སྡེ་དགེ་ལྷ་སྲས་གསར་ཕེབས་ཀྱི་འཁྲུངས་བསང་བཀྲ་ཤིས་འཁྱིལ་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-071
Wylie title sde dge lha sras gsar phebs kyi 'khrungs bsang bkra shis 'khyil pa JKCL-KABUM-11-DA-071.pdf
Location chos kyi blo gros bka' 'bum
Volume 11, Text 71, Pages 369-373 (Folios 1a1 to 3a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sde dge lha sras gsar phebs kyi 'khrungs bsang bkra shis 'khyil pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 369-373. Bir, H.P.: Khyentse Labrang, 2012.
Genre Smoke Offerings - bsangs mchod - lha bsang
Colophon

།ཅེས་པའང་དད་བརྩོན་ཤེས་རབ་ཀྱི་ནོར་ལྡན་རབ་སློབ་བྱ་རྒོད་བླ་མ་ཤེས་རབ་རྒྱལ་མཚོ་ནས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྔ་འགྱུར་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོའི་རྒྱུད་སྡེ་ལྷ་ཁང་བཤད་སྒྲུབ་ནོར་བུའི་ལྷུན་པོར། ནག་ཟླའི་ཤེར་ཕྱོགས་ཀྱི་རྫོགས་པ་གཉིས་པར་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་སྐྱོ་མདའ་དབོན་སྤྲུལ་འཇམ་དབྱངས་ཆོས་ཀྱི་ཉིན་བྱེད་ཀྱིས་བགྱིས་པ་འདིས་ཀྱང་བཀྲ་ཤིས་དགེ་ལེགས་ཀྱི་དཔལ་ཡོན་མཆོག་ཏུ་རྒྱས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/ces pa'ang dad brtson shes rab kyi nor ldan rab slob bya rgod bla ma shes rab rgyal mtsho nas gsung bskul ngor/__'jam dbyangs chos kyi blo gros pas snga 'gyur bshad sgrub kyi chu gter chen po kaHthog rdo rje gdan gyi chos grwa chen po'i rgyud sde lha khang bshad sgrub nor bu'i lhun por/__nag zla'i sher phyogs kyi rdzogs pa gnyis par smras rim bzhin yi ge'i byed po skyo mda' dbon sprul 'jam dbyangs chos kyi nyin byed kyis bgyis pa 'dis kyang bkra shis dge legs kyi dpal yon mchog tu rgyas par gyur cig__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
སྡེ་དགེ་ལྷ་སྲས་གསར་ཕེབས་ཀྱི་འཁྲུངས་བསང་བཀྲ་ཤིས་འཁྱིལ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་མཉྫུ་ཤྲཱི་ཡེ། དམར་སེར་གུར་གུམ་གསར་པའི་རི་བོའི་རྩེར། །མཁྱེན་རབ་ཉིན་བྱེད་སྟོང་གི་གཟི་འོད་འབར། །ས་གསུམ་རྨོངས་པའི་མུན་པ་ཀུན་སེལ་བ། །བླ་མ་འཇམ་དཔལ་དཔའ་བོར་གུས་བཏུད་ནས། །སྐྱེ་དགུའི་ཡིད་ཀྱི་གདུང་བ་སེལ་བའི་གཉེན། །ཚངས་སྲས་འཆི་མེད་གཞོན་ནུའི་ལང་ཚོ་ནི། །ཕུན་ཚོགས་ཀུན་དགའི་ཚལ་དུ་སྣང་བའི་ཚེ། །རྩ་གསུམ་དགྱེས་པའི་བསང་མཆོད་དགའ་སྟོན་དབྱེ། །དེ་ལ་འདིར་དཀར་པོའི་ཕྱོགས་ཀྱི་ཚེས་གཟའ་སྐར་འཕྲོད་སྦྱོར་བཟང་པོར་བསང་མཆོད་འབུལ་བར་སྤྲོ་ན། མཆོད་གཏོར་དང་། དཀར་མངར་སྐྱེམ་ཕུད། ཕྱེ་མར་ཤིང་རྩིའི་དུད་པ་འཐུལ་བཞིན། མཆོད་རྫས་རྣམས་ལ་ཆུ་གཙང་གིས་བྲན། བསང་གཞུང་གཞན་དང་མ་འབྲེལ་ན། སྐྱབས་སེམས་སྔོན་དུ་འགྲོ་བས། རྃ་ཡྃ་ཁྃ། བསང་གི་མི་གཙང་དྲི་མ་བསྲེག་གཏོར་བཀྲུས། །བྷྲཱུྃ་ལས་རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །བསང་རྫས་ཟག་མེད་འདོད་ཡོན་རྒྱ་མཚོའི་སྤྲིན། །ས་དང་ནམ་མཁའ་བར་སྣང་ཁྱབ་པར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་བརླབས། ཀྱེ། ཆོས་དབྱིངས་དག་པ་རབ་འབྱམས་ཀློང་ཡངས་ནས། །རྩ་གསུམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་དང་། །ཡུལ་ལྷ་གཞི་བདག་དཀར་ཕྱོགས་སྐྱོང་བ་རྣམས། །བསང་མཆོད་གནས་འདིར་མ་ཐོགས་མྱུར་དུ་བྱོན། །རང་རང་མཚམས་པའི་གདན་ལ་དགྱེས་པར་བཞུགས། ཀྱེ། ཕྱི་སྣོད་དག་པ་རིན་ཆེན་གཞལ་མེད་ཁང་། །བཀོད་ལེགས་མཛེས་ཤིང་བལྟ་ན་སྡུག་པའི་ནང་། །མཆོད་རྫས་འདོད་ཡོན་ཉེར་སྤྱོད་བསམ་མི་ཁྱབ། །རྨད་བྱུང་ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་དང་། །ཁྱད་པར་ནོར་བུའི་འོད་འབར་ཐབ་ཀྱི་དབུས། །ལྷ་ཤིང་དྲི་བཟང་སྣ་ཚོགས་ཤིང་རྩི་དང་། །ཕྱེ་མར་དར་ཟབ་འབྲུ་སྨན་བསྲེགས་པ་ལས། །བྱུང་བའི་དུད་སྤྲིན་གླང་པོའི་གོམ་སྟབས་ཅན། །མྱུར་མགྱོགས་སྤྲིན་དཀར་ཕུང་པོ་ལྷུན་བརྩེགས་པར། །ཡིད་འཕྲོག་མཆོད་པའི་ལྷ་མོ་འཇོ་སྒེག་ཅན། །ཕྱག་ན་སྤོས་གཞོང་ཐོག་པ་དཔག་མེད་སྤྲུལ། །དེ་དག་རེ་རེའི་རྩེར་ཡང་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་རོལ་ལས་བྱུང་བའི། །བདེ་སྟོང་ཟག་མེད་བསང་གི་མཆོད་པ་འདིས། །གསར་རྙིང་བཀའ་གཏེར་བརྒྱུད་པའི་བླ་མ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་མཆོད། །གནས་གསུམ་དཔའ་བོ་མཁའ་འགྲོ་བྱེ་བ་འབུམ། །རྒྱུད་གསུམ་དམ་ཅན་ཆོས་སྐྱོང་སྲུང་མ་ལ། །བསང་མཆོད་བདུད་རྩིའི་སྤྲིན་ཕུང་འདི་འབུལ་བས། །བྱིན་རླབས་དབང་དང་དངོས་གྲུབ་ཆར་ཆེན་ཕོབས། །སྟེང་ཕྱོགས་འཇའ་གུར་འཁྲིགས་པའི་ནང་ཤེད་ནས། །དུ་བའི་ལྷ་མོ་ནམ་མཁའི་མདངས་ལྡན་མས། །ཕྱག་གཡས་ཁྲུས་བུམ་བདུད་རྩིའི་རྒྱུན་འབེབས་ཤིང་། །གཡོན་པས་རིན་ཆེན་ཡོལ་གོལ་བཟང་སྨན་གྱིས། །ཕྱེ་མ་གཏོར་བས་མི་གཙང་ཉམས་གྲིབ་དང་། །རོ་བག་དམེ་རྨུགས་ནལ་སོགས་གྲིབ་རིགས་ཀུན། །བཀྲུས་ཤིང་འཐིབ་པ་ཐམས་ཅད་སངས་གྱུར་ནས། །དགྱེས་ཞལ་ཟླ་བ་བཞིན་དུ་ངོམ་གྱུར་ཅིག །ཀྱེ། རྒྱལ་བ་ཤཱཀྱ་སེངྒེའི་བསྟན་པ་ནི། །སྲུང་ཤིང་སྐྱོང་བར་གཡར་དམ་བཅས་པ་ཡིས། །གཙང་རིས་མགོན་པོ་བདུན་ཅུ་རྩ་ལྔ་དང་། །བསྟན་མ་བཅུ་གཉིས་མགུལ་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉེར་གཅིག་གཉན་ཆེན་སྡེ་བཞི་སོགས། །གནས་གཏེར་གཞི་ཡི་བདག་པོ་ཐམས་ཅད་བསང་། །འཛམ་གླིང་སྐྱེས་མཆོག་སེང་ཆེན་རྒྱལ་པོ་དང་། །ནེ་ནེ་གནམ་སྨན་གེར་མཛོ་གཉེན་པོ་སོགས། །དགྲ་བླ་ཝེར་མ་དྭངས་སྨན་ཚོགས་རྣམས་དང་། །དཔལ་ཐུལ་བློན་འབངས་འཁོར་ཚོགས་བཅས་པ་བསངས། །པདྨའི་གཏེར་སྲུང་ཐང་ལྷ་ཡར་ཞུད་དང་། །རྨ་རྒྱལ་སྤོམ་ར་གཉན་ཆེན་འབུམ་སྡེ་སོགས། །མདོ་ཁམས་ཆུ་བཞི་སྒང་དྲུག་ལ་གནས་པའི། །ལྷ་ཀླུ་གཞི་བདག་འཁོར་དང་བཅས་པ་བསངས། །ཁྱད་པར་འོད་གསལ་ལྷ་རིགས་ཐིག་ལེ་ཆེ། །སྟོང་བཙན་ཡུལ་བཟུང་རིགས་ཀྱི་རྒྱུད་སྨིན་པ། །སྡེ་བཞི་དགེ་བཅུའི་ས་འཛིན་ཡུལ་སྐྱོང་ཆེ། །ཆོས་རྒྱལ་ཆེན་པོའི་མགུལ་ལྷ་གཉེན་པོ་ནི། །རྡོ་རྗེ་གཡུང་དྲུང་རྡོ་རྗེ་དབང་དྲག་དང་། །བློན་པོ་མུ་ནཾ་ང་འདྲ་མཆེད་བརྒྱད་སོགས། །འབྲི་ཟླ་ཟབ་མོའི་གཞི་བདག་ཐམས་ཅད༴ །ཁྱད་པར་ཚངས་སྲས་ཟླ་བ་གཞོན་ནུ་ཡིས། །མཚན་དཔེའི་པདྨོ་བཞད་པའི་དུས་ཀྱི་ཚེ། །ཆུ་ཤེལ་དབང་པོ་སྨིན་དྲུག་ལ་རྩེན་པའི། །དཀར་པོའི་ཕྱོགས་ཀྱི་ལྔ་ཕྲག་གཉིས་པ་ལ། །དབང་བསྒྱུར་ཚེས་ཀྱི་ལྷ་རྣམས་ཐམས་ཅད༴ །གཟའ་མཆོག་རྒྱལ་པོ་རབ་དཀར་པ་བ་སངས། །རྒྱུ་སྐར་ལྷ་མོ་ཁྲུམ་སྟོད་ཡིད་འཕྲོག་མ། །པདྨ་ལས་འཁྲུངས་པདྨ་རྒྱལ་པོ་ཡི། །ངོ་མཚར་མཛད་པའི་དུས་ཆེན་ལ་འདུས་པའི། །སྲིད་དང་ཞི་བའི་མགྲོན་རིགས་ཐམས་ཅད་བསངས། ཀྱེ། དེ་ལྟར་བསང་གི་མཆོད་པ་ཕུལ་བའི་མཐུས། །རྣལ་འབྱོར་བདག་ཅག་ཡུལ་འཁོར་བཅས་པ་རྣམས། །རྟག་ཏུ་སྲུང་ཞིང་སྐྱོབས་པའི་སྡོང་གྲོགས་དང་། །མཁོན་གྲིབ་ཉེས་བ་ཐམས་ཅད་སངས་གྱུར་ཅིག །ཁྱད་པར་མི་དབང་ཚངས་ཆེན་ཡབ་སྲས་རྣམས། །སྐུ་ཚེ་བརྟན་ཅིང་ཆབ་སྲིད་ཕྲིན་ལས་རྒྱས། །ཛམྦུ་ན་དཱའི་གསེར་འཁོར་རྩིབས་སྟོང་བཀྲ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །འཇིག་རྟེན་པ་རྣམས་ཡང་དག་ལྟ་བ་དང་། །སྡེ་བཞི་དགེ་བཅུའི་བདེན་འབྲས་ལ་སྤྱོད་ཅིང་། །བཙའ་སད་སེར་གསུམ་ནད་མུག་འཁྲུགས་རྩོད་ཞི། །འཇིག་རྟེན་བདེ་ཞིང་སྐྱིད་པའི་ཕྲིན་ལས་མཛོད། །བཀྲ་ཤིས་འོ་མའི་རྒྱ་མཚོ་གཡས་སུ་འཁྱིལ། །ཕུན་ཚོགས་ཀླུ་དབང་རོལ་པའི་བསྟི་གནས་ཆེ། །སྲིད་ཞིའི་དཔལ་ཡོན་ལྷུན་གྲུབ་རྒྱལ་ཁབ་འདི། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །ཅེས་མཆོད་གཏོར་ཕུལ་ལ་ལྷ་རྒྱལ་སྒྲོགས་པས་དགེ་ལེགས་སུ་བྱའོ། །ཅེས་པའང་དད་བརྩོན་ཤེས་རབ་ཀྱི་ནོར་ལྡན་རབ་སློབ་བྱ་རྒོད་བླ་མ་ཤེས་རབ་རྒྱལ་མཚོ་ནས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྔ་འགྱུར་བཤད་སྒྲུབ་ཀྱི་ཆུ་གཏེར་ཆེན་པོ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོའི་རྒྱུད་སྡེ་ལྷ་ཁང་བཤད་སྒྲུབ་ནོར་བུའི་ལྷུན་པོར། ནག་ཟླའི་ཤེར་ཕྱོགས་ཀྱི་རྫོགས་པ་གཉིས་པར་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་སྐྱོ་མདའ་དབོན་སྤྲུལ་འཇམ་དབྱངས་ཆོས་ཀྱི་ཉིན་བྱེད་ཀྱིས་བགྱིས་པ་འདིས་ཀྱང་བཀྲ་ཤིས་དགེ་ལེགས་ཀྱི་དཔལ་ཡོན་མཆོག་ཏུ་རྒྱས་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information