མཁས་བཙུན་གྲུབ་པའི་དབང་ཕྱུག་སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཀུན་གཞི་རྒྱུ་རྒྱུད་ལ་དྲི་བ་གནང་བའི་ལན་བཅས།

From Khyentse Lineage - A Tsadra Foundation Project
Wylie title mkhas btsun grub pa'i dbang phyug sde gzhung mchog sprul rin po che kun dga' rgyal mtshan gyis mdzad pa'i kun gzhi rgyu rgyud la dri ba gnang ba'i lan bcas JKCL-KABUM-09-TA-002.pdf
Location chos kyi blo gros bka' 'bum
Volume 9, Text 2, Pages 25-33 (Folios 1a to 5a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mkhas btsun grub pa'i dbang phyug sde gzhung mchog sprul rin po che kun dga' rgyal mtshan gyis mdzad pa'i kun gzhi rgyu rgyud la dri ba gnang ba'i lan bcas. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 25-33. Bir, H.P.: Khyentse Labrang, 2012.
Genre Replies to Questions - dris lan

1 Texts in this Section (sde tshan or chos tshan)

[edit]
༄༅། མཁས་བཙུན་གྲུབ་པའི་དབང་ཕྱུག་སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཀུན་གཞི་རྒྱུ་རྒྱུད་ལ་དྲི་བ་གནང་བའི་ལན་བཅས་བཞུགས། །

མཁས་པ་ཀུན་དགའ་རྒྱལ་མཚན་ལགས། །ཉིད་གསུང་ལྷ་ཡི་རྔ་ཆེན་ནི། །བདག་གིས་ལེགས་པར་མཇལ་བས་སྤྲོ། །འོན་ཀྱང་ཀུན་གཞི་རྒྱུ་རྒྱུད་ལ། །གནས་སྣང་གཉིས་སུ་ཕྱེས་པ་འདིས། །དབྱངས་ཅན་དགྱེས་པ་ཀླུ་སྒྲུབ་རྗེའི། །གསལ་སྟོང་ཕྲ་རག་དྭངས་སྙིགས་སུ། །ཕྱེས་དང་གཅིག་ཏུ་བབས་པར་ངེས། །དེར་སྐྱོན་ཐམས་ཅད་བཟློག་པར་དཀའ། །ཆོས་ཉིད་རང་བཞིན་རྣམ་དག་ཞིག །ཞལ་གྱིས་བཞེས་ལས་ཐབས་ཅི་ཞིག །ཆོས་ཅན་ཕུང་ཁམས་སྐྱེ་མཆེད་སོགས། །འཁྲུལ་པ་མ་དག་ལྟར་སྣང་རྣམས། །དག་པའི་ལམ་གྱིས་སྦྱང་བ་ན། །རང་བཞིན་དག་འགྱུར་མི་བཞེད་ཅིང་། །དེ་ཕྱིར་ཆོས་ཅན་ཐམས་ཅད་པ། །གདོད་ནས་དག་པ་ཉིད་ཀྱིས་སོ། །དེས་ན་གཞན་སྟོང་དབུ་མ་ཆེའི། །ཀུན་བཏགས་གློ་བུར་སྦྱང་བྱ་དང་། །ཡོངས་གྲུབ་རང་བཞིན་འགྱུར་མེད་དུ། །བཤད་དང་དགོངས་གཅིག་ཉིད་འགྱུར་ཕྱིར། །དེ་སྐྱོན་མང་དུ་སྨྲས་པ་རྣམས། །རང་གི་སྟེང་དུ་འཁོར་བའམ། །ཤིན་ཏུ་བཟློག་པར་དཀའ་བའོ། །བློ་རིན་ཀུན་གཞི་བཤད་པ་རྣམས། །རྫོགས་ཆེན་ཉིད་དང་ལྟོ་སྦྱར་བ། །རྗེ་བཙུན་གོང་མའི་གསུང་རབ་དང་། །ཐད་ཀ་ཉིད་དུ་འགྲིགས་དཀའ་བས། །དེ་ཡི་དགག་བཞག་ཐམས་ཅད་ལེགས། །གཟིམས་འོག་ཐམས་ཅད་མཁྱེན་པ་ཡི། །རྣམ་ཤེས་ཡེ་ཤེས་དབྱེ་བ་ནི། །ཀུན་གཞིར་སྔར་མེད་ཡེ་ཤེས་ཞིག །འཁོར་འདས་དབྱེར་མེད་ལྟ་བསྒོམ་ནས། །གསར་དུ་སྐྱེ་བ་འདྲ་ཞིག་གསུང་། །དེ་ལྟར་ན་ནི་ཡེ་ཤེས་ཀྱི། །དོན་དང་འགལ་བ་ལྟ་ཅི་སྨོས། །ཚིག་ཡང་འགལ་བ་ཉིད་དུ་འགྱུར། །དེ་མིན་རྒྱུ་རྒྱུད་ཀུན་གཞིར་ཞོག །ཀུན་གཞི་ལས་གཞན་ཡེ་ཤེས་སུ། །འཇོག་པའི་གཞི་ནི་ཅི་ཞིག་ཡོད། །ཀུན་གཞི་ཐབས་ཀྱིས་ཟིན་པ་ན། །ཡེ་ཤེས་ཉིད་ལས་གཞན་མེད་དོ། །ཡང་ནི་སྐབས་འགར་སྒྲིབ་མེད་ཀྱི། །གསལ་རིག་གཉུག་མ་ལྷན་སྐྱེས་བཞེད། །དེ་ལྟར་ན་ནི་ཀུན་གཞི་ཡི། །མཚན་ཉིད་གསལ་རིག་མ་འགགས་པ། །དེ་ག་ཡིན་ནམ་ལོགས་ཤིག་ཡིན། །དེ་ཡིན་ཀུན་གཞིའི་ནང་དུ་བཞག །དེ་མིན་ད་ལྟ་བསྐྱངས་རྒྱུ་ཡི། །གསལ་རིག་གང་ཡིན་སྨྲ་བར་རིགས། །ལར་ནི་རྒྱུ་རྒྱུད་ཀུན་གཞི་ཡི། །རང་གི་ངོ་བོ་མཚན་ཉིད་དེ། །རྗེ་བཙུན་གོང་མས་བརྟག་པ་ལྟར། །འཇོག་ལས་དེ་ཡི་གནས་ལུགས་ངོར། །དབྱེ་བ་གཉིས་སུ་བྱ་མི་རིགས། །ཐབས་ཀྱིས་ཟིན་དང་མ་ཟིན་ནས། །རྟོགས་དང་མ་རྟོགས་ཁྱད་པར་གྱིས། །གནས་སྣང་གཉིས་སུ་དབྱེ་ན་འཐད། །དེ་ནི་རྟོགས་ལྡན་ངོ་སྐལ་ལས། །ཀུན་གཞིའི་གནས་ལུགས་ཉིད་མ་ཡིན། །གལ་ཏེ་གཉིས་སུ་འདོད་གྱུར་ན། །རྒྱུ་རྒྱུད་ཀུན་གཞི་གཉིས་སུ་ཐལ། །དེ་ཕྱིར་བདག་འདྲ་བླུན་རྨོང་གི །མཁས་པའི་གསུང་ལ་བརྟགས་མི་འོས། །འོན་ཀྱང་རིང་ནས་འདྲིས་པ་ཡིས། །ཨ་མཚར་ཉིད་དུ་གང་བྱུང་བྲིས། །ཨོཾ་བཛྲ་ས་ཏྭ་ཧཱུྃ།

༈རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །འཇམ་དབྱངས་ངུར་སྨྲིག་བླ་གོས་ཅན། །ཆོས་ཀྱི་བློ་གྲོས་ཞབས་པད་ནི། །ཀུན་དགའ་བདག་གི་གཙུག་ན་རྒྱལ། །ཁྱོད་གསུང་སྤྲིན་གྱི་རྔ་གསང་ནི། །སྤྲང་བན་མདོངས་མཐའི་རྣ་བ་རུ། །སོན་པའི་མོད་ལ་བློ་གྲོས་ལུས། །དགའ་བའི་གར་གྱིས་རྩེན་པར་བྱས། །ཐུགས་བརྩེའི་ཉམས་མཚར་ཚུལ་དུ་ནི། །དྲི་བའི་ཚིག་འགའ་གནང་བ་ལ། །རྨོངས་པས་སྤོབས་པ་བསྐྱེད་ནས་ནི། །གུས་པའི་ཚུལ་གྱིས་འདི་སྐད་ཞུ། །སྙིགས་མའི་དུས་སུ་ཐུབ་པ་ཡི། །བསྟན་པ་ཚུལ་བཞིན་འཛིན་པ་ནི། །རྫོགས་པའི་སངས་རྒྱས་མི་གཟུགས་ཅན། །འཇམ་མགོན་ལེགས་པའི་མཚན་ཅན་ཏེ། །དམ་པ་དེ་ཡིས་ས་སྐྱ་པའི། །རང་ལུགས་ཡིད་བཞིན་ནོར་བུ་དེ། །ཐོས་བསམ་བསྒོམ་པའི་རྒྱལ་མཚན་ནི། །མཐོན་པོའི་རྩེ་མོར་ལེགས་མཆོད་དེ། །ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ནི། །ཀུན་ལ་སྙོམས་པར་ཕབ་པའི་ཚེ། །གདུལ་བྱ་རང་གི་མོས་པ་དང་། །སྔོན་གྱི་ལས་སྨོན་བྱེ་བྲག་གིས། །ཆུ་སྣོད་དབང་གིས་ཟླ་གཟུགས་བཞིན། །རང་རང་བསྒོ་སྐལ་སོ་སོར་གྱུར། །བདག་ནི་ཆོས་རྗེ་འདི་ཉིད་ལ། །སངས་རྒྱས་དངོས་ཀྱི་འདུ་ཤེས་ཡོད། །མི་ཕྱེད་གུས་པའི་བསམ་སྦྱོར་གྱིས། །སྡུག་བསྔལ་གཏམ་ངན་ཁྱད་བསད་ནས། །དོན་ཡོད་རྣམ་བཞིས་མཉེས་པར་བྱས། །བཀའ་བཞིན་སྒྲུབ་པའི་དམ་བཅའ་བླང་། །ཐུགས་བརྩེའི་ཐུགས་ཀྱིས་རྗེས་བཟུང་ནས། །གསང་ཆེན་གསུང་ངག་གདམས་པའི་གཏེར། །ཕ་ནོར་བུ་ལ་སྦྱིན་པ་བཞིན། །བདག་ལ་དགྱེས་བཞིན་གནང་བར་མཛད། །དེས་ན་ཁོ་བོའི་གཞུང་ཉིད་དུ། །ཀུན་གཞི་རྒྱུ་རྒྱུད་ངོས་འཛིན་ལ། །གནས་སྣང་གཉིས་སུ་ཕྱེ་བ་ནི། །གཞི་ལ་རྨོངས་པ་སློང་པའི་ཕྱིར། །བདེན་གཉིས་རྣམ་དབྱེ་བྱས་པ་སྟེ། །སྣང་ཚུལ་ཀུན་རྫོབ་ཡིན་པ་དང་། །གནས་ཚུལ་དོན་དམ་ལགས་པའི་ཕྱིར། །མདོ་རྒྱུད་འགའ་དང་དེ་དག་གི །དགོངས་འགྲེལ་རྣམས་སུ་ཀུན་གཞི་ནི། །བག་ཆགས་བགོ་བའི་གཞིར་གྱུར་པ། །གསལ་རིག་ཙམ་ལ་གསུམ་པ་དང་། །ནམ་ཡང་འགྱུར་བ་མེད་པ་ཡི། །དབྱིངས་ལ་དགོངས་ཏེ་གསུང་བ་དང་། །རིག་སྟོང་ཟུང་དུ་འཇུག་པ་ལ། །དགོངས་ཏེ་གསུངས་པ་དུ་མ་མཐོང་། །དེ་དག་དགོངས་པའང་གསལ་ཕྱིར་ཡིན། །དྲི་མ་མེད་པའི་ལུགས་བཟང་འདིའི། །གཞི་ལམ་འབྲས་གསུམ་ཐམས་ཅད་དུ། །བདེན་གཉིས་ཟུང་འཇུག་དགོངས་ཕྱིར་དང་། །ཁྱད་པར་དུ་ཡང་ལམ་དུས་སུ། །རྟེན་འབྱུང་སྟོང་དང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་པ་ཡི། །ཚུལ་འདི་ལེགས་པར་རྟོགས་ནས་ནི། །འཁོར་འདས་བསྲེ་བའི་གསང་གནད་ཀྱིས། །མ་དག་འཁྲུལ་པའི་སྣང་བ་ཀུན། །དག་པ་གསུམ་གྱི་བདག་ཉིད་དུ། །མཐོང་ནས་ས་ལམ་བསྒྲོད་པ་ལ། །ཕན་ཕྱིར་བདག་གིས་བཤད་པ་ལགས། །ཀླུ་སྒྲུབ་རྒྱ་མཚོས་ལམ་དུས་སུ། །འཁོར་འདས་དབྱེར་མེད་བསྒོམ་པའི་ཚེ། །རིག་པ་དྭངས་སྙིགས་ཕྱེས་པ་ནི། །སྙིགས་མ་བོར་ནས་དྭངས་མ་ནི། །མངོན་དུ་བྱེད་པ་ལྟར་བུར་གསུངས། །ཀུན་རྫོབ་སྤང་ནས་དོན་དམ་ནི། །རྟོགས་ཞེས་དཔལ་ལྡན་ས་སྐྱ་པའི། །རྗེ་བཙུན་གོང་མ་མི་བཞེད་ལགས། །གནས་སྣང་གཉིས་སུ་ཕྱེ་བ་ནི། །འཇམ་མགོན་ས་སྐྱ་པཎ་ཆེན་གྱིས། །རྒྱན་པོ་པ་ཡི་དྲིས་ལན་དང་། །རྒྱུད་གསུམ་མཛེས་རྒྱན་སོགས་ན་སྣང་། །དྭངས་སྙིགས་གཉིས་སུ་ཕྱེ་བ་ནི། །ཁོང་ལས་བརྒྱུད་འཛིན་གོང་མ་ཡི། །ཁྲིད་གཞུང་རྣམས་སུ་བཤད་པ་མེད། །དེས་ན་འདི་གཉིས་མི་མཚུངས་སོ། །གཟིམ་འོག་ཐམས་ཅད་མཁྱེན་པ་ཡིས། །ཡེ་ཤེས་གསར་སྐྱེས་ཡོད་གསུང་པ། །སོ་སོའི་སྐྱེ་བོའི་གནས་སྐབས་ན། །ཡེ་ཤེས་གཏན་ནས་མེད་པ་དང་། །མོས་སྤྱོད་སྐབས་སུ་དོན་སྤྱི་ཙམ། །མཐོང་བའི་ལམ་དུ་ཡེ་ཤེས་མཆོག །གསར་དུ་སྐྱེ་བར་བཞེད་པ་ནི། །རྒྱ་བོད་མཁས་གྲུབ་ཕལ་ཆེར་མཐུན། །ཁོང་ཡང་དེ་ཡི་རྗེས་འབྲང་ལགས། །གཞན་ཡང་སྔོན་གྱི་སྐྱེས་ཆེན་རྣམས། །ལ་ལ་ཡེ་ཤེས་མེད་པར་གསུངས། །འགའ་ཞིག་ཡེ་ཤེས་ཡོད་ཅེས་བཞེད། །བདག་ཉིད་ཆེན་པོ་ས་པཎ་གྱིས། །ཇི་སྙེད་ཞུ་བ་ལུང་སྟོན་ཕྱིར། །ཐམས་ཅད་མཁྱེན་ལ་ཡེ་ཤེས་མངའ། །ཆོས་དབྱིངས་སྤྲོས་བྲལ་བརྙེས་པ་ན། །ཡེ་ཤེས་མེད་པར་གསུང་པའང་ཡོད། །ཞེས་སོགས་རྣམ་པར་ཕྱེ་སྟེ་གསུངས། །གཞན་སྟོང་དབུ་མ་ཆེན་པོ་ཡིས། །ཡེ་ཤེས་གདོད་ནས་ཡོད་པར་གསུངས། །རྫོགས་པ་ཆེན་པོའི་གཞུང་འགའ་ལས། །ཀ་དག་དབྱིངས་ཀྱི་ངོས་ལ་ནི། །ཡེ་ཤེས་མེད་པར་གསུངས་པའང་མཐོང་། །དེ་སོགས་བཞེད་པ་མང་ན་ཡང་། །སྐབས་དོན་མིན་པས་རེ་ཞིག་བཞག །ཁོ་བོས་བྱས་པའི་ལེགས་བཤད་རྣམས། །དགེས་པ་རྡོ་རྗེའི་རྒྱུད་གསུམ་དང་། །གོང་མ་བརྒྱུད་པར་བཅས་པ་ཡི། །གསུང་རབ་རྣམས་དང་མཐུན་པའི་ཚུལ། །སྨྲ་ལ་ཅུང་ཟད་དབང་བ་སྟེ། །ཕ་རྒོད་བླ་མའི་བྱིན་རླབས་ཀྱི། །ཟླ་ཤེལ་འཛུམ་པ་མཐོང་པའི་ཚེ། །བློ་གྲོས་ཆུ་གཏེར་འཕེལ་བ་དང་། །ལེགས་བཤད་ཀུ་མུད་དགོད་པར་བྱས། །དེ་སླད་མཆོག་གི་སྤྲུལ་པའི་སྐུའི། །ཞབས་སེན་པདྨ་རཱ་གའི་རྡུལ། །ཚངས་གནས་མཛེས་པའི་གཙུག་རྒྱན་དུ། །ཐོབ་པའི་སྐལ་བཟང་མྱོང་བའི་ཚེ། །གུས་བཅས་རང་གི་མགྲིན་ལམ་ནས། །ཞུ་བར་འོས་ཀྱི་གཞན་དུ་མིན། །རྟག་ཆད་མེད་པའི་རང་ལུགས་འདི། །སྒྲོ་སྐུར་མེད་པའི་ལུང་རིགས་ཀྱིས། །ནོར་འཁྲུལ་མེད་པར་བཤད་པ་ལ། །ཕྱོགས་ལྷུང་མེད་པར་གཟིགས་པར་ཞུ། །ཞུ་མཆིད་པདྨོ་གཞོན་ནུའི་ཚོམ་བུ་དེ། །རབ་གུས་དད་པའི་སོར་བཅུས་ལེགས་བཏེགས་ནས། །མགོན་ཁྱོད་དགྱེས་པའི་ཆེད་དུ་འབུལ་ལགས་ན། །ཐུགས་བརྩེའི་སྤྱན་རས་གཡོ་བར་མཛད་དུ་གསོལ། །སླད་ཆད་ཁྱོད་ཞབས་རྡོ་རྗེའི་ཁམས་ལྟར་བརྟན། །དགྱེས་ཞལ་ཉིན་བྱེད་འཛུམ་པའི་གསུང་ཟེར་གྱིས། །གུས་ཕྲན་པདྨོའི་དགའ་ཚལ་ལེགས་སྐྱོང་པའི། །སྐལ་བཟང་མྱུར་དུ་འབྱུང་བའི་སྨོན་འདུན་ཞུ། །སྒྱུ་ལུས་ཕུང་པོ་རྐྱེན་གྱིས་མ་ཞིག་ཚེ། །ཁྱོད་ཞབས་པད་ཕྲེང་སྤྱི་བོའི་གཙུག་ཏུ་བསྟེན། །རྙོག་བྲལ་ཐུགས་བརྩེའི་བདུད་རྩིའི་རྒྱུན་བཟང་པོ། །སྙིང་གི་བཅུད་དུ་ནམ་ཞིག་ཐོབ་པར་འགྱུར།། །།
[edit]

