སྔོན་སྨོན་བྱང་ཆུབ་སྤྱོད་པའི་སྨོན་ལམ་བརྟན་ཞེས་སོགས།

From Khyentse Lineage - A Tsadra Foundation Project
Wylie title sngon smon byang chub spyod pa'i smon lam brtan zhes sogs JKCL-KABUM-12-NA-021.pdf
Location chos kyi blo gros bka' 'bum
Volume 12, Text 21, Pages 73-76 (Folios 1a1 to 2b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sngon smon byang chub spyod pa'i smon lam brtan zhes sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 73-76. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog

1 Texts in this Section (sde tshan or chos tshan)

[edit]
སྔོན་སྨོན་བྱང་ཆུབ་སྤྱོད་པའི་སྨོན་ལམ་བརྟན། །གཞན་ཕན་སྙིང་རྗེའི་ཟླ་བ་མཁའ་ལ་འཕྱོར། །ཕན་བདེའི་ཕྲིན་ལས་བཟང་པོའི་བསིལ་ཟེར་ཅན། །རྒྱལ་སྲས་བསྟན་པའི་དཔལ་མགོན་གང་དེའི་དྲུང་། །དྭངས་བའི་སེམས་ཀྱི་ཆུ་མཚོ་རྙོག་བྲལ་ལ། །རྣམ་བྱང་ཡོན་ཏན་རི་གླིང་གཟའ་སྐར་བཀྲ། །སྐལ་བཟང་ངང་པའི་བུ་མོ་དལ་གྱིས་རྩེན། །སྣ་ཚོགས་ཤེས་བྱའི་པདྨོར་རོལ་དེས་གསོལ། ༡ །གདོད་ནས་གྲོལ་གཞིའི་དབྱིངས་སུ་བྱང་ཆུབ་ཀྱང་། །ངེས་དང་མ་ངེས་སྣ་ཚོགས་རོལ་པ་ཡི། །དག་དང་མ་དག་གདུལ་བྱའི་དོན་མཛད་འདི། །བརྟན་པ་ཆེ་རྣམས་རང་གི་ཆོས་ཉིད་ལགས། ༢ །མ་ཧཱ་གུ་རུ་མཚོ་ལས་སྐྱེས་པ་ཡི། །བྱིན་རླབས་སྤྲིན་དཀར་འཛུམ་པའི་ཀློངས་ཆེན་གསལ། །ཐབས་ཤེས་དྭངས་མའི་ཐིག་ལེར་གཉིས་པར་འཕོས། །ཨོ་རྒྱན་བླ་མའི་བསྟན་པ་འཕེལ་བའི་གཉེན། ༣ །སྐྱེས་རབས་ལྷ་ཡི་དབང་པོའི་ཕྲེང་བ་ནི། །བརྟན་མའི་ཁྱོན་འདིར་འཕོས་པའི་མཚར་སྡུག་དང་། །མཁས་དང་གྲུབ་པའི་རྣམ་ཐར་འཇིག་རྟེན་ན། །ཡ་མཚན་གཏམས་ཀྱི་གླེང་གཞི་ཅིག་ཏུ་གྱུར། ༤ །རྡོ་རྗེའི་ལུང་གི་སྤྲིན་སྒྲ་སྒེག་པ་ན། །རྒྱལ་སྲས་རྨ་བྱ་གཞོན་ནུའི་ཟློས་གར་བསྒྱུར། །ཐེག་མཆོག་རིགས་ཀྱི་ནུས་པ་མངོན་དུ་སད། །འཕགས་མཆོག་སྙིང་རྗེའི་ཟླ་བ་གཉིས་པར་འཕྲུལ། ༥ །ཕྱི་ནང་རིག་གཞུང་སྐྱེད་མོའི་ཚལ་ཆེན་པོར། །བློ་གྲོས་མིག་སྟོང་བསྒྲད་པས་བལྟ་བ་ན། །རང་རང་མཚན་ཉིད་ཇི་བཞིན་ཐུགས་ཆུབ་པས། །ཀུན་མཁྱེན་རྒྱལ་སར་འཛེགས་པའི་རྐང་སྟེགས་ཆེ། ༦ །འགའ་ཞིག་རིང་དུ་སྦྱངས་ཀྱང་དོན་ལས་གཡེལ། །ཁྱོད་ཀྱི་འབད་པ་ཆུང་ངུས་གསུང་རབ་ཀྱི། །སྙིང་པོའི་བཅུད་ཕྱུངས་མཁས་པའི་གནས་ཐོབ་པ། །སྨྲ་བའི་ཉི་མ་གཅིག་པུར་གྲགས་པ་ཐོག༧། དེ་ལ་འཇམ་མགོན་དགྱེས་པའི་མེ་ཏོག་གི །སིལ་མ་ཕྱོགས་བཅུར་འཐོར་དང་བཀྲ་ཤིས་ཀྱི། །དབྱངས་སྙན་རྟག་ཏུ་སྒྲོགས་པའི་དགེ་མཚན་ནི། །འགྲིབ་མེད་སྣང་བས་དུས་ཀུན་ཤིས་གྱུར་ཅིག༨། ཅེས་ཤིས་པའི་ཚིགས་སུ་བཅད་པའི་ཕྲེང་བས་སྐབས་ཕྱེས་ཏེ། དེང་གི་དུས་རྒྱལ་སྲས་སྨྲ་བའི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པ་གང་ཉིད་འཇམ་དབྱངས་བླ་མ་དགྱེས་པའི་དགའ་ཚལ་ཆེན་པོ་འདིར་ཕྱག་ཕེབས་ནས་རྒྱུན་རིང་པོར་བཞུགས་སྟན་ཆགས་ནས་ལུང་དང་རིགས་པར་སྨྲ་བའི་བཤེས་གཉེན་རྣམས་ལས་མདོ་སྔགས་ཀྱི་གསན་བསམ་རྒྱ་ཆེར་གནང་བ་དང་། ཁོ་བོ་ཅག་གིས་སྔ་འགྱུར་རྡོ་རྗེ་ཐེག་པའི་བཀའ་གཏེར་སྨིན་གྲོལ་གི་སྐྱེས་སྟོབས་བཞེས་སོགས་གང་ཅིར་རིང་མོ་ཉིད་ནས་ཐུགས་བརྩེ་དད་དམ་གཅིག་ཏུ་འདྲེས་པའི་མཛའ་བཤེས་ཆེན་པོར་གྱུར་པ་ཉིད། གནས་སྐབས་སྨྲར་ཁམས་ལྗོངས་ཀྱི་རང་རིགས་གོང་མའི་གདན་སར་ཆིབས་བསྒྱུར་བ་ལ་བར་ཆོད་མེད་ཅིང་། སླད་ནས་ཀྱང་བླ་སློབ་འབྲལ་མེད་གཅིག་ཏུ་འཚོགས་ཤིང་ཐེག་མཆོག་ཆོས་ཀྱི་དགའ་སྟོན་ལ་སྤྱོད་པའི་རྟེན་འབྱུང་དུ། ལྷ་རེག་ཨའུ་ཤེ། སྐུ་བགྲེས་རྒུད་བྲལ་བར་བཞུགས་མཚོན་ཐུབ་དབང་ལི་མ་བྱིན་ལྡན། གསུང་ཆོས་སྒྲ་སྒྲོགས་ཕྱིར་ཤྭཀྱ་རྡོ་རྗེའི་ཐེག་པ་སྤྱི་མཛོད། ཐུགས་སྐྱེ་འཆིའི་རྟོག་པ་སྤང་ཕྱིར་རྡོར་དྲིལ་རྙིང་ལེགས། ཡོན་ཏན་ཕྲིན་ལས་ཕུན་སུམ་ཚོགས་པར་དབང་འབྱོར་བའི་རྟེན་འབྱུང་དུ་བོ་དྷེའི་ཕྱག་ཕྲེང་རྒྱན་ལྡན་ལྔ་བཅས་ཕུལ་བས་བརྩེ་བའི་སྤྱན་ཟུར་གཡོ་བ་ནས། སླར་ཡང་གསོལ་བ། ཕྱི་ལྟར་བརྟན་མཁས་ཕན་འདོགས་ཡོངས་རྫོགས་ཤིང་། །ཉེས་པའི་སྐྱོན་གྱིས་མི་གོས་བཙུན་པའི་མཆོག །ངུར་སྨྲིག་རྒྱལ་མཚན་འཆང་བས་བདུད་སྡེ་གཞོམ། །དགྲ་བཅོམ་གནས་བརྟན་ཆེན་པོར་ཞབས་བརྟན་གསོལ། །ནང་དུ་བྱང་ཆུབ་སེམས་ཀྱི་ཁོ་ལག་རྒྱས། །བསླབ་པ་གསུམ་གྱི་ལུས་སྟོབས་རབ་ཏུ་རྒྱས། །ཐེག་ཆེན་སྤྱོད་པའི་གསེར་གྱིས་དྲྭ་བས་མཛེས། །གཞན་ཕན་སྤོས་ཀྱི་གླང་པོ་ཞབས་བརྟན་གསོལ། །གསང་བ་རྡོ་རྗེ་ཐེག་པ་ཆེན་པོ་ཡི། །ཕྱི་ནང་གསང་བའི་དེ་ཉིད་བཅུ་ཡིས་ཕྱུག །རྡོ་རྗེ་འཛིན་པ་ཡེ་ཤེས་མཆོག་བརྙེས་པ། །རིག་འཛིན་གྲུབ་པའི་དཔའ་བོ་ཞབས་བརྟན་གསོལ། །བཀྲ་ཤིས་མཚན་གྱི་མེ་ཏོག་བཀྲ་བ་ཡི། །ཞབས་མཐིལ་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་འདིར། །སླར་ཡང་བཀོད་པའི་ལེགས་བརྒྱའི་གཟུགས་གསལ་བའི། །དགེ་མཚན་རི་མོས་ཁྱབ་པའི་བཀྲ་ཤིས་ཤོག །སརྦ་ཨརྠ་སིདྡྷིར་སྟུ། མངྒ་ལཾ།། །།
[edit]

sngon smon byang chub spyod pa'i smon lam brtan/__/gzhan phan snying rje'i zla ba mkha' la 'phyor/__/phan bde'i phrin las bzang po'i bsil zer can/__/rgyal sras bstan pa'i dpal mgon gang de'i drung /__/dwangs ba'i sems kyi chu mtsho rnyog bral la/__/rnam byang yon tan ri gling gza' skar bkra/__/skal bzang ngang pa'i bu mo dal gyis rtsen/__/sna tshogs shes bya'i pad+mor rol des gsol/__1_/gdod nas grol gzhi'i dbyings su byang chub kyang /__/nges dang ma nges sna tshogs rol pa yi/__/dag dang ma dag gdul bya'i don mdzad 'di/__/brtan pa che rnams rang gi chos nyid lags/__2_/ma hA gu ru mtsho las skyes pa yi/__/byin rlabs sprin dkar 'dzum pa'i klongs chen gsal/__/thabs shes dwangs ma'i thig ler gnyis par 'phos/__/o rgyan bla ma'i bstan pa 'phel ba'i gnyen/__3_/skyes rabs lha yi dbang po'i phreng ba ni/__/brtan ma'i khyon 'dir 'phos pa'i mtshar sdug dang /__/mkhas dang grub pa'i rnam thar 'jig rten na/__/ya mtshan gtams kyi gleng gzhi cig tu gyur/__4_/rdo rje'i lung gi sprin sgra sgeg pa na/__/rgyal sras rma bya gzhon nu'i zlos gar bsgyur/__/theg mchog rigs kyi nus pa mngon du sad/__/'phags mchog snying rje'i zla ba gnyis par 'phrul/__5_/phyi nang rig gzhung skyed mo'i tshal chen por/__/blo gros mig stong bsgrad pas blta ba na/__/rang rang mtshan nyid ji bzhin thugs chub pas/__/kun mkhyen rgyal sar 'dzegs pa'i rkang stegs che/__6_/'ga' zhig ring du sbyangs kyang don las g.yel/__/khyod kyi 'bad pa chung ngus gsung rab kyi/__/snying po'i bcud phyungs mkhas pa'i gnas thob pa/__/smra ba'i nyi ma gcig pur grags pa thog7/__de la 'jam mgon dgyes pa'i me tog gi__/sil ma phyogs bcur 'thor dang bkra shis kyi/__/dbyangs snyan rtag tu sgrogs pa'i dge mtshan ni/__/'grib med snang bas dus kun shis gyur cig8/__ces shis pa'i tshigs su bcad pa'i phreng bas skabs phyes te/__deng gi dus rgyal sras smra ba'i khyu mchog rlabs po che'i gnas thob pa gang nyid 'jam dbyangs