JKCL-KABUM-10-THA-001

From Khyentse Lineage - A Tsadra Foundation Project

མདའ་བསྣུན་ཞབས་ཀྱི་སྙན་བརྒྱུད་ཐབས་ལམ་གྱི་དུམ་བུ།
Wylie title mda' bsnun zhabs kyi snyan brgyud thabs lam gyi dum bu JKCL-KABUM-10-THA-001.pdf
Location chos kyi blo gros bka' 'bum
Volume 10, Text 1, Pages 1-5 (Folios 1a to 3a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་ར་ཧ་ (Saraha)
Citation 'jam dbyangs mkhyen brtse chos kyi blo gros. mda' bsnun zhabs kyi snyan brgyud thabs lam gyi dum bu. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 1-5. Bir, H.P.: Khyentse Labrang, 2012.
Genre Spiritual Instructions - gdams ngag
Colophon

ཅེས་པའང་ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་འཆི་མེད་འཕགས་མའི་བསྙེན་སྒྲུབ་ཀྱི་ཆུ་སྦྲུལ་དབོ་ཟླའི་ཚེས་༨ལ་རིག་ངོར་སྣང་བ་དང་། མདའ་བསྣུན་གྱི་ཡེ་ཤེས་སྐུ་འོལ་ཙམ་མཇལ་བ་དང་བྲིས་པའོ།།

ces pa'ang kho bo pad+ma ye shes rdo rje 'chi med 'phags ma'i bsnyen sgrub kyi chu sbrul dbo zla'i tshes 8la rig ngor snang ba dang /__mda' bsnun gyi ye shes sku 'ol tsam mjal ba dang bris pa'o//

[edit]
༄༅། །མདའ་བསྣུན་ཞབས་ཀྱི་སྙན་བརྒྱུད་ཐབས་ལམ་གྱི་དུམ་བུ་བཞུགས། ། སོར་རྟོགས་ཡེ་ཤེས་མེ་བོ་ཆེ། །རབ་དམར་ཆགས་པའི་འོད་འབར་བས། །བརྟན་གཡོའི་དྭངས་བཅུད་ཞུ་བའི་རྒྱུན། །ཐིག་ལེ་བདེ་བ་ཆེན་པོར་སྨིན། །དྭངས་མའི་རང་གཟུགས་ཙ་ན་ཀ །འཁོར་ལོའི་ལྟེ་བར་བརྟན་པ་ལས། །འགྲོ་དང་ལྡོག་པ་ཅིར་ཡང་ཤར། །རེས་འགའ་ཡེ་ཤེས་ཕྱག་རྒྱའི་སྐུ། །རེས་འགའ་ཡི་གེའི་དབྱིབས་སུའང་ཤར། །ཕལ་ཆེར་ཐིག་ལེའི་རྣམ་པ་སྟེ། །མ་རྟོགས་པས་ནི་འཁོར་བ་སྐྱེད། །སྲིད་པའི་འཁོར་ལོ་རྒྱུན་མི་ཆད། །རྣལ་འབྱོར་ལམ་གྱི་ཐབས་ལྡན་པས། །རྩ་རླུང་ཐིག་ལེའི་གྲོང་དང་གནས། །ལོངས་སྤྱོད་རྣམ་པ་ཐམས་ཅད་པ། །རིག་པའི་སྐྱེས་བུས་ལོངས་སྤྱོད་པས། །མ་དག་རྒྱུ་བ་དབྱིངས་སུ་འཆིང་། །དྭངས་མ་ཡེ་ཤེས་སྟབས་སུ་སྨིན། །དེ་ཡང་བུམ་པའི་དབང་གིས་བསྐྱེད། ལུས་ནི་ལྷ་སྐུར་སྨིན་པ་དང་། །དབྱིབས་དག་པས་ནི་རྫོགས་པ་ཡི། །གསང་བའི་དབང་གིས་སྨིན་པར་བྱ། །རླུང་དང་གཏུམ་མོ་འབར་བའི་ཀློང་། །ཐིག་ལེ་རི་བོང་འཛིན་ཞུ་བའི། །བདེ་བའི་ཡེ་ཤེས་སྲེད་པ་ལས། །རབ་གྲོལ་སྲེད་མེད་དྷུ་ཏིར་འབབ། །ལུས་གནས་རྩ་ལ་ཁྱབ་པ་དང་། །དྭངས་མ་འཁོར་ལོ་བཞིའི་ལྟེ་བར། །དགའ་བཞིའི་ཡེ་ཤེས་བཅུད་དུ་རྫོགས། །དེ་ནས་ཕྱག་རྒྱ་མཚན་ལྡན་མ། །ཡིད་འོང་མཐོང་བས་བདེ་སྐྱེད་མ། །རྒྱུད་སྨིན་བློ་སྦྱོངས་བྱས་པ་ཉིད། །ཁམས་བསྐྱེད་བལྟ་བཅངས་ལག་སྦྲེལ་དང་། །འོ་བྱེད་དགའ་བའི་གླུས་བསྐུལ་བའི། །རྗེས་ཆགས་བདེ་བ་འབར་བའི་ཚེ། །སྦྱོར་ཐབས་རྣམ་པ་སྣ་ཚོགས་པས། །འདུ་ཤེས་གསུམ་གྱི་རྣལ་འབྱོར་དང་། །བསྙེན་སྒྲུབ་ཡན་ལག་བཞིས་རྫོགས་ཤིང་། །ཕ་རོལ་ཕྱིན་པ་བཅུ་དག་དང་། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ། །ཕྱི་ནང་གནས་དང་ས་བགྲོད་དང་། །བོ་ལ་ཀཀྐོ་ལར་ཞུགས་པས། །ཐབས་མཆོག་ཧེ་རུ་ཀ་དཔལ་ནི། །ཧྃ་ཡིག་གངས་རི་ཞུ་བའི་རྒྱུན། །འཁོར་ལོའི་གནས་ནས་རིམ་བཞིན་བྱོན། །དབང་བཞི་རྫོགས་པར་བྱས་པའི་མཐར། །དཀར་དམར་ཞལ་སྦྱོར་དེ་ཡི་མོད། །ལྷན་སྐྱེས་དཔེ་ཡི་ཡེ་ཤེས་ཀྱི། །བདེ་མཆོག་སྟོང་པའི་མཁའ་དབྱིངས་ངོས། །བརྟན་གཡོའི་གཟུགས་བརྙན་སྣ་ཚོགས་འཆར། །སླར་ཡང་འཁྲུལ་འཁོར་བྱེད་ཐབས་དང་། །ཁྱད་པར་རིག་པ་ཐབས་ཤེས་ཀྱིས། །མདའ་གཞུའི་འཁྲུལ་འཁོར་རྨད་བྱུང་བས། །གཙུག་ཏོར་ནོར་བུའི་རྩེ་མོར་འཕང་། །དེ་ཡི་དེ་མ་ཐག་ཉིད་དུ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །རྡུལ་བྲལ་ཤིན་ཏུ་དྭངས་མའི་གཟུགས། །དེ་ཡི་འོད་ཟེར་རབ་འཕྲོས་པས། །སྣང་བ་ཐམས་ཅད་བདེ་བར་ཤར། །བདེ་བའི་དེ་ཉིད་སྟོང་པ་ཉིད། །ཁམས་གསུམ་ལུས་དང་ངག་ཡིད་ཀྱི། །དྲི་མ་ཐམས་ཅད་རྣམ་དག་པའི། །མཆོག་ཏུ་མི་འགྱུར་ཡེ་ཤེས་སྐུ། ཁྱབ་བདག་རྣམ་པ་ཐམས་ཅད་པ། །འདིས་འགྲུབ་དཔལ་ལྡན་ཧེ་རུ་ཀའི། །གོ་འཕང་གསང་བ་དམ་པ་ནི། །དཀའ་བ་མེད་པར་ཐོབ་པར་འགྱུར། །ཨེ་མ་ཤིན་ཏུ་གསང་བ་ཡི། །རྒྱ་ཆེའི་དུམ་བུ་བཞི་བཅུ་པ། །མདའ་བསྣུན་བདག་གི་གསང་བའི་ཚིག །སྤྲུལ་པའི་རིག་འཛིན་ལ་གཏད་པ། །མངོན་དུ་སྣང་བའི་སྐབས་མེད་ཀྱང་། །དུམ་བུ་གཅིག་གི་བྱེ་བྲག་ནི། །ཡེ་ཤེས་རྡོ་རྗེའི་སྙིང་ལ་སྣང་། །འདི་ཡི་ས་བོན་རབ་འཕྲོས་པས། །རིག་འཛིན་གྲུབ་པར་མངོན་སྣང་འགྱུར། ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པའང་ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་འཆི་མེད་འཕགས་མའི་བསྙེན་སྒྲུབ་ཀྱི་ཆུ་སྦྲུལ་དབོ་ཟླའི་ཚེས་༨ལ་རིག་ངོར་སྣང་བ་དང་། མདའ་བསྣུན་གྱི་ཡེ་ཤེས་སྐུ་འོལ་ཙམ་མཇལ་བ་དང་བྲིས་པའོ།། །།
[edit]

@#/__/mda' bsnun zhabs kyi snyan brgyud thabs lam gyi dum bu bzhugs/__/ sor rtogs ye shes me bo che/__/rab dmar chags pa'i 'od 'bar bas/__/brtan g.yo'i dwangs bcud zhu ba'i rgyun/__/thig le bde ba chen por smin/__/dwangs ma'i rang gzugs tsa na ka__/'khor lo'i lte bar brtan pa las/__/'gro dang ldog pa cir yang shar/__/res 'ga' ye shes phyag rgya'i sku/__/res 'ga' yi ge'i dbyibs su'ang shar/__/phal cher thig le'i rnam pa ste/__/ma rtogs pas ni 'khor ba skyed/__/srid pa'i 'khor lo rgyun mi chad/__/rnal 'byor lam gyi thabs ldan pas/__/rtsa rlung thig le'i grong dang gnas/__/longs spyod rnam pa thams cad pa/__/rig pa'i skyes bus longs spyod pas/__/ma dag rgyu ba dbyings su 'ching /__/dwangs ma ye shes stabs su smin/__/de yang bum pa'i dbang gis bskyed/__lus ni lha skur smin pa dang /__/dbyibs dag pas ni rdzogs pa yi/__/gsang ba'i dbang gis smin par bya/__/rlung dang gtum mo 'bar ba'i klong /__/thig le ri bong 'dzin zhu ba'i/__/bde ba'i ye shes sred pa las/__/rab grol sred med d+hu tir 'bab/__/lus gnas rtsa la khyab pa dang /__/dwangs ma 'khor lo bzhi'i lte bar/__/dga' bzhi'i ye shes bcud du rdzogs/__/de nas phyag rgya mtshan ldan ma/__/yid 'ong mthong bas bde skyed ma/__/rgyud smin blo sbyongs byas pa nyid/__/khams bskyed blta bcangs lag sbrel dang /__/'o byed dga' ba'i glus bskul ba'i/__/rjes chags bde ba 'bar ba'i tshe/__/sbyor thabs rnam pa sna tshogs pas/__/'du shes gsum gyi rnal 'byor dang /__/bsnyen sgrub yan lag bzhis rdzogs shing /__/pha rol phyin pa bcu dag dang /__/tshogs dang sbyor mthong sgom pa'i lam/__/phyi nang gnas dang sa bgrod dang /__/bo la kak+ko lar zhugs pas/__/thabs mchog he ru ka dpal ni/__/ha~M yig gangs ri zhu ba'i rgyun/__/'khor lo'i gnas nas rim bzhin byon/__/dbang bzhi rdzogs par byas pa'i mthar/__/dkar dmar zhal sbyor de yi mod/__/lhan skyes dpe yi ye shes kyi/__/bde mchog stong pa'i mkha' dbyings ngos/__/brtan g.yo'i gzugs brnyan sna tshogs 'char/__/slar yang 'khrul 'khor byed thabs dang /__/khyad par rig pa thabs shes kyis/__/mda' gzhu'i 'khrul 'khor rmad byung bas/__/gtsug tor nor bu'i rtse mor 'phang /__/de yi de ma thag nyid du/__/bcu drug phyed phyed thig le can/__/yan lag med pa'i rtsis las 'das/__/rdul bral shin tu dwangs ma'i gzugs/__/de yi 'od zer rab 'phros pas/__/snang ba thams cad bde bar shar/__/bde ba'i de nyid stong pa nyid/__/khams gsum lus dang ngag yid kyi/__/dri ma thams cad rnam dag pa'i/__/mchog tu mi 'gyur ye shes sku/__khyab bdag rnam pa thams cad pa/__/'dis 'grub dpal ldan he ru ka'i/__/go 'phang gsang ba dam pa ni/__/dka' ba med par thob par 'gyur/__/e ma shin tu gsang ba yi/__/rgya che'i dum bu bzhi bcu pa/__/mda' bsnun bdag gi gsang ba'i tshig__/sprul pa'i rig 'dzin la gtad pa/__/mngon du snang ba'i skabs med kyang /__/dum bu gcig gi bye brag ni/__/ye shes rdo rje'i snying la snang /__/'di yi sa bon rab 'phros pas/__/rig 'dzin grub par mngon snang 'gyur/__sa ma ya:__rgya rgya rgya:__ces pa'ang kho bo pad+ma ye shes rdo rje 'chi med 'phags ma'i bsnyen sgrub kyi chu sbrul dbo zla'i tshes 8la rig ngor snang ba dang /__mda' bsnun gyi ye shes sku 'ol tsam mjal ba dang bris pa'o//___//

Footnotes

Other Information