@#/__mkhas btsun grub pa'i dbang phyug sde gzhung mchog sprul rin po che kun dga' rgyal mtshan gyis mdzad pa'i kun gzhi rgyu rgyud la dri ba gnang ba'i lan bcas bzhugs/__/ mkhas pa kun dga' rgyal mtshan lags/__/nyid gsung lha yi rnga chen ni/__/bdag gis legs par mjal bas spro/__/'on kyang kun gzhi rgyu rgyud la/__/gnas snang gnyis su phyes pa 'dis/__/dbyangs can dgyes pa klu sgrub rje'i/__/gsal stong phra rag dwangs snyigs su/__/phyes dang gcig tu babs par nges/__/der skyon thams cad bzlog par dka'/__/chos nyid rang bzhin rnam dag zhig__/zhal gyis bzhes las thabs ci zhig__/chos can phung khams skye mched sogs/__/'khrul pa ma dag ltar snang rnams/__/dag pa'i lam gyis sbyang ba na/__/rang bzhin dag 'gyur mi bzhed cing /__/de phyir chos can thams cad pa/__/gdod nas dag pa nyid kyis so/__/des na gzhan stong dbu ma che'i/__/kun btags glo bur sbyang bya dang /__/yongs grub rang bzhin 'gyur med du/__/bshad dang dgongs gcig nyid 'gyur phyir/__/de skyon mang du smras pa rnams/__/rang gi steng du 'khor ba'am/__/shin tu bzlog par dka' ba'o/__/blo rin kun gzhi bshad pa rnams/__/rdzogs chen nyid dang lto sbyar ba/__/rje btsun gong ma'i gsung rab dang /__/thad ka nyid du 'grigs dka' bas/__/de yi dgag bzhag thams cad legs/__/gzims 'og thams cad mkhyen pa yi/__/rnam shes ye shes dbye ba ni/__/kun gzhir sngar med ye shes zhig__/'khor 'das dbyer med lta bsgom nas/__/gsar du skye ba 'dra zhig gsung /__/de ltar na ni ye shes kyi/__/don dang 'gal ba lta ci smos/__/tshig yang 'gal ba nyid du 'gyur/__/de min rgyu rgyud kun gzhir zhog__/kun gzhi las gzhan ye shes su/__/'jog pa'i gzhi ni ci zhig yod/__/kun gzhi thabs kyis zin pa na/__/ye shes nyid las gzhan med do/__/yang ni skabs 'gar sgrib med kyi/__/gsal rig gnyug ma lhan skyes bzhed/__/de ltar na ni kun gzhi yi/__/mtshan nyid gsal rig ma 'gags pa/__/de ga yin nam logs shig yin/__/de yin kun gzhi'i nang du bzhag__/de min da lta bskyangs rgyu yi/__/gsal rig gang yin smra bar rigs/__/lar ni rgyu rgyud kun gzhi yi/__/rang gi ngo bo mtshan nyid de/__/rje btsun gong mas brtag pa ltar/__/'jog las de yi gnas lugs