སེང་གདོང་མའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-050
Wylie title seng gdong ma'i sbyin sreg ye shes me lce JKCL-KABUM-09-TA-050.pdf
Location chos kyi blo gros bka' 'bum
Volume 9, Text 50, Pages 617-622 (Folios 1a to 3b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. seng gdong ma'i sbyin sreg ye shes me lce. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 617-622. Bir, H.P.: Khyentse Labrang, 2012.
Genre Fire Offerings - sbyin sreg
Deity seng gdong ma
Colophon

།ཅེས་པའང་འཁྲུལ་ཞིག་ཁྲག་འཐུང་དཔའ་བོ་རྡོ་རྗེས་གསུང་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་བཀྲ་ཤིས་པར་ཤོག་ཅིག།

/ces pa'ang 'khrul zhig khrag 'thung dpa' bo rdo rjes gsung bskul ngor/__pad+ma ye shes rdo rjes bris pa dge legs bkra shis par shog cig/

1 Texts in this Section (sde tshan or chos tshan)

[edit]
༄༅། །སེང་གདོང་མའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ་བཞུགས་སོ། ། ན་མོ་ཌཱ་ཀི་སིདྷ་མུ་ཁཱི་ཡེ། །ཡིད་ལ་དྲན་པ་ཙམ་གྱིས་ནི། །ལས་རྣམས་མྱུར་དུ་འགྲུབ་བྱེད་པ། །རྣོ་མྱུར་མེ་ཡི་ལས་རིམ་ནི། །ཤིན་ཏུ་མདོར་བསྡུས་བྲི་བར་བྱ། དེ་ལ་འདིར་སེང་གདོང་མའི་བསྙེན་སྒྲུབ་སོགས་ལ་བསྙེན་པའི་ཁ་སྐོང་ཞི་བའི་་སྦྱིན་་སྲེག་བྱ་བར་འདོད་པས། ཐབ་སྟེགས་གྲུ་བཞི་པར་ཐིག་ཆེན་བརྒྱད་སྤྱི་ལྟར་གདབ་པའི་དབུས། ཆོས་འབྱུང་གི་དབུས་ཀྱི་མུ་ཁྱུད་པདྨ་འདབ་མ་བཞི་པ་དང་། དེ་རྒྱབ་སོར་དོ་ནས་ཟླུམ་པོར་བསྐོར་བའི་མུ་ཁྱུད། དེ་རྒྱབ་ཐབ་ཀྱི་ཁ་ཁྱེར་མུ་རན་ལ་རྡོ་རྗེ་གྲི་གུག་གི་ཕྲེང་བ་དང་མེ་རི། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དབུས་ཀྱི་ལྟེ་བ་དང་པད་འདབ། དེ་རྒྱབ་མུ་ཁྱུད་བཅས་ལ་ཚོན་སྤུངས་ལྷ་མདོག་དང་མཐུན་པར་བཀོད། ཁ་ཁྱེར་སྟེང་ནས་ཞི་བའི་བུད་ཤིང་ཟླུམ་པོར་བརྩེགས། ༈རྒྱས་པར་གྲུ་བཞི། དབང་ལ་ཟླ་གམ། དྲག་པོར་ཟུར་གསུམ་དུ་ལས་མཐུན་གྱི་ཤིང་གིས་བརྩེགས། མཆན། མེ་ཚང་དང་ཤར་ལྷོར་ཏིང་ལོ་བཞག །མེ་ཡོལ་དང་དགང་བླུགས་ཀྱང་འདུ་བྱ། རང་གི་གཡས་སུ་མཁའ་འགྲོའི་མཆོད་གཏོར། མེ་ལྷའི་གཏོར་མ་དཀར་ཟླུམ། ༈ལས་གཞན་རྣམས་གྲུ་བཞི་སེར། ཟླ་གམ་དམར། ཟུར་གསུམ་ནག་པོ་བྱ། མཆན། གཡོན་དུ་མར་ཁུ། ཡམ་ཤིང་། སྲེག་རྫས། ཏིལ་དཀར་ནག །ཡུངས་ཀར། གྲོ། སྲན། འབྲས། ཞོ་ཟན། དཱུཪྺའམ་རམ་བུ། ཀུ་ཤ་སོགས་ཞི་རྫས་ཕྱོགས་བསྡུས་རྣམས་ཚན་མང་ཉུང་གཉིས་བྱ། ལྕེ་ལྡེ་དང་། རླུང་གཡབ། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། བསང་ཆུ། ནང་མཆོད། འབྲུ་ཕོར། རང་ཉིད་ཞལ་ཤར་དུ། ༈རྒྱས་པར་ལྷོ། དབང་ནུབ། དྲག་པོ་བྱང་དུ་ཞལ་བལྟ། མཆན། ཕྱོགས་པས་འཁོད་དེ། བདག་བསྐྱེད་སྔོན་དུ་འགྲོ་བས། བསང་ཆུ་ཨ་མྲྀ་ཏ་ཀུཎྜ་ལཱི་ཉེར་གཅིག་ཙམ་བཟླས་པས་བརླབ་ལ། ཐོག་མར། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ཐུགས་ཀར་བཟུང་། ཨོཾ་བཛྲ་གྷཎྜེ་ཨཱཿཞེས་དྲིལ་བུ་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅་ཧཾ། འཁྱུད་རྒྱ་བྱ། བསང་ཆུ་གཏོར། ཨ་མྲྀ་ཏས་བསང་། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ལན་གསུམ། མཆོད་གཏོར་དང་བསྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པར་གྱུར། ཞེས་བརྗོད་ལ་བྱིན་གྱིས་བརླབས། ལྕེ་ལྡེར་མེ་སྦོར་ཏེ། ཨགྣེ་ཛྭ་ལ་རཾ། ཞེས་སྦར། ཧཱུྃ་ཧཱུྃ་ཧཱུྃ་གསུམ་གྱིས་རླུང་གཡབ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། མར་ཁུ་བླུགས་གཟར་གང་ཕུལ། ཐབ་ལ་བསང་ཆུ་འཐོར། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཐབ་ཁུང་ཡངས་ཤིང་རྒྱ་ཆེ་བ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བར་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས། ཨོཾ་ཨགྣེ་དེ་ཝ་རི་ཥི་བཛྲ་ས་མཱ་ཛཿདབྱུ་གུ་རྩེ་གསུམ་པའི་རྒྱ་རྣ་བའི་དྲུང་དུ་གཡབ། པདྨ་ཀཱ་མ་ལཱ་ཡ་སྟྭཾ། མེ་ལྷ་འཛུམ་པའི་ལྗགས་དང་གཟར་བུའི་ཁ་ལ་རཾ་ཡིག་གི་མཚན་པར་གྱུར། དགང་བླུགས་ཐོགས་ནས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ལན་བདུན་རེའི་མཐར། བདག་ཅག་དཔོན་སློབ་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཞི་བ་དང་སྔགས་ཀྱི་ལྷག་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཏགས་དེ་འདྲ་ལན་གསུམ་གྱི་མཐར། ཨོཾ་ཨགྣེ་ཡེ་དེ་ཝ་རི་ཥི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། བར་གྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་གདོན་གྱི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