མ་འོངས་ལུང་བསྟན་གསལ་བྱེད་སྒྲོན་མེ།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-077
Wylie title ma 'ongs lung bstan gsal byed sgron me JKCL-KABUM-10-THA-077.pdf
Location chos kyi blo gros bka' 'bum
Volume 10, Text 77, Pages 587-603 (Folios 1a to 9a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. ma 'ongs lung bstan gsal byed sgron me. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 587-603. Bir, H.P.: Khyentse Labrang, 2012.
Genre Collections of Scriptural Citations - lung btus  ·  Printing Colophon Prayers - par byang smon tshig  ·  Sūtras - mdo
Lotsawa House Link https://www.lotsawahouse.org/words-of-the-buddha/clarifying-light-prophecy;https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/benedictory-verses-for-clarifying-light-prophecy
Colophon

ཅེས་མཁྱེན་སྤྲུལ་པས་སྨོན་པ་དགེ་ལེགས་འཕེལ།། །།སྭསྟི། དུས་གསུམ་གཟིགས་པ་སྟོན་པ་མཆོག་དེ་ཡིས། །འབྱུང་འགྱུར་ལུང་བསྟན་གསལ་བར་གསུངས་པ་རྣམས། །རྡོ་རྗེ་འཆང་དངོས་ཆོས྄༵་ཀྱ྄ི༷་བླ྄ོ༷་གྲོས྄༵་ཀྱིས། །སྙིགས་དུས་འགྲོ་ལ་བརྩེ་བས་ཕྱོགས་བསྡུས་མཛད། །བསྟན་འགྲོར་ལྷག་བསམ་གཅིག་ཏུ་དཀར་བ་ཡི། །དད་ཅིང་གུས་པས་འདི་སྒྲུབ་འགྲོ་བ་ཀུན། །གནས་སྐབས་འཇིགས་ཆེན་བཅུ་ལས་རབ་གྲོལ་ནས། །མཐར་ཐུག་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །མངྒ་ལཾ།།

ces mkhyen sprul pas smon pa dge legs 'phel//___//swasti/__dus gsum gzigs pa ston pa mchog de yis/__/'byung 'gyur lung bstan gsal bar gsungs pa rnams/__/rdo rje 'chang dngos chosX kyiX bloX grosX kyis/__/snyigs dus 'gro la brtse bas phyogs bsdus mdzad/__/bstan 'gror lhag bsam gcig tu dkar ba yi/__/dad cing gus pas 'di sgrub 'gro ba kun/__/gnas skabs 'jigs chen bcu las rab grol nas/__/mthar thug rnam mkhyen go 'phang myur thob shog__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །མ་འོངས་ལུང་བསྟན་གསལ་བྱེད་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དུས་ངན་བསྐལ་པ་འབྱུང་བའི་དུས། དེ་ལ་ཕན་པའི་ཡི་གེ་འདི་གསུངས་པ་ནི། ཆོས་འདི་ཞེས་བྱ་བའི་ལམ་དང་འདྲའོ། །དེ་ཅི་ཡི་ཕྱིར་ཞེ་ན། ལམ་འདི་ལ་སྐྱེ་འགྲོ་སེམས་ཅན་ཐམས་ཅད་དང་འདྲའོ། །དེའི་ཕྱིར་ཆོས་འདི་ནི་ལམ་དང་འདྲ་ཞེས་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་ཤིང་དྲུང་ན་བཞུགས་དུས། འཛམ་བུ་གླིང་གི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལ་གཟིགས་ནས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། དུས་ངན་བསྐལ་པ་འབྱུང་བའི་དུས། སྐྱེ་འགྲོ་ཀུན་གྱི་བྱ་བ་རྟོག་པ་ནི། རྣམ་པར་དག་པ་བཅུའི་སྒོ་ནས་ཡི་གེ་འདི་དང་འཕྲད་པའི་མི་རྣམས་བསོད་ནམས་ཆེའོ། །ཆོས་འདི་དང་མ་འཕྲད་པའི་མི་རྣམས་ནི་བསོད་ནམས་ཆུང་བ་དང་། ཉོན་མོངས་པའི་སྡུག་བསྔལ་ཤིན་ཏུ་ཆེའོ། །ས་སྟེང་གི་མི་རྣམས་ནི་མཚོན་ཆའི་འོག་ཏུ་གཏུབས་པ་འདྲ་བར་སྣང་། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཁྱེད་ཀྱིས་མི་རྣམས་སྙིང་རེ་རྗེ་དགོངས་པའི་དོན་དུ་སྡུག་བསྔལ་འདི་ལས་ཐར་བར་མཛད་དུ་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ངས་ཁྱེད་ལ་བཤད་དོ། །ང་ནམ་མཁའི་དབྱིངས་ན་བཞུགས་པ་ཡིན། འཛམ་བུ་གླིང་གི་སྐྱེ་འགྲོ་རྣམས་ལ་ངས་གཟིགས་པར་དགོངས་པ་ཡིན། ཁྱེད་རྣམས་ང་ཡི་བཀའ་ལ་ཉོན། ཆོས་ཀྱི་ཡི་གེ་འདི་དུས་ངན་བསྐལ་པ་འབྱུང་བའི་དུས་སུ་ཕན་པའི་ཆོས་ཡིན་ནོ། །འདི་བྲིས་པ་དང་འདོན་པ་དང་ཐུགས་རྗེ་ཆེན་པོའི་བསྒོམས་བཟླས་བྱས་ན་མྱུར་དུ་སྡིག་སྒྲིབ་བྱང་བར་འགྱུར་རོ། །ཆོས་ཀྱི་ཡི་གེ་འདི་ལ་སྤོས་དང་མེ་ཏོག་གིས་ལེགས་པར་མཆོད་ན་སེམས་ཅན་ཀུན་ཀྱང་བདེ་བ་ལ་འགོད། ཡི་གེ་འདི་བྲི་འདོན་བྱས་ན་ཚེ་རབས་ཐམས་ཅད་དུ་སྐྱེ་བ་བཟང་པོ་ཐོབ། དེ་ནས་ཤིང་དེའི་རྩ་བར་མཚོ་ཆེན་པོ་ཞིག་ཡོད་དོ། །དེའི་འགྲམ་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་བཞུགས་པས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་ཐུགས་རྗེས་དགོངས་པར་མཛད་ནས་སྤྱན་ཆབ་དྲག་ཏུ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུགས་རྗེ་ཆེན་པོ་ཁྱེད་ལེགས་པར་ཉོན་དང་སྤྱན་ཆབ་འཆོར་མི་དགོས་གསུངས་འདི་ལ་ལེགས་པར་ཉོན་དང་ལོ་གསར་སྟག་གི་ཟླ་བའི་ནང་དུ་མིའི་ཡུལ་དུ་བྱོན་པར་དགོངས་པ་ཡིན། དེའི་དུས་སུ་བསྐལ་པ་ངན་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ། སྡིག་པ་ཐམས་ཅད་སྤོང་བ་ཡིན། དམྱལ་བར་ལྟུང་བའི་སེམས་ཅན་ཐམས་ཅད་ཀྱང་ངས་འདྲེན་པ་ཡིན། དེའི་དུས་སུ་ཆོས་ཀྱི་ཡི་གེ་འདི་དར་བ་ཡིན་ནོ། །ཡི་གེ་འདི་བྲི་འདོན་བྱས་ན་ནད་ཐམས་ཅད་ཆད། མི་གཅིག་གིས་བྲིས་ན་གྲོང་ཁྱེར་གཅིག་ལ་ཕན། གྲོང་ཁྱེར་གཅིག་གིས་བྲིས་ན་རྒྱལ་ཁམས་ཀུན་ལ་ཕན། མི་རྣམས་བསོད་ནམས་འཕེལ་བ་དང་རྐྱེན་ངན་བར་ཆད་བཟློག་པ་དང་དམྱལ་བའི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་ཕན། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་མཁོ་བའི་ལམ་ཡིན་ནོ། །དཔེར་ན་མཚོ་དང་ཆུ་ལ་གྲུ་གཟིངས་འགྲོ་བ་ལྟ་བུ་ཡིན། ཡི་གེ་འདི་ལ་དད་པ་དང་མོས་གུས་རྣམ་པར་དག་པ་གལ་ཆེའོ། །བྱམས་པ་མི་ཡུལ་དུ་མ་བྱོན་བར་དུ་ཕན་པའི་ཡི་གེ་རྒྱ་ཆེན་འདི་ཡིན་ནོ། །ཆོས་འདི་བྲིས་ཞིང་གཞན་ལ་སྤེལ་ན་ཚེ་གཅིག་ལུས་གཅིག་ལ་བསོད་ནམས་དཔག་ཏུ་མེད་པ་འཕེལ་ལོ། །འཁོར་བ་ཁྲག་གི་རྒྱ་མཚོ་སྐེམས་པར་འགྱུར་རོ། །སེམས་རྣམ་པར་མ་དག་པ་བཅུའི་སྒོ་ནས་དང་པོ་ཉོན་མོངས་པའི་དབང་དུ་འགྱུར། སེམས་ཅན་ཐམས་ཅད་སྙིང་རེ་རྗེ། འདིའི་རྒྱབ་ཏུ་གཉིས་པ་མིའི་ཡུལ་དུ་ཁྲག་གིས་ལུང་པ་གང་། གསུམ་པ་ལོ་ཏོག་སོ་ནམ་བྱས་པ་རང་གི་སྤྱོད་དབང་མེད། བཞི་པ་མི་རྣམས་སྡུག་བསྔལ་ཤིན་ཏུ་མང་། ལྔ་པ་ལམ་ལ་འགྲོ་བའི་མི་མི་མཐོང་། དྲུག་པ་གཅན་གཟན་སྣ་ཚོགས་ཀྱིས་གྲོང་ཁྱེར་བཀང་བར་འགྱུར། བདུན་པ་རྒྱལ་ཁམས་དང་ཁང་པ་རྣམས་སྟོང་པར་འགྱུར། བརྒྱད་པ་གཅན་གཟན་གར་འོང་ཆ་མེད་དུ་འགྲོ་བ་མཐོང་། དགུ་པ་མི་རེ་རེ་ཙམ་ཡོད་ཀྱང་འདུག་མི་ཕོད། བཅུ་པ་ཡི་དྭགས་གདོན་གྱི་གྲོང་ཁྱེར་ཉུལ་བ་སྣང་། རྣམ་པར་མ་དག་པ་བཅུའི་སྒོ་ནས་དེ་འདྲ་འབྱུང་ངོ་། །གཅིག་གིས་གཅིག་ལ་མ་གུས་པ་དང་རང་བསྟོད་གཞན་སྨད་བྱེད་པར་སྣང་། མིའི་ནང་རིགས་བཞི་ཡོད་དོ། །རྒྱལ་རིགས་དང་རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས་ཏེ། དེ་དག་ཀུན་ཀྱང་ཡི་གེ་འདི་ལ་དད་པ་དང་མོས་གུས་བྱས་ན་དུས་བསྐལ་པ་བཟང་པོ་འོང་། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཡི་གེ་འདི་ལ་དད་ལོག་བྱས་ན་གཅིག་གིས་གཅིག་ཁྲིད་ནས་དམྱལ་བ་མནར་མེད་དུ་ལྟུང་། ཆོས་ཀྱང་མི་ཐོས་ངུ་འབོད་ཀྱིས་གནམ་ས་གང་། ཚེ་འདི་ལ་ཡང་ནད་རིམས་བསྐལ་པ་འོང་། ཆོས་ཀྱི་ཡི་གེ་འདི་ཐོས་མ་ཐག་ཏུ་འབྲི་འདོན་བྱས་ན་ནད་རིམས་དང་མུ་གེ་ཀུན་ཞི་བར་འགྱུར། སྐྱེ་བ་བཟང་པོ་ཐོབ་པར་འགྱུར་རོ། །གཞན་ཡང་འཇིག་རྟེན་ན་སྡུག་བསྔལ་བདུན་ཡོད། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དང་གཅིག །ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་གཉིས། དུད་འགྲོ་བླུན་རྨོངས་ཀྱི༴ མི་ལ་སྐྱེ་རྒ་ན་འཆི་དང་མི་ཁོམ་པ་དང་དབུལ་འཕོང་ལྟ་བ་ལོག་འཛིན་གྱི་སྡུག་བསྔལ༴ ལྷ་མ་ཡིན་འཐབ་རྩོད་གྱི༴ ལྷ་འཆི་འཕོ་ལྟུང་གྱི༴ སྲིད་པ་བར་དོའི་སྡུག་བསྔལ་དང་བདུན་ཡོད་དོ། །དེ་རྣམས་ལ་ཕན་པའི་ཡི་གེ་འདི་ལ་དད་པ་བྱས་ན་བསམ་པ་ཐམས་ཅད་འགྲུབ་ཅིང་ནད་རིམས་ཐམས་ཅད་ཆད་པར་འགྱུར། སྔོན་གྱི་བསྐལ་པ་བཟང་པོ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མེ་ཕོ་རྟའི་ལོར་ནམ་མཁའི་དབྱིངས་ནས་རྡོ་བོང་བ་ཙམ་ཞིག་བབས་ནས་མཚོ་ཆེན་པོ་གཅིག་གི་འགྲམ་དུ་ཕོག །གནམ་རྡོ་དེ་གས་པས་ཡི་གེ་འདི་བྱོན། ཆོས་ཀྱི་ཡི་གེ་འདི་སྦ་གསང་མེད་པར་གཅིག་གིས་གཅིག་ལ་སྟོན་པ་གལ་ཆེའོ། །འདི་གཅིག་དང་གཉིས་ཀྱི་དོན་མ་ཡིན། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཀོད་པ་ཡིན། འཁོར་བའི་སྡུག་བསྔལ་ཐམས་ཅད་ཟད་པར་ཤོག །མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །སངས་རྒྱས་བསྟན་པ་མར་འགྲིབ་དུས། །དགེ་སློང་ཚུལ་ཁྲིམས་ཉམས་པའི་དུས། །བསམ་ངན་ཡིད་ལ་དྲན་པའི་དུས། །མནའ་སྡིག་ཁ་ཟས་ཟ་བའི་དུས། །མི་དགེ་བཅུ་ལ་སྤྱོད་པའི་དུས། །སྔགས་པས་ངན་སྔགས་འདོན་པའི་དུས། །དུག་ལྔ་ཁོག་དུ་བཅུག་པའི་དུས། །ལུས་ངག་ལོག་པར་སྤྱོད་པའི་དུས། །ཆོས་སྟོན་མར་མར་འགྲོ་བའི་དུས། །བྱ་སྤུ་རི་ལ་སྐྱེས་པའི་དུས། །ཤིང་ལྕགས་སྣོད་ལ་བཅུག་པའི་དུས། །སྐྱེ་བོས་ལས་ངན་བྱེད་པའི་དུས། །ལས་ངན་ཉེས་རྐྱེན་དེ་རྣམས་ཀྱིས། །འཇིགས་པའི་དུས་ངན་ངེས་པར་འོང་། །དུས་ངན་རྐྱེན་བཟློག་ཡི་གེ་འདི། །མཐོང་བ་ཙམ་གྱིས་བྲི་འདོན་བྱ། །དུས་ངན་བཟློག་པར་ཐེ་ཚོམ་མེད། །ཨི་བདེན་མི་བདེན་ལྟོས་དང་ཆོག །བདེན་པར་སྨྲ་ཞིང་བརྗོད་པར་བགྱི། །མི་བདེན་ཟེར་བའི་མི་རྣམས་ཀུན། །སྐྲ་ཡི་རྩེ་མོ་མན་ཆོད་དང་། །རྐང་པའི་མཐིའུ་ཆུང་ཡན་ཆོད་ལ། །ཁ་རྟགས་ནད་ཀྱིས་ཐེབ་པར་འོང་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཐུགས་རྗེ་ཆེན་པོ་དང་། བྱམས་པ་དང་། ཀུན་དགའ་བོ་དང་། མི་དང་། ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཚན་དང་དཔེ་བྱད་ཀྱིས་ལེགས་པར་བརྒྱན་པའི་ཕྱག་གཡས་པ་ས་ལ་བརྡབ་སྟེ། ནག་པོ་བདུད་རིགས་འཁོར་དང་བཅས་པ་འཇོམས་པར་བྱས་སོ། །བདག་དགའ་བ་དང་ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་ཐོབ་པ་དང་། ནད་དང་བདུད་ཐམས་ཅད་རབ་ཏུ་ཞི་བས་འདུལ་བར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གི་ཏིང་ངེ་འཛིན་ལ་བཞུགས་ནས་གསུངས་རབ་མདོ་སྡེ་ཐམས་ཅད་ནས་བསྡུས་པའི་ཡི་གེ་འདི་གསུངས། ཡང་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཁྱེད་ཆོས་གསུངས་པ་འདི་དོན་འཁོར་བའི་རྐྱེན་ངན་བར་ཆད་བཟློག །ས་ཕོ་སྤྲེལ་གྱི་ལོ་ལ་ནད་ཡམས་ནི་འོང་། དེ་ལ་ཕན་པའི་རིམ་གྲོ་ཟབ་མོ་གལ་ཆེའོ། །སེམས་ཅན་རྣམས་ཀྱི་འདི་འདྲ་མི་བདེན་བསམ་ནས་ཡི་གེ་འདི་ལ་མ་དད་པ་དང་བཏང་སྙོམས་སུ་ལུས་ནས་དར་མ་ཐུབ་ན་ནག་པོ་བདུད་རིགས་རྣམས་དགའ་བར་འགྱུར་རོ། །ཡི་གེ་འདི་བྲིས་པ་དང་དད་པ་བྱས་ན་ཤིན་ཏུ་བདེ་བ་འོང་། ཆོས་ཀྱི་ཡི་གེ་འདི་ཡིས་ཕན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ་ཤིན་ཏུ་ལེགས་སོ། སྔོན་ནས་ཀུན་ཏུ་སྟོན་པར་བགྱི། །དགེ་བ་ཕུན་སུམ་ལེགས་པར་འགྱུར། །བསོད་ནམས་ཡོན་ཏན་ཀུན་ཏུ་རྒྱས། །རྫོགས་པའི་སངས་རྒྱས་ཀུན་གྱིས་གསུངས། །དགའ་བོ་ཉེར་དགའ་ཁྱེད་རྣམས་ཀྱིས། །འགྲོ་ལ་ཕན་དོན་འདི་བརྩོན་དང་། །མ་འོངས་དུས་ཀྱི་ཐ་མ་ལ། །འདི་ཡི་ཡོན་ཏན་བསམ་མི་ཁྱབ། །འདི་ལ་དད་པ་སུས་བྱས་ན། །འདོད་པ་ཐམས་ཅད་འགྲུབ་པར་འགྱུར། །རྐྱེན་ངན་བར་ཆད་བཟློག་པར་འགྱུར། །སངས་རྒྱས་བསྟན་ལ་དད་པའི་མི། །སྤོས་དང་མེ་ཏོག་མཆོད་པར་བགྱི། །དེ་ནས་བྱམས་པ་མགོན་པོས་ནམ་མཁའི་དབྱིངས་ནས་གཟིགས་པས། མི་རྣམས་ཀྱི་མིག་ནས་ཁྲག་གི་འཆི་མ་བྱུང་བ་མཐོང་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་ཞུས་པ། བཅོམ་ལྡན་འདས་མ་འོངས་པ་ལ་ཚིག་ཉུང་ལ་དོན་འདུས་པ་བྱིན་རླབས་ཆེ་བའི་ཆོས་གནང་བར་མཛད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ལེགས་སོ། །ཁྱེད་ཀྱིས་ང་ཡི་བཀའ་ལ་ཉོན། །ཚངས་པ་དང་ནི་བརྒྱ་བྱིན་སོགས། །སེམས་ཅན་དོན་དུ་བསྐོས་པ་ཡིན། །སྐྱེ་འགྲོ་ཀུན་ལ་ཕན་པའི་ཕྱིར། །ང་ཡི་ཚིག་དོན་འདི་དག་གསུངས། །འདི་ལ་གུས་ཤིང་བརྩོན་པར་གྱིས། །དགེ་བ་ཕུན་སུམ་ཚོགས་པ་ཡིན། དེ་ནས་མེ་ཕོ་རྟ་ཡི་ལོ་སྟོན་ཟླ་ར་བ་དང་། ས་ཕོ་སྤྲེལ་ལོ་ལ་ཡི་གེ་འདི་ལ་དད་པ་མེད་པའི་མི་སྡིག་ཅན་རྣམས་འཆི་བར་འགྱུར་རོ། །ཡི་གེ་འདི་བྲི་འདོན་བྱས་ན་མི་རྣམས་ཚེ་རིང་བ་དང་། ནད་མེད་པ་དང་བསོད་ནམས་ཆེ་བར་འགྱུར་རོ། །དུས་ངན་གནོད་བྱེད་ཀུན་ཀྱང་གྲོང་ཁྱེར་ལ་ཉུལ་བ་འོང་། མིའི་མི་མཐོང་བར་གང་ཡོད་ཆ་མེད་དུ་འགྲོ་ཞིང་གབ། དེའི་དུས་སུ་ཆོས་ཀྱི་ཡི་གེ་འདི་ཡི་བྱིན་རླབས་ཀྱིས་འདྲེ་གདོན་གནོད་བྱེད་ཐམས་ཅད་ཀྱང་འདར་ཅིང་བྲོས་པར་འགྱུར་རོ། །ཡི་གེ་འདི་རྒྱལ་ཁམས་ཀུན་ལ་སྤེལ་བ་གལ་ཆེ། མི་བདེན་བསམ་ནས་ཐེ་ཚོམ་མ་བྱེད། སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དེའི་གསུངས་པའི་ཆོས་འདི་ལ་མ་དད་པ་རྣམས་ནི། མེ་རྟའི་ལོ་ལ་ས་འགུལ་ཆེན་པོ་ནི་འབྱུང་། དེའི་དུས་སུ་དུས་ངན་ཤར་ནས་མེ་མོ་ལུག་གི་ལོ་ལ་འགྲིལ་ནས་འཆི། ལ་ལ་ནི་འགྲོ་ལམ་དུ་འཆི། ལ་ལ་ནི་དྲན་པ་ཉམས་ནས་འཆི། ས་ཕོ་སྤྲེལ་གྱི་ལོ་ལ་ཆུའི་འཇིགས་པ་འོང་། དབྱར་ལ་མུ་གེའི་ནད་ཀྱིས་འཆི། དེའི་དུས་སུ་གདོན་རིགས་ཀྱིས་རྒྱལ་ཁམས་གང་། ཆོས་འདི་འབྲི་འདོན་བྱས་ན་གདོན་བགེགས་ཐམས་ཅད་ཀྱིས་མི་ཚུགས་སོ། །ས་མོ་བྱའི་ལོར་གཞན་ལ་གནོད་པ་མི་བྱེད། ཤ་ཁྲག་མི་ཟ་སྡོམ་པ་བསྲུང་བ་གལ་ཆེ། ལྕགས་ཕོ་ཁྱིའི་ལོ་ལ་སྟག་གཟིག་དོམ་དྲེད་འཕར་སྤྱང་སོགས་གཅན་གཟན་གྱིས་རྒྱལ་ཁམས་དང་གྲོང་ཁྱེར་ཐམས་ཅད་གང་ནས་དེའི་དུས་སུ་མི་རྣམས་གྲོལ་བའི་ཐབས་ཆོས་འདི་འབྲི་འདོན་བྱེད་པ་གལ་ཆེ། ལྕགས་མོ་ལུག་གི་ལོ་ལ་འགྲོ་བ་སེམས་ཅན་ཐམས་ཅད་ཤོག་སྐྱ་རླུང་གིས་སྐྱོད་པ་ལྟར་འདུག་པའི་རང་དབང་མེད་པར་འོང་། མཚོ་ཆེན་པོ་འཕྱུར་བ་དང་འདྲའོ། །དེའི་དུས་སུ་ཡི་གེ་འདི་ལ་མི་དད་པའི་མི་རྣམས་འཆི། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོ་ལ་བཀའ་སྩལ་པ། བྱི་བའི་ལོ་ལ་ནམ་མཁའི་དབྱིངས་ནས་ཆོས་ཀྱི་སྒྲ་སྙན་པ་ཞིག་འོང་། ཉི་ཟླའི་འོད་བཞིན་དུ་སངས་རྒྱས་ཀྱི་བྱིན་རླབས་ནུས་མཐུས་ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་གསལ་བའི་ཡི་གེ་འདི་འབྲི་འདོན་བྱས་ན། བྱམས་པ་མ་བྱོན་བར་དུ་ཕན་པའི་ཡི་གེ་འདི་ཡིན་ནོ། །འདི་འབྲི་འདོན་བྱས་ན། །བསོད་ནམས་རི་བོ་ལྟ་བུ་ཐོབ། །རི་བོ་པོ་ཏཱ་ལ་ཡི་ཕོ་བྲང་ན། །སངས་རྒྱས་གསུང་གི་སྤྲུལ་པ་བཞུགས། །བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར། །སྟེང་འོག་ཕྱོགས་བཅུ་མ་ལུས་པའི། །སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད། །ཡང་ཐུགས་རྗེ་ཆེན་པོས་མི་རྣམས་ཐམས་ཅད་སྙིང་རེ་རྗེ་དགོངས་ནས་འགྲོ་བ་སེམས་ཅན་གྱི་དོན་དུ་སྤེལ་བ་ཡིན། མི་བདེན་བསམ་ནས་ཐེ་ཚོམ་བྱས་ན། དབྱར་ཟླ་ར་བ་དང་འབྲིང་པོ་གཉིས་ལ་ནད་རིམས་དར་ནས་འོང་། སྔ་དྲོ་ན་ནས་དགོང་མོ་འཆི། དེའི་དུས་སུ་དུས་ངན་གྱི་བསྐལ་པ་དར་ནས་རྩི་ཤིང་ནགས་ཚལ་ཐམས་ཅད་ཀྱང་རྐེད་པ་ནས་ཆད། བྲག་རི་ཐམས་ཅད་རྩ་བ་ནས་ཞིག །ས་གཞི་ཐམས་ཅད་འདར་ནས་འདུག་བཟོད་མེད། མི་བཅུ་ཡི་ནང་ནས་གཅིག་ལས་མི་ལུས། འདི་མི་བདེན་མ་བསམ་བཅོམ་ལྡན་འདས་ཀྱི་བཀའ་ཡིན། སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ནས་མེ་མོ་ལུག་གི་ལོ་དང་ས་ཕོ་སྤྲེལ་ལོ་ལ་ལྔ་བརྒྱའི་དུས་ངན་འཆར་བ་ཡིན། ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་འཁྲུགས་པ་འོང་། མི་རྣམས་འཁྲུགས་རྩོད་ནང་རྨེ་བྱེད་ནས་ཟད། དུས་ངན་དག་ལས་ཐར་པའི་ཆོས་འདི་ནི། མཐོང་བ་ཙམ་གྱིས་འབྲི་འདོན་དེ་ལྟར་བྱས་ན་འཁྲུགས་པ་འཇོམ། ཤིན་ཏུ་བདེ་བ་ཐོབ། དགེ་བ་དཔག་མེད་འབྱུང་ཞིང་འཇིགས་སྐྲག་ཀུན་ལས་ཐར། ཆོས་ཀྱི་ཡི་གེ་འདི་གཅིག་དང་གཉིས་ཀྱི་དོན་མ་ཡིན། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཛད་པ་ཡིན། ཆོས་ཀྱི་ཡི་གེ་འདི་རྒྱལ་