི་གད་རྒྱང་སྒྲོག་པ་ཡིས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་དུས་གཅིག་སྦྱིན། ༣ །གདོད་ནས་ཀུན་རྟོག་ཚུལ་ལས་རིང་འདས་པའི། །རྣམ་ཐར་གསུམ་ལྡན་སྟོང་ཉིད་མཛའ་ན་མོ། །རབ་འབར་སྙིང་རྗེའི་ལང་ཚོ་ལ་ཆགས་ན། །ཕན་བདེའི་སྣང་བ་འགུགས་པའི་བྱེད་པོར་གྲུབ། ༤ །བྱང་སེམས་ཤར་གྱི་ཐིག་ལེས་དཀྲིས་པའི་འོད། །ཀུན་ཏུ་ཞི་བའི་དཔལ་གྱི་དུམ་བུ་ཡང་། །དབང་དྲག་བྱིན་ཟས་འཁྱུད་པའི་མངོན་རྟོགས་ཀྱིས། །ལོག་འདྲེན་ཚོགས་ཀུན་བསྲེགས་པ་འདི་ཅི་ཞིག ༥ །ཤིན་ཏུ་དཔག་དཀའི་ཡོན་ཏན་ཀུན་གསལ་མཐའ། །གསེར་གྱི་མངལ་ཅན་བློས་ཀྱང་འཆིང་ནུས་ཀྱི། །གོ་སྐབས་གཞན་དུ་གྱུར་པའི་གནས་མཐོང་ན། །གྱི་ནའི་རྟོག་པས་གཞལ་བར་སྨོས་ཅི་འཚལ། ༦ །གང་ཞིག་སྣ་ཚོགས་འཁྲུལ་པའི་རླབས་ཕྲེང་ནི། །བསམ་གྱིས་མི་ཁྱབ་གཡོ་བའི་རོལ་མཚོ་ཆེར། །སྡུག་བསྔལ་གསུམ་གྱི་ཆུ་སྲིན་གྱིས་བཅིངས་པ། །ཁྱོད་མཚན་ནོར་བུའི་གདེངས་ཀས་ཡོངས་སུ་བཅིལ། ༧ །དེ་ན་ཁྱེད་ཤེས་དད་པའི་དྲི་བཞོན་གྱིས། །རྣམ་པར་རྩེན་པའི་ཐུགས་རྗེའི་ཆུ་ཁུར་ལས། །མཆོག་ཐུན་ཟླ་བའི་བདུད་རྩི་ཞུ་བ་ཡིས། །གཟུང་འཛིན་མེ་ལྕེའི་དོ་ཤལ་མནལ་གྱུར་ཅིག ༨ །ཅེས་ལྷག་པའི་ལྷ་མཆོག་གར་གྱི་དབང་ཕྱུག་ལ་བསྔགས་པའི་མེ་ཏོག་ཕྲ་མོ་འདིའང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བཞི་པར་འཐོར་བ་ཛ་ཡནྟུ།། །། ༈

Footnotes

Other Information