ngor/__/dbye ba gnyis su bya mi rigs/__/thabs kyis zin dang ma zin nas/__/rtogs dang ma rtogs khyad par gyis/__/gnas snang gnyis su dbye na 'thad/__/de ni rtogs ldan ngo skal las/__/kun gzhi'i gnas lugs nyid ma yin/__/gal te gnyis su 'dod gyur na/__/rgyu rgyud kun gzhi gnyis su thal/__/de phyir bdag 'dra blun rmong gi__/mkhas pa'i gsung la brtags mi 'os/__/'on kyang ring nas 'dris pa yis/__/a mtshar nyid du gang byung bris/__/oM badz+ra sa twa hU~M/__ !rgyal ba kun gyi ye shes sku/__/'jam dbyangs ngur smrig bla gos can/__/chos kyi blo gros zhabs pad ni/__/kun dga' bdag gi gtsug na rgyal/__/khyod gsung sprin gyi rnga gsang ni/__/sprang ban mdongs mtha'i rna ba ru/__/son pa'i mod la blo gros lus/__/dga' ba'i gar gyis rtsen par byas/__/thugs brtse'i nyams mtshar tshul du ni/__/dri ba'i tshig 'ga' gnang ba la/__/rmongs pas spobs pa bskyed nas ni/__/gus pa'i tshul gyis 'di skad zhu/__/snyigs ma'i dus su thub pa yi/__/bstan pa tshul bzhin 'dzin pa ni/__/rdzogs pa'i sangs rgyas mi gzugs can/__/'jam mgon legs pa'i mtshan can te/__/dam pa de yis sa skya pa'i/__/rang lugs yid bzhin nor bu de/__/thos bsam bsgom pa'i rgyal mtshan ni/__/mthon po'i rtse mor legs mchod de/__/zab rgyas chos kyi gru char ni/__/kun la snyoms par phab pa'i tshe/__/gdul bya rang gi mos pa dang /__/sngon gyi las smon bye brag gis/__/chu snod dbang gis zla gzugs bzhin/__/rang rang bsgo skal so sor gyur/__/bdag ni chos rje 'di nyid la/__/sangs rgyas dngos kyi 'du shes yod/__/mi phyed gus pa'i bsam sbyor gyis/__/sdug bsngal gtam ngan khyad bsad nas/__/don yod rnam bzhis mnyes par byas/__/bka' bzhin sgrub pa'i dam bca' blang /__/thugs brtse'i thugs kyis rjes bzung nas/__/gsang chen gsung ngag gdams pa'i gter/__/pha nor bu la sbyin pa bzhin/__/bdag la dgyes bzhin gnang bar mdzad/__/des na kho bo'i gzhung nyid du/__/kun gzhi rgyu rgyud ngos 'dzin la/__/gnas snang