ཨོཾ་སྭསྟི། ས་གསུམ་ཀུན་དགའི་སྣང་བ་འབུམ་འཕྲོ་བའི་སོགས་ས་སྐྱའི་གདུང་སྲས་རྫོང་སར་ཁྲི་གསོལ་སྐབས།

From Khyentse Lineage - A Tsadra Foundation Project
JKCL-KABUM-12-NA-028
Wylie title oM swasti/ sa gsum kun dga'i snang ba 'bum 'phro ba'i sogs sa skya'i gdung sras rdzong sar khri gsol skabs JKCL-KABUM-12-NA-028.pdf
Location chos kyi blo gros bka' 'bum
Volume 12, Text 28, Pages 101-107 (Folios 1a1 to 4a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. oM swasti sa gsum kun dga'i snang ba 'bum 'phro ba'i sogs sa skya'i gdung sras rdzong sar khri gsol skabs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 101-107. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
ཨོཾ་སྭསྟི། ས་གསུམ་ཀུན་དགའི་སྣང་བ་འབུམ་འཕྲོ་བའི། །བློ་གྲོས་ཟིལ་མངར་དང་བཅས་ཟླ་བ་ནི། །བརྩེ་ཆེན་བདུད་རྩིའི་སྙིང་པོར་གྱུར་པའི་དཔྱིད། །འཇམ་མགོན་བླ་མ་དགྱེས་པའི་ཞབས་པདྨོར། །རབ་དྭངས་ཡིད་ཀྱི་ཆུ་གཏེར་གསར་པའི་ངོགས། །དང་པའི་རླུང་གིས་དལ་གྱིས་གཡོས་པ་ལས། །གུས་ཕྱག་ཀུ་མུད་ལྡེམ་པའི་གར་དང་བཅས། །བསྟོད་བསྔགས་སྦྲང་རྩིའི་མཆོད་སྤྲིན་མཛེས་པར་བསྟར། །གཟོད་ནས་རབ་ཞིའི་དབྱིངས་སུ་སྙོམས་ཞུགས་ཀྱང་། །གདུལ་བྱར་རྗེས་བརྩེ་སྙིང་རྗེའི་གཞན་དབང་གིས། །སྲིད་པའི་མཐར་ཡང་རྒྱལ་བའི་མྱུ་གུའི་གཟུགས། །མཚན་དཔེའི་མེ་ཏོག་གཞོན་ནུའི་ཚུལ་དུ་ཤར། །དེ་ལྟ་ན་ཡང་ཟག་མེད་ཡོན་ཏན་ནི། །ནོར་བུའི་ཁམས་བཞིན་རིགས་ཀྱི་མཐུ་བརྟས་པས། །དཔག་མེད་མཁྱེན་བརྩེ་ནུས་པ་མཐའ་ཀླས་ཕྱིར། །དགེ་ལེགས་འདོད་དགུའི་དཔལ་འབྱོར་ཟད་མི་ཤེས། །དཔལ་ལྡན་མཁས་གྲུབ་ཚོགས་ཀྱིས་ལེགས་མཛེས་མཛེས་སྡུག་འཇམ་མགོན་དགྱེས་པའི་སྤོར། །དཔལ་ལྡན་ཡོན་ཏན་གདོང་ལྔས་རབ་བརྗིད་བརྗིད་ལྡན་ཐེག་མཆོག་གད་རྒྱངས་ཅན། །དཔལ་ལྡན་ཕྲིན་ལས་མཛད་བཟང་རབ་དཀར་དཀར་མཛེས་ཕན་བདེའི་གསེར་གྱི་སྤྲིན། །དཔལ་ལྡན་སྐལ་བཟང་རི་སྐྱེས་ལེགས་འདུལ་འདུལ་བཞིའི་ཆོ་འཕྲུལ་རྨད་དུ་བྱུང་། །ཁྱད་པར་སྙིགས་མ་ལྔ་ཡིས་གདུང་བའི་དུས། །ངོ་མཚར་ཐུགས་བསྐྱེད་ཆུ་འཛིན་འཛུམ་དཀར་ལས། །ནང་གི་མུན་སེལ་ཆོས་ཀྱི་གྲུ་ཆར་གྱིས། །སིམ་སྟེར་འགྲོ་བའི་དཔལ་མགོན་ཁྱེད་ཀྱི་མཐུ། །ཕྱོགས་དུས་ཞིང་གི་ཁྱོན་མཛེས་པའི། །འཇམ་དཔལ་གཞོན་ནུའི་ཡེ་ཤེས་ཀྱི། །སྣང་བ་གསར་བའི་དགའ་སྟོན་ཆེས། །ཀུན་ཏུ་ཤིས་པའི་མེ་ཏོག་སྩོལ། །ཅེས་བཀྲ་ཤིས་པའི་ཚིག་གི་མེ་ཏོག་པདྨ་དཀར་པོའི་ཆར་ཅུང་ཟད་འཐོར་བས་དགེ་ལེགས་སུ་བྱས་ཏེ། དེང་གི་ཆར་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་བའི་དཔལ་ཡོན་འབུམ་ཕྲག་གིས་མངོན་བར་གཏམས་པའི་གནས་དུས་ཕུན་སུམ་ཚོགས་པར་རྒྱལ་བ་ཀུན་གྱི་མཁྱེན་རབ་ཡེ་ཤེས་ཀྱི་ཕུང་པོ་གཅིག་ཏུ་འཁྱིལ་བའི་གོང་བུ་རྗེ་བཙུན་བརྟན་པའི་འཁོར་ལོ་ཟུར་ཕུད་ལྔ་པ་ཉིད་སྙིགས་དུས་སྐྱོབས་པའི་དཔུང་གཉེན་ཡོངས་རྫོགས་བསྟན་པའི་ཤིང་རྟར་བྱོན་པ་བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཐུགས་ཀྱི་ཡེ་ཤེས་སྒྱུ་མ་རོལ་པའི་བདག་ཉིད་མཁྱེན་ནུས་བརྩེ་བའི་ཡེ་ཤེས་འགྲན་ཟླ་དང་བྲལ་བའི་མཚུངས་མེད་གྲུབ་པའི་དབང་ཕྱུག་བདག་ཆེན་ཁྲི་འཛིན་རྡོ་རྗེ་འཆང་ངག་དབང་མཐུ་སྟོབས་དབང་ཕྱུག་དྲག་ཤུལ་ཡོན་ཏན་རྒྱ་མཚོས་གང་སླར་ཡང་འཇམ་མགོན་ས་སྐྱ་པའི་བསྟན་པ་གཞིར་བཞེངས་སུ་བསླང་ཕྱིར་བསམ་བཞིན་སྲིད་པ་ཉེ་བར་བཟུང་སྟེ། འཆི་མེད་འོད་གསལ་ལྷའི་གཙང་མའི་རིགས་ཀྱི་ཐིག་ལེ་ཁམས་གསུམ་གྱི་བདུད་དགྲ་ནག་པོའི་ཕྱོགས་དག་རྒྱང་རིང་དུ་སྤྲད་དེ་དགེ་ལེགས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཆེན་པོའི་རྒྱལ་རྔ་སྙན་པར་སྒྲོགས་ཤིང་། གྲགས་དཀར་གྱི་བ་དན་འཇིག་རྟེན་གསུམ་གྱི་འཁོར་ཡུགས་ན་མངོན་པར་མཐོ་བ་དཔལ་ས་སྐྱ་པ་ཆེན་པོའི་རྒྱལ་བའི་སྲས་ཀྱི་རིགས་ཀྱི་མྱུ་གུ་དམ་པ་མདོ་ཁམས་སའི་ཐིག་ལེ་དོན་ཀུན་གྲུབ་པའི་ཆོས་ཀྱི་དགའ་ཚལ་གྱི་དོ་རར་མཚན་དཔེའི་པདྨོ་གསར་པ། རབ་བྱུང་བཅུ་དྲུག་པའི་བྱེ་བྲག་ལེགས་སྦྱར་དུ་བི་ཛ་ཡ་ཞེས་རྣམ་པར་རྒྱལ་བ་འབྱུང་བ་གཉིས་ལྡན་ཆུ་མོ་སྦྲུལ་གྱི་ལོར་ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་དབྱིག་ཏུ་འཁྲུངས་པའི་དུས་སྟོན་ཆེན་པོ་གསར་དུ་བཞད་པའི་སྐབས་སུ་བབ་པ་ན། སྡེ་བཞི་དགེ་བ་བཅུ་ཡི་དཔལ་ཡོན་བྱེ་བས་མཛེས་པར་བྱས་ཤིང་། གསེར་ལྡན་དལ་འབབས་ཀྱི་ཀླུང་གིས་ཐ་གྲུར་བསྐོར་བའི་གཡོན་ཟུར། མདོ་ཙམ་ན་འགྲན་ཟླས་སྤང་བའི་གནམ་སའི་དབང་ཕྱུག་ཆེན་པོ་ས་སྐྱོང་སྡེ་དགེ་རྒྱལ་ཁབ་ཀྱི་ཕོ་བྲང་ཕུན་ཚོགས་ལུགས་བརྒྱའི་མདུན་ས་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭའི་ཤར་ཕྱོགས། ཤོད་ཆེན་ཚན་བཞི་ཡི་ཡ་གྱལ་སྨན་ཤོད་ཅེས་ཆོས་ནོར་འདོད། ཐར་སྡེ་བཞི་ཡི་དཔལ་གྱིས་འཁྱུད་ཅིང་། རྒྱལ་དབང་པདྨ་ཀཱ་རས་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་དང་གནས་ཕྲན་གྱི་ར་བས་མངོན་པར་བསྐོར་བའི་ས་འཛིན་གྱི་ལྟེ་བ། རྫོང་སར་བཀྲ་ཤིས་ལྷ་རྩེ་ཞེས་དཔལ་ལྡན་ས་ངོར་ཚར་གསུམ་གྱི་རིང་ལུགས་དྲི་མ་མེད་པ་གཙོ་བོར་གྱུར་པའི་རྒྱལ་བསྟན་ཕྱོགས་དང་རིས་སུ་མ་ཆད་པའི་མདོ་སྔགས་བསྟན་པ་རྒྱ་མཚོའི་ཆུ་ཀླུང་གཅིག་ཏུ་འཁྱིལ་བའི་གནས་ཤྲཱི་ན་ལེནྡྲ་གཉིས་པ་གྲགས་པའི་གཙུག་ལག་ཁང་བསྐལ་བཟང་ཆོས་ཀྱི་དགའ་ཚལ་དང་འདབ་འབྱོར་བའི་འཕགས་པ་རིགས་གསུམ་མགོན་པོ་རྟག་ཏུ་དགྱེས་དགུར་རོལ་པའི་རང་བྱུང་སྤྲུལ་པའི་གནྡྷོ་ལ། ས་བཅུའི་དབང་ཕྱུག་རྒྱལ་ཚབ་ལྷ་བརྒྱའི་མགོན་པོའི་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་གཟི་འོད་རྟེན་མཆོག་ནོར་བུའི་ལྷུན་པོ་དང་དབྱེར་མེད་དུ་བཞུགས་པའི་མི་ཕམ་ཆོས་ཀྱི་མདུན་ས་བཤད་སྒྲུབ་དར་རྒྱས་གླིང་གི་ཀུན་དགའ་ར་བར་སྲིད་གསུམ་ཆེ་རྒུའི་ཚངས་གནས་སུ་ཞབས་སེན་གྱི་ནོར་བུ་མངོན་པར་བཀོད་པས་ནག་པོའི་རྩ་ལག་ཟིལ་གྱིས་གནོན་པའི་འཇིགས་བྲལ་གདོང་ལྔའི་ཁྲི་ལ་སྐུ་མཛེས་སྡུག་གི་བརྟན་པ་བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་གཟི་བྱིན་འབར་བས་མཐོང་ན་མི་མཐུན་པ་མེད་པ། གསུང་ཚངས་པའི་དབྱངས་ཀྱི་ཆོས་ཆར་སྐལ་ལྡན་གདུལ་བྱ་རྒྱ་མཚོའི་རྣ་བར་འཇེབས་པས་ལྷར་བཅས་སྐྱེ་འགྲོའི་ཡིད་འཕྲོག་པ། ཐུགས་ཟབ་ཞི་འོད་གསལ་བདེ་སྟོང་མཆོག་གི་རོལ་པ་ལས་ནམ་ཡང་མི་འདའ་བས་མཁྱེན་གཉིས་ཤེས་རབ་ཀྱི་དཀྱིལ་འཁོར་གཅིག་ཆར་རྫོགས་པའི་འཁོན་གདུང་རྒྱལ་བའི་མྱུ་གུ་ཉིད། ཛཾ་གླིང་བསྟན་འགྲོ་མཐའ་དག་གི་དགེ་མཚན་བདུད་རྩིའི་སྣང་བ་འབུམ་གྱི་འབྱུང་གནས། མཁས་གྲུབ་བཟང་སོགས་དམ་པའི་རྣམ་ཐར་གྱི་ཆ་ཤས་མ་ལུས་པ་ཡོངས་སུ་རྫོགས་ཏེ། རྩོད་དུས་འཇིགས་དང་སྡུག་བསྔལ་གྱི་མུན་པ་ཀུན་ནས་འཇོམས་ཤིང་། བདུད་དང་ཕས་རྒོལ་བར་ཆད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བ། རྒྱལ་བསྟན་ཡོངས་རྫོགས་བཤད་སྒྲུབ་ལས་གསུམ་གྱི་ཆུ་གཏེར་སྤེལ་ཞིང་སྲུང་བའི་བྱེད་པོ་གཅིག་པུར་ཞིང་འདིར་གསང་གསུམ་གཞན་དུ་མི་འགྱུར་བ་རྟག་ཅིང་བརྟན་ལ་ནམ་ཡང་མི་གཡོ་བའི་ཁྲི་འཕང་མཐོན་པོར་ནམ་མཁའ་ཇི་སྲིད་བར་བཞུགས་པར་གསོལ་བ་འདེབས་པའི་ཕྱིར་གུས་འབངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནས་ལེགས་འབུལ་གྱི་དགའ་སྟོན་དུ་བཀྲ་ཤིས་པའི་ལྷ་རེག་ནང་མཛོད་སྲིད་དུ་རིང་བ། གང་སྐུ་མཁྱེན་གཉིས་ཡེ་ཤེས་ཀྱིས་གཏེར་མཛོད་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་མེད་ཀྱི་ངོ་བོར་གཟོད་ནས་གབ་པའི་རྟགས་སུ་ཕྲན་རང་གི་དད་རྟེན་དུ་བཟུང་བའི་འཇམ་མགོན་མཁྱེན་པའི་བདག་པོའི་སྣང་བརྙན་རྒྱ་གར་ལི་མ་བྱིན་ལྡན། གང་གསུམ་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོགས་པའི་བརྡར་ཚེ་དང་ཡེ་ཤེས་དཔག་མེད་ཀྱི་མདོ་སྡེ་རིན་པོ་ཆེ་དང་པོའི་ཞུན་མས་བྲིས་པའི་གླེགས་བམ་དང་མཁྱེན་བརྩེའི་བཀའ་འབུམ་ཡོངས་རྫོགས་ཀྱི་གླེགས་བམ་བཅུ་གསུམ་པའི་གྲངས་ལྡན། གང་ཐུགས་གཟུངས་སྤོབས་ཏིང་འཛིན་གྱི་འཇུག་ལྡང་མཐའ་ཀླས་པར་རང་དབང་བསྒྱུར་ཕྱིར་རྡོར་དྲིལ༴ བཅས་འབུལ་ལམ་ཞུ་ན་དངོས་པོ་སྐྲ་རྩེའི་བླང་བའི་ཆུ་ཐིག་གི་ཟེགས་མ་ལས་ཕྲ་ཡང་དད་དམ་བསམ་སྦྱོར་གཙང་མའི་ཉེར་ལེན་གྱིས་བརྩེ་ཆེན་ཡེ་ཤེས་ཀྱི་གཟིགས་པའི་འབབ་སྟེགས་སུ་ཡུད་ཙམ་སྨིན་པ་དང་། སླར་ཡང་། འཆི་མེད་རྟག་པ་དམ་པའི་སྣང་བ་དང་། །ལྷན་ཅིག་ཚོགས་གཉིས་ཆ་རྫོགས་ཉིན་མོར་བྱེད། །ཚེ་མཆོག་གྲུབ་པའི་ཁྱབ་བདག་རྣམ་གསུམ་གྱིས། །མི་ཤིག་རྡོ་རྗེའི་གསང་གསུམ་བརྟན་གྱུར་ཅིག །དྲི་མེད་མཁྱེན་གཉིས་མེ༵་ལོང༵་རབ་གསལ་དུག་གསུམ་ནད་འཇོམས་གི༵འུ༵་ཧ༵ཾ། །ཕུལ་བྱུང་ཚོགས་ཟུང་ཞོ༵་ཡི་བཅུད་འཁྱིལ་དགེ་ལེགས་དུཪྺའི༵་ལྗོན་བའི་ཚལ། །དོན་གཉིས་ལྷུན་གྲུབ་བི༵ལྦའི༵་འབྲས་སྨིན་གྲགས་སྙན་ཆོས་ཀྱི་དུང༵་གི་སྒྲས། །ཁམས་གསུམ་དབང་སྡུད་ལི༵་ཁྲིའི༵་ཚོན་བཀྲ་མཐར་བྱེད་ནུས་པའི་ཡུང༵ས་དཀར༵་མཐུས། །བཀྲ་ཤིས་སྲིད་ཞིའི་དགེ་མཚན་ཀུན་གྱི་གཞི། །བསྟན་དང་དེ་འཛིན་ཞབས་པད་གཡོ་མེད་བརྟན། །བཤད་སྒྲུབ་ལས་ཀྱི་མངའ་ཐང་མི་ཉམས་པའི། །དགའ་སྟོད་ས་གསུམ་ཁྱོན་དུ་མཛེས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།

Footnotes

Other Information