དགེ་བསྙེན་རྡོ་རྗེ་ཐོག་སྲས་ལ་བསང་མཆོད།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-096
Wylie title dge bsnyen rdo rje thog sras la bsang mchod JKCL-KABUM-11-DA-096.pdf
Location chos kyi blo gros bka' 'bum
Volume 11, Text 96, Pages 485-486 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dge bsnyen rdo rje thog sras la bsang mchod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 485-486. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པ་འདིའང་འགུལ་དགོན་དགེ་སློང་དམ་ཆོས་རབ་རྒྱས་ཀྱིས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། སརྦ་མངྒ་ལཾ།།

/ces pa 'di'ang 'gul dgon dge slong dam chos rab rgyas kyis bskul ngor 'jam dbyangs chos kyi blo gros pas bris pa dge/__sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
དགེ་བསྙེན་རྡོ་རྗེ་ཐོག་སྲས་ལ་བསང་མཆོད་བཞུགས་སོ། །ཕྱེ་མར་གཏོར་མ་སྐྱེམས་ཕུད་རྩི་ཤིང་དུད་པ་བཟང་པོ་བཅས་འདུ་བྱས་ལ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཀྱཻ། དག་པ་ལྷ་ཡི་གཞལ་ཡས་ན། །ངོ་མཚར་ཤེལ་གྱི་ཁང་བཟང་ནང་། །ལྷ་ཆེན་རྡོ་རྗེ་ཐོག་སྲས་ནི། །ལྷ་ཡི་དགེ་བསྙེན་སྐུ་མདོག་དཀར། །ནོར་བུའི་རྒྱལ་མཚན་མདུང་དར་བསྣམས། །དུང་རྟ་དཀར་པོ་རི་ཙམ་ཆིབས། །ཁྲབ་རྨོག་འཁོར་གསུམ་བརྗིད་པས་མཛེས། །ལྷ་ཀླུ་བཙན་དང་གནོད་སྦྱིན་དམག །སྲས་ཡུམ་སྤྲུལ་པ་བློན་འཁོར་རྣམས། །འདི་གཤེགས་བསང་དང་གསེར་སྐྱེམས་དང་། །གཏོར་མ་དཀོར་ཆའི་བརྔན་འདི་འབུལ། །གང་འདོད་ཕྲིན་ལས་མྱུར་དུ་སྒྲུབས། །ཤྭ་རྐྱང་གླ་རྣ་རྒོ་འབྲོང་སོགས། །རྟ་གཡག་གནག་ལུག་འདོད་འཇོའི་བ། །གཏེར་ཆེན་བུམ་པ་བཟང་པོ་དང་། །གོ་ཁྲབ་གོས་དར་གཅན་གཟན་སོགས། །ཤིང་རྩི་བལ་ཚོན་སྨྱུག་རྒོད་དང་། །ཤིང་རིས་སྣ་ཚོགས་རི་མོ་བཀྲ། །མདའ་མདུང་རལ་གྲི་མེ་སྒྱོགས་སོགས། །སྤྱན་གཟིགས་མཆོད་པ་སྣ་ཚོགས་བཞེས། །འགལ་འཁྲུགས་ཉམས་ཆགས་མནོལ་འཐིབས་སངས། །རྨེ་ཡུག་བཙོག་མནོལ་གྲིབ་རིགས་ཀྱིས། །གོས་པ་ཐམས་ཅད་དག་གྱུར་ཅིག །ཡུལ་ཕྱོགས་སྣོད་བཅུད་ཐམས་ཅད་ཀྱི། །མི་མཐུན་རྒུད་པ་ཀུན་སེལ་ཞིང་། །སྡེ་བཞི་དགེ་བཅུའི་དཔལ་ཡོན་རྒྱས། །བཙའ་སད་སེར་བའི་གནོད་པ་སྲུངས། །དགྲ་ཇག་ཆོམ་རྐུན་འཚེ་བ་བཟློག །འཁོར་འདས་ཕྱྭ་གཡང་བཅུད་བསྡུས་ནས། །བཀྲ་ཤིས་དགེ་མཚན་རབ་འཕེལ་ཤོག །ཅེས་པ་འདིའང་འགུལ་དགོན་དགེ་སློང་དམ་ཆོས་རབ་རྒྱས་ཀྱིས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ། སརྦ་མངྒ་ལཾ།། །།

Footnotes

Other Information