ཁམས་ཕྱོགས་ཀུན་དུ་དར་ན་མི་རྣམས་ལ་བདེ་སྐྱིད་བཟང་པོ་འོང་། དགེ་བ་ཕུན་སུམ་ཚོགས་པ་ཡིས། །སེམས་ཅན་སྡུག་བསྔལ་མེད་པར་མཛོད། ཟླ་བ་ལྔ་དྲུག་ལ་ཡི་གེ་འདི་རྗེས་སུ་དྲན་ནས་བརྩོན་པར་མ་གྱུར་ན་ནད་རིམས་ཀྱི་བསྐལ་པ་འོང་། ལ་ལ་ནི་ཚ་བ་ན་ནས་འཆི། ལ་ལ་ནི་གྲང་བ་ན་སྟེ་འཆི། ལ་ལ་སྨྱོ་ནས་འཆི། ལ་ལ་ནི་ལྐོག་མ་ན་ནས་འཆི། ལ་ལ་སྙིང་ན་ནས་འཆི། ལ་ལ་རྒྱུ་གཟེར་ནད་ཀྱིས་འཆི། ལ་ལ་ནི་མཆིན་པ་ན་ནས་འཆི་བ་སོགས་འོང་། ནད་གདོན་འདི་རྣམས་ལ་ཕན་པའི་བསྲུང་བའི་ཡི་གེ་འདི་རིགས་ཀྱི་བུ་དང་བུ་མོ་གང་ལ་ལ་ཞིག་གི་ལུས་ལ་འཆང་ན་ལྷའི་གདོན་དང་། ཀླུའི་གདོན་དང་། འབྱུང་པོའི་གདོན་དང་ནད་རིམས་དེ་དག་ཐམས་ཅད་ལས་ཐར་བར་སྲུང་བའི་སྔགས། ཨེ་མ་ཧོ། ཕན་ནོ་ཕན་ནོ་སྭཱ་ཧཱ། ཕོའི་གཡས་དང་མོའི་གཡོན་དུ་བཏགས་སོ། དེ་ལྟར་བྱས་ན་ནད་རིམས་ཐམས་ཅད་ལས་ཐར། སྐྱེ་བ་བཟང་པོ་ཐོབ་པར་འགྱུར། འདི་འབྲི་འདོན་དང་དད་པ་བྱས་ན་འཁོར་བ་སྡུག་བསྔལ་ཁྲག་གི་རྒྱ་མཚོ་ལས་ཐར་བར་ཐེ་ཚོམ་མེད་དོ། །འཇིག་རྟེན་ཁམས་ཀྱི་མི་རྣམས་སྙིང་རེ་རྗེ། མི་རྣམས་དུས་མིན་འཆི་བའི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །སྔོན་གྱི་བསྐལ་པ་བཟང་པོ་དང་ལྡན་པར་གྱུར་ཅིག །བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་གྱུར་ཅིག །ཆོས་ཀྱི་ཡི་གེ་འདི་ལ་མ་དད་པའི་འགྲོ་བ་རྣམས་ནི་ཐར་པའི་དུས་མེད། གྲོང་ཁྱེར་ལ་ཡང་གདོན་རིགས་ཀྱིས་གང་བ་འོང་། དེ་དུས་མི་རྣམས་ངུ་འབོད་ཀྱིས་གནམ་ས་གང་། འབྲུ་བཅུད་ཡོད་ཀྱང་ཟ་དབང་མེད། །མི་གྲངས་མང་པོས་བདུད་ཟས་བྱེད། །དེ་ནས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་གྱི་རྒྱུད་ལ་སྙིང་རྗེ་སྐྱེ་བའི་དོན་དུ་ཡན་ལག་འདི་གསུངས་སོ། བཅོམ་ལྡན་འདས་ཁྱེད་ཀྱིས་ཡི་གེ་འདི་ཉིད་བྱིན་གྱིས་བརླབས་དུ་གསོལ། དབང་དུ་བསྡུ་བའི་རབ་གནས་མཛད་དུ་གསོལ། ཡང་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཡི་གེ་འདི་ལ་མོས་གུས་དང་དད་པ་བསྙེན་བཀུར་བྱས་ན། དུས་ངན་ཐམས་ཅད་ཟད་དོ། །ས་ཡི་སྟེང་གི་མི་རྣམས་ཀུན། དུས་ངན་ནད་མུག་མཚོན་འཁྲུགས་མི་བདེ་བ་ཐམས་ཅད་ལས་ཐར་ནས་བསོད་ནམས་དཔག་ཏུ་མེད་པར་ཐོབ། བསྐལ་པ་བཟང་པོ་དང་ལྡན་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་བཞིན་དུ་དགེ་བའི་ཕྱིར། ཁྱད་པར་དུ་རྟ་ཟླ་དང་ཡོས་ཟླ་གཉིས་ལ་འདོན་ན་ཕན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་དེ། ཡི་གེ་འདི་འབྲི་འདོན་བྱས་ན་མི་རྣམས་ཚེ་རིང་བ་དང་། ནད་མེད་པ་དང་། བདེ་སྐྱིད་དང་ལྡན་པར་གྱུར་ཅིག །འདི་ཆ་གཅིག་བྲིས་ན་བསྐལ་པ་ངན་པའི་གནོད་བྱེད་ཐམས་ཅད་རང་སར་ཞིའོ། །འདི་སྔོན་བྱུང་འབྲུག་ལོ་ལ་གཅིག་དར། འཇིག་རྟེན་ཁམས་སུ་དར་མ་ཐུབ་པར་སྣང་། དུས་ངན་ཤར་སྟོབས་དེ་ལས་བྱུང་། དེའི་རྗེས་སུ་མེ་ཕོ་རྟའི་ལོ་ལ་ཆོས་ཀྱི་ཡི་གེ་འདི་སྤེལ་བ་ཡིན། ཆོས་ཀྱི་ཡི་གེ་འདི་དུས་ངན་བཟློག་པའི་ཐབས་ཡིན། རྒྱལ་ཁམས་ཀུན་ལ་དར་མ་ཐུབ་ན། ལོ་ཏོག་བཙའ་སད་སེར་གསུམ་གྱིས་ཁྱེར་ནས་མུ་གེ་འོང་བ་དང་། ནད་ངོས་མི་ཟིན་པའི་རིམས་ནད་འོང་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བ་འོང་། འདི་བྲི་འདོན་བྱས་ན་སྡུག་བསྔལ་ཀུན་ལས་ཐར་བར་ཐེ་ཚོམ་མེད་དོ། །རྒྱལ་བ་བྱམས་པ་མགོན་པོ་འཇིག་རྟེན་ཁམས་སུ་མ་བྱོན་གྱི་བར་དུ་འགྲོ་བའི་སྐྱབས་བྱེད་པའི་ཆོས་ཀྱི་ཡི་གེ་འདི་ཡིན་ཏེ། དེ་ལ་དད་པ་དང་མོས་གུས་བྱས་ན་སྡིག་སྒྲིབ་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལོ་འབྲས་རྟག་ཏུ་ལེགས་པར་གྱུར་ཅིག །དགེ་བ་ཕུན་སུམ་ཚོགས་པར་གྱུར་ཅིག །ནོར་བུའི་དགོས་འདོད་འབྱུང་བར་གྱུར་ཅིག །འདི་བཞུགས་རྒྱལ་ཁམས་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག །ས་ཕྱོགས་སུ་བྱིན་ཆགས་པར་གྱུར་ཅིག །རྒྱལ་ཁམས་ནད་མུག་འཁྲུགས་རྩོད་ཉེར་ཞི་ནས། །ལོ་ལེགས་ཆར་འབེབས་ཅི་བསམ་ལྷུན་འགྲུབ་ཤོག །རྒྱལ་བའི་ཞིང་ཁམས་དཔལ་འབྱོར་རབ་རྒྱས་ནས། །ཆོས་འཁོར་བསྐོར་ཞིང་རྟག་ཏུ་བརྟན་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། །ཐུགས་རྗེ་ཆེན་པོ་དང་བྱམས་པ་དང་ཀུན་དགའ་བོ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །མ་འོངས་ལུང་བསྟན་གསལ་བྱེད་སྒྲོན་མེ་ཞེས་བྱ་བ་རྫོགས་སོ།། །། ༈ མཉམ་མེད་རྫོགས་པའི་སངས་རྒྱས་ཀྱིས། །གསུངས་པའི་མ་འོངས་ལུང་བསྟན་འདི། །དད་ལྡན་རྣམས་ཀྱི་འཆང་བྱེད་དུ། །པར་བསྐྲུན་ཞུས་པ་རྣམ་དཀར་གྱི། །དགེ་བས་སྙིགས་དུས་རྒུད་པ་སེལ། །རྫོགས་ལྡན་བསྐལ་པའི་དབུག་དབྱུང་ཐོབ། །བདེ་སྐྱིད་ནམ་མཁའི་ནོར་བུ་ཤར། །གཏན་བཟང་བླ་མེད་མྱུར་ཐོབ་ཤོག །ཅེས་མཁྱེན་སྤྲུལ་པས་སྨོན་པ་དགེ་ལེགས་འཕེལ།། །།སྭསྟི། དུས་གསུམ་གཟིགས་པ་སྟོན་པ་མཆོག་དེ་ཡིས། །འབྱུང་འགྱུར་ལུང་བསྟན་གསལ་བར་གསུངས་པ་རྣམས། །རྡོ་རྗེ་འཆང་དངོས་ཆོས྄༵་ཀྱ྄ི༷་བླ྄ོ༷་གྲོས྄༵་ཀྱིས། །སྙིགས་དུས་འགྲོ་ལ་བརྩེ་བས་ཕྱོགས་བསྡུས་མཛད། །བསྟན་འགྲོར་ལྷག་བསམ་གཅིག་ཏུ་དཀར་བ་ཡི། །དད་ཅིང་གུས་པས་འདི་སྒྲུབ་འགྲོ་བ་ཀུན། །གནས་སྐབས་འཇིགས་ཆེན་བཅུ་ལས་རབ་གྲོལ་ནས། །མཐར་ཐུག་རྣམ་མཁྱེན་གོ་འཕང་མྱུར་ཐོབ་ཤོག །མངྒ་ལཾ།། །།

Footnotes

Other Information