བླ་མ་བསྟན་གཉིས་སྐོར་གསུམ་ཙཀླིའི་གྲས་སོགས་དང༌། ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དཀྱིལ་ཐང་དང༌། ཕག་མོའི་དཀྱིལ་ཆུང་དང༌། བཀའ་བརྒྱད་དྲེགས་འདུལ་ཙཀླི་བཅས།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-118
Wylie title bla ma bstan gnyis skor gsum tsakli'i gras sogs dang/ thugs rje chen po pad+ma rgyal po'i dkyil thang dang/ phag mo'i dkyil chung dang/ bka' brgyad dregs 'dul tsakli bcas/ JKCL-KABUM-11-DA-118.pdf
Location chos kyi blo gros bka' 'bum
Volume 11, Text 118, Pages 557-567 (Folios 1a1 to 6a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma bstan gnyis skor gsum tsakli'i gras sogs dang thugs rje chen po pad+ma rgyal po'i dkyil thang dang phag mo'i dkyil chung dang bka' brgyad dregs 'dul tsakli bcas. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 557-567. Bir, H.P.: Khyentse Labrang, 2012.
Genre Explanation of Maṇḍalas - maN+Dal bshad pa  ·  Guides to Paintings - bri yig

1 Texts in this Section (sde tshan or chos tshan)

[edit]
བླ་མ་བསྟན་གཉིས་སྐོར་གསུམ་ཙཀླིའི་གྲས། སངས་རྒྱས་སྟོང་གི་མཚོན་བྱེད་ཙཀླི་གཅིག་བྲི་རྒྱུར་མ་གཞི་སྤར་མ་འདི་ཧ་ལམ་ལྟར་ལས་རྒྱབ་ཡོལ་རྒྱན་དྲུག་མི་དགོས་པས་དབུ་འོད་ཟུར་མཚལ་དང་ཅུང་བྱེ་བ་ཙམ་གྱིས། མདུན་ཡངས་ཙམ་བྱུང་ན་ལེགས། གཡས་སུ་ཤཱ་རིའི་བུ། གཡོན་དུ་མོའུ་གལ་བུ་གཉིས་སྤྱི་ལྟར། པདྨའི་གཡས་ཙམ་དུ་ཡབ་འཁོར་ལོས་སྒྱུར་བའི་ཆ་བྱད། གཡོན་དུ་ཡུམ་ལྷ་མོའི་ཆ་བྱད་ལ་ནང་དུ་ལང་མ། མདུན་དུ་སྲས་སྒྲ་གཅན་འཛིན་རབ་བྱུང་རིན་པོ་ཆེའི་པྲོག་ཞུ་འཛིན་པ། དེའི་གཡས་གཡོན་གྱི་འོག་གི་ཆར་རིམ་གྲོ་པ། འདུས་པ་དང་པོ། གཉིས་པ། གསུམ་པ་བཅས་ཀྱི་མཚོན་བྱེད་ཉན་ཐོས་ཀྱི་དགེ་སློང་བཞི། གཞན་ས་གཞི་རི་བོ་དང་། ནམ་མཁའི་སྤྲིན་མཚོན་བྱེད། བཀོད་པ་ཆེ་རགས་གང་མཛེས། སླར་སྤར་འདྲ་སྐོ་བ་བྱུང་ནམ་དཔེ་ལོ་བ་ཞིག་གལ་ཆེ། ༡༽རིག་འཛིན་སྤྱི་ཁྱབ་མཚོན་བྱེད་དབུས་སུ་མཐིང་ཁ་གཡས་རྡོ་རྗེ། ཤར་དུ་དཀར་གཡས་འཁོར་ལོ། ལྷོར་སེར། གཡས་རིན་པོ་ཆེ། ནུབ་ཏུ་དམར། གཡས་པདྨ། བྱང་དུ་ལྗང་། གཡས་རྒྱ་གྲམ། དེ་ཐམས་ཅད་ཐུགས་ཀར་གཏོད་དེ་འཛིན་པ། ཤར་ལྷོར་དཀར་སེར་འཁོར་ལོས་མཚན་པའི་པདྨ། ལྷོ་ནུབ་དམར་སེར་གཡས་རིན་པོ་ཆེས་མཚན་པའི་པདྨ། ནུབ་བྱང་དམར་ལྗང་གླེག་བམ་གྱིས་མཚན་པའི་པདྨ། བྱང་ཤར་ལྗང་སྐྱ་གཡས་རལ་གྲིས་མཚན་པའི་པདྨ་ཐུགས་ཀར་སྐྱབས་སྦྱིན་མཐེབ་མཛུབ་སྦྱར་བས་འཛིན་པ། དེ་རྣམས་ཀྱི་དབུས་ཅུང་ཆེ། ཕྱོགས་མཚམས་ཅུང་ཆུང་བའི་གཙོ་འཁོར་གྱི་རྣམ་པ་ལྟ་བུ། གསང་གོས་རང་མདོག །ཕོད་ཀ་མཐིང་ག །གཡོན་ཐམས་ཅད་མཉམ་བཞག་ཐོད་པ་བདུད་རྩིས་གང་བ། སོ་སོའི་འོད་ཀྱི་ཟེར་ཐག་འཕྲོ་བའི་ཀློང་ན་བཞུགས་པ། གཞན་དབུ་ཞྭ་དར་དང་རིན་ཆེན་རྒྱན། བཞུགས་སྟངས། གདན་སོགས་སྔ་མའི་རིག་འཛིན་ལྔ་བཅུ་དང་འདྲ། ༢༽སྔགས་བྱང་བྲི་ས་མཐིང་ཆེན་དྭངས་མ་བྱུགས་པའི་ཙཀླི་ལྔ། གནམ་ས་ཕྱེ་ནས་ཟླུམ་སྐོར་ཁ་དོག་ལྔ་ལྡན་དབུས་མཐིང་ཆེན་བྱས་པའི་ཙཀླི་༢བཅས་བདུན། ༩༽ཕྱག་མཚན་གསེར་རྡོར་རྩེ་ལྔ་དང་དྲིལ་བུ། ༡༠༽དབུས་སུ་རྡོ་རྗེ། ཤར་སོགས་གཡས་སྐོར་འཁོར་ལོ་སོགས་ཡོད་པའི་ཕྱག་མཚན༥། ༡༡༽རྡོ་དྲིལ། ཌ་རུ་པད་ཕོར། ཌ་རུ་མེ་ལོང་། རྡོ་རྗེ་ལྷུང་བཟེད། ཁ་ཊྭཱྃ་ཉི་ཟེར་པད་ཕོར། ཁྲོ་བོའི་རྡོ་རྗེ་རྩེ་དགུཁྲོ་རྡོར་ཕུར་པ་བཅས་མཚན་བརྒྱད་ཀྱི་ཕྱག་མཚན་ཚང་བའི་ཙཀླི༡། ༡༢༽རྡོ་དྲིལ། མཁར་བསིལ་ལྷུང་བཟེད། རྡོ་རྗེ་བྷནྡྷ། ཌ་རུ་དྲིལ་བུ། ཁྲོ་རྡོར་ཕུར་པ། ཁྲོ་རྡོར་ལྕགས་སྡིག་བཅས་གུ་རུ་དྲུག་གི་ཕྱག་མཚན་ཚང་བའི་ཙཀླི༡། ༡༣༽ལྕགས་ཀྱུ་དྲིལ་བུ། ཞགས་པ་དྲིལ་བུ། ལྕགས་སྒྲོག་དྲིལ་བུ། རྒྱ་གྲམ་དྲིལ་བུ་བཅས་སྒོ་བ་བཞིའི་ཕྱག་མཚན་ཚང་བ༡༴ ༡༤༽།། །། ༈ ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་ཞི་ཁྲོའི་ཙཀླི་ལ། རིགས་ལྔ་ཡབ་ཡུམ་འཁྲིལ་སྦྱོར་ཅན་གྱི༡༴ ༡༥༽སེམས་དཔའ་བརྒྱད་ཡབ་ཡུམ་འཁྲིལ་སྦྱོར་ཅན། ༡༦༽ཐུབ་པ་དྲུག༡༧༽སྒོ་བ་ཡབ་ཡུམ་འཁྲིལ་སྦྱོར་ཅན། ༡༨༽བཅས་ཞི་ཁྲོའི་བྲིས་ཐང་སྤྱི་ལྟར། ཁྲག་འཐུང་རབ་འབྱམས་མཚོན་བྱེད། ཁྲག་འཐུང་རིགས་ལྔ་ཞལ་གཅིག་ཕྱག་གཉིས་ཅན་ཡབ་ཡུམ་ཞི་ཁྲོ་སྤྱི་ཁྱབ་ལྟར༡༴ ༡༩སངས་རྒྱས་སྟོང་མཚོན་བྱེད་དུས་གསུམ་སངས་རྒྱས་སྤྱི་ཁྱབ་ལྟར་གྱི་མདུན་ཉན་ཐོས་ཀྱི་དགེ་འདུན་ལྔ་ཡོད་པ། ༢༠༽བཅས་ཁྱོན་ཙཀླི་ཉི་ཤུ་དང་།། །། ༈ ཁར་སང་རས་གཞི་གསར་བཟོ་ཁ་གང་གིས་དཀྱིལ་ཐང་དགུ་ལོ་བ་དེ་འདྲ་གཅིག་ལ་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་དཀྱིལ་ཐང་རྟ་བབས་རྣམ་བཞི་མ་དུར་ཁྲོད་མེད་པའི་ཞི་དཀྱིལ་སྤྱི་འགྲེ། དབུས་སུ་སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བར་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་ཙཀླི་བྲི་ཡིག་ལྟར། པུས་མོ་གཡས་པའི་ཐད་དུ་མུ་ཏིག་དམར་པོའི་ཕྲེང་བ། གཡོན་ཐད་པདྨ་དམར་པོ། དབུ་གཙུག་ཏུ་རིགས་བདག་མཚོན་བྱེད་ཐིག་ལེ་དམར་པོའི་དབུས་སུ་རྡོ་རྗེ་དྲིལ་བུ། མདུན་དུ་འཁོར་ལོ་དཀར་པོ། པད་འདབ་བཞིའི་ཤར་དུ་རྡོ་རྗེ་མཐིང་། ལྷོར་རིན་ཆེན་སེར། ནུབ་ཏུ་པདྨ་དམར། བྱང་དུ་སྣ་ཚོགས་རྡོ་རྗེ། དེའི་ཕྱི་རོལ་སྣ་ཚོགས་པདྨ་འདབ་བརྒྱད་ལ་ཤར་ནས་བརྩམས་ཏེ་གཡས་བསྐོར་དུ་རིན་པོ་ཆེའི་ཤར་མྱུར་གུ་དང་མེ་ལོང་། ཤར་ལྷོ་ཀླུ་ཤིང་དང་སྤོས་ཁང་། ལྷོ་རལ་གྲི་དང་རིན་པོ་ཆེའི་ཕྲེང་བ། ལྷོ་ནུབ་གླེགས་བམ་དང་མེ་ཏོག་གི་ཕྲེང་བ། ནུབ་པདྨ་དང་པི་ཝཾ། ནུབ་བྱང་རིན་པོ་ཆེའི་སྙེ་མ་དང་མར་མེ། བྱང་རྡོ་རྗེ་དང་ཏིང་ཤག །བྱང་ཤར། ཨུཏྤལ་དང་དྲི་ཆབ་རྣམས་གསེར་རིས་ལྟ་བུའི་མཚོན་བྱེད། དེའི་ཕྱི་རོལ་དུ་མུ་ཁྱུད་རིམ་པ་བཞིར་བསྐོར་བའི་མུ་ཁྱུད་རེ་རེ་ལ་པད་འདབ་ཉིས་བརྒྱ་ལྔ་བཅུ་རེ་བཅད་པའི་སྟོང་ཕྲག་ཚང་བ། པད་འདབ་རེ་རེའི་དབུས་སུ་སངས་རྒྱས་སྟོང་མཚོན་བྱེད་གསེར་ཐིག་རེ། ཁྱམས་ཀྱི་ཤར་དུ་གཡས་སུ་པི་ཝཾ། གཡོན་དུ་གོ་ཁྲབ། སྒོའི་དབུས་ཐད་དུ་མཁར་གསིལ་ལྷུང་བཟེད། ནུབ་སྒོའི་གཡས་སུ་པུ་སྟི། གཡོན་དུ་མེ་ཆུ། བྱང་སྒོའི་དབུས་སུ་སྒྲོམ་བུ། སྒོ་བཞིའི་དབུས་སུ། ཤར་དུ་ཞིང་དབྱུག་དང་ལྕགས་ཀྱུ། ལྷོ་སྒོར་རྡོ་རྗེ་དང་ཞགས་པ། ནུབ་སྒོར་ཐོད་དབྱུགས་སྦྲུལ་དཀྲིས་ཅན་དང་ལྕགས་སྒྲོག །བྱང་སྒོར་སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་བཅས་བྲི། སྤྱིར་མུ་ཁྱུད་སོགས་བཅད་ལུགས་ཧ་ལམ་ཐུགས་ཆེན་ཡང་སྙིང་འདུས་པའི་དཀྱིལ་ཐང་འདི་ལ་གཟིགས་ན་ཆོག། །། ༈བླ་མ་བདེ་མཆོག་དམར་པོའི་དཀྱིལ་ཐང་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་དང་ཚད་གཅིག་པའི་རས་གཞི་ལ། དུར་ཁྲོད་ཡོད་པའི་དཀྱིལ་འཁོར་རྟ་བབ་སྣམ་བུ་བཞི་མ་སྤྱི་འགྲེ་ལ། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཡངས་པར་བསྐོར་བའི་ལྟེ་བར། བླ་མ་བདེ་མཆོག་དམར་པོ་ཙཀླི་བྲི་ཡིག་ལྟར། སྤྱི་བོར་རིག་བདག་རྡོ་རྗེ་འཆང་ཙཀླིའི་བྲི་ཡིག་ལྟར་བྲི།། །། ༈ ཁར་སང་ཕག་མོའི་དཀྱིལ་ཆུང་གྲས་གཅིག་ལྷག་པ་དེ་ལ་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་སོགས་ཕྱེའི་བཀོད་པ་པདྨ་མཁའ་འགྲོ་ཇི་ལྟ་བ། ནང་གི་བཀོད་པ་ཆོས་འབྱུང་དམར་པོ་བསྣོལ་མ་ཟུར་དྲུག་པའི་ལྟེ་བར་སྣ་ཚོགས་པདྨ་འདབ་བཞིའི་དབུས་སུ་མཁའ་འགྲོ་རིགས་བྱེད་རྩལ་སྐུ་མདོག་དམར་སྨུག །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་དམར་ཟླུམ་གཡོན་གཟིགས། དབུ་སྐྲ་དམར་སེར་གྱེན་བརྫེས་ལྷག་མ་རྒྱབ་ཏུ་གྲོལ་བ། མེ་ཏོག་དམར་པོའི་ཐོད་ནོར་བུ་དམར་པོའི་ཐོར་ཚུགས། ཞལ་བཞད། མཆེ་བ་གཙིགས། ཤིན་ཏུ་ཆགས་ཤིང་ཅུང་ཟད་ཁྲོ་ཉམས། ཕྱག་དང་པོ་གཉིས་ཨུཏྤལ་དམར་པོའི་མདའ་གཞུ་འགེངས། གཡས་འོག་ཐོད་པའི་ཌ་རུ་འཁྲོལ་ཉམས། གཡོན་འོག་ཐོད་ཁྲག་སྟ་ཟུར་གཡོན་དུ་བཟུང་བ། ཐོད་སྐམ་ལྔའི་དབུ་རྒྱན། རློན་པའི་དོ་ཤལ། རུས་པའི་རྒྱན་ལྔ། དར་དང་རིན་པོ་ཆེ་དང་མེ་ཏོག་དམར་པོའི་ཕྲེང་བ་ཅན། སྟག་ཤམ། ཞབས་གཡས་བསྐུམས་པའི་སོར་མོ་གཡོན་པའི་བརླ་ལ་གཏད་པའི་གར་ཐབས། གདན་པད། ཉི། མི་རོ་དམར་སེར་གྱི་སྙིང་གར་གཡོན་བརྐྱངས་པས་བརྫིས་པ། འོད་ཟེར་དམར་པོ་རབ་ཏུ་འཕྲོ་བ་སྟེ། སྤྱིར་སྐུའི་ཉམས་སོགས་རིགས་བྱེད་མ་ཇི་ལྟ་བ་ཡིན། སླར་ཁྱད་པར་གྱི་རས་གཞི་ལ་ཐང་ཆུང་ཞིག་བྲི་དགོས་པའང་མངོན་རྟོགས་འདི་ལྟར་ཡིན། འདབ་བཞིའི་ཤར་དུ་རྡོ་རྗེའི་ཡུ་བ་བྱས་པའི་ལྕགས་ཀྱུ་དཀར། ལྷོར་རིན་ཆེན་ལྕགས་ཀྱུ་སེར། ནུབ་ཏུ་པདྨའི་ལྕགས་ཀྱུ་དམར། བྱང་དུ་སྣ་ཚོགས་རྡོ་རྗེའི་ལྕགས་ཀྱུ་ལྗང་གུའོ།། །། ༈ གོང་གསལ་རིགས་ལྔའི་མངོན་རྟོགས། དབུས་མི་བསྐྱོད་མཐིང་། གཡས་རྡོ་རྗེ་ཐུགས་ཀ །གཡོན་དྲིལ་བུ་དཀུར་བརྟེན། ཡུམ་སྔོ་སྐྱ་གཡས་དྲིལ་བུས་ཡབ་འཁྱུད། གཡོན་རྡོ་རྗེ་ཐུགས་ཀར་གཏོད། གདན་སེང་ཁྲི། པད། ཉི། ཟླ། དེས་རིགས་འགྲེལ། ཤར་རྣམ་སྣང་དཀར། འཁོར་ལོ་དྲིལ་བུ། ཡུམ་དཀར། དྲིལ་བུ་འཁོར་ལོ། གདན་གླང་པོ། ལྷོར་རིན་འབྱུང་སེར། གཡས་རིན་ཆེན། གཡོན་དྲིལ་བུ། ཡུམ་སེར། གཡས་དྲིལ། གཡོན་རིན་ཆེན། གཏན་རྟ། ནུབ་སྣང་མཐའ་དམར། གཡས་པདྨ། གཡོན་དྲིལ་བུ། ཡུམ་དམར་སྐྱ། དྲིལ། པད། གདན་རྨ་བྱ། དོན་གྲུབ་ལྗང་། རྒྱ་གྲམ། དྲིལ། ཡུམ་ལྗང་སྐྱ། དྲིལ། རྒྱ་གྲམ། གདན་ཤང་ཤང་། ཐམས་ཅད་དར་དཀར་པོའི་སྟོད་གཡོགས། འཇའ་ཤམ། ཅོད་པན་ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་རྒྱན་ལྔ། རིན་པོ་ཆེའི་རྒྱན་བརྒྱད་སྤྱི་ལྟར། ཡབ་ཐམས་ཅད་རྫོགས་སྐྱིལ། ཡུམ་བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་ཅན་ནོ།། །། ༈ སེམས་དཔའ་ཡབ་ཡུམ་ལ། ས་སྙིང་དཀར། གཡས་རིན་པོ་ཆེའི་མྱུ་གུ། ཡུམ་དཀར་གཡས་མེ་ལོང་། བྱམས་པ་དཀར་སེར་ཀླུ་ཤིང་། ཡུམ་དཀར་སེར་སྤོས་ཁང་། ནམ་སྙིང་སེར་རལ་གྲི། ཡུམ་སེར་སྐྱ་ཕྲེང་བ། སྒྲིབ་སེལ་དམར་སེར་གླེགས་བམ། ཡུམ་སེར་མེ་ཏོག་ཕྲེང་བ། སྤྱན་གཟིགས་དམར་པདྨ། ཡུམ་དམར་སྐྱ་པི་ཝཾ། ཀུན་བཟང་དམར་ལྗང་རིན་པོ་ཆེའི་སྙེ་མ། ཡུམ་དམར་ལྗང་མར་མེ། ཕྱག་རྡོར་མཐིང་རྡོ་རྗེ། ཡུམ་ལྗང་གུ་གར་གྱི་རྒྱ། འཇམ་དཔལ་དཀར་ལྗང་ཨུཏྤལ། ཡུམ་ལྗང་སྐྱ་དྲིའི་དུང་ཆོས། ཡབ་ཐམས་ཅད་གཡོན་དྲིལ་བུ་དཀུར་བརྟེན་པ། ཡུམ་རྣམས་གཡོན་པར་ཕྱག་མཚན་མེད། དར་དང་རིན་པོ་ཆེའི་རྒྱན། ཡབ་ཐམས་ཅད་གཡས་བརྐྱངས་པའི་སེམས་སྐྱིལ། ཡུམ་རྣམས་གཡོན་བརྐྱངས་པའི་སེམས་མའི་སྐྱིལ་ཀྲུང་གིས་འཁྱུད་པ། གདན་པད། ཉི། ཟླ།། །། ༈ ཐུབ་དྲུག །བརྒྱ་བྱིན་དཀར་པོ་པི་ཝཾ། ཐགས་བཟང་རིས་སྔོན་པོ་གོ་ཁྲབ། ཤཱཀ་ཐུབ་སེར་པོ་མཁར་གསིལ་ལྷུང་བཟེད། སེང་རབ་དམར་ནག་པུ་སྟི། ཁ་འབར་སེར་ནག་རིན་ཆེན་སྒྲོམ་བུ། ཆོས་རྒྱལ་དུད་ཀ་མེ་ཆུ། སྤྲུལ་སྐུའི་ཆ་བྱད། ཞབས་མཉམ་སྟབས་བཞེངས། གདན་པདྨ་རྐྱང་པ།། །། ༈ སྒོ་བཞིའི་གཤིན་རྗེ་སྨུག་ནག་གཡས་མི་རོ། ཡུམ་ལྕགས་ཀྱུ། སྟོབས་ཆེན་སེར་ནག་རྡོ་རྗེ། ཡུམ་ཞགས་པ། རྟ་མགྲིན་དམར་ནག་ཐོད་དབྱུག་སྦྲུལ་དཀྲིས་ཅན། ཡུམ་ལྕགས་སྒྲོག །འཁྱིལ་པ་ལྗང་ནག་རྒྱ་གྲམ། ཡུམ་དྲིལ་བུ། གཡོན་ཐོད་སྡིགས་མཛུབ། ཞབས་གྱད་ཀྱི་དོར་སྟབས། གདན་ཉི་མ་དང་མི་རོ། རྒྱན་དུར་ཁྲོད་ཆས་བརྒྱད།། །། ༈ ཁྲག་འཐུང་ལྔ་དབུས་རྡོ་རྗེ་ཁྲག་འཐུང་མཐིང་ནག་གཡས་རྡོ་རྗེ། ཤར་དུ་བུདྡྷ་སྨུག་ནག་འཁོར་ལོ། ལྷོར་རཏྣ་སེར་ནག་གཡས་རིན་ཆེན། ནུབ་པདྨ་དམར་ནག་གཡས་པདྨ། བྱང་ཀརྨ་ལྗང་ནག་གཡས་རྒྱ་གྲམ། ཐམས་ཅད་གཡོན་ཐོད་ཁྲག །དུར་ཁྲོད་ཆས་བརྒྱད་ཅན། གཤོག་པ་སོགས་དཔལ་ཆས་མེད། ཞབས་དོར་སྟབས་གཡོན་བརྐྱངས། ཡུམ་ཐམས་ཅད་སྐུ་མདོག་ཡབ་དང་ཕྱོགས་འདྲ། གཡས་དྲིལ་བུས་འཁྱུད། གཡོན་ཐོད་ཁྲག་སྟོབས། རུས་རྒྱན། གཟིག་ཤམ། གདན་པད་ཟླ་ཉི་མ། དྲེགས་པ་ཕོ་མོ་ཟུང་རེ་བཅས། ཁྲོ་ཚུལ་དང་། དྲག་མེ་སོགས་སྤྱི་ལྟར་རོ།། །། ༈ བཀའ་བརྒྱད་དྲེགས་པ་ཀུན་འདུས་ལྷ་ཙག །ཞི་བ་རིགས་ལྔ་གོང་གི་རིགས་ལྔ་ལྟར། ༡༽གཙོ་བོ་དབུ་གསུམ་ཕྱག་དྲུག །དབུས་ཞལ་མཐིང་ནག་རྔོམ། གཡས་དཀར་བཞད། གཡོན་དམར་གཤེ། ཕྱག་གཡས་གསུམ་རྡོ་རྗེ་རྩེ་གསུམ། རྩེ་ལྔ། རྩེ་དགུ། གཡོན་གསུམ་ཐོད་པ་སྐམ། རྙིང་རློན་གསུམ་ཁྲག་གིས་གང་བ། ཞབས་བཞི་གཡོན་བརྐྱངས་གྱད་ཀྱི་དོར་སྟབས། ཡུམ་སྔོ་སྐྱ་གཡས་ཁ་ཊྭཱྃ་རྩེ་གསུམ་ཡབ་འཁྱུད། གཡོན་ཐོད་ཁྲག་སྟོབ། གཟིག་ཤམ་རུས་རྒྱན་ཅན། ༢༽ཡང་དག་མཐིང་ནག་རྡོ་དྲིལ། ༣༽གཤིན་རྗེ་སེར་ནག་བེ་ཅོན་ཐོད་ཁྲག༤༽རྟ་མགྲིན་དམར་ནག་ཐོད་དབྱུག་དྲིལ་བུ། ༥༽ཕུར་པ་ལྗང་ནག་ཕུར་བུ་འདྲིལ། ༦༽བདེ་འགྲོ་སྨུག་ནག་ཁྱུང་ཆེན་དང་། དྲིལ་བུ། ༧༽དྲེགས་འདུལ་མཐིང་ནག་ཐོ་བ། མདུང་། ༨༽སྟོབས་ལྡན་སྨུག་ནག་ལྕགས་ཀྱུ་སྦྲུལ་ཞགས། ༩༽ཡུམ་ཐམས་ཅད་རང་འདྲ། ཁྲོ་བོ་འདི་ཐམས་ཅད་ལ་དུར་ཁྲོད་ཆས་བརྒྱད། གཤོག་པ་སོགས་དཔལ་ཆས། གདན་ཟླ། ཉི། དྲེགས་པ་ཕོ་མོ་ཟུང་། དྲག་མེ་དང་ཁྲོ་ཉམས་སོགས་སྤྱི་ལྟར། རིག་འཛིན་དཀར་དམར་མདངས། རྡོ་དྲིལ། ཡུམ་དམར་སྐྱ་གྲི་ཐོད། ཞི་མ་ཁྲོའི་ཉམས། སྤྱན་གསུམ། དར་དང་རིན་ཆེན་རུས་རྒྱན། གདན་དར་ཟབ་ལྷོད་འབོལ། ཞབས་གཡོན་ཅུང་ཟད་བརྐྱངས་པའི་དོར་སྟབས། ཕྱི་རོལ་ཏུ་འོད་ཟེར་པ་ཏྲའོ། ༡༠༽ཁྱུང་དཀར་ནག་ཙཀླེ་གཅིག་ལ་ཚང་བ་ལྡིང་སྟབས། ༡༡༽།། །། ༈ ཕྱག་མཚན་ལ། ཆེ་མཆོག་སྨན་ཐོད་ཁ་སྦྱར་ཚོན་སྐུད་སྣ་ལྔའི་སེ་ཆིངས་ཅན། བབ་ལེ་ཅན་གྱི་དཀྱུས་རའི་སྟེང་བཞག་པ། ༡༽གཤིན་རྗེའི་བམ་གདན་ཟུར་གསུམ་སྟེང་བམ་རོའི་ཉམས་ལག་གཉིས་སྙིང་གར་བསྣོལ་བའི་ནང་སྨན་ཐོད་སྐོམ་པོ་དང་། རཀྟའི་ཐོད་པ་སྐྲ་ཅན་རློན་པ་བཟུང་བ། སྤྱི་བོར་གཏོར་མ་ཟུར་གསུམ་པུར་ཞབས་མ། དཔྲལ་བར་ཉི་ཟླ། རྐང་གཉིས་ཙོག་པུར་བསྣོལ་བ། ༢༽རྟ་མགྲིན་རྟ་དབུ་མགྲིན་པ་ཡན་ཆད་པདྨ་འདབ་གསུམ་ནང་ནས་སྐྱེས་པ། མདོག་ལྗང་། ཞུར་དཀར། ཕྲུམ་ཕྲུམ་སེར། རྡོག་མ་དམར། འཚེར་ཉམས་ཅན། ༣༽ཡང་དག་ཐོད་པའི་ཀོང་བུ་ཧ་ལམ་ཟླ་གམ་དབྱིབས་ནང་ཚིལ་ཆེན་མར་མེ་སྦར་བ། སྐེད་པ་ལ་ཐོད་སྐམ་དང་ར་པད་འདབ་བྱས་ན་ལེགས། ༤༽ཕུར་པ་སྟོད་ཞལ་གསུམ་ཕྱག་དྲུག་ཐམས་ཅད་ཕུར་འདྲིལ། སྨད་ཕུར་དབལ་ཅན་སྤྱི་འགྲེ། ཕུར་གདན་གྲུ་གསུམ། ༥༽མ་མོ་ཐོད་པ་དུམ་བཞིའི་ནང་སྙིང་རྩ་ལག་དང་བཅས་པ་རློན་ཉམས། ༦༽དྲེགས་པ་སྔགས་བྱང་བྲི་ས་ཟུར་གསུམ་མཐིང་ནག་རྩེ་མོ་གྱེན་བསྟན་མེ་འབར་བ། ༧༽དྲག་སྔགས་ལའང་དེ་ལྟར། ༨༽རིག་འཛིན་ལ་ཚེ་འབྲང་ཡིན་པས་བྲི་མི་དགོས། དེ་ལྟར་ན་བཀའ་བརྒྱད་དྲེགས་འདུལ་ཙཀླི། ༡༩༽བྲི་ཐོ་དགེ། །།

Footnotes

Other Information