ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གསང་བའི་རྒྱ་ཅན།

From Khyentse Lineage - A Tsadra Foundation Project
JKW-KABAB-18-TSHA-001
Wylie title tshe sgrub bai ro'i thugs tig gsang ba'i rgya can JKW-KABAB-18-TSHA-001.pdf
Location mkhyen brtse'i bka' babs
Volume 18, Text 1, Pages 1-7 (Folios 1a to 4a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People བཻ་རོ་ཙཱ་ན་ (Bai ro tsa na)
Citation 'jam dbyangs mkhyen brtse'i dbang po. tshe sgrub bai ro'i thugs tig gsang ba'i rgya can. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 1-7. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Bön Texts - bon po  ·  Longevity Rituals - tshe sgrub
Cycle ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་ (tshe sgrub bai ro'i thugs tig)
Karchag page JKW-KABAB-Volume-18-TSHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-THI-003
Colophon

མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱི་གསང་གཏེར་ཟབ་མོ་ཤིན་ཏུ་གསང་ངོ་༔

mi shigs g.yung drung 'byung gnas rtsal gyi gsang gter zab mo shin tu gsang ngo

[edit]
༄༅། དྷཱི ཚེ་སྒྲུབ་བཻ་རོའི་ཐུགས་ཏིག་གསང་བའི་རྒྱ་ཅན་བཞུགས་སོ༔ ༄༅༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༔ སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དཔལ་བསམ་ཡས་མཆིམས་ཕུ་བྲེ་གུའི་ཀེའི་ཚང་ན་བཞུགས་པའི་སྐབས༔ ལོ་ཙཱ་བ་བཻ་རོ་ཙ་ན་འཁོར་ཡུག་འོད་གསལ་གྱི་ངང་དུ་མཉམ་པར་བཞག་པའི་སྤྱན་སྔར་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས་མཆིས་ཏེ་གསེར་གྱི་མཎྜལ་ཕུལ་ནས་ཚེ་སྒྲུབ་ཀྱི་གདམས་པ་ཟབ་ལ་འདྲིལ་བ་ཞིག་ཞུས་པས་འདི་གནང་ངོ་༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ གཡུང་དྲུང་ཚེ་ཉིད་བསྒྲུབ་འདོད་ན༔ མ་རྡལ་མདའ་གང་གྲུ་བཞི་པ༔ སྨན་དང་སྤོས་ཀྱི་ཆག་ཆག་གདབ༔ ཚེ་ཡི་ཕོ་བྲང་ཟླ་གམ་དབུས༔ གཏའ་ཆེན་བདུད་རྩི་ཚེ་འབྲང་དང་༔ དངོས་གྲུབ་ཚོགས་རྫས་མཆོད་པ་བཤམ༔ ཡུལ་ས་གཞི་བདག་དབང་དུ་བསྡུ༔ གཏོར་མ་བྱིན་ལ་བཀའ་བསྒོ་བཅོལ༔ བགེགས་བསྐྲད་མཚམས་བཅད་ཏིང་འཛིན་གསལ༔ དེ་ནས་རིག་འཛིན་ཚེ་ཡི་ལྷར༔ གུས་པས་ཕྱག་འཚལ་སྐྱབས་འགྲོ་བྱ༔ བསྭོ་ཨཱོཾ༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ གཡུང་དྲུང་ཚེ་ཡི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས༔ འགྲོ་བའི་དོན་ཕྱིར་འཆི་མེད་བསྒྲུབ༔ ཨ་ཨ་ཨ༔ ཨ་ནི་བོན་ཉིད་སྐྱེ་བ་མེད༔ ཨ་ལས་ཨཱོཾ་འཕྲོས་ཧཱུྃ་ལ་ཐིམ༔ སངས་རྒྱས་སེམས་དཔའ་རིག་འཛིན་དང་༔ སྣོད་བཅུད་དྭངས་མ་ཐམས་ཅད་བསྡུས༔ བདག་མདུན་སྐད་ཅིག་དྲན་རྫོགས་སུ༔ འཆི་མེད་དྲན་པ་ཚེ་དབང་རྩལ༔ ཕྱག་གཡས་གཡུང་དྲུང་ཐུགས་ཀར་གཏོད༔ གཡོན་པས་མཉམ་བཞག་ཚེ་བུམ་འཛིན༔ འོད་ལྡན་ཡེ་ཤེས་ཙན་དྷ་ལཱི༔ པདྨ་ཚེ་བུམ་བསྣམས་པས་འཁྲིལ༔ གཉིས་ཀ་དར་དང་རཏ་ནས་བརྒྱན༔ མེ་ཏོག་དམར་པོའི་དོ་ཤལ་འཕྱང་༔ པད་ཟླ་ཉི་མའི་དབུས་ན་བཞུགས༔ སྲོག་རྩ་ལྕགས་ཀྱི་སྦུ་གུའི་དབུས༔ གཡུང་དྲུང་དམར་གསལ་ནྲྀ་ཡིས་མཚན༔ ཁོག་པར་ཨ་དཀར་འོད་ལྔ་འཕྲོས༔ དེ་ལས་འོད་ཟེར་ཡར་འཕྲོས་པས༔ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་ཐིམ༔ བསྭོ་ཨཱོཾ་ཁོད་སྤུངས་རཏྣ་ཚེ་ནྲྀ་ཛཿབྷྲཱུྃ༔ སྔགས་ཀྱི་ཟེར་དང་གཟི་བརྗིད་ཀྱིས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ རིག་འཛིན་དྲང་སྲོང་ཚེ་ཡི་བདག༔ འཇིག་རྟེན་འབྱུང་བའི་དྭངས་མ་ཀུན༔ བདུད་རྩིར་བསྡུས་ནས་ཚངས་བུག་བརྒྱུད༔ དབུ་མའི་ནང་ཞུགས་ལུས་ཀུན་གཡོ༔ ལུས་ནི་འཆི་མེད་གཞའ་ཚོན་སྐུ༔ ངག་ནི་གཞོམ་མེད་སྔགས་ཀྱི་གསུང་༔ ཡིད་ནི་འཕོ་མེད་ཨ་ཡི་ཐུགས༔ མ་བཅོས་མ་བསླད་སྐྱེ་འཆི་བྲལ༔ གཡུང་དྲུང་སྐུ་གསུང་ཐུགས་སུ་གྱུར༔ བཟླས་བརྗོད་བསྙེན་པ་ཐུན་བཞིར་འབུལ༔ མཆོད་ཅིང་བསྟོད་ལ་གསོལ་བ་གདབ༔ མདུན་གྱི་བླ་མ་རང་ལ་བསྟིམ༔ རང་སེམས་སྐྱེ་མེད་ངང་དུ་བཞག༔ དེ་ཚེ་བོན་རྣམས་ཐམས་ཅད་ཀུན༔ སེམས་སྣང་ཡིན་ཏེ་རྨི་ལམ་འདྲ༔ སེམས་ཉིད་ཅི་ཡང་མ་ཡིན་པར༔ ཅིར་ཡང་འཆར་ཏེ་གཞའ་ཚོན་འདྲ༔ ངོ་བོ་སྟོང་པ་བོན་གྱི་སྐུ༔ རང་བཞིན་གསལ་བ་རྫོགས་པའི་སྐུ༔ ཐུགས་རྗེའི་རྩལ་སྣང་སྤྲུལ་པའི་སྐུ༔ སྐུ་གསུམ་ཡེ་ནས་རང་ལ་གནས༔ མི་འགྱུར་འཕོ་མེད་བརྡལ་བ་ཆེ༔ འདི་ནི་རྒྱུ་རྐྱེན་ལས་འདས་ཕྱིར༔ ས་ཡིས་མི་རྣོན་ཆུས་མི་ཞིག༔ མེས་བསྲེག་རླུང་གིས་གཏོར་དུ་མེད༔ སྐྱེ་མེད་གནས་མེད་འགགས་པ་མེད༔ འཆི་འཕོ་ཐམས་ཅད་རྣམ་རྟོག་སྟེ༔ རྟོག་མེད་གཉུག་མའི་དོན་མཐོང་ནས༔ གོམས་པ་ཀློང་དུ་གྱུར་པ་ན༔ འཆི་མེད་དྲན་པ་ཚེ་འདིར་འགྲུབ༔ གཞན་ལ་ཚེ་དབང་སྦྱིན་པ་ནི༔ སྣོད་ལྡན་ངེས་པར་ཁྲུས་ནས་དབྱུང་༔ མཚམས་བཅད་སྐྱབས་འགྲོ་གསོལ་འདེབས་བྱ༔ ཚེ་འབྲང་ལྷར་གསལ་སྤྱི་བོར་བཞག༔ གདུང་བའི་དབྱངས་ཀྱིས་གསོལ་བ་གདབ༔ བསྭོ་ཨཱོཾ༔ རང་བྱུང་ཁྱུང་ལུང་དངུལ་མཁར་ནས༔ འཆི་མེད་དྲན་པ་ཚེ་དབང་སྩལ༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ སྔགས་དང་བཅས་པས་རྒྱུད་བསྐུལ་བས༔ ཚེ་བཅུད་ཕྱག་གི་བུམ་པར་བསྡུས༔ དེ་ལས་རྒྱུན་བབས་དབང་བསྐུར་བསམ༔ ཚེ་རྫས་དངོས་གྲུབ་ཞལ་ཟས་སྦྱྀན༔ བསྭོ་ཨཱོཾ༔ གཏའ་ཆེན་བདུད་རྩི་སྨན་གྱི་མཚོ༔ ར་ས་ཡ་ན་ཚེ་ཡི་རྫས༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ རྩ་རླུང་བྱང་སེམས་འཕེལ་བར་ཤོག༔ བསྭོ་ཨཱོཾ༔ དངོས་གྲུབ་ཚོགས་ཀྱི་ལོངས་སྤྱོད་འདི༔ ཚེ་ཡི་བདུད་རྩིར་བྱིན་བརླབས་ནས༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ འཆི་མེད་རིག་འཛིན་འགྲུབ་པར་ཤོག༔ དེ་ནས་ཚེ་བསྟིམ་རྒྱས་གདབ་ནི༔ ཨ༔ སྤྲོས་པས་སྣང་སྲིད་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་དབྱིངས༔ འཆི་མེད་གཡུང་དྲུང་ཕྱག་རྒྱས་གདབ༔ མི་འགྱུར་མི་ཤིགས་སྐྱེ་འཆི་བྲལ༔ ཨ་ཨ་ཨ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ བསྭོ་ཨཱོཾ་ན་མོ༔ འཆི་མེད་དྲན་པ་ཡབ་སྲས་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔོན་སྲས་བླ་མ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ རིགས་ཀྱི་བུ་འདི་རྣམས་ཚེ་ཉི་ཟླ་དང་མཉམ་པར་གྱུར་ཅིག༔ སྲོག་གཡུང་དྲུང་ལྟར་བརྟན་པར་གྱུར་ཅིག༔ ནད་མེད་ལང་ཚོའི་མཆོག་དང་ལྡན་པར་གྱུར་ཅིག༔ ལོངས་སྤྱོད་ཆུ་བོའི་རྒྱུན་ལྟར་རིང་བར་གྱུར་ཅིག༔ མཐར་ཐུག་རིག་རྩལ་འཆི་མེད་ཐིག་ལེ་ཆེན་པོའི་ཀློང་དུ་གྲོལ་བར་གྱུར་ཅིག༔ ཅེས་བརྗོད་དགའ་སྟོན་ཚོགས་འཁོར་བྱ༔ བདུད་རྩི་སྨན་གྱི་བཅུད་ལེན་ནི༔ དབང་པོའི་ལག་པར་མ་མཉེ་བ༔ ཆ་མཉམ་བཅུད་ལྡན་འོ་མར་བསྡུ༔ བུར་སྦྲང་སྦྱང་ལ་རིལ་བུ་ནི༔ ལུག་རིལ་ཙམ་དྲིལ་ཐོད་པར་བླུགས༔ ལྷར་གསལ་ཚེ་བཅུད་བསྡུ་ཞིང་བསྟིམ༔ སྔགས་ཀྱི་ཤམ་བུར་འདི་བཏགས་བསྙེན༔ ཨཱོཾ་བྲུྃ་ཨཱཿབྲུྃ་ཧཱུྃ་བྲུྃ་ཧྲཱིཿབྲུྃ་ཧྲཱྃ་བྲུྃ་ར་ས་ཡ་ན་ཚེ་བྲུྃ༔ འབུམ་ཕྲག་བཟླས་པས་བྱིན་གྱིས་བརླབ༔ ལྷ་ཉིད་འོད་ཞུ་རིལ་བུར་བསམ༔ རགས་པའི་བཟའ་བཏུང་སྤངས་བྱས་ཏེ༔ ཞག་བདུན་བསྟེན་པས་བདེ་དྲོད་འཕེལ༔ གཉིས་ཀྱིས་ངག་ནུས་ཕྱོགས་མེད་འབར༔ བདུན་གསུམ་བསྟེན་པས་ཡེ་ཤེས་འཆར༔ ཟླ་བ་གཅིག་ཏུ་བསྟེན་པ་ཡིས༔ ཚེ་རིང་ནད་མེད་རྒས་པ་བྲལ༔ དེ་ནས་ཡུན་ཏུ་བསྟེན་པ་ཡིས༔ སྨན་གྱི་ནུས་པ་འཆང་བའི་ལྷ༔ རིག་འཛིན་ཚེ་ཉིད་ངེས་པར་འགྲུབ༔ དེ་ཚེ་གེགས་སེལ་བོགས་འདོན་ཏུ༔ བླ་མ་བསྒོམ་ཞིང་གསོལ་བ་གདབ༔ ལུས་གནད་རླུང་སྦྱོར་རྒྱུན་མི་བཅད༔ སྐབས་སུ་འབེབས་དང་འཁྲུལ་འཁོར་བྱ༔ ཆགས་མེད་ཞེན་མེད་རི་ཁྲོད་འགྲིམ༔ བློ་བདེའི་མལ་དུ་དངོས་གྲུབ་རྙེད༔ ཅེས་གསུངས་སོ༔ ཡང་ཞུས་པ༔ འདི་ལྟ་བུའི་ཟབ་དོན་འདི་ད་ལྟ་སྤེལ་ལམ་གཏེར་དུ་སྦ༔ ཞེས་གསོལ་པས༔ བཻ་རོ་བདག་གི་ཐུགས་ཐིག་འདི༔ ད་ལྟ་སྤེལ་བའི་དུས་མིན་གྱི༔ རང་ཉམས་མཐར་དབྱུང་སྨོན་ལམ་བཅས༔ བོན་ཉིད་དབྱིངས་སུ་ཕྱག་རྒྱས་ཐོབ༔ ནམ་ཞིག་ཁྱོད་ཀྱི་སྐྱེ་བའི་མཐའ༔ གཡུང་དྲུང་འབྱུང་གནས་རྩལ་དང་འཕྲད༔ རང་གཞན་འགའ་ཡི་དོན་ཏུ་འགྱུར༔ ཤིན་ཏུ་གསང་བས་དངོས་གྲུབ་ཐོབ༔ ཅེས་གསུངས་སོ༔ ཨུ་ཡ་ཨཀྠཾ་རྒྱ༔ བརྡ་རྒྱ་བརྡ་ཐིམ༔ གཏད་རྒྱ་ཨུ་ཡ༔ མི་ཤིགས་གཡུང་དྲུང་འབྱུང་གནས་རྩལ་གྱི་གསང་གཏེར་ཟབ་མོ་ཤིན་ཏུ་གསང་ངོ་༔

Footnotes

Other Information