gnyis su phye ba ni/__/gzhi la rmongs pa slong pa'i phyir/__/bden gnyis rnam dbye byas pa ste/__/snang tshul kun rdzob yin pa dang /__/gnas tshul don dam lags pa'i phyir/__/mdo rgyud 'ga' dang de dag gi__/dgongs 'grel rnams su kun gzhi ni/__/bag chags bgo ba'i gzhir gyur pa/__/gsal rig tsam la gsum pa dang /__/nam yang 'gyur ba med pa yi/__/dbyings la dgongs te gsung ba dang /__/rig stong zung du 'jug pa la/__/dgongs te gsungs pa du ma mthong /__/de dag dgongs pa'ang gsal phyir yin/__/dri ma med pa'i lugs bzang 'di'i/__/gzhi lam 'bras gsum thams cad du/__/bden gnyis zung 'jug dgongs phyir dang /__/khyad par du yang lam dus su/__/rten 'byung stong dang stong pa nyid/__/rgyu dang 'bras bur 'char pa yi/__/tshul 'di legs par rtogs nas ni/__/'khor 'das bsre ba'i gsang gnad kyis/__/ma dag 'khrul pa'i snang ba kun/__/dag pa gsum gyi bdag nyid du/__/mthong nas sa lam bsgrod pa la/__/phan phyir bdag gis bshad pa lags/__/klu sgrub rgya mtshos lam dus su/__/'khor 'das dbyer med bsgom pa'i tshe/__/rig pa dwangs snyigs phyes pa ni/__/snyigs ma bor nas dwangs ma ni/__/mngon du byed pa ltar bur gsungs/__/kun rdzob spang nas don dam ni/__/rtogs zhes dpal ldan sa skya pa'i/__/rje btsun gong ma mi bzhed lags/__/gnas snang gnyis su phye ba ni/__/'jam mgon sa skya paN chen gyis/__/rgyan po pa yi dris lan dang /__/rgyud gsum mdzes rgyan sogs na snang /__/dwangs snyigs gnyis su phye ba ni/__/khong las brgyud 'dzin gong ma yi/__/khrid gzhung rnams su bshad pa med/__/des na 'di gnyis mi mtshungs so/__/gzim 'og thams cad mkhyen pa yis/__/ye shes gsar skyes yod gsung pa/__/so so'i skye bo'i gnas skabs na/__/ye shes gtan nas med pa dang /__/mos spyod skabs su don spyi tsam/__/mthong ba'i lam du ye shes mchog__/gsar du skye bar bzhed pa ni/__/rgya bod mkhas grub phal cher mthun/__/khong yang de yi rjes 'brang lags/__/gzhan yang sngon gyi skyes chen