སེང་གདོང་མའི་གཏད་ཁྲོལ།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-052
Wylie title seng gdong ma'i gtad khrol JKCL-KABUM-09-TA-052.pdf
Location chos kyi blo gros bka' 'bum
Volume 9, Text 52, Pages 627-629 (Folios 1a1 to 2a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. seng gdong ma'i gtad khrol. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 627-629. Bir, H.P.: Khyentse Labrang, 2012.
Genre Activity Practices - las tshogs
Deity seng gdong ma
Colophon

།ཅེས་པའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་གསུང་གིས་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་ས་ཁྱི་ནག་ཟླའི་ཚེས་༡༨ལ་བྲིས་པ་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་འགལ་རྐྱེན་ཉེར་འཚེ་མཐའ་དག་ཞི་བའི་རྒྱུར་གྱུར་ཅིག།

/ces pa'ang gdong sna mchog sprul rin po che'i gsung gis bskul ngor/__pad+ma ye shes rdo rjes sa khyi nag zla'i tshes 18la bris pa bstan 'dzin skyes bu rnams kyi 'gal rkyen nyer 'tshe mtha' dag zhi ba'i rgyur gyur cig/

1 Texts in this Section (sde tshan or chos tshan)

[edit]
སེང་གདོང་མའི་གཏད་ཁྲོལ་བཞུགས། ཉི་མ་རྩུབ་པའི་དུས་དག་ལ། །ནུས་ལྡན་སྔགས་པའི་རྣལ་འབྱོར་པས། །རང་གཞན་བྱད་གཏད་ཉེས་ཚོགས་རྣམས། །ཞི་བར་འདོད་ན་འདི་ཉིད་བཅོས། །ཕུང་ཤུལ་ས་དང་རྒྱ་གྲོགས་ས། །གད་ཆད་ས་ལས་སྟེགས་བུ་བྱ། །ནང་དུ་གྲུ་གསུམ་བྲིས་ནས་ནི། །རུས་སྦལ་ཁོག་པ་དངོས་ཉིད་དམ། །མ་བྱུང་ལ་ཆ་དག་ལས་བཅོས། །ཡང་ན་རི་མོ་བྲིས་ཀྱང་ལེགས། །བྲིས་ལིང་ཡན་ལག་བཞི་མཐིལ་ལ། །གསེར་དངུལ་ཟངས་ལྕགས་འཁོར་ལོ་རྩིབས་བཞི་བྲི། །དེའི་ཁོག་པར་གྲོ་གའམ། །དུག་ཤོག་དག་ལ་གྲི་ཁྲག་དང་། །ར་ཁྱི་ཁྲག་དང་དུག་སྣ་བསྲེས། །རོ་སོལ་སྦྱར་བའི་སྣག་ཚ་ཡི། །འཁོར་ལོ་མུ་ཁྱུད་རིམ་གསུམ་བསྐོར། །ནང་མར་ལིང་ཚེ་དགུར་བཅད་དོ། །ལྟེ་བར་ཨ་དང་ལིང་ཚེ་ལ། །སྔགས་རྒོད་ཡིག་འབྲུ་རེ་རེ་དགོད། །དེ་ཕྱིར་འཁོར་རྩིབས་བརྒྱད་པོ་ལ། །གོང་གི་སྔགས་འཕྲོས་གོང་རྩིབས་ལ། །ཧཱུྃ་སྦྱར་མུ་ཁྱུད་གཉིས་དང་སོ་བ་ལ། །ཀླུ་རིགས་བཞིར་གཏད་ཕྱེ་ཁྲོལ་སྦྱར། །དེ་ཕྱིར་མུ་ཁྱུད་བྱད་ཁྲོལ་སྔགས། །ཅི་རིགས་པ་དང་གསུམ་པ་ལ། །རྟེན་སྙིང་འབྲུ་བཟློག་བྱད་ཁྲོལ་སྤེལ། །ཀླུ་མིང་ཀླུ་སྨན་བྱད་ཁྲོལ་སྔགས་ལ། །བྱད་ཁྲོལ་རྫས་ཀྱི་བྱུགས་པ་དང་། །རྟེན་སྙིང་ཤུ་དག་གྷི་ཝཾ་བྱུགས། །འབྱུང་བཞིའི་ཁྲུས་བྱས་ལྟེབ་དྲིལ་ཏེ། །རུས་སྦལ་ཁོག་ཏུ་འཇུག་པ་དང་། །འབྱུང་བཞིའི་རྫས་དང་གསེར། ཆུ་ཤེལ། མེ་ཤེལ། དར་ཟབ། ལྷན་ཅིག་གཞུག །སེང་གདོང་ཡང་ན་གཤིན་རྗེ་སོགས། །དྲག་པོ་གང་རུང་བསྐྱེད་བཟླས་དང་། །ཆོས་སྐྱོང་བསྐངས་བཤགས་གཏོར་འབུལ་འབད། །དམར་ནག་གྲུ་གསུམ་ཨེ་སྒྲོམ་དུ། །རུས་སྦལ་རྔམ་པ་འཇིགས་རུང་གི །ལྟོ་བ་རྡོ་རྗེ་གཙུག་ཏོར་ནི། །དབུ་སྟོང་ཕྱག་སྟོང་རལ་གྲི་གདེངས། །ཁྲོ་བོའི་ཆས་ཀྱི་རྣམ་པར་བརྒྱན། །ཀླུ་དང་ས་བདག་སྡེ་བརྒྱད་རྣམས། །གདན་དུ་བཏིངས་ཤིང་སྐུ་ལས་ནི། །ཁྲོ་ཚོགས་མཚོན་ཆ་མེ་དཔུང་དང་། །དུག་སྦྲུལ་སྡིག་པ་རྔམ་པའི་ཁྱི། །འཕར་སྤྱང་སྟག་གཟིག་དམ་དྲེད་དང་། །གཡག་རྒོད་ཆུ་གླང་སེར་ཆར་སོགས། །འཇིགས་རུངས་དཔག་མེད་འཕྲོས་པ་ཡི། །རང་ལ་གནོད་བྱེད་མཁན་རྣམས་བཀུག །མི་བཟད་རྔམ་པའི་ཞལ་དུ་རྔུབས། །ལྟོ་བསྐྱིལ་འབྱུང་བཞི་འཁྲུགས་པས་བཅོམ། །འབྱུང་བ་བཞི་ལ་གཏད་པ་དང་། །སྟོང་ཉིད་ནམ་མཁའི་གཏད་སྦྱོར་རྣམས། །རྨིངས་མེད་གཏོར་ཞིང་དབྱིངས་སུ་སྦྱངས། །གཏད་བྱ་གཏད་བྱེད་དང་བཅས་པ། །དམིགས་མེད་རོ་མཉམ་གདིང་བསྐྱེད་ལ། །རྡོ་རྗེ་གཙུག་ཏོར་སྔགས་རིང་དང་། །འཁོར་ལོའི་སྔགས་རྣམས་ཡང་ཡང་བཟླ། །ཨེ་ཧོ་ཤུདྡྷེ་ལ་སོགས་པ། །འབྱུང་ལྔའི་སྔགས་རྣམས་བཟླ་བྱས་ལ། །ཐུན་མཐར་རྟེན་སྙིང་མེ་ཏོག་གཏོར། །ཞག་གསུམ་བདུན་སོགས་གྲུབ་པ་ན། །རང་ལ་གནོད་དམིགས་ཡོད་པའི་སར། །སྲོད་ཀྱི་དུས་སུ་ཕྱིན་བྱས་ཏེ། །ཕྱོགས་སྐྱོངས་གཞི་བདག་བརྟན་མ་ལ། །གཏོར་མ་གསེར་སྐྱེམས་འབུལ་བྱས་ཏེ། །གཙོད་རུས་ཉེས་སེལ་སྔགས་བཟླས་ཤིང་། །ཀླུ་སྨན་འོ་ཆབ་གཏོར་བྱས་ཏེ། །བྱད་མ་ཡོད་པའི་ཕྱོགས་དེ་རུ། །གཏད་ནས་གན་རྐྱལ་སྦ་བྱས་ཏེ། །བདེན་པ་བདར་ཞིང་བཅོལ་ཕྲིན་བྱ། །རོ་གཡམ་རྒྱ་གྲམ་བྲིས་པས་བཏབས། །བཀྲ་ཤིས་བརྗོད་ཅིང་རྒྱལ་དབྱངས་སྒྲོགས། །དེ་ཡི་བྱད་གཏད་ཉེས་ཀུན་འཇོགས། །ཅེས་པའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་གསུང་གིས་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་ས་ཁྱི་ནག་ཟླའི་ཚེས་༡༨ལ་བྲིས་པ་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་འགལ་རྐྱེན་ཉེར་འཚེ་མཐའ་དག་ཞི་བའི་རྒྱུར་གྱུར་ཅིག། །།

Footnotes

Other Information