bla ma dgyes pa'i dga' tshal chen po 'dir phyag phebs nas rgyun ring por bzhugs stan chags nas lung dang rigs par smra ba'i bshes gnyen rnams las mdo sngags kyi gsan bsam rgya cher gnang ba dang /__kho bo cag gis snga 'gyur rdo rje theg pa'i bka' gter smin grol gi skyes stobs bzhes sogs gang cir ring mo nyid nas thugs brtse dad dam gcig tu 'dres pa'i mdza' bshes chen por gyur pa nyid/__gnas skabs smrar khams ljongs kyi rang rigs gong ma'i gdan sar chibs bsgyur ba la bar chod med cing /__slad nas kyang bla slob 'bral med gcig tu 'tshogs shing theg mchog chos kyi dga' ston la spyod pa'i rten 'byung du/__lha reg a'u she/__sku bgres rgud bral bar bzhugs mtshon thub dbang li ma byin ldan/__gsung chos sgra sgrogs phyir shwakya rdo rje'i theg pa spyi mdzod/__thugs skye 'chi'i rtog pa spang phyir rdor dril rnying legs/__yon tan phrin las phun sum tshogs par dbang 'byor ba'i rten 'byung du bo d+he'i phyag phreng rgyan ldan lnga bcas phul bas brtse ba'i spyan zur g.yo ba nas/__slar yang gsol ba/__phyi ltar brtan mkhas phan 'dogs yongs rdzogs shing /__/nyes pa'i skyon gyis mi gos btsun pa'i mchog__/ngur smrig rgyal mtshan 'chang bas bdud sde gzhom/__/dgra bcom gnas brtan chen por zhabs brtan gsol/__/nang du byang chub sems kyi kho lag rgyas/__/bslab pa gsum gyi lus stobs rab tu rgyas/__/theg chen spyod pa'i gser gyis drwa bas mdzes/__/gzhan phan spos kyi glang po zhabs brtan gsol/__/gsang ba rdo rje theg pa chen po yi/__/phyi nang gsang ba'i de nyid bcu yis phyug__/rdo rje 'dzin pa ye shes mchog brnyes pa/__/rig 'dzin grub pa'i dpa' bo zhabs brtan gsol/__/bkra shis mtshan gyi me tog bkra ba yi/__/zhabs mthil bkra shis lha rtse'i chos grwa 'dir/__/slar yang bkod pa'i legs brgya'i gzugs gsal ba'i/__/dge mtshan ri mos khyab pa'i bkra shis shog__/sarba ar+tha sid+d+hir stu/__mang+ga laM//___//

Footnotes

Other Information