rnams/__/la la ye shes med par gsungs/__/'ga' zhig ye shes yod ces bzhed/__/bdag nyid chen po sa paN gyis/__/ji snyed zhu ba lung ston phyir/__/thams cad mkhyen la ye shes mnga'/__/chos dbyings spros bral brnyes pa na/__/ye shes med par gsung pa'ang yod/__/zhes sogs rnam par phye ste gsungs/__/gzhan stong dbu ma chen po yis/__/ye shes gdod nas yod par gsungs/__/rdzogs pa chen po'i gzhung 'ga' las/__/ka dag dbyings kyi ngos la ni/__/ye shes med par gsungs pa'ang mthong /__/de sogs bzhed pa mang na yang /__/skabs don min pas re zhig bzhag__/kho bos byas pa'i legs bshad rnams/__/dges pa rdo rje'i rgyud gsum dang /__/gong ma brgyud par bcas pa yi/__/gsung rab rnams dang mthun pa'i tshul/__/smra la cung zad dbang ba ste/__/pha rgod bla ma'i byin rlabs kyi/__/zla shel 'dzum pa mthong pa'i tshe/__/blo gros chu gter 'phel ba dang /__/legs bshad ku mud dgod par byas/__/de slad mchog gi sprul pa'i sku'i/__/zhabs sen pad+ma rA ga'i rdul/__/tshangs gnas mdzes pa'i gtsug rgyan du/__/thob pa'i skal bzang myong ba'i tshe/__/gus bcas rang gi mgrin lam nas/__/zhu bar 'os kyi gzhan du min/__/rtag chad med pa'i rang lugs 'di/__/sgro skur med pa'i lung rigs kyis/__/nor 'khrul med par bshad pa la/__/phyogs lhung med par gzigs par zhu/__/zhu mchid pad+mo gzhon nu'i tshom bu de/__/rab gus dad pa'i sor bcus legs btegs nas/__/mgon khyod dgyes pa'i ched du 'bul lags na/__/thugs brtse'i spyan ras g.yo bar mdzad du gsol/__/slad chad khyod zhabs rdo rje'i khams ltar brtan/__/dgyes zhal nyin byed 'dzum pa'i gsung zer gyis/__/gus phran pad+mo'i dga' tshal legs skyong pa'i/__/skal bzang myur du 'byung ba'i smon 'dun zhu/__/sgyu lus phung po rkyen gyis ma zhig tshe/__/khyod zhabs pad phreng spyi bo'i gtsug tu bsten/__/rnyog bral thugs brtse'i bdud rtsi'i rgyun bzang po/__/snying gi bcud du nam zhig thob par 'gyur//__//

Footnotes

Other Information