དམ་ཅན་མགར་ནག་གི་གསོ་ཀའི་ཞལ་བཀང་།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-059
Wylie title dam can mgar nag gi gso ka'i zhal bkang JKCL-KABUM-11-DA-059.pdf
Location chos kyi blo gros bka' 'bum
Volume 11, Text 59, Pages 303-305 (Folios 1a1 to 2a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dam can mgar nag gi gso ka'i zhal bkang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 303-305. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod
Deity dam can mgar nag
Colophon

།ཞེས་མི་ཉག་ཕྱུག་དགོན་གྲྭ་བཀྲ་ཤིས་ཀྱིས་གསུངས་གི་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་སོ།།

/zhes mi nyag phyug dgon grwa bkra shis kyis gsungs gi bskul ngor/__chos kyi blo gros pas so//

1 Texts in this Section (sde tshan or chos tshan)

[edit]
དམ་ཅན་མགར་ནག་གི་གསོ་ཀའི་ཞལ་བཀང་ནི། ཧཱུྃ། ལྕང་ལོ་ཅན་གྱི་གནས་མཆོག་ནས། །གསང་བའི་བདག་པོའི་བཀའ་ཉན་པ། དམ་ཅན་སྐྱེས་བུ་ཐིག་ལེ་རྩལ། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །མ་ལ་ཡ་དང་འོ་ཡུག་དང་། །རྒྱ་བོད་མདོ་གཙང་ཆོས་འཁོར་ཆེ། །བླ་མ་གོང་མའི་བསྟན་ཅིང་སྒྲུབ། །མཆོད་པའི་གནས་སུ་བཞུགས་པ་ཡི། །སྐྱེས་བུ་ཆེན་པོ་མཆེད་འཁོར་ནི། །སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས། །ཡང་འཁོར་སྤྲུལ་པར་བཅས་པ་རྣམས། །མ་ཐོགས་གནས་འདིར་སྤྱན་འདྲེན་ནོ། །སྐད་ཅིག་ཉིད་ལ་གཤེགས་སུ་གསོལ། །ཏྲི་བཛྲ་ས་དྷཱུ་ས་མ་ཡ་ཛ་ཛཿཨོཾ་བཛྲ་ས་དྷཱུ་སོགས། །སྤྲུལ་པ་ཡང་སྤྲུལ་ཚོགས་ལ་ཕྱག་འཚལ་བསྟོད། །སངས་རྒྱས་བསྟན་པ་གཉན་པོ་ཁྱོད་ཀྱིས་བསྲུངས། །དཀོན་མཆོག་དབུ་འཕང་གཉན་པོ་ཁྱེད་ཀྱིས་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་ཏུ་བསྲིང་། །འཇིག་རྟེན་དུས་ཀྱི་རྒུད་པ་ཀུན་ཞི་ནས། །རྫོགས་ལྡན་དཔལ་ལ་སྤྱོད་པའི་ཕྲིན་ལས་མཛོད། །དེ་ནས་སྐོང་བ་བྱ་བར་སྤྲོ་ན། བསྐང་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་སྤྲིན་ས་དང་ནམ་མཁར་བར་སྣང་ཐམས་ཅད་ཁྱབ་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་གྱིས་བརླབ། ཧཱུྃ་ཧྲཱིཿའོག་མིན་གནས་དང་ལྕང་ལོ་ཅན། །མ་ལ་ཡ་དང་འོ་ཡུག་མཁར། །ཡེ་ཤེས་ལས་དང་དམ་ཚིག་གི །རྡོ་རྗེ་ལེགས་པ་འཁོར་བཅས་རྣམས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས། ཧཱུྃ་ཧྲཱིཿལྷ་རྫས་ལས་གྲུབ་ཉེར་སྤྱོད་འདོད་ཡོན་ལྔ། སོགས་ནས། ཐུགས་དམ་སྐོང་ཤིང་ལས་རྣམས་མ་ལུས་མཛོད། །དམ་ཉམས་བསྒྲལ་བའི་དབང་པོ་རྣམ་པ་ལྔ། །ཕྱི་རྟེན་རྭ་ནག་ཕ་ཝཾ་ལོང་བུར་ཏྲི། །སྐུ་དང་སྔགས་བྱང་རྭ་རྒོད་རྒྱལ་ཚན་དང་། །སྐུ་མཁར་སྨྱུགས་མ་ཚིག་དགུ་རྭ་དབང་ལྔ། །བྱི་ལ་གྭ་པ་བྱ་ནག་ཁྱི་ནག་སོགས། །ཟངས་ཁྲབ་ཟ་འོག་གསེར་དངུལ་གོ་ཁྲབ་དང་། །སྟག་གཟིག་པགས་པ་མདའ་མདུང་རལ་གྲི་དང་། །དགྲ་སྟྭ་ཐོ་བ་དབྱུག་པ་སྟྭ་རེ་དང་། །རིན་ཆེན་སྣ་ཚོགས་དཀར་མངར་ཁྲག་སྐྱེམས་ཕུད། །མཆོད་གཏོར་མདའ་དར་སྣ་ཚོགས་གཡོ་ཞིང་འཕྱང་། །སྲོག་འཁོར་ལ་སོགས་ཕྱི་ནང་གསང་བ་ཡི། །རྟེན་རྫས་བསྐངས་རྫས་སྒྲུབ་རྫས་མཆོད་རྫས་ཀྱིས། །དམ་ཅན་སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་། སོགས། བསྟོད་པ་ནི། སྔགས་ལན་གསུམ། ཧཱུྃ་ཧྲཱིཿདུས་གསུམ་རྒྱལ་བ་རྣམས་དང་གསང་བདག་གི །སྤྱན་སྔར་བཀའ་ཉན་དབང་བསྐུར་ཐོབ་པ་དང་། །ཁྱད་པར་སློབ་དཔོན་པདྨ་འབྱུང་གནས་ཀྱི། །ཟབ་གཏེར་བདག་པོ་རྡོ་རྗེ་ལེགས་པར་བསྟོད། །འོག་མིན་གནས་ན་ཡེ་ཤེས་རྡོ་རྗེ་ལེགས། །གསང་བདག་དྲུང་དུ་དམ་ཅན་ཐིག་ལེ་རྩལ། །པདྨའི་བཀའ་སྡོད་དམ་ཅན་སྐྱེས་བུ་ཆེ། །མགར་བ་ནག་པོ་ཁྱོད་ལ་བསྟོད་པར་བགྱི། །ཁྱོད་ནི་གསང་ཆེན་རྒྱུད་སྡེ་ཀུན་གྱི་གཉེར། །ཟབ་གཏེར་རྒྱ་མཚོའི་སྒོ་སྲུང་ཆེན་པོ་དང་། །ཛམ་གླིང་ནོར་བདག་ཇག་དཔོན་དགྲ་ལྷ་ཆེ། །རིག་འཛིན་ཡོངས་ཀྱི་སྲུང་མ་ཁྱོད་ལ་བསྟོད། །རྣོ་མྱུར་རྫུལ་འཕྲུལ་ཐོགས་མེད་ཤུགས་དང་ལྡན། །དགྲ་བགེགས་ལོག་འདྲེན་དམ་སྲི་རྡུལ་དུ་རློགས། །ཚེ་ནོར་སྤེལ་ཞིང་ཆེ་དགུ་དབང་དུ་སྡུད། །དཔའ་བོ་ཆེན་པོ་བཛྲ་ས་རྡུར་བསྟོད། །ཕྲིན་ལས་བཅོལ་བ་ནི། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །སོགས་སྤྱི་ལྟར་རོ། །ཞེས་མི་ཉག་ཕྱུག་དགོན་གྲྭ་བཀྲ་ཤིས་ཀྱིས་གསུངས་གི་བསྐུལ་ངོར། ཆོས་ཀྱི་བློ་གྲོས་པས་སོ།། །།

Footnotes

Other Information