་ལོ། ཞེས་པས་བསྟོད། དེ་ནས་ཡམ་ཤིང་། མར་ཁུ། རྫས་སྤུངས་རྣམས་སྔགས་དེ་ཉིད་ཀྱིས་ཉེར་གཅིག་སོགས་ཕུལ། མཆོད་བསྟོད་བྱ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་ནང་། །ཁམས་གསུམ་དག་པ་ཨེ་ཡི་དབྱིངས། །སོགས་ནས་བཞུགས་གསོལ་བར་དང་། དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་། གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གི་མཚན་པར་གྱུར། ཨོཾ་བཛྲ་སེངྷ་མུ་ཁ་ཧཱུྃ་ཧ་ཧེ་བྷྱོ་ཕཊཿཨོཾ་ཨགྣེ་ཡེ་སྭཱ་ཧཱ། བདུན་ཚན་གསུམ་གྱིས་ཕུལ། སྐབས་སུ་འདོད་གསོལ་གོང་བཞིན། ལས་བྱང་ལྟར་མཆོད་བསྟོད་བྱ། ལྷ་རྣམས་ཞི་ཞིང་འཛུམ་པའི་འོད་ཟེར་དཀར་པོ་འཕྲོས་པས་ཞི་བའི་ལས་མཛད་པར་བསམ། མར་ཁུ། ཡམ་ཤིང་། སྔགས་རྫས་རྣམས་ལྷ་སྔགས་ཁོ་ནས་བརྒྱ་རྩ་དང་། མཚམས་རྣམས་སུ་འདོད་གསོལ་བཏགས། བསྙེན་པའི་ཁ་བསྐོང་ལ། ལྷ་སྔགས་དང་། ཏིལ་ནག་ཀྱང་པ་བསྙེན་པའི་བཅུ་ཆའི་སྦྱིན་བསྲེག་འབུལ། སྐབས་སུ་མར་ཁུ་ཡམས་ཤིང་གི་མེ་གསོ། མཐར་ལས་བྱང་གི་མཆོད་བསྟོད་དང་། གཤེགས་སྐྱེམས་མར་ཁུ་བདུན་ཚན་གསུམ་གོང་བཞིན་ཕུལ། ནོངས་བཤགས་ཡིག་བརྒྱ་ཚར་གསུམ། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཐབ་ཀྱི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་གར་ཐིམ། མེ་ལྷ་སྔར་བཞིན་གསལ་བར་གྱུར། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་མར་ཁུ། ཡམ་ཤིང་། རྫས་སྤུངས་རྣམས་བདུན་རེ་ཙམ་ཕུལ། མཆོད་བསྟོད་བྱ། གཏོར་མ། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབས། ཨོཾ་ཨགྣེ་དེ་ཝ་རི་ཥི་ས་པ་རི་ཝཱ་ར་ཨོཾ་ཨ་ཀ་རོ་སོགས་བཏགས་པ་ལན་གསུམ་གྱིས་དབུལ། མེ་ལྷ་དྲོང་སྲོང་འཁོར་བཅས་ཀྱི། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ། མེ་ལྷ་ཞལ་ཅུང་ཟད་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པར་གྱུར། སོགས་གོང་ལྟར་གཤེགས་སྐྱེམས་མར་ཁུ་བདུན་ཚན་གསུམ་ཕུལ། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་ཀྱི་མཐར་ཡིག་བརྒྱ་ཚར་གསུམ་དང་། བཛྲ་མུཿམེ་ལྷ་རང་གནས་སུ་གཤེགས། །དམ་ཚིག་པ་འབར་བའི་རྣམ་པར་གྱུར། དགེ་བསྔོ་ཤིས་བརྗོད་དང་། མེ་རང་ཞི་བྱ་བའམ། དྲི་བཟང་གི་ཆུས་ཐལ་བ་ཆུ་ཀླུང་སོགས་སུ་སྦྱང་ངོ་། །དེ་བཞིན་རྒྱས་པ་ལ་ཐབ་ཚོན་སེར་པོ་དང་ནོར་ཕྲེང་། ཡམ་ཤིང་། རྒྱས་པའི་ལས་མཐུན་གྱི་རྫས་ཁ་དོག་སེར་པོ། །ལྷ་རྣམས་སྒེག་ཅིང་རྒྱས་པའི་ཉམས་ལྡན་འོད་ཟེར་སེར་པོ་འཕྲོ་བས་རྒྱས་པའི་ལས་མཛད་པར་བསམ། འདོད་གསོལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་བཏགས་ཐལ་བ་མཛོད་ཕུག་ཏུ་སྦའོ། །དབང་སྦྱིན་ལ་ཐབ་ཚོན་དམར་པོ་གཙོ་གྱུར། མུ་རན་ལ་པདྨའི་ཕྲེང་བས་བསྐོར། ཡམ་ཤིང་། རྫས་རྣམས་མངར་སྐྱུར་གྱི་ཁ་དོག་དམར་པོ་གཙོ་གྱུར་དང་། ལྷ་རྣམས་རྗེས་སུ་ཆགས་པའི་ཉམས་ལྡན། །འོད་ཟེར་དམར་པོ་འཕྲོས་པས་དབང་གི་ལས་མཛད་པར་བསམ། འདོད་གསོལ་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱིས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿཞེས་གདགས། ཐལ་བ་རི་རྩེར་ཕྱར་བའམ་ཆུ་ཀླུང་དུ་བསྐྱུར། དྲག་སྦྱིན་ལ། ཐབ་ཚོན་སྔོན་པོ་དང་། མུ་རན་ལ་གྲི་གུག་ཕྲེང་བས་བསྐོར། སྐྱེར་པ་དང་། སེང་ལྡེང་སོགས་ཀྱི་ཡམ་ཤིང་དང་རྫས་རྣམས་རོ་ཁ་བ། ཚ་བ། ཁྲག་གི་སྦགས་པའི་གཏོར་ཆུང་། ཡུངས་ཀར་སོགས་དང་། ལྷ་རྣམས་རབ་ཏུ་ཁྲོས་ཤིང་གདུག་ཅིང་རྩུབས་པའི་ཉམས་ལྡན་མེ་ཡི་ཕྲེང་བ་དང་། ཚྭ་ཚྭ་ལྟར་འཕྲོས་པས། ཕྱི་ནང་གསང་བའི་བར་ཆད་དགྲ་གདོན་བྱད་མ་ཚར་བཅད་པར་བསམས་ལ། འདོད་གསོལ། བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ལ་གནོད་ཅིང་གདུག་སེམས་འཆང་བའི་འབྱུང་པོ་སརྦ་ཤ་ཏཱུཾ་མཱ་ར་ཡ་རྦད་ཕཊཿཅེས་བཏགས། ཤིན་ཏུ་དྲག་པོ་བྱ་ན། ཤོག་ལིང་ངམ་ཟན་ལིང་མང་དུ་བཅའ། ལྷ་བསྐྱེད་མཆོད་བསྟོད་གྲུབ་ནས། ལིངྒ་ལ་དགུག་གཞུགས་ལན་གསུམ་དང་། གདབ་ལས་བྱས་ནས་ལིང་རོ་སྨན་རཀ་བྲན་ལ་བཞག །རྫས་སྤུངས་འབུལ་རྗེས་སྔགས་འབྲུ་བཅུ་བཞི་པའི་མཐར། དགྲ་བགེགས་གནོད་བགེགས་བྱད་མ་དམ་སྲི་ཐམས་ཅད་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི། བཏགས་པ་ལན་དྲུག་ཅུ་རྩ་བཞི་སོགས་དབུལ། ཤོག་ལིང་ཡོད་ན་སླར་ཡང་དགུག་གཞུགས་བྱས་མཐར། ཧོམ་མཆོད་བྱ་གང་ལྟར་ཡང་མེ་དུག་ཁྲག་གི་ཆུས་གཞིལ་བའི་ཐལ་བ་མཆོད་རྟེན་གྱི་འོག་གམ། ལམ་གྱི་གཞི་མདོ་སོགས་སུ་མནན་བར་བྱའོ། །ཡེ་ཤེས་མེ་ཡི་ལས་རྣམས་སྒྲུབ། །ཞི་རྒྱས་དབང་དྲག་འདོད་དོན་སྟེར། །དངོས་གྲུབ་ཐོགས་མེད་རྣོ་མྱུར་འདིས། །བསྟན་པ་རིན་ཆེན་རྒྱས་གྱུར་ཅིག །ཅེས་པའང་འཁྲུལ་ཞིག་ཁྲག་འཐུང་དཔའ་བོ་རྡོ་རྗེས་གསུང་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་བཀྲ་ཤིས་པར་ཤོག་ཅིག། །།

Footnotes

Other Information