རྡོ་རྗེའི་ཆོས་སྐྱོང་སྲུང་མར་གཏོར་མ་འབུལ་བའི་ཆོ་ག་ལས་བཞི་ལྷུན་གྲུབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-11-DA-002
Wylie title rdo rje'i chos skyong srung mar gtor ma 'bul ba'i cho ga las bzhi lhun grub JKCL-KABUM-11-DA-002.pdf
Location chos kyi blo gros bka' 'bum
Volume 11, Text 2, Pages 9-36 (Folios 1a to 14b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rdo rje'i chos skyong srung mar gtor ma 'bul ba'i cho ga las bzhi lhun grub. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 9-36. Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod  ·  Torma-offering Rituals - gtor chog
Deity chos skyong
Colophon

།ཅེས་པའང་དད་དམ་མཁྱེན་དཔྱོད་དགེ་ཞིང་གཏོང་བའི་ཐུགས་མངའ་དབོན་མཛོད་བླ་མ་ཚེ་དབང་དཔལ་འབྱོར་གྱིས་རིན་ཆེན་དང྄྄྄༵༷༵་པོ་དང་། དངུལ་དཀར་སྲང་བཅུ་པའི་གར་འུ། ལྷ་རྫས་བཅས་ནན་ཏན་དུ་བསྐུལ་ངོར། སྔགས་རིག་འཛིན་པའི་དགེ་སྦྱོང་རྣལ་འབྱོར་སྤྱོད་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོས་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཁ་ཅིག་གསར་རྙིང་གི་ཆོས་སྐྱོང་བསྲེ་བ་མི་འཐད་པར་སྨྲ་བ་བླུན་པོའི་རང་རྟགས་ཏེ། སྔ་འགྱུར་རིག་འཛིན་རྣམས་ཀྱིས་ཕ་ནོར་བུ་བཞིན་སྤྱོད་པའི་ལོ་རྒྱུས་བཤད་དུ་ཡོད་དོ།།

/ces pa'ang dad dam mkhyen dpyod dge zhing gtong ba'i thugs mnga' dbon mdzod bla ma tshe dbang dpal 'byor gyis rin chen dang po dang /__dngul dkar srang bcu pa'i gar 'u/__lha rdzas bcas nan tan du bskul ngor/__sngags rig 'dzin pa'i dge sbyong rnal 'byor spyod ba 'jam dbyangs chos kyi blo gros kun dga' phrin las rgya mtshos bris pa shin tu dge zhing bkra shis par gyur cig__/kha cig gsar rnying gi chos skyong bsre ba mi 'thad par smra ba blun po'i rang rtags te/__snga 'gyur rig 'dzin rnams kyis pha nor bu bzhin spyod pa'i lo rgyus bshad du yod do//

1 Texts in this Section (sde tshan or chos tshan)

[edit]
༄༅། །རྡོ་རྗེའི་ཆོས་སྐྱོང་སྲུང་མར་གཏོར་མ་འབུལ་བའི་ཆོ་ག་ལས་བཞི་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། ། ན་མོ་ཤྲཱི་ཧེ་རུ་ཀ་ཡ། བདུད་ཀྱི་སྡེ་ཚོགས་བྱེ་བ་འབུམ་སྡེ་རྣམས། །གང་སྐུའི་ཟེར་ཙམ་ཕོག་པས་བ་མོ་ལ། །ཉི་མས་རེག་བཞིན་རྣམ་པར་འཐགས་མཛད་པ། །ཧེ་རུ་ཀ་དཔལ་ནག་པོར་ཆེན་པོར་འདུད། །དགྱེས་བྱེད་གཏོར་མའི་ཆོ་ག་ནི། །རྣམ་གསལ་དོན་བཟང་ཕྲིན་ལས་རྣམས། །འབད་མེད་འགྲུབ་པའི་མྱུར་མགྱོགས་ལྡན། །ལས་བཞི་ལྷུན་གྲུབ་འདིར་དབྱེ་བྱ། །དེ་ལ་སྔགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ལྡན་པས། ཆོས་སྐྱོང་རྣམས་རང་གི་རིག་པའི་རོལ་རྩལ་དུ་ཤེས་པས་གནས་དབེན་པར་དམ་ཚིག་གི་བྲིས་སྐུ་དང་། མཆོད་གཏོར་དཔལ་བཤོས་སྟོད་ཟུར་གསུམ། སྨད་ཟླུམ་པོ། གཡས་གཡོན་མདུན་རྒྱབ་ཏུ་དམར་གཏོར་གྲུ་གསུམ་ཆེ་བ་དང་། དེ་རྣམས་ཀྱི་མཐར་གཏོར་ཆུང་དགུ་ཡིས་བསྐོར་བ། བར་མཚམས་རྣམས་སུ་མཐེབ་ཀྱུ་ཅི་མང་དམར་རྩིས་བྱུགས་ཤིང་རྒྱན་སྤྲོས་ཅན་དར་གདུགས་ཀྱིས་མཛེས་པ་དང་། ཕྱི་ནང་གི་ཉེར་སྤྱོད་མཆོད་པ། གཡས་གཡོན་སྨན་རཀ །འབུལ་གཏོར་དཔུང་རང་མདུན་རྒྱབས་སུ་མཐེབ་ཀྱུ་གྲངས་མང་བརྩེགས་པ། ཆང་ཕུད་དང་། རྒྱ་ཇའི་སྐྱེམས་ཕུད་རྣམས་བཤམས་ལ་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་ལ་ཆུ་ཆང་ནང་གསུམ་གྱིས་བྲན། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། ཞེས་ལས་སྦྱངས། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་གི་ནང་དུ་ཨ་ལས་བྷཉྫ་འབར་བའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་གཏོར་རྣམས་དྭངས་ཤིང་ཐོགས་པ་མེད་པ་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཡོངས་སུ་གང་བའི་ཕྱི་ནང་གསང་བའི་མཆོད་པའི་སྤྲིན་ཕུང་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། གི་བར་དང་། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་བདུད་རྩི་དང་། གཏོར་མའི་སྣོད་ཡེ་ཤེས་ཀྱི་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྕགས་ཀྱུ་ལྔ་སྒྲོན་མ་ལྔ་ཞུ་བ་ལས་བདུད་རྩི་དང་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དང་། པདྨའི་སྣོད་དུ་རཀྟའི་རྒྱ་མཚོ་རྦ་རླབས་མཁའ་ལ་འཕྱོ་ཞིང་འདོད་ཡོན་གྱི་ལྷ་མོ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱི་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་བླ་མ་རྩ་བ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿཞེས་པས་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ། གྱིས་གདན་དབུལ། ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་མཎྜལ་ལ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རག་མཆོད། ཧཱུྃ་ཧྲཱིཿབྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྱི་ནང་དཔའ་བོ་ཌཱ་ཀིའི་ཚོགས་རྣམས་ལ། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །བླ་མ་རྩ་གསུམ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱི་ཕྲིན་ལས་བཅོལ། དེ་ནས་ཆོས་སྐྱོང་ལ་གཏོར་མ་འབུལ་བ་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་རང་ཉིད་ལྷར་གསལ་མདུན། དུར་ཁྲོད་དྲག་པོ་འཇིགས་ཤིང་འཁྲུགས་པའི་ཀློང་། །རྡོ་རྗེའི་བྲག་ཆེན་སྲུང་བའི་གུར་ཆེན་དུ། །དྲག་པོའི་ཕོ་བྲང་མཚན་ཉིད་ཡོངས་རྫོགས་དབུས། །ལྕགས་འཁོར་རྩིབས་བཞིའི་ལྟེ་བར་པད་ཉི་དང་། །རོ་སྟེང་ཧཱུྃ་ལས་རྡོ་རྗེ་གུར་གྱི་མགོན། །ཞལ་གཅིག་ཕྱག་གཉིས་མི་ཐུང་ཟླུམ་པོའི་སྟབས། །དར་ནག་གོས་དང་དུར་ཁྲོད་ཆས་ཀྱིས་སྤྲས། །ཕྱག་གཉིས་གྲི་ཐོད་ཐུགས་ཀར་སྟེང་འོག་བསྣམས། །རྡོ་རྗེའི་གཎྜིར་སྤྲུལ་པའི་དམག་དཔུང་འགྱེད། །གཡས་ན་བྱ་ནག་གཡོན་དུ་ཁྱི་ནག་དང་། །རྒྱབ་ན་ཅེ་སྤྱང་མདུན་ན་མི་ནག་འབུམ། །སྟེང་ན་ཁྱུང་ཆེན་འབུམ་སྡེ་ལྡིང་ཞིང་འཁོར། །མི་བསྐྱོད་རིགས་ཀྱི་བདག་པོའི་ཅོད་པན་འཆང་། །གཡོན་དུ་ཊྃ་ལས་ཨེ་ཀ་ཙ་ཏི་སྔོ། །ཞལ་གཅིག་ཕྱག་གཉིས་བུམ་པ་ཐུགས་ཀར་འཛིན། །གཡུ་ཡི་རལ་གཅིག་ལན་བུ་གཡོན་དུ་འཕྱངས། །ཁྲོ་མོའི་རྣམ་པས་སེམས་སྐྱིལ་དུ་བཞུགས་པའི། །ལྟོ་བར་ཏྲག་ལས་ཁྲག་གི་རྒྱ་མཚོའི་དབུས། །བྷྱོཿལས་འདོད་ཁམས་ལྷ་མོ་བོང་བུ་ཞོན། །ཞལ་གཅིག་ཕྱག་བཞི་དང་པོས་རལ་གྲི་དང་། །གཡོན་པས་ཐོད་ཁྲག་གཡོན་འོག་མདུང་རྣོན་དང་། །གཉིས་པས་ཤཀྟི་འཛིན་ཅིང་རུས་རྒྱན་དང་། གླང་ཀོའི་སྟོད་གཡོགས་བ་གླང་ཀོས་སྨད་གཡོགས། །རེ་ལྡེའི་ཤམ་ཐབས་མི་རོ་ཁར་བཅུག་ཅིང་། །རིད་ཅིང་མི་སྡུག་མཁའ་འགྲོ་ཤ་ཟ་དང་། མ་མོ་བྱེ་བའི་དབུས་སུ་ཧཱུྃ་བྷྱོཿསྒྲོགས། །མགོན་པོའི་ཐུགས་ཀའི་ཧཱུྃ་དང་ལྷ་མོའི་མཾ། །དེ་ལས་ཏྲི་ཡིག་གཉིས་ཆད་ལྕམ་དྲལ་གྱི། །མདུན་དུ་པད་ཉི་རོ་ཡི་གདན་གསུམ་གྱི། །གཡས་ཕྱོགས་ཏྲི་ཡིག་ཡོངས་གྱུར་གནོད་སྦྱིན་ནག །གཡས་པས་གསེར་གྱི་གྲི་གུག་མཁའ་ལ་འཕྱར། །གཡོན་གྱི་སྤར་བ་ཕྱིར་གདེངས་ཉི་མ་དང་། །ཞབས་གཡོན་བརྐྱངས་པའི་གྱད་ཀྱི་དོར་སྟབས་བཞུགས། །གཡོན་གྱི་གདན་སྟེང་ཏྲི་ཡིག་ཡོངས་གྱུར་ལས། །ནག་མོ་གནོད་སྦྱིན་གཡས་པས་སྤུ་གྲི་དང་། །གཡོན་གྱི་སྤར་བ་ཕྱིར་གདེངས་ཟླ་དཀྱིལ་འཆར། །གཡས་བརྐྱང་བཞུགས་པ་ཡབ་ཡུམ་དེ་གཉིས་ལས། །རང་འདྲ་མང་སྤྲོས་ཚུར་འདུས་ཡབ་ཡུམ་གྱི། །ཐུགས་སྲོག་ཏྲི་མཾ་གཉིས་ལས་ཏྲི་ཟུང་དང་། །མཾ་ཆད་མོན་བུ་པུ་ཏྲ་མདོག་ནག་པོ། །ཤང་ལང་འཕྱར་ཞིང་ཐོད་པ་ཁྲག་བཀང་བསྣམས། །བྷ་ཏྲ་མདོག་ནག་གཡས་པས་དམ་ཤིང་དང་། །གཡོན་གྱིས་ཉམས་པའི་སྙིང་དམར་ཞལ་དུ་གསོལ། །མཾ་ལས་མོན་མོ་གསེར་གྱི་སྤུ་གྲི་ནག །གཡས་པས་གསེར་གྱི་སྤུ་གྲི་རྣོན་པོ་དང་། །གཡོན་པས་གདུག་ཅན་རྒྱུ་མ་ཞལ་དུ་འདྲེན། །ལྔ་ཀ་མི་སྡུག་སྲིན་པོའི་གཟུགས་འཆང་བ། །དར་ནག་གོས་དང་རུས་རྒྱན་སྒྱུ་མ་དང་། །མི་མགོའི་ཕྲེང་བས་སྤྲས་ཤིང་འཇིགས་རྔམས་བཞུགས། །རུ་འདྲེན་སྡེ་བཞིའི་དམག་ཚོགས་སྤྲིན་ལྟར་འཁྲིགས། །ཤར་རྩིབས་པད་ཉི་ཧཱུྃ་མཐིང་ཡོངས་གྱུར་ལས། །དཔལ་མགོན་མ་ནིང་ནག་པོ་གཏུམ་ཁྲོའི་ཉམས། །ཞལ་གཅིག་ཕྱག་གཉིས་གཡས་པས་རུ་མཚོན་འཕྱར། །གཡོན་པས་ཉམས་པའི་སྙིང་དང་ཞགས་པ་འཛིན། །སྦྲུལ་ནག་རལ་པ་ནག་པོ་ཐུར་དུ་འཕྱངས། །ཁྲོ་བོའི་ཆས་དང་དར་ནག་འཇོལ་བེར་གསོལ། །གསེར་སྐེད་མི་ལྤགས་རློན་པའི་སྐ་རགས་ཅན། །ཙནྡན་བིང་ཆེན་སྐེད་བཙུགས་ཞབས་གཡོན་བརྐྱངས། །རོ་ཡི་གདན་ལ་གྱད་ཀྱི་དོར་སྟབས་བཞུགས། །གཡོན་དུ་ཡུམ་མཆོག་དཔལ་འབར་ནག་མོ་དང་། །མདུན་དུ་ལས་མཁན་སྲོག་བདུད་ནག་པོ་དང་། །དེ་ཡི་ཕྱི་རོལ་མགོན་པོ་སྡེ་ལྔ་དང་། །འདོད་ཁམས་ལྷ་མོ་དམག་དཔོན་སྡེ་བཞི་དང་། །དྲེགས་པ་སྡེ་བརྒྱད་འཁོར་གྱིས་བསྐོར་བར་བཞུགས། །ལྷོ་ཡི་རྩིབས་ལ་ཧཱུྃ་ལས་ཕྱག་བཞི་པ། །དང་པོ་གཉིས་ཀྱི་གྲི་ཐོད་མཐའ་མ་གཉིས། །རལ་གྲི་དང་ནི་ཁ་ཊྭཱྃ་ཀ་འཕྱར་ཞིང་། །ཁྲོ་བོའི་ཆས་རྫོགས་ཙཎྜི་ཀར་འཁྱུད་ཅིང་། །མཁའ་ལྡིང་བྱ་ཁྱི་ཅེ་སྤྱང་ཚོགས་རྣམས་འཚུབས། །ལས་ཀྱི་མགོན་པོ་བྱ་གདོང་འབར་མ་ནག །བདུད་མགོན་སེང་གདོང་ཁྱབ་འཇུག་གཤིན་རྗེ་དང་། །རྡོ་རྗེ་ལེགས་པ་གནོད་སྦྱིན་ནག་མོ་སོགས། །སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་དཔག་མེད་གསལ། །ནུབ་ཀྱི་རྩིབས་ལ་ཧཱུྃ་ལས་མྱུར་མཛད་མགོན། །ཞལ་གཅིག་ཕྱག་དྲུག་གྲི་གུག་ཐོད་ཁྲག་དང་། །ཐོད་ཕྲེང་རྩེ་གསུམ་ཌཱ་རུ་ཞག་པ་འཛིན། །དུར་ཁྲོད་ཆས་དང་ཞབས་གཉིས་མཉམ་པའི་སྟབས། །བགེགས་ཀྱི་རྒྱལ་པོ་མནན་ཅིང་ཙནྡན་གྱི། །སྡོང་པོར་རྒྱབ་བརྟེན་ཡེ་ཤེས་མེ་འབར་བཞུགས། །དཔལ་ལྡན་ལྷ་མོ་ཀྵེ་ཏྲ་པ་ལ་དང་། །ཊཱ་ཀི་ར་ཛ་བདུད་མགོན་ཏྲཀྴད་སོགས། །འཁོར་ཚོགས་བསམ་མི་ཁྱབ་པ་སྤྲིན་ལྟར་གཏིབས། །དེ་མདུན་པད་ཉི་མི་རྟ་རོ་གདན་སྟེང་། །ཟངས་གྲི་པྲཾ་གྱིས་མཚན་པ་ཡོངས་གྱུར་ལས། །གནོད་སྦྱིན་བེག་རྩེ་མདོག་དམར་ཟངས་ཁྲབ་དང་། །ཟངས་རྨོག་གསོལ་ཞིང་གཡས་པས་ཟངས་རལ་འཕྱར། །གཡོན་པས་བསེ་མདུང་བྱེ་རུའི་དབྱུགས་པ་བསྣམས། །སྭག་ལྷྭམ་གསོལ་ཞིང་གྱད་ཀྱི་དོར་སྟབས་བཞུགས། །གཡས་སུ་སྲོག་བདག་གཡོན་དུ་གདོང་དམར་མ། །གྲི་ཐོགས་བརྒྱད་དང་རོ་ཤན་ཉེར་གཅིག་སོགས། །གནོད་སྦྱིན་འཁོར་ཚོགས་རྒྱ་མཚོས་བསྐོར་བར་གསལ། །བྱང་རྩིབས་པདྨ་འདབས་བཞིར་ཉི་མ་དང་། །རོ་གདན་སྟེང་དུ་གྲི་གུག་ཧཱུྃ་མཚན་དང་། །ཕྱོགས་བཞི་ཧཱུྃ་རེ་དུས་གཅིག་ཡོངས་གྱུར་ལས། །དབུས་སུ་རྡོ་རྗེ་ནག་པོ་གདོང་བཞི་པ། །རབ་འཇིགས་སྲིན་པོ་ཁྲོས་པ་ཞལ་བཞི་བའི། །རྩ་ཞལ་ནག་ཅིང་གཡས་དཀར་གཡོན་དམར་ཞིང་། །སྟེང་ཞལ་དུད་ཀ་ཁྲོ་གཉེར་མཆེ་བ་གཙིགས། །མ་མཆུ་ཕྱིར་འཕྱངས་ཧ་ཧི་ཀྵིཾ་སྒྲ་སྒྲོགས། །ཕྱག་བཞི་དང་པོ་གཉིས་ཀྱི་གྲི་ཐོད་དང་། །འོག་གཉིས་རྩེ་གསུམ་མདུང་རྣོན་བ་དན་འཕྱར། །བདུད་རྩིའི་བུམ་པ་མཆན་གཡོན་ཕྱག་འགག་ལ། །རུས་ཕྲེང་ལྷ་བ་དམར་ཆིལ་བརྒྱུས་པ་དང་། །དུར་ཁྲོད་ཆས་དང་སྦྲུལ་ནག་མཆོད་ཕྱིར་ཐོགས། །ཚངས་སྐུད་སེ་རལ་མི་རྐང་གླིང་བུ་འབུད། །གསེར་དངུལ་དྲིལ་བུ་གཡེར་ཁའི་སིལ་ཁྲོལ་ཅན། །ཞབས་གཡས་བསྐུམ་ཞིང་གཡོན་བརྐྱངས་རོ་བརྫིས་ཤིང་། །ཕྱོགས་བཞིར་གཡུང་མོ་གཏུམ་མོ་སྲིན་མོ་དང་། །སིང་ག་ལི་མ་སྲིན་མོའི་གཟུགས་ཅན་རྣམས། །གྲི་ཐོད་འཛིན་ཅིང་གཅེར་བུ་གར་སྟབས་ཅན། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བརྗིད། །དེ་ཡི་མདུན་དུ་ཞིང་སྐྱོང་སེང་གེའི་གདོང་། །མདུང་དང་དམར་གཏོར་འཛིན་ཅིང་རྟ་ནག་ཞོན། །དར་ནག་བེར་གསོལ་གཡུ་རལ་སེང་ཆུང་སྤྲོ། །ཡུམ་ཆེན་བདུད་མོ་དམར་ནག་ཁྲག་རལ་ཅན། །ལས་མཁན་སྤྲེའུ་ཕོ་མོ་འཇིགས་སུ་རུང་། །རྐང་པས་གཏོར་ཁྱེར་དགྲ་ལ་ཆོ་འཕྲུལ་འགྱེད། །སྡེ་བརྒྱད་དྲེགས་པའི་འཁོར་གྱིས་བསྐོར་བར་གསལ། །གཞན་ཡང་གྲུ་ཆད་བར་ཁྱམས་སྒོ་རྣམས་སུ། །དམ་ཅན་ཆོས་སྐྱོང་བྱེ་བ་འབུམ་སྡེ་རྣམས། །དགྲ་བགེགས་གསོད་གཅོད་ལས་ལ་རྔམས་བཞིན་བཞུགས། །ཀུན་གྱི་གནས་གསུམ་ཨོཾ་དཀར་ཨཱཿདམར་དང་། ཧཱུྃ་སྔོན་རང་སྲོག་ས་བོན་གྱིས་མཚན་པ། །དེ་ལས་འོད་འཕྲོས་འོག་མིན་ཞིང་མཆོག་དང་། །གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནས། །རྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས་རྣམས་ཀུན། །མ་ཐོགས་མྱུར་བ་ཉིད་དུ་ཨོཾ་བཛྲ་ས་མ་ཛཿཞེས་རྡོ་རྗེ་བསྡུ་བའི་རྒྱ་དང་། རྐང་གླིང་གཡབ་དར། ཚིལ་ཆེན་གྱི་སྤོས་དང་བཅས། ཧཱུྃཿཆོས་དབྱིངས་མཁའ་ལྟར་དག་པའི་ཞིང་། །མི་གཡོ་འོག་མིན་ཉམས་དགའི་གནས། །རྡོ་རྗེ་གདན་དང་ན་ལེནྡྲ། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །དཔལ་ལྡན་མགོན་པོ་ལྕམ་དྲལ་ནི། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །བདག་གིས་དད་པས་སྤྱན་འདྲེན་ན། །སྔོན་གྱི་ཞལ་བཞེས་དམ་བཅས་ལྟར། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿས་སྤྱན་དྲངས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་མཛད་དམ་ཚིག་ཅན། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས། །འདིར་ནི་དགྱེས་པར་བཞུགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿས་མ་ཡ་ཨ་ས་ན་ཏིཥྛནྟུ། ཞེས་བཞུགས་སུ་གསོལ། དམ་ལ་བཞག་པ་ནི། ཡི་དམ་གྱི་ང་རྒྱལ་བརྟན་པོས་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་སྲུང་མ་འཁོར་བཅས་ཀྱི་སྤྱི་བོར་བཞག་པར་མོས་ཏེ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊཿ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་སོགས་པ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས། རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། །སེམས་ཅན་ལ་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། །གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཨོཾ་བཛྲ་ས་མ་ཡ་རཀྵནྟུ། པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ་ཧཱུྃ༔ ཞེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་སྒྲུབ་ཅིང་བཀའ་ནོད་པར་བསམ། ཕྱག་བྱ་བ་ནི། ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ཆོས་སྐྱོང་འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿཔྲ་ཏིཙྪ་ཧོཿཕྱིའི་མཆོད་པ་ནི། ཧཱུྃཿཡན་ལག་བརྒྱད་ལྡན་ཡིད་འོང་མཆོད་ཡོན་ལྡན། །རབ་གཙང་དྭངས་པའི་ཞབས་བསིལ་རྒྱ་མཚོར་བསྐྱིལ། །སྣ་ཚོགས་ལྟ་སྡུག་ཆུ་སྐྱེས་ལང་ཚོ་བཞད། །གྲུབ་དང་སྦྱར་བའི་བདུག་པ་སྤྲིན་ལྟར་གཏིབས། །མུན་སྣང་མཐར་བྱེད་སྒྲོན་མེའི་ཉིན་མོར་བྱེད། །ཡིད་འོང་བྱུགས་པ་ལྷ་ཡི་ཆུ་བོའི་རྒྱུན། །རོ་བཅུད་ཕུན་ཚོགས་ཞལ་ཟས་ལྷུན་པོར་སྤུངས། །སྙན་བརྗིད་རོལ་མོ་སྒྲ་དབྱངས་དང་བཅས་པའི། །ཕྱི་ཡི་མཆོད་སྤྲིན་འདོད་ཡོན་འཛད་མེད་གཏེར། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དངོས་གྲུབ་སྩོལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ། པདྱཱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གྷནྡྷེ། ནཻ་བི་དྱཱ། ཤབྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱཿནང་གི་མཆོད་པ་ནི། ཧཱུྃཿགདུག་པའི་སྙིང་ཁྲག་མཆོད་ཡོན་མཚོ་ལྟར་བསྐྱིལ། །མྱོས་བྱེད་དུག་ཁྲག་ཞབས་བསིལ་རྔམས་ཞིང་བརྗིད། །དབང་པོ་སྣ་ལྔའི་མེ་ཏོག་ཚར་དུ་དངར། །ཤ་ཆེན་དུད་པའི་སྤྲིན་ཕུང་ལང་ལོང་གཡོ། །ཞུན་ཆེན་མར་མེ་བསྐལ་པའི་མེ་ལྟར་འབར། །ཁྲག་ཞག་བདུད་རྩིའི་དྲི་ཆབ་རླབས་ཕྲེང་གཡོ། །ཤ་ཁྲག་རུས་པའི་ཞལ་ཟས་ཆེ་བརྗིད་རྔམས། །དྲག་པོའི་རོལ་མོས་ས་གསུམ་འདར་ཞིང་གཡོ། །དུར་ཁྲོད་ནང་གི་མཆོད་སྤྲིན་བསམ་མི་ཁྱབ། །འབུལ་གྱིས་ཚིམ་ཞིང་དགྱེས་ནས་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཤ་མ་ཤ་ན་པཱུ་ཛ་ཨརྒྷཾ། པདྱཱཾ། པུཥྤེ། དྷུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གསང་བའི་མཆོད་པ་ནི། ཧཱུྃཿསྒྲིབ་པའི་དྲི་མ་ཀུན་སྤངས་ཤིང་། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་ཨ་ནུ་རཱ་ག་པྲ་ཏཱིཙྪ་སྭཱ་ཧཱ། སྨན་མཆོད་ནི། ཧཱུྃ། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གི་མཆོད་པར་བགྱི། །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པཱ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རཀྟའི་མཆོད་པ་ནི། སྟོང་གསུམ་བྷནྡྷའི་སྣོད་ཡངས་སུ། །དམ་ཉམས་བསྒྲལ་བའི་མཱཾ་ས་དང་། །རཀྟའི་རྒྱ་མཚོ་ཆེན་པོར་བསྐྱིལ། །བསད་ཁྲག་རྦ་ཀློང་འཁྲུགས་པས་མཆོད། །ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁཱ་ཧི། གཏོར་མའི་མཆོད་པ་ནི། ཧཱུྃ༔ མཚན་དང་ལྡན་པའི་བྷཉྫ་རུ། །ཤ་ལྔ་བདུད་རྩི་དམ་ཚིག་ལྔ། །བཟའ་བཅའི་འདོད་ཡོན་བསམ་མི་ཁྱབ། །རྨད་བྱུང་བདུད་རྩིར་བྱིན་བརླབས་པའི། །མཆོག་གི་མཆོད་པ་དམ་པ་ནི། །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་འཁོར་དང་བཅས་ལ་འབུལ། །དགྱེས་པར་རོལ་ལ་ཕྲིན་ལས་མཛོད། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་སྤྱིར་ཕུལ་ནས། གཏོར་མ་བྱེ་བྲག་ཏུ་འབུལ་བ་ནི། ལྷ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། རྡོར་ཐལ་ཁ་གྱེན་དུ་ཕྱེ་ནས། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཀཱ་ལི་དེ་ཝི་ཨེ་ཀ་ཛ་ཊི་དེ་ཝི་ཨིནྡྲ་སི། ཀཱ་ལ་ཡཀྵ་ཡེ། ཀཱ་ལཱི་ཡཀྵ་སཱི། ཡཀྵ་པུ་ཏྲ་ཡེ། རུ་ཏྲ་བྷ་ཏྲ་ཡེ། རུ་ལུ་རཀྴ་སཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲཱྀ་དཱ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷ་ནཱན་བ་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་བི་ཀཱ་ལ་ར་གྲི་ཏ་ཧཱུྃ་ཕཊ། ཨོཾ་རཀྨོ་པྲ་ཎ་ཨཏྨ་ས་པཱ་རི་ཝ་ར༴ སོགས། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿཨོཾ་མ་ཧཱ་ཀཱ་ལ་སེང་ཧཱ་མུ་ཁ་ཧཱུྃ་ཕཊ། ཅེས་སྙིང་པོ་རྣམས་ཀྱི་མཐར། ས་པཱ་རི་ཝཱ་ར༴ མན་ཆད་སྦྱར་ནས་ལན་ལྔའམ་གསུམ་བདུན་ཅི་རིགས་དང་། གཙོ་འཁོར་སྤྱི་ལ་དམིགས་ནས། ཤཱ་ས་ན༴ ལན་གསུམ་གྱིས་དབུལ། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ། ཡུམ་ཆེན་ཨེ་ཀ་ཛཱ་ཊི། དཔལ་ལྡན་ལྷ་མོ་འདོད་པ་ཁམས་གྱི་དབང་ཕྱུག་མ། དཔལ་མགོན་མ་ནིང་ནག་པོ། ཡེ་ཤེས་མགོན་པོ་ཕྱག་བཞི་པ། མྱུར་མཛད་ཕྱག་དྲུག་པ། དཔལ་མགོན་སྟོབས་འཕྲོག་དབང་པོ་གདོང་བཞི་པ་གནོད་སྦྱིན་དྲེགས་པ་ལྕམ་སྲིང་། ཞིང་སྐྱོང་སེང་གདོང་ཡབ་ཡུམ་སོགས་བཀའ་ཉན་ལས་མཁན་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད་སོགས་ཀྱིས་ཕྲིན་ལས་གསོལ། བསྟོད་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །གང་གི་སྐུ་གསུང་ཐུགས་ཀྱི་མཐུས། །འདོད་པའི་ཁམས་ཀུན་ཟིལ་མནན་ནས། །འདོད་པའི་ཁམས་ལ་དབང་བསྒྱུར་མ། །འདོད་ཁམས་དབང་ཕྱུག་མ་ལ་བསྟོད། །ཀུན་ཏུ་བཟང་མོའི་རིག་མ་ལས། །མ་གཡོས་ཨུ་མ་དེ་ཝཱིའི་སྐུ། །མ་མོ་ཐམས་ཅད་སྐྱེད་མཛད་མ། །ཡུམ་ཆེན་ཁྱེད་ལ་ཕྱག་འཚལ་བསྟོད། །ལས་མཁན་གནོད་སྦྱིན་ཡབ་ཡུམ་དང་། །མོན་བུ་པཱུ་ཏྲ་བྷ་ཏྲ་དང་། །སྲིང་མོ་གསེར་གྱི་སྤུ་གྲི་མ། །ལས་བྱེད་མིང་སྲིང་རྣམས་ལ་བསྟོད། །ཧཱུྃཿའཇིག་རྟེན་འདས་པའི་དུས་ན་སྔོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩེའི་བདག་འཛིན་རུ་ཏྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོའི་ཐུགས་རྗེའི་སྐུར་སྤྲུལ་པ། །མ་རུངས་འདུལ་མཛད་མ་ཧཱ་ཀ་ལའི་གཙོ། །དྲག་པོའི་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་འབར་བ་མི་བཟད་ཧེ་རུ་ཀ །གདུག་པ་འདུལ་མཛད་ཐུགས་རྗེ་ཆེན་པོའི་སྐུ། །ལོག་རྟོག་རབ་འཇོམས་ཧཱུྃ་དང་ཕཊ་སྒྲ་ཅན། །ཡེ་ཤེས་ཐུགས་ལྡན་འཁོར་དང་བཅས་ལ་བསྟོད། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང་། །མཆེ་བ་གཙིགས་ཤིང་མཆུ་འཕྱངས་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་འཇོམས་ཁྱོད་ལ་བསྟོད། །ཆོས་དབྱིངས་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་འདུལ་ཕྱིར་དྲག་པོའི་སྐུར་སྟོན་པ། །མཐུ་སྟོབས་ཕུན་ཚོགས་བསྟན་པ་སྐྱོང་མཛད་ཅིང་། །སྒྲོལ་གིང་སྲོག་བདག་དམར་པོ་ཁྱོད་ལ་བསྟོད། །སངས་རྒྱས་བསྟན་སྐྱོངས་དྲེགས་པ་ཡོངས་ཀྱི་རྗེ། །མི་སྡུག་མི་བསྲུན་རྣལ་འབྱོར་དགྲ་ལྷ་ཆེ། །དམ་ཉམས་འཇོམས་ཕྱིར་སྣ་ཚོགས་སྤྲུལ་པ་འགྱེད། །ཞིང་སྐྱོང་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད། ཧཱུྃ། རང་བྱུང་ཐུགས་རྗེའི་དཔལ་ལ་ཕྱག་འཚལ་བསྟོད། །སྐུ་གསུམ་ཡོན་ཏན་རྫོགས་ལ༴ །ཕྲིན་ལས་ཚད་མེད་བརྙེས་ལ༴ །ཆོས་དབྱིངས་འགྱུར་བ་མེད་ལ༴ །གཟུགས་སྐུ་ཅིར་ཡང་སྟོན་ལ༴ །སྤྲུལ་པ་བསམ་མི་ཁྱབ་ལ༴ །མཐུ་སྟོབས་རྨད་དུ་བྱུང་ལ༴ །རྫུ་འཕྲུལ་ཐོགས་པ་མེད་ལ༴ །ཐུགས་རྗེས་གདུགས་བཞིན་སྐྱོབས་ལ༴ །ཆེ་བའི་ཡོན་ཏན་རྫོགས་ལ༴ །དཔལ་གྱི་སྲུང་མའི་ཚོགས་ལ༴ །དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པར་བྱའོ། །བཟླས་པ་བྱེད་ན། མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བ་ལ་བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་ལ་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་མོས་ལ། ཨོཾ་བཛྲ་ཧེ་རུ་ཀ་ས་མཱ་ཡ། མ་ནུ་པཱ་ལཱ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་སོགས་ནས། ཧེ་རུ་ཀ་མ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ། ཅེས་ཧེ་རུ་ཀའི་ཡིག་བརྒྱ་དང་། གོང་གནོན་གྱི་བཟླས་བ་སྔོན་དུ་འགྲོ་བས། ཨོཾ་མ་ཧཱ་ཀ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གུར་མགོན་ནོ། །ཨོཾ་ཧཱུྃ་ཤྲཱི་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་དེ་ཝི་ཧཱུྃ་བྷྱོཿལྷ་མོའོ། །ཨོཾ་རོ་རུ་རོ་རུ་ཏྲི་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོཿཛ་ཛཿལས་མགོན་ཕོ་མོའི་འབོད་པའོ། །ཨ་ལི་ཨ་ལི་མ་ཛ་ཛཿཤཾ་ཤཾ་ལི་ཤི་དེད། ཨ་ཤྭ་དེད། མོ་རྨུག་པུ་ཏྲི། ཨ་ལི་མ་ཛ་ཛ། ནག་མོ་ཤ་ལ་རུ་པ་ཛ་ཛཿཕོ་ཡི་འབོད་པའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱེ་རཾ་སིདྡྷི་ཧཱུྃ་ཕཊ། མ་ནིང་ངོ་། །ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲཱྀ་ད་ཧཱུྃ་ཕཊ། ཕྱག་བཞི་པའོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེ་ཏྲ་བི#་ནཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ། ཕྱག་དྲུག་པའོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ཌོམྦྷི་ནཱི་ཙཎྜ་ལཱི་རཀྴ་སི་སིཾ་ག་ལཱི་དེ་ཝཱི་ཧཱུྃ་བྷྱོ་ཧཱུྃ། ཞལ་བཞི་པའོ། །ཨོཾ་རཀྨོ་པྲ་ན་ཨཏྨ་ཀྵེ་རུ་པུ་རུ་ཁ་ལུ་ཧི་ཏ་སརྦ་ཤཱ་ཏྲཱུྃ་མ་ར་ཡ་ཧཱུྃ་ཧཱུྃ་ཕཊ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ་པྲ་ཏི་དེ་ཝི་ཧཱུྃ་སྲོག་ལ་ཡམ་ར་ཛཿསརྦ་ཤ་ཏྲཱུྃ་མཱ་ར་ཡ་རྦད་ཡཿདྲེགས་པ་ལྕམ་སྲིང་ངོ་། །ཨོཾ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ཧཱུྃ་ཕཊ་ཏྲི་ཧྲི་ཛཿམཱ་ར་ཛ་དུ་ཏྲི་པུ་ཏྲི་ཧཱུྃ་ཕཊ། ཞིང་སྐྱོང་སེང་གདོང་ངོ་། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན། ཨུ་པ་ཧ་རི་ཎི་ཨེ་ཥ་ཨ་པཉྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ། ཞེས་ཆོས་སྐྱོང་སྤྱིའི་སྔགས་རྣམས་ཅི་ནུས་བཟླ། ཨོཾ་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧིས་ནང་མཆོད་ཕུལ། རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །ཚོགས་མཆོད་སྤྲོ་ན་སྐབས་འདིར་བྱ། དེ་ནས་བསྐང་རྫས་རྣམས། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་རྫས་སྤྱན་གཟིགས་མཐུན་རྫས་བརྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབས་ཤིང་ཟད་མི་ཤེས་པར་སྤེལ་ལ། ཧཱུྃ། རྒྱལ་བ་ཡོངས་ཀྱི་བཀའ་སྡོད་དཔའ་བོ་ཆེ། །མ་ལུས་བདུད་སྡེའི་ངོ་ན་རབ་ཁྲོས་བ། །རྒྱུད་གསུམ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན། །ཐུགས་དམ་གཉེན་པོ་བསྐང་ཕྱིར་གཤེགས་སུ་གསོལ། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཡོངས་གང་བའི། །རྣམ་རོལ་འགགས་མེད་ཕྱི་ནང་མཆོད་པའི་སྤྲིན། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །བཞེད་དགུས་འབྱོར་པ་རྒྱ་མཚོས་ཐུགས་དམ་བསྐང་། །ཁྲག་ཞག་ཨརྒྷཾ་དབང་པོའི་མེ་ཏོག་བཞད། །གསུར་ཆེན་བདུག་སྤོས་ཞུན་ཆེན་སྣང་གསལ་སྤར། །མཁྲིས་པའི་དྲི་ཆབ་ཤ་སྣའི་ཞལ་ཟས་མཛེས། །སྙན་བརྗིད་རོལ་མོའི་སྒྲ་ཡིས༴ །རྩ་བརྒྱད་སྟོང་ལ་སྦྱར་བའི་ཨ་མྲྀ་ཏ། །དགྲ་བགེགས་སྙིང་ཁྲག་སྦུ་ཕྲེང་རཀྟའི་མཚོ། །འདོད་ཡོན་བཟའ་བཅའ་གཏོར་མ་དམ་རྫས་སོགས། །དཔག་ཡས་ནམ་མཁའ་གང་བས༴ །མིག་སྨན་མདོངས་ལྡན་རྟ་མཆོག་སྒ་སྲབ་ཅན། །བརྗིད་པའི་གཡག་རྒོད་ལུག་ནག་རོག་པོའི་རྭ། །དཔའ་གཏུམ་ཁྱི་སོགས་ཕྱི་ཡི་རྟེན་རྣམས་ཀུན། །སྣ་ཚོགས་རྒྱན་གྱིས་སྤྲས་པས༴ །རྔམས་བརྗིད་ཐོད་མཁར་དྲག་པོའི་གཞལ་མེད་ཁང་། །འབོད་པའི་གཡབ་དར་དུར་ཁྲོད་དྲག་པོའི་ཆས། །རྣམ་བཀྲའི་དར་སྣས་མཚོན་པའི་བྱ་རྒོད་མདའ། །མཐུན་པའི་དམ་རྫས་ཚོགས་ཀྱིས༴ །སྐུ་གཟུགས་གླེགས་བམ་ཕྱག་མཚན་རྣམ་མང་དང་། །སྣ་ཚོགས་དཀོར་ནོར་གཟུགས་རྟེན་བླ་རྡོའི་ཆས། །རི་རབ་གླིང་བཞི་གླིང་ཕྲན་རྟགས་རྫས་བདུན། །སྲ་བརྟན་དཔའ་བོའི་ཆས་ཀྱིས༴ །སྐུ་ཡི་ཕྱག་རྒྱ་གཡོ་མེད་གསལ་ཞིང་བརྟན། །རླུང་སྔགས་བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཞིང་། །སེམས་ཉིད་རང་ངོ་ཤེས་པའི་རྣལ་འབྱོར་སོགས། །བསྐྱེད་དང་རྫོགས་པའི་ལམ་གྱིས༴ །དེ་ལྟར་ཐུགས་དམ་གཉན་པོ་བསྐང་བའི་མཐུས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་བ་དང་། །ཐུབ་བསྟན་སྤྱི་དང་བྱེ་བྲག་གསང་ཆེན་གྱི། །རིང་ལུགས་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཅེས་ཐུགས་དམ་བསྐངས། སོ་སོའི་སྒོས་སྐོང་བྱ་བར་འདོད་ན་འདིར་བྱའོ། །བཤགས་པ་ནི། ཐལ་མོ་སྦྱར་ཏེ། ཧོཿརང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་པའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུག་པས། །ལྷ་ཁྱོད་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུགས། །ཐུགས་ཀྱི་ཏིང་འཛིན་བྱིངས་རྒོད་རྟོག་པས་བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང་། །རྒྱུ་ཆུང་ཕུད་ཉམས་འབགས་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆགས་པ་དང་། །བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་བཞེས་ནས་ཀྱང་། །ཉམས་ཆགས་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང་། ཡི་གེ་བརྒྱ་པ་ལན་གསུམ་སོགས་ཀྱིས་ཐུགས་དམ་མ་བསྐང་བ་རྣམས་བཤགས་པར་བྱའོ། །ཕྲིན་ལས་གསོལ་བ་ནི། ཧཱུྃ། རྒྱལ་བའི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་རྣམས་ལ། །ཕྲིན་ལས་རབ་འབྱམས་གསོལ་དང་བསྐུལ་བའི་ཕྱིར། །མཆོད་སྤྲིན་རྒྱ་མཚོ་བསྟབས་པས་དགྱེས་གྱུར་ཏེ། །ཀུན་བཟང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །མཆོག་གི་ས་བརྙེས་རྡོ་རྗེ་རིག་འཛིན་ཚོགས། །རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ་ཡིས། །རྒྱུད་གསུམ་དམ་ཅན་དྲེགས་པའི་དཔུང་ཚོགས་རྣམས། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །བསྟེན་ཅིང་བསྒྲུབས་ནས་དབང་བསྐུར་དམ་བཞག་པའི། །ཞལ་བཞེས་ཐུགས་དམ་གཡེལ་བར་མ་མཛད་པར། །སྲིད་ཞིའི་ཕུན་སུམ་ཚོགས་ཀུན་འབྱུང་བའི་གཞི། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། །དེ་ཚུལ་ལུང་རྟོགས་བཤད་སྒྲུབ་ཀྱིས་འཚོ་བའི། །བསྟན་འཛིན་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད། །མཁའ་མཉམ་འགྲོ་བའི་ཉེར་འཚེ་ཀུན་ཞི་ཞིང་། །དགེ་བཅུའི་འབྱོར་པ་རྒྱ་མཚོས་འཚོ་བ་དང་། །འཇིག་རྟེན་ཁམས་ཀྱི་སྣོད་བཅུད་ལེགས་ཚོགས་ཀུན། །རབ་འཕེལ་རྫོགས་ལྡན་དཔལ་གྱིས་མཐོ་བར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་གདོན་བགེགས་དང་བར་དུ་གཅོད་པ་སོགས། །ཕྱི་ནང་མི་མཐུན་རྒུད་པ་ཀུན་ཞི་ཞིང་། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་སྟོབས། །ཐོས་བསམ་སྒོམ་པ་འཕེལ་ཞིང་རྒྱས་པ་དང་། །ས་གསུམ་འགྲོ་བ་རྣམས་དང་འདི་དག་གི །ཕུན་ཚོགས་དཔལ་ཀུན་དབང་དུ་བསྡུ་བར་མཛོད། །མི་བསྲུན་ལོག་པར་སེམས་པའི་དགྲ་དང་བགེགས། །ནག་ཕྱོགས་བདུད་སྡེའི་དཔུང་དང་བཅས་པ་རྣམས། །ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས། །ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད། །སེམས་ཉིད་གདོད་མའི་བསྟན་སྲུང་རེ་དོགས་དྲིས། །བསླད་མིན་མཐའ་བྲལ་བདེ་ཆེན་མངོན་གྱུར་ནས། །ཕྲིན་ལས་རྣམ་བཞིའི་འགྲོ་བའི་རེ་སྐོང་བའི། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་བར་མཛོད། །ཅེས་ལས་ཀྱི་གཉེར་གཏད་ཅིང་མངོན་པར་འདོད་པའི་ཕྲིན་ལས་ལ་གསོལ་བ་གདབ་པར་བྱའོ། །ཚོགས་ཡོད་ན་རོལ་ཞིང་སྨོན་ལམ་གདབ། ལྷག་མ་བཏང་། བྱད་རྦོད་བཟློག་པ་སོགས་དགོས་གནད་ཁྱད་པར་ཅན་ཡོད་ན་དྲག་བསྐུལ་དར་བཟློག་པ་རྣམས་རང་གཞུང་སོ་སོ་ནས་འབྱུང་བའམ། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་གཏོར་བསྐུལ་གནམ་ལྕགས་ཐོག་མདའ་ཉིད་འདོན་པར་བྱའོ། །དེ་ནས་འབུལ་གཏོར་ལ་དམིགས་བྱ་འགུགས་པ་ནི། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། །སངས་རྒྱས་ཀྱི་བཀའ༴ །ཆོས་ཀྱི་བཀའ༴ །དགེ་འདུན་གྱི་བཀའ༴ །ཁྱད་པར་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བསྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད། སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་། སྐད་ཅིག་ཡུད་ཙམ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །རྩ་སྔགས་ཤཱ་ས་ན་མཐར། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བྃ་ཧོཿཞེས་བསྟིམ། ཨོཾ་ཨཱཿ་ཧཱུྃ་ཧོས་བརླབས། ཨོཾ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧ་རི་ཎི་སོགས། དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ། ས་པཱ་རི་ཝ་ར་སོགས་གསུམ་གྱིས་ཕུལ་ལ། ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་པ། མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཕྱི་ནང་གསང་མཆོད་སྨན་རག་བ་ལིཾ་ཏ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་དགུའི་རྫས། །སོ་སོའི་ཐུགས་ལ་ཅི་བཞེད་དེར་འཆར་བའི། །རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི། །སྔར་མཛད་ལེགས་པའི་ལས་ཀྱི་གཏང་རག་དང་། །སླད་ནས་གཡེལ་བ་མེད་པའི་ཕྲིན་ལས་བཞིའི། །འདོད་པའི་དངོས་གྲུབ་སྩོལ་སླད་འབུལ་ལགས་ན། །དགྱེས་པ་ཆེན་པོས་བཞེས་ཤིང་རོལ་ནས་ཀྱང་། །བསྟན་དང་འགྲོ་བའི་ཕན་བདེ་ཀུན་སྤེལ་ཞིང་། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ནད་མེད་པ་དང་མི་འགྱུར་ཚེ་སྲོག་དཔལ། །གྲགས་དང་འབྱོར་པ་རྒྱ་མཚོས་མཐོ་བ་དང་། །མ་རུངས་བདུད་དགྲའི་རྒོལ་བ་ཀུན་ཞི་ཞིང་། །རྣམ་མང་ཕྲིན་ལས་རྒྱ་མཚོ་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཕྱོར། །བྱང་ཆུབ་བར་དུ་སྲུང་ཞིང་སྐྱོང་བར་མཛོད། །ཅེས་གཏོར་མ་སྟོབ་ཅིང་འདོད་དོན་གསོལ་ལོ། །ཡང་ན་འབྲུ་གསུམ་གྱིས་བྱིན་བརླབས་སྔགས་མཆོད་སྔོན་དུ་འགྲོ་བས། དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་གཏོར་མ་གཙང་སར་ཕུལ་ནའང་རུང་ངོ་། །གཏང་རག་དོན་དུ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པཱ་རི་ཝ་ར་ཨརྒྷཾ་ནས། ཤབྡའི་བར་དང་། ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །ཞེས་མཆོད་ཅིང་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པའི། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱས་ནོངས་པ་འཆགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ནས། མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ཞེས་པས་དམ་ཡེ་གཉིས་ཀ་བསྟིམ། མེད་ན། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་ནས། སླར་ཡང་འབྱོན་པར་མཛད་དུ་གསོལ། བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་བདག་ལ་བསྟིམ། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷ་ཝ་ནཱཾ་གྱིས་རང་གནས་སུ་བཏང་། །དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །གསང་གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང་། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོ་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་དགུ་ཆར་དུ་བསྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོངས། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་བརྗོད་པར་བྱའོ། །རྒྱུན་ཁྱེར་ལྟ་བུ་བསྡུས་པར་འདོད་ན་ལྷ་བསྐྱེད་དོར་ལ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུགས་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ལྕམ་དྲལ་འཁོར་དང་བཅས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་གྱི་རོལ་པ་ཞི་ཁྲོའི་ཉམས་དུ་མར་འཆར་བ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོས་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་མོས་ལ། སྤྱན་འདྲེན་མན་གཞུང་ལྟར། བཟླས་པ་མ་བྱས་ཀྱང་བསྟོད་པ་ཚར་ནས་སྐོང་བ་ལ་འཇུག་ཀྱང་ཆོག་གོ། སླར་སྨྲས་པ། གང་ཞིག་བསྟེན་པས་ཕྲིན་ལས་རབ་འབྱམས་རྣམས། །མྱུར་དུ་འགྲུབ་བྱེད་གཏོར་མའི་ལས་རིམ་བསྔགས། །དམ་ལྡན་སྔགས་ལ་ཞུགས་པའི་རྣལ་འབྱོར་རྣམས། །རྟག་ཏུ་དམ་ཅན་སྲུང་མར་མཆོད་ལ་བརྩོན། །རིགས་རྩལ་རྒྱུད་གསུམ་དྲེགས་པར་ཡོངས་ཤར་བའི། །ངེས་གསང་གནད་ཀྱི་སྙིང་པོ་རྟོགས་བྱས་ནས། །སྒྱུ་མའི་རྣམ་རོལ་མཆོད་སྐོང་སྒྲུབ་པའི་མཐུས། །ཕྱི་ནང་བདུད་ལས་རྒྱལ་བའི་དཔལ་ཐོབ་འགྱུར། །འདིར་དགེས་བསྟན་དང་བསྟན་འཛིན་དང་། །འཇིག་རྟེན་རྒུད་པ་ཀུན་ཞི་ཞིང་། །སྦྱིན་བདག་ཚེ་བསོད་རབ་རྒྱས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་དད་དམ་མཁྱེན་དཔྱོད་དགེ་ཞིང་གཏོང་བའི་ཐུགས་མངའ་དབོན་མཛོད་བླ་མ་ཚེ་དབང་དཔལ་འབྱོར་གྱིས་རིན་ཆེན་དང྄྄྄༵༷༵་པོ་དང་། དངུལ་དཀར་སྲང་བཅུ་པའི་གར་འུ། ལྷ་རྫས་བཅས་ནན་ཏན་དུ་བསྐུལ་ངོར། སྔགས་རིག་འཛིན་པའི་དགེ་སྦྱོང་རྣལ་འབྱོར་སྤྱོད་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀུན་དགའ་ཕྲིན་ལས་རྒྱ་མཚོས་བྲིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཁ་ཅིག་གསར་རྙིང་གི་ཆོས་སྐྱོང་བསྲེ་བ་མི་འཐད་པར་སྨྲ་བ་བླུན་པོའི་རང་རྟགས་ཏེ། སྔ་འགྱུར་རིག་འཛིན་རྣམས་ཀྱིས་ཕ་ནོར་བུ་བཞིན་སྤྱོད་པའི་ལོ་རྒྱུས་བཤད་དུ་ཡོད་དོ།། །།

Footnotes

Other Information