ཨག་འདམ་གཉིས་ཀྱི་གཞི་བདག་བསང་མཆོད་ཕན་བདེའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-110
Wylie title ag 'dam gnyis kyi gzhi bdag bsang mchod phan bde'i dbyangs snyan JKCL-KABUM-11-DA-110.pdf
Location chos kyi blo gros bka' 'bum
Volume 11, Text 110, Pages 527-529 (Folios 1a1 to 2a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ag 'dam gnyis kyi gzhi bdag bsang mchod phan bde'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 527-529. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang

1 Texts in this Section (sde tshan or chos tshan)

[edit]
ཨག་འདམ་གཉིས་ཀྱི་གཞི་བདག་བསང་མཆོད་ཕན་བདེའི་དབྱངས་སྙན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། དགེ་ལེགས་ཀུན་གྱི་མཆོག་གྱུར་པ། །པདྨ་རྒྱལ་ལ་གུས་བཏུད་ནས། །དཀར་ཕྱོགས་སྐྱོང་བའི་གཞི་བདག་ཚོགས། །དགྱེས་བའི་བསང་མཆོད་ཉུང་ངུར་སྤེལ། །དེ་ལ་མཆོད་གཏོར་གསེར་སྐྱེམས་སོགས་ལེགས་པར་བཤམས་ཤིང་། །བཟང་ཤིང་གི་དུད་པ་ཐུལ་པ་དང་བཅས། རྃ་ཡྃ་ཁྃ། བསང་གི་ཉེས་སྐྱོན་མ་དག་ཐམས་ཅད་སྦྱངས། །བསང་གི་བདུད་རྩི་དུད་སྤྲིན་ཕྱོགས་བརྒྱར་ཁྱབ། །མི་གཙང་ཉེས་ཀུན་སེལ་བའི་བསང་མཆོད་ཀྱིས། །ས་དང་བར་སྣང་ཡོངས་སུ་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། ཀྱཻ། བསང་ངོ་མཆོད་དོ་ཀུན་བཟང་མཆོད་སྤྲིན་གྱིས། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡའ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་བརྒྱུད་སོགས། །རིག་འཛིན་མཁས་གྲུབ་རྒྱ་མཚོའི་ཚོགས་རྣམས་ལ། །མཆོད་པ་འབུལ་ལོ་བྱིན་རླབས་ཆར་ཆེན་ཕོབས། །ཆོས་ཀྱི་དབྱིངས་ནས་སྒྱུ་འཕྲུལ་རོལ་པའི་གར། །ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་བསམ་ལས་འདས། །རྒྱུད་དང་སྒྲུབ་སྡེའི་ལྷ་ཚོགས་ཐམས་ཅད་ལ། །བསང་མཆོད་འབུལ་ལོ་གྲུབ་གཉིས་དངོས་གྲུབ་སྩོལ། །གནས་གསུམ་དཔའ་བོ་དང་ནི་ཌཀྐིའི་ཚོགས། །བཀའ་གཏེར་བསྟན་སྲུང་དམ་ཅན་རྒྱ་མཚོ་དང་། །འདོད་དགུའི་དཔལ་གཏེར་ནོར་ལྷ་རབ་འབྱམས་ལ། །བསང་མཆོད་འབུལ་ལོ་ཕྲིན་ལས་རྣམ་བཞི་སྒྲུབས། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉེར་གཅིག་ལྷ་རབ་མཆེད་དགུ་སོགས། སྲིད་པ་ཆགས་པའི་ལྷ་ཀླུ་གཞི་བདག་ལ། །བསང་མཆོད་འབུལ་ལོ་འཇིག་རྟེན་བདེ་ལེགས་མཛོད། ཀྱཻ། བདེ་ཆེན་ལྗོངས་ཀྱི་ནོར་འཛིན་ཐིག་ལེ་ཆེ། །ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་བ་ཡི། །ཨག་དང་འདམ་གྱི་གཞུང་ཆེན་སྐྱོང་མཛད་པའི། །དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཐམས་ཅད་དང་། །ཁྱད་པར་ཨོ་ཌི་ཡ་ནའི་སློབ་དཔོན་ཆེས། །བཀའ་བསྒོས་དམ་ཚིག་རྡོ་རྗེ་གཙུག་ཏུ་བཀོད། །ཐ་ཚིག་སྙིང་ལ་འཆང་བའི་ཡུལ་ལྷ་ནི། །ཚྭ་རྒྱལ་དངུལ་འཕྲུ་མི་དཀར་འཁོར་གསུམ་ཅན། །རྟ་དཀར་ལ་ཞོན་ཚྭ་ཆེན་བཅོ་བརྒྱད་བསྐོར། །སྟོང་དཔོན་དགྲ་འདུལ་མི་དམར་དམག་དཔོན་ཆས། །རྒྱལ་སྲིད་སྣ་བདུན་ཡང་འཁོར་བྱེ་བ་བཅས། །བླ་མ་རིན་ཆེན་ཉན་ཐོས་དགེ་སློང་འབུམ། །གྲོ་གད་དབྱིག་རྡི་ར་རྫོང་གླང་ཆེན་མཆེད། །མེ་འབར་མཚོ་མོ་ལ་སོགས་མཚོ་སྨན་རིགས། །ཨ་མྱི་འབྲི་རྒྱལ་སྔགས་ཆས་འབྲོང་ནག་ཞོན། །རྒྱལ་ཆེན་བཅོ་བརྒྱད་སྲིད་མོ་གོང་མོ་རི། །ནིས་ར་མཚོ་རྒན་མཚོ་སྨན་དུ་མ་དང་། །རལ་པ་རི་དམར་རྫ་རི་རྒྱལ་མོ་དང་། །བྲག་ལ་མདའ་ཟུག་ཁྲ་ནེ་ཏ་དུ་སོགས། །དཀར་ཕྱོགས་སྐྱོང་བའི་གཞི་བདག་འཁོར་བཅས་རྣམས། །བསང་མཆོད་འདོད་ཡོན་བདུད་རྩི་དགྱེས་པར་བཞེས། །རྨེ་མནོལ་མཁོན་སོགས་གྲིབ་ཀྱིས་ཕོག་པ་ཡི། །མི་གཙང་དྲི་མའི་ཚོགས་རྣམས་སེལ་གྱུར་ཅིག །དུས་ངན་སེམས་ཅན་སྤྱོད་པ་ལོག་པ་ལས། །བྱུང་བའི་འབྲས་བུའི་ཕོག་ཐུག་འགྲམ་འཁྲུགས་སོགས། །མི་ཤེས་བག་མེད་དབང་དུ་གྱུར་པ་རྣམས། །གནོངས་ཤིང་འགྱོད་པས་མཐོལ་བཤགས་འབུལ་ལགས་ན། །ཁྱོད་ཐུགས་དགྱེས་པའི་ཟླ་ཞལ་ངོམ་པ་ལས། །བྱུང་བའི་ཟེར་ཕྲེང་བདུད་རྩིའི་ཐིག་པ་ལ། །ལྗོངས་འདིའི་ལེགས་བྱས་དགའ་སྟོན་སྨིན་པ་དང་། །ནད་མུག་མཚོན་འཁྲུགས་མཐའ་ཡི་དམག་དཔུང་བཟློག །གཞི་བྱེས་ཀུན་ཏུ་སྲུངས་ཤིང་སྐྱོབས་པ་དང་། །ལུས་ལ་གཟི་བརྗིད་ངག་ལ་ནུས་མཐུ་དང་། །སེམས་ལ་བདེ་གསལ་འབར་ཞིང་དཔལ་འབྱོར་རྒྱས། །ཚེ་གཡང་ལོངས་སྤྱོད་འདོད་དགུའི་བླ་རེ་བྲེས། །རྫོགས་ལྡན་དུས་ཀྱི་ལེགས་བྱས་དར་ལ་བབ། །སྲིད་ཞི་ཕུན་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་གཏོར་མ་བསང་ཕུད་མཆོད།། །།

Footnotes

Other Information