དཔལ་ཀྱེ་རྡོ་རྗེའི་ཚོགས་ཀྱི་མཆོད་པ་གསལ་བར་བཀོད་པ་ཀུན་བཟང་རྣམ་པར་རོལ་པའི་དགའ་སྟོན།

From Khyentse Lineage - A Tsadra Foundation Project
JKCL-KABUM-07-JA-015
Wylie title dpal kye rdo rje'i tshogs kyi mchod pa gsal bar bkod pa kun bzang rnam par rol pa'i dga' ston JKCL-KABUM-07-JA-015.pdf
Location chos kyi blo gros bka' 'bum
Volume 7, Text 15, Pages 313-361 (Folios 1a1 to 25a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal kye rdo rje'i tshogs kyi mchod pa gsal bar bkod pa kun bzang rnam par rol pa'i dga' ston. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 313-361. Bir, H.P.: Khyentse Labrang, 2012.
Genre Feast Offering - tshogs mchod - tshogs kyi 'khor lo
Deity kye rdo rje
Colophon

།ཅེས་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་ཚོགས་ཀྱི་མཆོད་པ་གསལ་བར་བཀོད་པ་ཀུན་བཟང་རྣམ་པར་རོལ་པའི་དགའ་སྟོན་ཞེས་བྱ་བ་འདིའང་། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྒ་སྟོན་ཆོས་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་བཀྲ་ཤིས་པའི་ལྷ་རེག །རིན་གཉིས་མེ་ཏོག་ས་བཅུའི་གྲངས་ལྡན་བཅས་ཀྱི་གནང་སྐྱེལ་དང་། གསུང་གིས་བསྐུལ་བར་གུས་པས་མཆོད་དེ། མགོན་པོ་གང་གིས་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། རྗེ་བཙུན་གྱི་ཚོགས་འཁོར་འབྲིང་པོ་དང་། ཆོས་རྗེའི་ཚོགས་འཁོར་རྒྱས་པ། འཕགས་པའི་ཚོགས་འཁོར་རྒྱས་བསྡུས་གཉིས། ངོར་ཆེན་རྡོ་རྗེ་འཆང་གི་གསང་བ་ཀུན་རྒྱན་དང་། ཀུན་བཟང་རྣམ་རོལ། ཀུན་མཁྱེན་རིན་པོ་ཆེའི་མཆོད་གཏོར་གྱི་ཆོ་ག་རྣམས་ལ་གཞི་བྱས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོའི་མཁའ་སྤྱོད་མའི་ཚོགས་མཆོད་རྒྱས་པ་ལ་སྐབས་སུ་བབས་པའི་འབྱིན་འཇུག་ཅུང་ཟད་བྱས་ནས་དཀྱུས་སུ་བཀོད་དེ་གསལ་བར་བྲིས་པ། འདིས་ཀྱང་རང་གཞན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ཏེ་བཅོམ་ལྡན་འདས་ཟུང་འཇུག་དང་པོའི་སངས་རྒྱས་རིགས་དྲུག་པ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བའི་རྒྱུར་གྱུར་ཅིག །ཡི་གེ་པ་ནི་སྨྱུག་འཛིན་འཇིགས་མེད་བློ་གྲོས་ཀྱིས་གུས་པས་བགྱིས་པ་ཨི་དཾ་ཤ་ས་ན་ཙ་སརྦ་སཏྭ་ཧེ་ཏོ་བྷ་ཝནྟུ། །དགེའོ། །མངྒ་ལཾ།།

/ces bcom ldan 'das kye rdo rje'i dkyil 'khor du tshogs kyi mchod pa gsal bar bkod pa kun bzang rnam par rol pa'i dga' ston zhes bya ba 'di'ang /__dmigs pa med pa'i thugs rje chen po dang ldan pa sga ston chos rje rdo rje 'chang ngag dbang kun dga' legs pa'i 'byung gnas ye shes rgyal mtshan dpal bzang pos bkra shis pa'i lha reg__/rin gnyis me tog sa bcu'i grangs ldan bcas kyi gnang skyel dang /__gsung gis bskul bar gus pas mchod de/__mgon po gang gis bka' 'bangs kyi tha chung 'jam dbyangs chos kyi blo gros pas/__rje btsun gyi tshogs 'khor 'bring po dang /__chos rje'i tshogs 'khor rgyas pa/__'phags pa'i tshogs 'khor rgyas bsdus gnyis/__ngor chen rdo rje 'chang gi gsang ba kun rgyan dang /__kun bzang rnam rol/__kun mkhyen rin po che'i mchod gtor gyi cho ga rnams la gzhi byas/__thams cad mkhyen pa mkhyen brtse'i dbang po'i mkha' spyod ma'i tshogs mchod rgyas pa la skabs su babs pa'i 'byin 'jug cung zad byas nas dkyus su bkod de gsal bar bris pa/__'dis kyang rang gzhan rnams 'khor ba sdug bsngal gyi rgya mtsho las sgrol te bcom ldan 'das zung 'jug dang po'i sangs rgyas rigs drug pa rdo rje 'chang gi go 'phang thob ba'i rgyur gyur cig__/yi ge pa ni smyug 'dzin 'jigs med blo gros kyis gus pas bgyis pa i daM sha sa na tsa sarba satwa he to b+ha wan+tu/__/dge'o/__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་ཀྱེ་རྡོ་རྗེའི་ཚོགས་ཀྱི་མཆོད་པ་གསལ་བར་བཀོད་པ་ཀུན་བཟང་རྣམ་པར་རོལ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱིཿཧེ་བཛྲཱ་ཡ། ཟག་མེད་བདེ་སྟོང་ཡེ་ཤེས་བདུད་རྩི་ཡིས། །རྟག་ཏུ་མྱོས་པས་རྣལ་འབྱོར་རྩེ་མོར་སོན། །རྟོག་པ་ཀུན་བྲལ་དོན་གཉིས་ལྷུན་གྱིས་གྲུབ། །དཔལ་ལྡན་བླ་མ་ཀྱེ་ཡི་རྡོ་རྗེར་འདུད། །ཤེས་བྱའི་ཆོས་ཀུན་མ་འདྲེས་གསལ་བར་མཁྱེན། །ཆོས་དབྱིངས་གནས་ལུགས་ཟབ་མོ་ཐུགས་སུ་ཆུད། །མཐུ་སྟོབས་ནུས་པས་བསྟན་པ་གསལ་མཛད་པ། །རྣལ་འབྱོར་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །ཚད་མ་བཞི་ལྡན་སྙན་བརྒྱུད་གདམས་པའི་ཆོས། །བི་རཱུའི་ཐུགས་ཀྱི་མ་དྲོས་རྒྱ་མཚོར་བསྐྱིལ། །རྒྱུད་ལུང་མན་ངག་གངྒའི་ཀླུང་ཆེན་པོ། །ལྗོངས་འདིར་འདྲེན་མཛད་འབྲོག་མིའི་ཞབས་ལ་འདུད། གཞུང་གདམས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེ། །ཀུན་དགའ་སྙིང་པོ་པུཎྱཻ་ཀཱི་རྟིའི་མཚན། །དཔལ་ལྡན་དོན་གྲུབ་འཕགས་པ་ཀུན་དགའ་བཟང་། །བློ་གསལ་རྒྱ་མཚོའི་ཞབས་ལ་གུས་བཏུད་ནས། །བླ་མ་ཧེ་རུ་ཀ་དཔལ་དཔའ་བོ་དང་། །ཌཱ་ཀི་ཆོས་སྐྱོང་དགྱེས་པར་རོལ་པ་ཡི། །རྨད་བྱུང་ཟག་མེད་བདེ་ཆེན་ཚོགས་མཆོད་ཚུལ། །ཀུན་བཟང་རྣམ་པར་རོལ་པའི་དགའ་སྟོན་དབྱེ། །དེ་ལ་འདིར་རང་གཞན་གྱི་དོན་དུ་མཆོག་གི་དངོས་གྲུབ་འགྲུབ་པར་འདོད་པའི་སེམས་དང་ལྡན་པའི་རྣལ་འབྱོར་པས་ཚོགས་གཉིས་རླབས་པོ་ཆེ་ཡོངས་སུ་བསྡུ་བ་དང་འཕེལ་བའི་ཐབས་ཚུལ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་རྡོ་རྗེ་འཆང་གིས་བླ་ན་མེད་པའི་རྒྱུད་སྡེ་རྣམས་ལས་བསྟན་པ་གྲུབ་པའི་མན་ངག་གིས་ཇི་ལྟར་བཀྲལ་བ་བཞིན་ཉམས་སུ་བླང་བ་ལ། དེ་ཡང་ཐོག་མར་ངེས་འབྱུང་དང་དད་པ་སྙིང་རྗེ་ཤུགས་དྲག་པོས་ལམ་གྱི་གཞི་བཅའ། ཕར་ཕྱིན་དྲུག་སོགས་ཐེག་ཆེན་ཐུན་མོང་གི་ལམ་གྱིས་ཁོག་ཕུག་ཐུན་མིན་གྱི་ཡི་དམ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་གི་ཆོ་གས་རྒྱུད་སྨིན་པར་བྱས་ནས་དམ་ཚིག་དང་སྡོམ་པ་མ་ཉམས་ཤིང་རིམ་གཉིས་ཀྱི་ལྟ་སྤྱོད་ལ་མཁས་པའི་རྣལ་འབྱོར་པ་འདིར་འཇུག་པར་བྱའོ། །ཚོགས་ཀྱི་རྡོ་རྗེ་སློབ་དཔོན་ཡང་དེ་ཉིད་བཅུ་སོགས་ལ་དབང་འབྱོར་ཞིང་རྟེན་དགེ་སློང་མཆོག་དང་། དགེ་ཚུལ་འབྲིང་། ཁྱིམ་པ་དགེ་བསྙེན་ཐ་མར་གསུངས་ཤིང་སྙིང་རྗེ་ཆེ་ལ་འདོད་པ་ཆུང་བ་དམ་ཚིག་དང་ལྡན་པ་ཚོགས་ཀྱི་གཙོ་བོར་གསུངས་སོ། དེ་ལྟ་བུའི་གང་ཟག་འདིར་འཇུག་པས་ཚོགས་ཀྱི་མཆོད་པའི་ཆོ་ག་ལག་ཏུ་བླང་བའི་ཚུལ་ཁུང་བཙུན་ཞིང་ཡིད་ཆེས་པའི་ཕྱིར་རྒྱུད་ཀྱི་ལུང་དགོད་པ་དང་། ཚོགས་འཁོར་དངོས་བཤད་པའོ། །དང་པོ་རྒྱུད་ཀྱི་ལུང་དགོད་པ་ནི་རྡོ་རྗེ་གུར་གྱི་རྒྱུད་ལས། འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཡེ་ཤེས་མེ་ཡིས་རབ་དགྱེས་བྱ། །རྒྱལ་བ་ཕན་པར་མཉེས་པ་དང་། །གསེར་གྱི་མངའ་བདག་མཉེས་པ་དང་། །ཞེས་སོགས་ནས་ཁམས་གསུམ་དུ་གནས་པ་དང་། ས་བཅུ་ལ་གནས་པ་སོགས་བསྟན་པའི་རྗེས། འཕགས་པའི་གང་ཟག་བརྒྱད་པོ་དང་། །རྫོགས་སངས་རྒྱས་དང་ཉན་ཐོས་ཉིད། །ར་ནི་རལ་གྲིའི་གཟུགས་ཅན་དང་། །དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་ནི། །སྦྱིན་བསྲེགས་ཆོ་གས་རྒྱས་པ་ཉིད། །དེ་ནི་ཚོགས་ཀྱི་དཀྱིལ་འཁོར་ལོ། །ཞེས་སོགས་དང་། གཞན་ཡང་སམྦུཊ་སོགས་རྒྱུད་སྡེ་མཐའ་ཡས་པ་ནས་ཚོགས་འཁོར་ཤེས་བྱེད་ཀྱི་ལུང་མང་པོ་དང་། ཌོམྦི་པས། དེ་ལ་སངས་རྒྱས་ཐོབ་པའི་རྒྱུ། །བསོད་ནམས་ཡེ་ཤེས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཐོབ་འགྱུར། །དེ་ཕྱིར་རྟག་ཏུ་ཚོགས་བསགས་བྱ། །ཡེ་ཤེས་མངོན་པར་རྟོགས་པ་སྟེ། །བསོད་ནམས་རྣམ་པ་མང་ཡོད་ཀྱང་། །རང་འདོད་ལྷ་ཡི་རྣལ་འབྱོར་གྱིས། །འདོད་ཡོན་ལྔ་སྤྱོད་བླ་ན་མེད། །ཅེས་སོགས་རྒྱ་ཆེར་ཡོད་ཀྱང་འདིར་མ་སྤྲོས་སོ། །གཉིས་པ་ཚོགས་འཁོར་དངོས་བཤད་པ་ལ་ངོ་བོ། ངེས་ཚིག་དབྱེ་བ། དགོས་ཆེད། ཇི་ལྟར་བྱ་བའི་ཚུལ། ཕན་ཡོན། བསླབ་བྱ། འབྲས་བུ་སྟེ་ས་བཅད་རྣམ་པ་བརྒྱད་ལས། དང་པོ་ངོ་བོ་ནི། སྣང་བཅས་བསོད་ནམས་ཀྱི་ཚོགས་དང་། སྣང་མེད་ཡེ་ཤེས་ཀྱི་ཚོགས་ཟུང་དུ་འབྲེལ་པས་ཡེ་ཤེས་ཀྱི་སྐུ་ཁྱད་པར་ཅན་སྒྲུབ་པའི་ཚོགས་ཐུན་མོང་མ་ཡིན་པའོ། །གཉིས་པ་ངེས་ཚིག་ནི། ག་ཎ་ཙཀྲ་ཞེས་པ་ཚོགས་ཀྱི་འཁོར་ལོ་སྟེ་སྔགས་ཀྱི་ཐབས་ཤེས་ཁྱད་པར་ཅན་གྱི་ཟིན་པའི་ཀུན་སྤྱོད། རྟེན་དང་། གང་ཟག་ཁྱད་པར་ཅན་ཚོགས་ཤིང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཕྱོགས་མེད་དུ་བསྐོར་བའི་དོན་ཏོ། །ག་ཎ་པཱུ་ཛ་ནི་ཚོགས་ཀྱི་མཆོད་པ་ཞེས་སྟེ། ཁྱད་པར་གྱི་ཡོ་བྱད་ལྔ་ལ་སོགས་པ་ཚོགས་ཤིང་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པའི་ཆ་གཉིས་ལ་མི་གནས་པའི་མཆོད་པ་ཆོས་དབྱིངས་རྒྱས་པར་འགེངས་པའོ། །གསུམ་པ་དབྱེ་བ་ལ་ལྔ་སྟེ། གང་ཟག་གི་དབྱེ་བ། དུས་ཀྱི་དབྱེ་བ། ལྷའི་རྣལ་འབྱོར་གྱི་དབྱེ་བ། དགོས་པས་དབྱེ་བ། མཆོད་བྱས་དབྱེ་བའོ། །དང་པོ་ལ། དཔའ་བོ་དཔའ་མོ་གཉིས་ཀ་ཚོགས་པ་ལ་ཚོགས་ཀྱི་འཁོར་ལོ། རྐྱང་པ་ལ་དཔའ་བོའི་སྟོན་མོ་དང་། དཔའ་མོའི་སྟོན་མོ། གཉིས་པ་དབང་བསྐུར་རབ་གནས་སྦྱིན་བསྲེག་སོགས་ཀྱི་དུས་སུ་ཙཱ་རུའི་བཟའ་བ། གསུམ་པ་བདེ་ཀྱེ་གསང་གསུམ་སོགས་ལྷའི་རྣལ་འབྱོར་མི་འདྲ་བ་དུ་མ་འདུས་པ་ལ་མཛའ་བ་འདུས་པ། བཞི་པ་གནོད་པ་ཞི་ཕྱིར་གླུ་གར་གྱི་སྦྱོར་བས་སངས་རྒྱས་ཐུགས་རྗེ་བསྐུལ་ཞིང་སེམས་ཅན་གྱི་སྡུག་བསྔལ་ཞི་བར་མཛད་པ་སངས་རྒྱས་ཀྱི་གར་ནི་ངོར་ཆེན་རྡོ་རྗེ་འཆང་གི་གསུངས་བདེ་ཆེན་རྣམ་རོལ་ལྟར་རོ། །ལྔ་པ་མཆོད་བྱས་དབྱེ་བ་ནི་མཁའ་འགྲོ་མཆོད་པ་ལ་རིགས་ལྡན་མ་མཆོད་པ་དང་། གཞོན་ནུ་མ་མཆོད་པའོ། །དེ་དག་རྒྱས་པར་གཞན་དུ་ཤེས་པར་བྱའོ། །བཞི་པ་དགོས་ཆེད་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་འདིར་འདུས་ཏེ། རྡོ་རྗེ་གུར་ལས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་དང་། ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། མཆོད་པའི་ལས་ཀྱང་ཅི་ནུས་བགྱི། ཞེས་སོགས་གསུངས་པས་སངས་རྒྱས་ཐམས་ཅད་མཉེས། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་ཐམས་ཅད་དང་ཉན་ཐོས་ཀྱི་གང་ཟག་བརྒྱད། རང་སངས་རྒྱས་དབང་པོ་རྣོ་བརྟུལ་གཉིས། འཇིག་རྟེན་པའི་འདོད་པ་དང་། གཟུགས་དང་གཟུགས་མེད་ཀྱི་ལྷ་ཐམས་ཅད། ཆོས་སྐྱོང་བའི་སྲུང་མ་ནས་བཟུང་སྟེ། དམྱལ་བ་ཡི་དྭགས་ཀྱི་བར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་མགྲོན་ཐམས་ཅད་མཉེས་ཤིང་ཚིམ་པར་བཤད་དོ། །ལྔ་པ་ཇི་ལྟར་བྱ་བའི་ཚུལ་ལ་སྦྱོར་བ་དངོས་གཞི་རྗེས་སོ། །དང་པོ་ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ལ་དུས་ཁྱད་པར་ཅན་ཉ་དང་གནམ་སྟོང་སྟེ་ཟླ་ཕྱེད་གཉིས་དང་། ཡར་མར་ངོ་གཉིས་ཀའི་བརྒྱད་དང་བཅུ་བཞི་རྣམས་ལ་བྱ་བར་གསུངས་ཏེ། ཀྱེ་རྡོ་རྗེར། ཡི་དྭགས་ཟླ་ཕྱེད་བཅུ་བཞི་དང་། །དེ་བཞིན་དུ་ཡང་བརྒྱད་པ་ཉིད། ཅེས་དང་མར་ངོའི་བརྒྱད་དང་བཅུ་བཞི་དང་། །བཅོ་ལྔ་དག་ནི་རབ་ཏུ་བསྔགས། །དེ་བཞིན་ཡར་ངོའི་བརྒྱད་དང་ནི། །བཅུ་བཞི་དང་ནི་བཅོ་ལྔ་ལ། །མཁས་པ་ཡིས་ནི་འཁོར་ལོ་བསྐོར། །ཞེས་དང་། བདེ་མཆོག་ལྟར་ན། བསོད་ནམས་འཕེལ་བ་དང་། སྡིག་པ་སྦྱོང་བའི་ཕྱིར་ཡར་མར་གྱི་ཚེས་བཅུ་ལ་ཡང་བྱ་བར་བཤད་དོ། །དེ་རྣམས་ནི་རྒྱུན་གྱི་དུས་དང་། ཁྱད་པར་གྱི་དུས་དབང་བསྐུར། རབ་གནས། སྦྱིན་བསྲེགས་རྒྱུད་ཉན་བཤད་ལ་སོགས་པའི་སྐབས་རྣམས་སོ། །དེ་ལྟ་བུའི་དུས་ཚེས་བཟང་པོར། སྣོད་དང་མི་ལྡན་པའི་སྐྱེ་བོས་དབེན་ཞིང་སེམས་ལ་བརྟན་པ་ཐོབ་ན་དུར་ཁྲོད་དང་། རི་ཡི་བྱ་སྐྱིབས་མཚོ་གླིང་བས་མཐའ་ལ་སོགས་པ་དང་། བརྟན་པ་མ་ཐོབ་ན་རང་གི་ཁྱིམ་དང་གཙུག་ལག་ཁང་ལ་སོགས་པ་རྣམས་ཕྱག་དར་དང་བརྐྱང་ནུལ་ལེགས་པར་བྱས་ཤིང་དྲི་བཟང་དང་བ་བྱུང་སྦྱར་བའི་ཆུས་ཆག་ཆག་གདབ་བ་དང་། བླ་བྲེ་འཕན་གདུགས་རྒྱལ་མཚན་ལྡ་ལྡི་སོགས་ཀྱིས་མཛེས་པར་བརྒྱན་ཤིང་བླ་མ་ཡི་དམ་ཆོས་སྲུང་གི་རྟེན་རྣམས་དགྲམ་པའི་སྤྱན་སྔར་སྟེགས་བུའི་ཁར་རས་བྲིས་སམ་སྒྲུབ་བའི་མཎྜལ་ཁྲུ་གང་པ་ལ་ནང་མཆོད་ཀྱི་བདུད་རྩིས་དབུས་ནས་བྱང་ཤར་དུ་འཐེན་ཏེ་གྲུ་བཞིར་བྲིས་པའི་དབུས་སུ་དྲི་བཟང་པོའི་ཆུས་སྤགས་པའི་ཚོམ་བུ་ལྟ་གྲངས་ལྟར་བཀོད་པ་བཤམས ་པའི་མཐར་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་ལྷ་རེ་རེ་ལ་བཅུ་ལས་མི་ཉུང་བ་གྲུ་བཞིར་བསྒྲིགས་པའི་ཕྱི་རོལ་དབང་ལྡན་ནས་མེ་ལྷའི་བར་འདས་གཏོར་དང་། ཆོས་སྐྱོང་གཏོར་མ། འཇིག་རྟེན་པའི་གཏོར་མ་རྣམས་ཤ་དང་ཆང་དང་བདུད་རྩི་རིལ་བུས་སྤགས་པ་རྒྱན་སྤྲོས་ཕུན་སུམ་ཚོགས་པ་བཤམས། དེ་དག་གི་ཕྱི་རོལ་དུ་བྱང་ཤར་ནས་བརྩམས། མཚམས་སུ་མཚམས་འཛིན་མེ་ཏོག་དང་། །ཤར་དུ་ཞབས་བསིལ་ཞལ་བསིལ་གཉིས། ཤར་ལྷོར་འཐོར་འཐུང་ལྷོར་མཆོད་ཡོན། ལྷོ་ནུབ་མཚམས་སུ་མེ་ཏོག་དང་། །ནུབ་ཏུ་བདུག་སྤོས་མར་མེ་གཉིས། །ནུབ་བྱང་དྲི་ཆབ་བྱང་ཞལ་ཟས། ཞེས་པ་ལྟར་བཤམས་པའི་ནང་གཏོར་མའི་མདུན་དུ་ཚོགས་འཁོར་གྱི་རྫས་བསད་པ་མ་ཡིན་པའི་ཤ་དང་། ཆང་དང་། ཟན་ལ་སོགས་པའི་བཟའ་བ་དང་། པདྨ་བྷནྫ་ནར་མ་དཱ་ན་བདུད་རྩི་རིལ་བུ་དང་སྦྱར་བ་བླུག །སྦྱར་ཚོགས་ཀྱི་དམ་ཚིག་གི་རྫས་སྔ་འགྱུར་བའི་རྒྱུད་ཧེ་རུ་ཀ་གལ་པོའི་བརྟག་པ་ཉེར་གཉིས་པ་ལས། རྡོ་རྗེ་ཚེ་ཟན་དང་གལ་ཞོ་ཕྱེ་མར་ཟེར་ཕྱིས་དང་། འཇམ་མར་དབོ་ཟླ་ཐུད་ཁྲམ་ཟླ་རྒྱས་ཁུར་བ་དང་། ཚེ་སྐྱུར་པོ་ཁྲི་ད་ཛ་གད་ཆང་ཛ་སྟི་ཤ་དང་། བྲན་ཚད་མ། མོ་ཤམ་སེང་པོ། མོ་ཀུན་ཏུ་རྒྱུགལན་ཚྭ། ཨ་མྲྀ་མི་ཤ་རྒུན་འབྲུམ་གླང་པོའི་ཤཨ་ཉ་ག །ག་རུ། ན་བ་ལང་ཤལིང་གེ་ཁྱི་ཤགེ་རྒྱས་ལ་སོགས་དྲངས། ཞེས་པ་རྣམས་ཀྱིས་ཐོག་དྲངས། ཇི་ལྟར་འབྱོར་པ་ཕོངས་སེམས་དང་བྲལ་བ་མཛེས་པར་བཤམས། སློབ་དཔོན་གྱི་མདུན་གཡོན་ནས་བརྩམས་ནང་མཆོད་དང་། དེའི་གཡས་སུ་དྲིལ་བུ། དེའི་གཡས་སུ་རྡོ་རྗེ། དེའི་གཡས་སུ་དུང་ཆོས་བདུད་རྩི་དང་། དྲི་བཟང་སྦྱར་བའི་ཆུས་གང་བ་ཀུ་ཤའི་འཐོར་ཡབ་དང་བཅས་པ་བཤམས་ཤིང་། གཞན་རྣམས་ཀྱི་མདུན་དུ་ཡང་བསང་ཆུ་མ་གཏོགས་པར་ཚང་བར་བཤམ་མོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ལ། སློབ་དཔོན་ལ་གསོལ་བ་གདབ་པ། བསང་ཆུ་སྒྲུབ་པ། ནང་དུ་གཞུག་ཤིང་རྟོག་པ་བསལ་བ། སྔོན་འགྲོ་གཏོར་མ་གཏོང་ཞིང་གནས་ཡོ་བྱིན་གྱིས་བརླབ་ལ། ལྷའི་རྣལ་འབྱོར་ལ་གནས་པའི་ཕྱིར་མཎྜལ་ཞུ་འབུལ་བྱ་བ། སྔོན་འགྲོ་གསུམ་གྱིས་རྒྱུད་དག་པར་བྱ་བ་དང་དྲུག་ལས། དང་པོ་གསོལ་བ་གདབ་པ་ནི། ཚོགས་ཀྱི་སློབ་དཔོན་སྤྱན་དྲངས་ཏེ་གདན་དབུས་མ་ལ་བཞུགས་ནས་ལས་ཀྱི་རྡོ་རྗེས་ཕྱག་དང་མཎྜལ་ཕུལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་མཆོད་པའི་ཕྱིར་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་དུ་གསོལ། ཞེས་གསོལ་བ་གདབ། གཉིས་པ་བསང་ཆུ་སྒྲུབ་པ་ནི། སློབ་དཔོན་གྱིས་མདུན་གྱི་བསང་ཆུ། སྭ་བྷ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཤྃ་ལས་བྱུང་བའི་དུང་ཕོར་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། ཧཱུྃ་ལས་བྱུང་པའི་ལྷ་རྫས་ལས་གྲུབ་པའི་བསང་ཆུ་རྫས་ཀྱི་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་བསམ་ལ་གཙོ་བོའི་སྙིང་པོ་ཉེར་གཅིག་དང་། ལས་ཐམས་ཅད་བར་བདུད་རྩི་འཁྱིལ་པའི་སྔགས་བརྒྱ་རྩ་བཟླས་པས་བྱིན་གྱིས་བརླབ་ལ་སློབ་དཔོན་གྱིས་སློབ་མར་གཏད་པར་བྱའོ། །གསུམ་པ་ནང་དུ་གཞུགས་ཤིང་རྟོག་པ་བསལ་བ་ནི། ལས་ཀྱི་རྡོ་རྗེས་བསང་ཆུ་ཐོགས་ནས་སྒོ་ཡི་ནང་ལོགས་སུ་འཁོད་པ་དང་ཁྲོ་བོ་དབྱུག་སྔོན་གྱི་ང་རྒྱལ་བྱ། གཞན་རྣམས་སྒོ་ཡི་ཕྱི་རོལ་དུ་འཁོད་དེ། ཁྱེད་ཀྱི་དམ་ཚིག་ལ་ནི་ཁྲོ་བོ་དབྱུག་པ་སྔོན་པོ་མཛེས། །དངོས་གྲུབ་ཕྱག་ན་དབྱུག་ཐོ་རིན་ཆེན་བཅིངས་པ་འཛིན། །དཔལ་ལྡན་དཔའ་བོ་དཔའ་མོ་འདུ་བ་འཁོར་སྒྲོལ་ཁུམས། །མཁས་མཛེས་རྣལ་འབྱོར་པ་ཡི་ནང་དུ་བདག་ཐོངས་ཤིག །ཅེས་པས་གསོལ་བ་གདབ་པ་ལ་ལས་ཀྱི་རྡོ་རྗེས་ལན་བརྗོད་པ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་དང་། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཞེས་པས་བརྡ་དང་བརྡ་ཡི་ལན་སྦྱིན་པ་ནི་བསྡུས་པ་ཡིན་ལ། རྒྱུད་ནས་གསུངས་པ་རྒྱས་པར་མ་ཤེས་ན་འདི་ཙམ་གྱིས་ཆོག་པར་སེམས་ཏེ། རྗེ་བཙུན་གྱི་ཚོགས་འཁོར་འབྲིང་པོ་དང་། ཆོས་རྗེའི་ཚོགས་འཁོར་རྒྱས་པའི་སློབ་མ་ནང་གཞུགས་སྐབས་འདི་ཙམ་ལས་རྒྱས་པར་མ་བཤད་པའི་ཕྱིར་རོ། །དེ་ནས་སྒོ་དབྱེ་སྟེ་ནང་དུ་བྱུང་བ་རྣམས་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་བསང་ཆུས་ཁ་བཤལ་བ་དང་གཏོར་བར་བྱའོ། །ནང་དུ་འོང་པ་རྣམས་ཀྱིས་སློབ་དཔོན་ལ་ཕྱག་བྱ། དབང་གི་རྒན་རིམ་དང་མཐུན་པར་གྲལ་དུ་འཁོད་ཅིང་སྒོ་དམ་དུ་བསྡོམ་ནས་ཕྱི་ནང་གི་རྒྱུ་འགྲུལ་བཅད་དོ། །བཞི་པ་སྔོན་འགྲོ་གཏོར་མ་བཏང་ཞིང་གནས་ཡོ་བྱིན་གྱིས་བརླབ་པ་ནི་ལས་རྡོར་གྱིས་ཕྱག་བྱས་ནས་བྱིན་བརླབ་ཞུས་ཏེ། གཏོར་མ་བསང་སྦྱང་ནས་བརྩམ་སྔོན་འགྲོ་གཏོར་མའི་འདོད་གསོལ་སྐབས་སུ་དཀྱིལ་འཁོར་ཆེན་པོ་སྒྲུབ་ཅིང་མཆོད་པ་དང་ཚོགས་ཀྱི་འཁོར་ལོ་ལ་འཇུག་པར་འཚལ་ན། ཞེས་བསྒྱུར་མཆན། གནས་ཁང་བྱིན་རླབས་མ་རྫོགས་ཀྱི་བར་དབང་ཆུ་ལྟར་ལ། དེ་ཡང་གྷཎྜེ་ར་ཎིའི་མགོར་རྡོར་དྲིལ་བྱིན་བརླབ་བྱ་བ་ནི། རང་གི་ལག་པ་གཡས་པ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ། ལག་པ་གཡོན་པ་ཨཱཿལས་པདྨ་འདབ་མ་ལྔ་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ་ཨཱཿདེ་རྣམས་ཞུ་བ་ལས་བྱུང་བའི་རྡོ་རྗེའི་ལག་པར་གྱུར། ཞེས་བརྗོད། དེ་ནས་ལག་པ་གཉིས་རྣམ་ལྔ་འདོད་པའི་བསྐོར་བ་བྱས་ཏེ་ལགས་གཡས་པས་རྡོ་རྗེ་བླངས་ནས། ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་བརྗོད་ཅིང་སྨིན་མཚམས་ཀྱི་བར་དུ་ལན་གསུམ་གསོར་ལ་ཐུགས་ཀར་བཟུང་སྟེ། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་ཐུགས་ཀྱི་དམ་ཚིག་ཅེས་བརྗོད་ཅིང་དྲན་པར་བྱ། ཡང་ལག་པ་གཡོན་པས་དྲིལ་བུ་བླངས་ཤིང་། ཨོཾ་བཛྲ་གཎྜེ་ཨཱཿཞེས་བརྗོད་དེ་ལན་གསུམ་དཀྲོལ་ལ་དཀུར་ཁ་གྱེན་ལ་བསྟན་དེ་བཟུང་ལ། སྲིད་པ་ཐམས་ཅད་རང་བཞིན་གྱིས་དག་པ་སྟོན་པར་བྱེད་པའི་གསུང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ངོ་བོ་དྲིལ་བུ་གསུང་གི་དམ་ཚིག །ཅེས་བརྗོད་ཅིང་དྲན་པར་བྱ། རང་དཔལ་ཧེ་རུ་ཀའི་ངོ་བོ་ཕྱག་རྒྱ་ཆེན་པོ་སྐུའི་དམ་ཚིག །ཅེས་བརྗོད་ཅིང་དྲན་པར་བྱ། དེ་ནས་དྲིལ་བུ་ཕྱོགས་མཚམས་བརྒྱད་དུ་དཀྲོལ་ཞིང་། རོལ་ཆེན་དང་བཅས་ཏེ། ཨོཾ་བཛྲ་གྷཎྜེ་ར་ཎི་ཏ་སོགས་སྔགས་ལན་གསུམ་བརྗོད་པས་བྱིན་དབབ་བོ། །དམ་ཚིག་གསུམ་དྲན་པ་འདི་ཀུན་མཁྱེན་གྱིས་སྤྱན་འདྲེན་པའི་གོང་དུ་གསུངས་ཀྱང་གནས་ཡོ་བྱིན་རླབས་སུ་བྱ་བར་ཕྱག་ལེན་བདེ་བར་སེམས། མཆན། ལྔ་པ་ལྷའི་རྣལ་འབྱོར་ལ་གནས་པར་བྱ་བའི་ཕྱིར་ཕྱག་དང་གསོལ་གདབ་མཎྜལ་ཞུ་འབུལ་རྣམས་དབང་ཆུ་ལྟར་བྱའོ། །དྲུག་པ་རྒྱུད་དག་པར་བྱ་བ་ནི། སྐྱབས་སེམས་དང་རྡོར་སེམས་བསྒོམ་བཟླས་རྣམས་མངོན་རྟོགས་ཡན་ལག་དྲུག་པ་ལྟར་བྱའོ། །གཉིས་པ་དངོས་གཞི་ལ་དྲུག་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་མཆོད་པས་ཚིམ་པ། ཡེ་ཤེས་ཀྱི་དཀྱིལ་འཁོར་བདུད་རྩི་མྱོང་བས་ཚིམ་པ། ཕྱི་རོལ་གྱི་འབྱུང་པོ་གཏོར་མས་ཚིམ་པ། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཁ་ཟས་ཀྱིས་ཚིམ་པ། སྐྱེ་མཆེད་ཀྱི་ལྷ་གླུ་གར་གྱིས་ཚིམ་པ། ལུས་ཀྱི་དཀྱིལ་འཁོར་ལྷན་སྐྱེས་ཀྱི་བདེ་བས་ཚིམ་པའོ། །དང་པོ་ལ་བདག་བསྐྱེད་ཀྱི་དཀྱིལ་འཁོར་ཚིམ་པར་བྱ་བ་དང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཚིམ་པར་བྱ་བ་གཉིས་ཀྱི་དང་པོ་ཚོགས་ཞིང་སྤྱན་དྲང་པ་ནས་བརྩམ། ལྷ་མོ་བརྒྱད་ཞལ་བརྒྱད་ལ་ཐིམ། ཞེས་པའི་བར་མངོན་རྟོགས་ཡན་ལག་དྲུག་པ་ལྟར་ཉམས་སུ་བླང་ངོ་། །བཟླས་བའི་རྗེས་ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་བཟླ་བ་དང་། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སོགས་ཕྱག་ལེན་ལ་མཛད་དོ། །དེ་ལྟར་རིམ་གཉིས་བཟླས་པ་དང་བཅས་པ་ནི་རྒྱུ་དུས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་ཅིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་སྨིན་པར་བྱེད་པ། ལུས་ངག་ཡིད་གསུམ་གྱི་གནས་ངན་ལེན་སྦྱང་ཞིང་། སྐུ་གསུམ་མམ་བཞིའི་རྟེན་འབྲེལ་བསྒྲིགས། འབྲས་བུའི་དུས་སུ་འོག་མིན་དུ་སངས་རྒྱས་ནས་སྐུ་དང་ཞིང་ཁམས་དཔག་ཏུ་མེད་པར་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་མཛད་པའི་རྟེན་འབྲེལ་ཡིན་ནོ། །གཉིས་པ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ཚིམ་པར་བྱ་བ་ལ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ། མཆོད་པའི་ཡུལ་སྤྱན་དྲང་བ། ཕྱག་འཚལ་བ། མཆོད་པ་བྱ་བ། རྒྱུན་བཤགས་བྱ་བ། སྡོམ་པ་བཟུང་བ་དང་དྲུག་ལས་དང་པོ། མདུན་དཀྱིལ་ཡན་ལག་བཞི་རྫོགས་སུ་བསྐྱེད་པ་ནི། མཎྜལ་ལ་རྡོ་རྗེའི་རྩེས་ནང་མཆོད་གཏོར་ནས། ཨ་མྲྀ་ཏས་བསང་། སྭ་བྷཱས་སྟོང་པར་སྦྱངས། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ར་ཉི་ཤུ་པ་ཤར་དཀར་ལྷོ་སེར་ནུབ་དམར་སོགས། ཕྱི་རོལ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བས་གང་བར་གྱུར། ཨོཾ་མེ་དི་ནི་བཛྲཱི་བྷ་ཝ་བྷནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་ལན་གསུམ་དང་། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ་གྱིས་བྱིན་གྱིས་བརླབ་བོ། །དེ་ལྟ་བུའི་སྲུང་བའི་འཁོར་ལོའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་སོགས་ནས། འབྱུང་བཞི་འཁོར་ལོ་དང་བཅས་པ། ཞེས་པའི་བར་སྒྲུབ་ཐབས་ལྟར་ལ། དེ་རྣམས་དང་རང་གི་སེམས་སྣང་རོ་གཅིག་ཏུ་འདྲེས་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་། ཞེས་པ་ནས། རྒྱན་དུ་མས་བརྒྱན་པ་ཞེས་པའི་བར་སྒྲུབ་ཐབས་བཞིན་བརྗོད། དེའི་ཕྱི་རོལ་དུ་དུར་ཁྲོད་ཆེན་པོ་བརྒྱད། སོགས་རྟེན་དང་བརྟེན་པའི་དམ་ཚིག་པ་བསྐྱེད་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད་ནས། གཽ་རཱི་ལ་སོགས་པའི་སྔགས་རྒྱས་བསྟིམ་བ་དབང་ལྷ་སྤྱན་དྲངས་མཆོག་གསོལ་རྒྱས་བཏབ་རྣམས་དབང་ཆུ་ཆེན་མོའི་ལྷ་སྟ་གོན་གྱི་སྐབས་ལྟར་མ་འཁྲུལ་བར་བྱའོ། །ཚོགས་འཁོར་གྱི་དུས་སུ་མདུན་གྱི་ལྷ་བསྐྱེད་པའི་སྐབས་འདིར་རྡོ་རྗེ་འཆང་སོགས་ཀྱིས་གསོལ་ཁ་ཆེར་འབྱུང་ལ་ཀུན་མཁྱེན་བསོད་ནམས་སེང་གེས་མཆོད་གཏོར་གྱི་ཡི་གེ་ལས་རྟེན་དང་བརྟེན་པའི་དམ་ཚིག་པ་བསྐྱེད་པ་ནི་སྔར་དང་འདྲའོ། །ཞེས་ཐུན་མཚམས་སུ་བྱ་བའི་མཆོད་གཏོར་དང་མཐུན་པར་གསུངས་པ་དང་། བླ་མ་དམ་པའི་མངོན་རྟོགས་ཡན་ལག་དྲུག་བའི་མཆོད་གཏོར་གྱི་སྐབས་སུ་བསྟན་པའི་མཎྜལ་གྱི་ལྷ་བསྐྱེད་ཚུལ་གཉིས་མཐུན་པར་འབྱུང་བས་འདིར་དེ་དག་གི་དགོངས་པ་ལྟར་བཀོད་པའོ། །གཉིས་པ་མཆོད་པའི་ཡུལ་སྤྱན་དྲངས་པ་ནི། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁར་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཞེས་པས་ཚོགས་ཞིང་ཁྱད་པར་སྤྱན་དྲངས་ནས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །གསུམ་པ་ཕྱག་འཚལ་བ་ནི། དཀྱིལ་འཁོར་གྱི་གཙོ་བོ་དེ་ཉིད་བླ་མ་ཡིན་པར་མོས་ནས། གང་གི་དྲིན་གྱི་སོགས། འཁོར་བའི་འདམ་རྫབ༴སངས་རྒྱས་ཀུན་གྱི༴ཐམས་ཅད་དངོས་པོའི༴ཆོས་དབྱིངས་རྣམ་དག༴ཕྱག་བྱར་འོས་པ། སོགས་ཕྱག་འཚལ་གྱི་ཚིག་བརྗོད་པར་བྱའོ། །བཞི་པ་མཆོད་པ་ལ་ཕྱི་ནང་ཡིད་བྱུང་གི་མཆོད་པའོ། །དང་པོ་ཕྱི་མཆོད་ནི་མཆོད་པ་རྣམས་བསང་སྦྱངས་བྱིན་རླབས། གནས་ཁང་བྱིན་བརླབ་དོར། དྭངས་ཤིང་ཐོག་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཅེས་བརྗོད་མཆོད་ཡོན་ཞབས་བསིལ་ནས། ཤབྡའི་བར་ཚིགས་བཅད་སྔགས་དང་བཅས་པས་དབུལ། ཨོཾ་བཛྲ་གཎྜེ་ར་ཎི་ཏ་སོགས་བརྗོད་ཅིང་རོལ་ཆེན་བྱའོ། །གཉིས་པ་ནང་མཆོད་ནི། བདུད་རྩི་གཏོར་མ་བཞིན་བྱིན་གྱིས་བརླབས་ལ། ལག་པ་གཡོན་པའི་མཐེབ་སྲིན་གྱིས་གཡོན་བསྐོར་དུ་ལན་གསུམ་བསྐོར་ནས་དབུས་སུ་བླངས་ཏེ་སྤྱི་བོར་གཏོར་ཞིང་། ངག་ཏུ། ཕྱོགས་བཅུ་དུས་གསུམ་སོགས་ནས། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གཉིས་པ་སྙིང་གར་ཡེ་ཤེས་ཀྱི་ལྷ་བདུད་རྩིས་མྱོང་བས་ཚིམ་པ་ནི་སྲིན་ལག་གིས་ལྕེ་རྩེ་སྨིན་མཚམས། སྤྱི་གཙུག་རྣམས་སུ་ཐིག་ལེ་བྱས་ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས་ལུས་ཀྱི་ལྷ་རྣམས་མཆོད་པར་བསམ་ཞེས་པའི་བར་དང་། གཏོར་མ་རྣམས་ལ་བར་ཕུད་བྲན་ལ། ཨོཾ་ཤྲཱིཿམ་ཧཱ་ཀཱ་ལཱ་སོགས་ནས། ཨཱཏྨ་ཀོ྅་ཧྃ་བར་དབང་ཆུ་ལྟར་རོ། །གསུམ་པ་ཡིད་བྱུ་གི་མཆོད་པ་ནི། རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ཞིང་རྡོ་རྗེ་གསོར་དྲིལ་བུ་བསིལ་ཏེ། ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ནི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །དཀར་མོ་རི་དྭགས་སོགས་ནས། གཡུང་མོས་སྐུ་ལ་འཁྱུད་པ་ཉིད། ཅེས་པའི་བར་བརྗོད། བཞི་པ་བསྟོད་བའི་མཆོད་པ་ནི། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། ཞེས་སོགས་དང་། ཐམས་ཅད་དངོས་པོའི་རང་བཞིན་མཆོག །ཅེས་སོགས་བསྟོད་པ་ཉི་ཤུ་པ་དང་། སྤྲོ་ན་དནྜ་ཀས་ཀྱང་བསྟོད་པར་བྱའོ། །ལྔ་པ་རྒྱུན་བཤགས་བྱ་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས༴སོགས་རྒྱུན་བཤགས་ལན་གསུམ་བྱའོ། །དྲུག་པ་སྡོམ་པ་གཟུང་བ་ལ། རིགས་ལྔ་སྤྱི་དང་། བྱེ་བྲག་གི་དམ་ཚིག་གཟུང་བ་ནི། སྲས་བཅས་སངས་རྒྱས་ཐམས་ཅད་དང་། ཞེས་སོགས་ལན་གསུམ་བྱའོ། །རྩ་་བ་དང་། ཡན་ལག་གི་བཅས་པའི་དམ་ཚིག་གི་ཚོགས་རྗེས་སུ་དྲན་པ་ལ། སྤང་བྱ་དྲན་པ་ནི། ཀུན་ནས་དང་བས་བླ་མ་ཡི། །ཞེས་པ་ནས། ཉིན་རེ་བཞིན་ནི་བཟླ་བར་བྱ། །ཞེས་པའི་བར་རྩ་བའི་ལྟུང་བ་ཡན་ལག་དང་བཅས་པའི་གཞུང་ལན་གཅིག་བྱའོ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །དཀོན་མཆོག་གསུམ་ནི་སྡང་མི་བྱ། །སོགས་ནས། མཁས་པས་ཆོ་ག་བཞིན་དུ་བྱ། །ཞེས་དབང་ཆུ་ལྟར་ལན་གཅིག་བརྗོད་དེ་རྒྱུན་བཤགས་ནས་འདི་ཡི་བར་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ཏེ་དོན་དྲན་བཞིན་དུ་བྱའོ། །གསུམ་པ་ཕྱི་རོལ་འབྱུང་པོའི་ཚོགས་གཏོར་མས་ཚིམ་པར་བྱ་བ་ནི། གཏོར་མ་རྣམས་ནང་མཆོད་ཆུ་ཆང་གིས་སྦྱངས་ལ་ལས་རྡོར་གྱིས་ཕྱག་བྱས་ཏེ། གཏོར་མ་བྱིན་གྱིས་བརླབ་ནས་འབུལ་བར་ཞུ། །ཞེས་བརྗོད། སྒྲུབ་ཐབས་ལྟར་བྱིན་གྱིས་བརླབ་ནས་མགྲོན་བསྐྱེད་པ། དབང་བསྐུར་རྒྱས་གདབ། མཆོད་གཏོར་འབུལ་བ། མཆོད་བསྟོད་ཕྲིན་བཅོལ་རྣམས་དབང་ཆུའི་ལྷ་སྟ་གོན་གྱི་སྐབས་ལྟར་བྱའོ། །འདས་གཏོར་མཎྜལ་སྒྲུབ་མཆོད་དང་མ་འབྲེལ་ན་རྒྱུན་གྱི་གཏོར་ཆོག་ལྟར་བྱ་དགོས་སོ། །མཆནསྒོས་ཀྱི་ཆོས་སྐྱོང་གུར་ཞལ་ལས་མགོན་སོགས་དང་མཁའ་འགྲོ་སྤྱི་གཏོར། གཞི་བདག་དབང་ཐོབ་པ་ལ་གཏོར་འབུལ་དང་། ཕྲིན་ལས་བཅོལ་པ་རྣམས་གཏོར་ཆོག་ལྟར་བྱ་ཞིང་། དབང་མ་ཐོབ་པའི་གཞི་བདག་ལ་གཏོར་མ་སྟེར་ན་སྒྲུབ་ཁང་གི་ཕྱི་རོལ་དུ་སོང་ལ། གཏོར་མ་ཆང་ཕལ་པ་དང་ཆུས་སྦྱོངས་ཞིང་། འདོད་རྒུ་འབྱུང་བའི་རྒྱ་མཚོར་བྱིན་གྱིས་བརླབ་ལ་འབྲུ་གསུམ་བརྗོད། ཨོཾ་བྷཱུ་མི་པ་ཏི་ཨཱ་ཀཪྵ་ཡ་ཛཿཞེས་པས་བཀུགཨ་ཀཱ་རོ་ལན་གསུམ་བརྗོད་པས་ཚིམ་པར་བསམ་ལ། གནས་བདག་ཡུལ་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྔོ་ཞིང་ཕྲིན་ལས་བཅོལ་ལ། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་གཞི་བདག་གཉུག་མར་གནས་པ་རྣམས། མཆོད་སྦྱིན་གྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་བདག་ཅག་དཔོན་སློབ་ཆོས་སྒྲུབ་པའི་སྡོང་གྲོགས་མཛོད་ཅིག །ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་འབྱུང་པོ་གདུག་པ་ཅན་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པ་གཞན་དུ་འགྲོ་བར་གྱིས་ཤིག །ཅེས་བརྗོད་ལ་ཁྲོ་བོའི་སྔགས་དང་། རོལ་མོ་དྲག་ཏུ་བྱ་ཞིང་གཏོར་མ་ལམ་གྱི་གཞི་མདོར་དོར་ལ་རྩ་སྔགས་སོགས་ཤུབ་བུར་བཟླ་ཞིང་ནང་དུ་འཇུག་གོ། སྤྲོས་པ་རྒྱས་ན་ཆོས་སྐྱོང་གི་བཟླས་བཤགས་སྐོང་བསྟོད་སོགས་སྐབས་དང་བསྟུན་ནས་བྱའོ། །བཞི་པ་དམ་ཚིག་དང་ལྡན་པའི་གང་ཟག་ནང་གི་སྦྱིན་སྲེགས་ཀྱིས་ཚིམ་པ་ནི། དཔོན་སློབ་ཐམས་ཅད་ཀྱིས་རྡོ་རྗེ་དང་བཅས་པའི་བདུད་རྩིས་གནས་གསུམ་དུ་བསང་གཏོར་བྱས་ལ་སྒོ་གསུམ་བྱིན་གྱིས་བརླབས། ལས་ཀྱི་རྡོ་རྗེས་དཔོན་སློབ་ཐུན་མོང་དུ་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔ་བཤམས། ཕྱག་བྱས་ལ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པཱ་རི་ཝ་ར་ཞེས་པ་ལ་ཉེར་སྤྱོད་ལྔ་ཡི་མཆོད་སྔགས་སོ་སོར་སྦྱར་ལ་རོལ་མོ་དང་བཅས་པས་དབུལ། ཡང་ལས་རྡོར་གྱིས་ཕྱག་བྱས་ལ། ཚོགས་ཀྱི་ཡོ་བྱད་བྱིན་རླབས་མཛད་པར་ཞུ། ཞེས་བརྗོད་ཅིང་ནང་མཆོད་ཀྱི་བདུད་རྩིས་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་ལ་ཁྱབ་པར་གཏོར། དཔོན་སློབ་ཐམས་ཅད་ཀྱིས་སྒྲུབ་ཐབས་ལྟར་བྱིན་གྱིས་བརླབས་ནས་ཐབས་ཤེས་རྫས་བཟའ་བཏུང་རྣམས་རང་བཞིན་གདོད་ནས་དག་པའི་ལྟ་བས་རྣམ་པར་ཤ་ལྔ། བདུད་རྩི་ལྔ། ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསྒྱུར་བས་འདོད་རྒུ་ཡིད་བཞིན་འབྱུང་བའི་སྤྲིན་ཆེན་པོར་གྱུར་པར་བསམ་ལ་ལག་གཉིས་རྒྱ་དང་བཅས། ངག་ཏུ། ཨོཾ་ཨཱཿཧཱུྃ་དང་། ཧ་ཧོ་ཧྲཱིཿམང་དུ་བརྗོད་ཅིང་བདུད་རྩིས་བསང་གཏོར་བྱ། དེ་ཡང་ཧས་ཁ་དོག་ཕུན་སུམ་ཚོགས་པ། ཧོས་དྲི་ཕུན་སུམ་ཚོགས་པ། ཧྲཱིཿས་ནུས་མཐུ་ཕུན་སུམ་ཚོགས་པ། འབྲུ་གསུམ་གྱིས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་བསམ། སླར་ཡང་ཚོགས་ཞིང་སྤྱན་དྲངས་པ་ནི། གནས་སྤྱི་བོ་བདེ་ཆེན་གྱི་རི་བོའི་སྤོར། །རྗེ་སྐུ་ཡི་རྡོ་རྗེ་ཡབ་ཡུམ་བཞུགས། །མ་མཁའ་འགྲོ་སོ་གཉིས་ཀྱི་འཁོར་གྱིས་བསྐོར། །སྐུ་ཟླ་ཤེལ་གསར་པའི་མདངས་འོད་ཅན། །གནས་འདིར་གཤེགས་མོས་པའི་བུ་ལ་དགོངས། །ཚོགས་མཆོད་པ་འབུལ་ལོ་བརྩེ་བས་བཞེས། །གནས་མགྲིན་པ་ལོངས་སྤྱོད་ཀྱི་གཞལ་མེད་ན། །རྗེ་གསུང་གི་རྡོ་རྗེ་ཡབ་ཡུམ་བཞུགས། །མ་མཁའ་འགྲོ་བཅུ་དྲུག་གི་འཁོར་གྱིས་བསྐོར། །སྐུ་པདྨ་རཱ་གའི་མདངས་འོད་ཅན། །གནས་འདིར་གཤེགས་མོས༴ །ཚོགས་མཆོད་པ་འབུལ་ལོ་བརྩེ་བས་བཞེས། །གནས་སྙིང་ག་ཆོས་ཀྱི་སྨན་ལྗོངས་ན། །རྗེ་ཐུགས་ཀྱི་རྡོ་རྗེ་ཡབ་ཡུམ་བཞུགས། །མ་མཁའ་འགྲོ་ཟུང་བཞིའི་འཁོར་གྱིས་བསྐོར། །སྐུ་ཨིནྡྲ་ནཱི་ལའི་མདངས་འོད་ཅན། །གནས་འདིར་གཤེགས་མོས༴ །ཚོགས་མཆོད་པ་འབུལ་ལོ་བརྩེ༴ །གནས་ལྟེ་བ་སྤྲུལ་པའི་ནགས་ཁྲོད་ན། །རྗེ་ཡོན་ཏན་རྡོ་རྗེ་ཡབ་ཡུམ་བཞུགས། །མ་མཁའ་འགྲོ་དྲུག་ཅུ་རྩ་བཞིས་བསྐོར། །སྐུ་ཛམྦུ་ཆུ་བོའི་མདངས་འོད་ཅན། །གནས་འདིར༴ཚོགས་མཆོད༴ །གནས་གསང་གནས་བདེ་སྐྱོང་གི་ཕོ་བྲང་ན། །རྗེ་ཕྲིན་ལས་རྡོ་རྗེ་ཡབ་ཡུམ་བཞུགས། །མ་མཁའ་འགྲོ་སོ་གཉིས་ཀྱི་འཁོར་གྱིས་བསྐོར། །སྐུ་མར་གད་གསར་པའི་མདངས་འོད་ཅན། །གནས་འདིར༴ །ཚོགས་མཆོད་པ༴ །ལུས་སྣང་སྟོང་སྤྲུལ་པའི་ཞིང་ཁམས་ན། །ཁམས་ཐབས་མཆོག་དཔའ་བོ་འཛུམ་དཀར་བཞད། །ལུས་ཐ་མལ་དུ་སྣང་བ་དབྱིངས་སུ་ཡལ། །སེམས་གསལ་བ་གཞོན་ནུའི་ལང་ཚོ་ལ། །དབྱིངས་སྟོང་པའི་དགའ་མས་འབྲལ་མེད་འཁྱུད། །ཡོངས་ཟུང་འཇུག་གི་ཟློས་གར་ཨ་ལ་ལ། །ཕ་གདན་གསུམ་ཚང་བའི་ཧེ་རུ་ཀཿ། གནས་འདིར་གཤེགས་མོས་པའི་བུ་ལ་དགོངས། །ཚོགས་མཆོད་པ་འབུལ་ལོ་དགྱེས་པར་བཞེས། །ལུས་སྣང་སྟོང་སྤྲུལ་སྐུར་བྱིན་གྱིས་རློབས། །ངག་གྲགས་སྟོང་ལོངས་སྐུར་བྱིན༴ཡིད་རིག་སྟོང་ཆོས་སྐུར་བྱིན༴ །བདག་ཡོན་ཏན་རྒྱ་མཚོར་བྱིན༴ །བདག་ཕྲིན་ལས་རྡོ་རྗེར་བྱིན༴ །ལུས་རང་ངོ་ཤེས་པར་བྱིན་གྱིས་རླབས། །སེམས་རང་ངོ་ཤེས་པར་བྱིན་གྱིས་རློབས། །ཅེས་ཚར་ཆེན་རིན་པོ་ཆེའི་ཚོགས་འཁོར་གྱི། ཕ་གསོལ་བ་འདེབས་སོ་རྡོ་རིང་པ། །བུ་མི་མངོན་དབྱིངས་ནས་ཐུགས་རྗེས་སྐྱོངས། །ཞེས་པའི་ཚིགས་གཉིས་བྱུང་། དེའི་དོན་བསྡུས་ཚིག་རྐང་གཅིག་གསར་དུ་འཛུད་པ་ལ་ཡེ་ཤེས་ཀྱི་མཁའ་འགྲོར་བཟོད་བར་གསོལ་ལོ་མཆན། དོ་ཧ་ལས་བྱུང་བའི་རྡོ་རྗེའི་གསུངས་བྱིན་རླབས་ཅན་དང་། འོག་མིན་གསང་མཆོག་རྡོ་རྗེ་བཙུན་མོའི་མཁའ། །སྐུ་གསུམ་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ནས། །ཐབས་དང་ཤེས་རབ་གཉིས་མེད་བདག་ཉིད་ཅན། །བཅོམ་ལྡན་ཀྱེ་ཡི་རྡོ་རྗེའི་དཀྱིལ་འཁོར་ལ། །རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་དང་། །ཡི་དམ་ལྷ་ཚོགས་དཔའ་བོ་རྣལ་འབྱོར་མ། །ཆོས་སྐྱོང་སྲུང་མ་ནོར་ལྷའི་ཚོགས་དང་བཅས། །ལོངས་སྤྱོད་ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན། །ཚད་མེད་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ས་མ་ཡ་ཛཿཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿཞེས་བརྗོད། སེམས་ཀྱིས་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་སངས་རྒྱས་བྱང་སེམས་བླ་མ་དང་བཅས་པ་ཐམས་ཅད་ཀྱེ་རྡོ་རྗེའི་ལྷ་དགུའི་རྣམ་པར་སྤྱན་དྲངས་ནས་མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ་པར་བསམ་མོ། །དེ་ནས་ཆང་ལ་སོགས་པའི་བཏུང་བ་ཐམས་ཅད་ཀྱི་ཕུད། ཤ་ལ་སོགས་པའི་བཟའ་བ་ཐམས་ཅད་ཀྱི་ཕུད་བསྡུས་ལ་ཆ་གཉིས་སུ་བྱས་པའི་ཆ་གཅིག་ཐོད་པར་བཅུག་ལ་དཀྱིལ་འཁོར་གྱི་མདུན་དུ་བཞག །ཕྱག་བྱས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ལ་སྨན་ཕུད་འབུལ་བར་ཞུ། ཞེས་བརྗོད། གཞན་རྣམས་ནང་མཆོད་འཐོར་བཞིན་དཔོན་སློབ་ཐམས་ཅད་ཀྱིས། དམན་པའི་སྤྱོད་ཡུལ་དག་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་བསྟོན་བྱའི་དམ་ཚིག་མཆོག །དངོས་གྲུབ་རྣམ་གཉིས་ཀུན་གྱི་གཞིར་གྱུར་པ། །ཟག་མེད་བདུད་རྩི་མཆོག་གི་མཆོད་པ་འདི། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་དངོས། །དྲན་པས་སྲིད་ཞིའི་རྒུད་པ་ཀུན་སེལ་བའི། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །རྡོ་རྗེ་འཆང་ཆེན་བདག་མེད་རྣལ་འབྱོར་མ། །གྲུབ་ཆེན་བིཪྺ་པ་དང་ནག་པོ་པ། །ཌཱ་མ་རུ་པ་ཨ་ཝ་དྷཱུ་ཏི་མན་ངག་ལུགས་དང་། །ཕྱག་མཚོ་སྐྱེས་ལུགས། རྡོར་བི་ལ་སྱེ་ནི་བཛྲི། །ཡན་ལག་མེད་པའི་རྡོ་རྗེའི་ཞལ་དུ་ཨོཾ༴པདྨའི་མྱུ་གུ་ཨིནྡྲ་བྷཱུ་ཏི་དང་། ནག་པོ་སྤྱོད་པ་བྲམ་ཟེ་དཔལ་འཛིན་ཞབས། །ཌོཌོམྦིའི་ལུགས་ཀྱི་བརྒྱུད་པ། མྦིའི་པ་དང་ཨ་ལ་ལ་བཛྲ། །ནག་ཁྲོད་གརྦྷའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །བསོད་ནམས་པ་དང་ཐུབ་དཀའ་ཟླ་བ་དང་། །དཔའ་བོ་རྡོ་རྗེ་ག་ཡ་དྷ་རའི་ཞབས། །མི་བསྐྱོད་ཞེ་སྡང་རོལ་པའི་རྡོ་རྗེ་དང་། །ཀུན་དགའ་སྙིང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །རྗེ་བཙུན་སྐུ་མཆེད་པཎ་ཆེན་ཁུ་དབོན་དང་། །དཀོན་མཆོག་དཔལ་དང་བྲག་ཕུག་བསོད་ནམས་རྒྱལ། །དཔལ་མཚུངས་བུདྡྷ་ཤྲཱི་ངོར་ཆེན་རྗེ། །སེམས་དཔའ་ཆེན་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །བདག་ཆེན་ཀུན་སྤངས་ཀུན་དགའ་ལེགས་པ་དང་། །ཚར་ཆེན་མཁྱེན་བརྩེ་གཞོན་བློ་ཀླུ་སྒྲུབ་ཞབས། །དོན་རྒྱལ་བསླབ་གསུམ་དབང་རབ་ངག་ཆོས་རྗེ། །བསོད་ནམས་མཆོག་ལྡན་ཞལ་དུ་ཨོཾ་ཨཱཿཧཱུྃ། །རིན་ཆེན་མཆོག་གྲུབ་མཁྱེན་རབ་བྱམས་པའི་དཔལ། །ཀུན་དགའ་ལྷུན་གྲུབ་ལེགས་འབྱུང་ཀུན་བློའི་ཞབས། །ནམ་མཁའ་འཆི་མེད་ཀུན་དགའ་བསྟན་འཛིན་དང་། །བསྟན་པའི་རྒྱལ་མཚན་ཞལ་དུ་ཨོཾ་ཨཱཿཧཱུྃ། །ངག་གི་དབང་ཕྱུག་རཏྣ་བཛྲ་དང་། །འཇམ་དཔལ་དབྱངས་དངོས་བློ་གཏེར་དབང་པོའི་ཞབས། །ལམ་འདིའི་བཀའ་དྲིན་དངོས་སུ་འདོམ་མཛད་པའི། །རྩ་བའི་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཞན་ཡང་ཚད་མེད་ཐུགས་རྗེའི་སྤྲིན་མཛེས་ལས། །དབང་བསྐུར་རྒྱུད་བཤད་མན་ངག་བདུད་རྩི་ཡིས། །བདག་བློའི་ཐར་པའི་མྱུ་གུ་འཕེལ་མཛད་པ། །དངོས་བརྒྱུད་བླ་མའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཡང་དགྱེས་རྡོར་མན་ངག་ལུགས་རྐྱང་པའི་བརྒྱུད་པ་ལ་སྤྲོ་ན། ཌཱ་མ་རུ་པ་ཨ་ཝ་དྷཱུ་ཏི་དང་། །ག་ཡ་དྷ་རའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །རྡོ་རྗེ་འཆང་དངོས་བླ་ཆེན་འབྲོག་མི་དང་། །སེ་སྟོན་མཁར་ཆུང་ཞང་སྟོན་ཆོས་འབར་དང་། །དགྱེས་མཛད་དངོས་སྣང་བསྟན་པའི་སྲོལ་འབྱེད་ཆེ། །ཀུན་དགའི་སྙིང་པོའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྗེ་བཙུན་སྐུ་མཆེད་མན་དཀྱུས་ལྟར་རོ། །དེ་ནས། ཨཥྚ་དང་། དེ་ཝ་པི་ཙུ་དང་། ཀ་ཏ་རཱི་དང་། ཨོཾ་ཨཱཿཨ་ཨཱ། ཨི་ཨཱི་སོགས་དང། ཨོཾ་ཨཱཿགཾ་ཧཱུྃ་ཕཊ་སྭཱ་ཧཱ་ནས། ཨོཾ་ཨཱཿཌྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བའི་བར་བརྗོད་ཅིང་། ཁྱད་པར་དྲན་པ་ཙམ་གྱིས་ལྷན་སྐྱེས་ཀྱི། །ཡེ་ཤེས་རྨད་དུ་བྱུང་བ་སྦྱིན་མཛད་པ། །བཅོམ་ལྡན་ཀྱེ་ཡི་རྡོ་རྗེ་ལྷ་མོ་བརྒྱད། །དཀྱིལ་འཁོར་རབ་འབྱམས་ཞལ་དུ་ཨོཾ་ཨཱཿཧཱུྃ། །གཞན་ཡང་བྱ་བ་སྤྱོད་པ་རྣལ་འབྱོར་དང་། །རྣལ་འབྱོར་བླ་མེད་རྒྱུད་དང་རྗེས་འབྲེལ་བའི། །གང་འདུལ་སྒྱུ་འཕྲུལ་དྲ་བའི་རྣམ་རོལ་ཅན། །ཡི་དམ་ལྷ་ཚོགས་ཞལ་དུ་ཨོཾ་ཨཱཿཧཱུྃ། །ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཡ་ཨོཾ་ཨཱཿཧཱུྃ། །ཨོཾ་ཤྲཱི་དྷརྨཱ་པཱ་ལ་ཙ་ཏུརྨུ་ཁཱ་ཡ་ཨོཾ་ཨཱཿཧཱུྃ། །གཞན་ཡང་ཆོས་འཁོར་སྲུང་ཞིང་སོགས་ནས། སྐལ་པ་དང་ལྡན་པར་གྱུར་ཅིག་ཨོཾ་ཨཱཿཧཱུྃ། ཞེས་པའི་བར་དབང་ཆུ་ལྟར་བརྗོད། སྒྲིབ་པ་གཉིས་ཀྱི་དྲི་མ་ཀུན་བསལ་ནས། །བཟུང་འཛིན་རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས་ཀྱི་དངོས། །བདེ་བ་ཆེན་པོའི་མཆད་པས་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ། །ཞེས་བརྗོད། བཟའ་བཅའ་སྣོད་གཅིག་ཏུ་བསྡུས་པ་ཆ་གསུམ་དུ་བསྒོས་ལ་ཕུད་དང་པོ་བླ་མ་དཀོན་མཆོག་ལ་འབུལ་བ་ནི་ལས་རྡོར་གྱིས་ཕྱག་བྱས་ལ། བླ་མ་དང་དཀྱིལ་འཁོར་ལྷ་ལ་ཚོགས་ཕུད་འབུལ་བར་ཞུ། ཞེས་བརྗོད། ཁྱབ་བདག་རྡོ་རྗེ་འཆང་དབང་ནས་བཟུང་སྟེ། །པཎ་གྲུབ་དབང་པོ་བི་རུ་པ་ལ་སོགས། །འཕགས་བོད་བརྒྱུད་པའི་བླ་མ་ཐམས་ཅད་ལ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །སྤངས་རྟོགས་མཐར་ཕྱིན་རྒྱལ་བ་སྲས་བཅས་དང་། །ཡི་དམ་དཀྱིལ་འཁོར་འཁོར་ལོ་རབ་འབྱམས་སོགས། །སྐྱབས་གནས་མཆོད་འོས་རྒྱ་མཚོ་ཐམས་ཅད་ལ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །བཞེས་ནས་བདག་དང་མཐའ་ཡས་སེམས་ཅན་ཀུན། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་རྫོགས་ཤིང་། །མཆོག་དང་ཐུན་མོང་དངོས་གྲུབ་རྣམ་གཉིས་ཀྱིས། །ཕན་བདེའི་དགའ་སྟོན་རྒྱས་པར་བྱིན་གྱིས་རློབས། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ཨོཾ་ཨཱཿཀ་རོ་སོགས་ཀྱིས་ཕུལ། ཚོགས་ཕུད་བར་པ་ཡི་དམ་ལ་ཕུལ་ཏེ། ཨོཾ་ཨཱཿཧཱུྃ། །ཨེ་དབྱིངས་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་དུ། །ཝྃ་ཡིག་བདེ་བ་ཆེན་པོའི་རོལ་རྩེད་ལས། །ཟུང་འཇུག་བཅོམ་ལྡན་དགྱེས་པ་རྡོ་རྗེའི་གར། །བརྟན་གཡོ་ཐམས་ཅད་ཡེ་ཤེས་ལྔའི་དཀྱིལ་འཁོར། །མཚན་མའི་ཆོས་ཀུན་མི་འགྱུར་རྡོ་རྗེར་སྡོམ། །འཇིགས་མཛད་ཧེ་རུ་ཀ་དཔལ་སྙིང་རྗེའི་བདག །ལོངས་སྤྱོད་ཡོངས་རྫོགས་དཀྱིལ་འཁོར་ལྷ་ཚོགས་ལ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མ་དག་འཁྲུལ་པའི་སྣང་བ་རྒྱུན་ཆད་ཅིང་། ཏིང་འཛིན་ཉམས་ཀྱི་བར་ཆད་འཕྲང་ལས་སྒྲོལ། །རྩ་རླུང་ཐིག་ལེའི་དྭངས་མ་སྟོབས་སུ་སྨིན། །འོད་གསལ་དབྱིངས་ཀྱི་རྟོགས་པ་གོང་དུ་འཕེལ། །རྩ་ཡི་མདུན་གྲོལ་ས་ལམ་མཐར་ཕྱིན་ཅིང་། །སྒྲིབ་པ་གསུམ་བྲལ་སྨྱོ་མེད་ཀྱེ་རྡོ་རྗེ། །སྙིང་རྗེ་ཆེ་དང་ཟག་མེད་བདེ་བའི་ཉམས། །མཁའ་ལྟར་ཁྱབ་བའི་དངོས་གྲུབ་སྩལ་དུ་གསོལ། །གཽ་རཱི་ནག་མོ་ཆོམ་ཀུན་བརྩོད་ཀྱི་མདོག །རོ་ལངས་སེར་མོ་གྷསྨ་རི་ལྗང་གུ། །པུཥྐ་སཱི་སྔོན་རི་ཁྲོད་མ་དཀར་མོ། །གཏུམ་མོ་སྔོ་སངས་གཡུང་མོ་མདོག་སྣ་ཚོགས། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་འཁོར་བཅས༴སོགས། །མི་བསྐྱོད་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་དང་། །རྣམ་སྣང་རབ་དགའ་ཤུདྡྷ་ཌཱ་ཀི་ནི། །རིན་ཆེན་ནམ་མཁའ་དྲི་མེད་མཁའ་འགྲོ་མ། །དཔག་མེད་མེ་ཏོག་པདྨ་ཌཱ་ཀི་དང་། །དོན་ཡོད་རེ་སྐོང་སྣ་ཚོགས་མཁའ་འགྲོ་མ། །ཟག་མེད་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་འཁོར་བཅས༴སོགས། ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ཀ་ཡ་ཝཱ་ཀ་ཙིཏྟ་ཨིནྜ་སོགས་གཏོར་སྔགས་ལན་གསུམ་བརྗོད་ལ་དབུལ། ཕུད་ཐ་མ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས་ལ་འབུལ་ཏེ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་ཡེ་ཤེས་འབར་བའི་མེ་བོ་ཆེས། །ལོགས་འདྲེན་བགེགས་ཀྱི་བུད་ཤིང་ཀུན་བསྲེགས་ནས། །གྲུབ་གཉིས་སྣང་བ་རྟག་ཏུ་རྒྱས་མཛད་པའི། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཐམས་ཅད་དང་། །སྒྲུབ་པ་པོ་ཡི་རྒྱུད་ལ་ལྷན་སྐྱེས་ཀྱི། །ཡེ་ཤེས་རྨད་དུ་བྱུང་བའི་དཔལ་སྟེར་བ། །གནས་ཡུལ་དུར་ཁྲོད་ཀུན་ན་བཞུགས་པ་ཡི། །སྤྲུལ་པའི་གར་མཛད་དཔའ་བོ་རྣལ་འབྱོར་མ། །བསོད་ནམས་ནོར་བུའི་སྤྲིན་ཆེན་རོལ་པ་ལས། །འདོད་རྒུའི་གྲུ་ཆར་ལྷུག་པར་འབེབས་མཁས་པས། །སྲིད་ཞིའི་འབྱོར་པ་མཐའ་དག་སྦྱིན་མཛད་པའི། །གནོད་སྦྱིན་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་དང་། །གཞན་ཡང་ཡུལ་ལྷ་གཞི་བདག་རིག་དྲུག་མགྲོན། །ཐམས་ཅད་ཡེ་ཤེས་གཅིག་གི་བྱིན་རླབས་པས། །དཀྱིལ་འཁོར་འཁོར་ལོའི་གཟུགས་སུ་ཡོངས་ཤར་བ། །ཞལ་ཟས་བདུད་རྩིའི་ཚོགས་ཀྱི་མཆོད་པ་འབུལ། །བཞེས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ལམ་གྱི་འགལ་རྐྱེན་མཐའ་དག་ཉེར་ཞི་ཞིང་། །མཐུན་རྐྱེན་མ་ལུས་ཡིད་བཞིན་འགྲུབ་པ་དང་། །མཆོག་ཐུན་དངོས་གྲུབ་ཐོབ་པའི་ཕྲིན་ལས་མཛོད། །ཅེས་དང་། ཆོས་སྐྱོང་སོ་སོའི་གཏོར་སྔགས་དང་། མཁའ་འགྲོ་སྤྱི་གཏོར་གྱི་སྔགས་ལན་གསུམ་རེས་ཕུལ། ག་བུར་གུར་གུམ་སྦྱར་བའི་ཞབས་བསིལ་སྤྲེང་། །ཡིད་འོང་མངར་གསུམ་ལྡན་པའི་ཞལ་བསིལ་དང་། །དག་པའི་ཆུ་ཡི་འཐོར་ཐུང་རབ་ཏུ་གཙང་། །ཡན་ལག་བརྒྱད་ལྡན་མཆོད་ཡོན་རྒྱ་མཚོ་དང་། །རབ་མཛེས་མཚར་སྡུག་རྫོགས་པའི་མེ་ཏོག་བཞད། །བདུག་སྤོས་སྤྲིན་གྱི་དུད་པས་ཕྱོགས་ཀུན་ཁྱབ། །ཉི་ཟླ་ནོར་བུའི་སྒྲོན་མེའི་སྣང་གསལ་དང་། །དྲི་ཞིམ་བཟང་པོའི་ཆབ་ཀྱི་སྦུ་ཕྲེང་གཡོ། །རོ་བརྒྱ་ལྡན་པའི་ཞལ་ཟས་སྣ་ཚོགས་དང་། །དབྱངས་བདུན་སྙན་འགྱུར་རྫོགས་པའི་རོལ་མོར་བཅས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་ལ་འབུལ། །མཆོག་ཏུ་དགེས་པའི་སེམས་ཀྱིས་བཞེས་ནས་ཀྱང་། །བདེ་ཆེན་མཆོག་གི་དངོས་གྲུབ་རྩལ་དུ་གསོལ། །ཨོཾ་བྷ་ག་ཝཱན་མ་ཧཱ་ཀ་རུ་ཎི་ཀ་ཧེ་བཛྲ་ས་པཱ་རི་ཝཱ་ར་སོགས་རེ་རེ་བཞིན་སྦྱར་བའི་ཆུ་བཞི་དང་ཉེར་སྤྱོད་རོལ་མོ་དང་བཅས་པ་དབུལ། ཧཱུྃ་ཨྃ་གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ་ཨོཾ་ཨཱཿཧཱུྃ། ཀྱེ་རྡོ་རྗེའི་ལྷ་དགུའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །རྡོར་དྲིལ་འཛིན་བཞིན། དཀར་མོ་རི་དྭགས་སོགས་དང་། ཁྱོད་ནི་རྣལ་འབྱོར་མ་ཚོགས་སོགས་དང་། མི་བསྐྱོད་རྡོ་རྗེ༴སོགས་ནས། སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་པའི་བར་བྱའོ། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་སྟེ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང་། །གཞན་ཡང་ཡེ་ཤེས་གཅིག་གི་རྣམ་རོལ་ལ། །མཆོག་དང་དམན་པའི་རྟོགས་པ་མ་དམིགས་ཕྱིར། །ཡུལ་ལྷ་གཞི་བདག་རིགས་དྲུག་ཚོགས་བཅས་ལ། །འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ། །ཞལ་ཟས་ཚོགས་ཀྱི་མཆོད་པ་ཕུལ་བའི་མཐུས། །འགྲོ་ལ་ཕན་བདེ་མ་ལུས་འབྱུང་བའི་སྒོ། །རྒྱལ་བའི་བསྟན་པ་ཡུན་རིང་གནས་པ་དང་། །བསྟན་འཛིན་སྐྱེས་བུ་ཐམས་ཅད་ཞབས་བརྟན་ཅིང་། །བཤད་སྒྲུབ་ཕྲིན་ལས་འཕེལ་བར་མཛད་དུ་གསོལ། །འཇིག་རྟེན་པ་ཀུན་ཡང་དག་ལྟ་བ་ལ། །གུས་ཤིང་རྣམ་དཀར་ལས་ལ་བརྩོན་པའི་མཐུས། །སྣོད་བཅུད་ཕུན་སུམ་ཚོགས་པའི་ངོ་མཚར་གྱི། །དགེ་མཚན་ནུབ་པ་མེད་པ་མཛད་དུ་གསོལ། །གཞན་ཡང་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནས་སྐབས་འཇིགས་ཆེན་བརྒྱད་དང་བཅུ་དྲུག་སོགས། །དམ་ཆོས་སྒྲུབ་ལ་འཚེ་བའི་འགལ་རྐྱེན་ཀུན། །ཞི་བའི་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ། །ཚེ་བསོད་དཔལ་འབྱོར་ཐོས་བསམ་ཤེས་རབ་དང་། །ཁྱད་པར་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན། །གོང་ནས་གོང་དུ་འཕེལ་ཞིང་བརྟན་པ་ཡིས། །གྲུབ་གཉིས་དགའ་སྟོན་རྒྱས་པར་མཛད་དུ་གསོལ། །བརྟན་གཡོ་སྣོད་བཅུད་ཐམས་ཅད་སྐད་ཅིག་ཙམ། །དྲན་པའི་མོད་ནས་དབང་དུ་བགྱིད་ནུས་པའི། །བརྟུལ་ཞུགས་ཟླ་མེད་སྔགས་རིགས་གྲུབ་པ་ཡི། །ཕུན་ཚོགས་མཐའ་དག་འདུ་བར་མཛད་དུ་གསོལ། །ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་པའི། །ནག་པོའི་རྩ་ལག་སྡེར་བཅས་དཔུང་ཚོགས་ཀུན། །དྲག་པོའི་ཕྲིན་ལས་མཆོག་གིས་ཚར་བཅད་ནས། །མིང་གི་ལྷག་མ་བགྱིད་པར་མཛད་དུ་གསོལ། །ཚེ་ཡི་མཐའ་ཡང་དཔལ་ལྡན་བླ་མ་དང་། །དབྱེར་མེད་བཅོམ་ལྡན་ཀྱེ་ཡི་རྡོ་རྗེ་ལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་མདུན་བདར་ནས། །འོག་མིན་གནས་སུ་འཁྲིད་པར་མཛད་དུ་གསོལ། །མདོར་ན་མྱུར་དུ་ཟུང་འཇུག་དབུ་མ་ཆེའི། །གོ་འཕང་མཆོག་དེ་མངོན་གསུམ་བརྙེས་པ་དང་། །དེ་མ་ཐོབ་པར་ཚེ་རབས་ཐམས་ཅད་དུ། །དོན་གཉིས་ཡིད་བཞིན་འགྲུབ་པར་མཛོད་དུ་གསོལ། །ཞེས་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་རང་ལྷར་གསལ་བར་བསྒོམ་པའི་ཁ་ཧོམ་ཁུང་དང་། ལག་པ་གཉིས་ཧཱུྃ་ལས་རྡོ་རྗེའི་གཟར་བུ་གཉིས་དང་། ལྟེ་བར་རྃ་ལས་གཏུར་མོ་འབར་བའི་མེ་ལྕེའི་ཁྲོད་ན་འཇིག་རྟེན་པའི་ཚོགས་དང་། སྙིང་གར་བྃ་ལས་པདྨའི་སྟེང་དུ་དཀྱིལ་འཁོར་ཀྱི་ལྷ་ཚོགས་དང་རང་གི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་ཀྱང་ལྷར་གསལ་བ་དང་ལྕེ་ཧཱུྃ་དུ་གྱུར་བ་བསྒོམ་ལ་རྡོ་རྗེའི་བཟླས་པ་ཅུང་ཟད་བྱ་ཞིང་ལྷའི་ང་རྒྱལ་དང་གསལ་སྣང་ཐ་མལ་གྱི་རྟོག་པ་འགྱུར་ངེས་སུ་བསྒོམ་པར་གསུངས། ཡོན་བདག་དམ་ལྡན་ཡོད་ན་དེས་ཕྱག་བྱས་ལ་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་པའམ། །དམ་ལྡན་མེད་ན་ལས་ཀྱི་རྡོ་རྗེས་བྱ་སྟེ། རྡོ་རྗེ་འཛིན་སོགས་དགོངས་སུ་གསོལ། །བདག་གིས་ཚོགས་ཀྱི་ཁྱད་པར་འདི། །དྭངས་བའི་སེམས་ཀྱིས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་གསོལ་བ་བཏབ་ཅིང་མེ་ཏོག་དོར། སློབ་དཔོན་གྱིས། ཨེ་མ་ཧོ་ཡེ་ཤེས་ཆེན་པོ་རྣམས། །ཚོགས་ཆེན་འབར་བས་ཉོན་མོངས་བསྲེགས། །འདི་འདྲའི་བདེ་བ་ཐོབ་འགྱུར་བ། །ཀུན་གྱིས་ཨ་ཧོ་སུ་ཁ་བརྗོད། །ཅེས་བརྗོད་པའི་རྗེས་སུ་ཐམས་ཅད་ཀྱིས། ཨ་ཧོ་སུ་ཁ་བྷ་གཱ་ནཱ་མ། །ཨ་ཧོ་པུ་པྲ་ཡཾ་ནཾ། །མ་ཧཱ་མུ་དྲཱ་པ་བྷི་ནཾ། །པྲ་བརྟ་ནྲྀ་ཏེ་ན་ནཾ། །ཏ་རནྟེ་ན་ཧཱུྃ་ཧ་རྗེ་བཙུན་གྱི་གསུང་ལ་མི་འདུག །ཧ་ཧོ་ཧོ་ཧོ། ཞེས་བརྗོད་དེ་ནས་ལས་ཀྱི་རྡོ་རྗེས་ཐམས་ཅད་ཀྱི་མདུན་དུ་ཐོད་པའམ་མ་འབྱོར་ན། ཐོད་པ་བསམ་པའི་སྣོད་ཆང་གིས་བཀང་བར་བཞག་ལ། སློབ་དཔོན་ལ་ཕྱག་དང་། པད་སྐོར་དང་། གཞན་རྣམས་ལ་པད་སྐོར་སྔོན་དུ་འགྲོ་བས་ཐོད་པ་ལག་པ་གཡས་པས་བཟུང་། གཡོན་པའི་མཐེབ་སྲིན་གྱིས་ཤ་ཅུང་ཟད་བཟུང་ལ་ཐོད་པའི་སྟེང་ནས་དགབ་སྟེ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། ཞེས་སོགས་བརྗོད། ལེན་པ་པོས་ཀྱང་། བདེ་གཤེགས་ཆོས་ནི་རིན་ཐང་མེད། །འདོད་ཆགས་དྲི་མ་རྣམ་པར་སྤངས། །གཟུང་དང་འཛིན་བ་དང་བྲལ་བ། དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཞེས་བརྗོད་ཅིང་གཉིས་ཀས། ཨ་ཧོ་སུ་ཁ། ཞེས་བརྗོད་ལ། ལས་ཀྱི་རྡོ་རྗེས་དམ་ཚིག་མ་ཐོབ་ཀྱི་བར་དུ་ལག་ཏུ་བཟུང་། དམ་ཚིག་ཐོབ་པ་དང་སྟེགས་ཀྱི་སྟེང་དུ་བཞག །དེ་ལས་ཤ་ལ་སོགས་པའི་བཟའ་བ་རྣམས་སློབ་དཔོན་ལ་ཉིས་འགྱུར་དང་། གཞན་རྣམས་ལ་ཆེ་ཆུང་མེད་པར་རིམ་གྱིས་དྲངས། སྟོབ་པ་པོས། ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་ལག་པ་གཉིས་ཀས་སྟབས། ལེན་བ་པོས། ཨ་ཧོ་སུ་ཁ་ཞེས་བརྗོད་ཅིང་བླངས་ལ། བཟའ་བཏུང་རྣམས་སྟེགས་མེད་པར་ས་ལ་མི་བཞག །ཡོ་བྱད་ཐམས་ཅད་སྟབས་ཚར་བ་དང་རང་ལྷའི་འདུ་ཤེས་དང་རྣམ་པར་མ་འཁྲུལ་བའི་ངང་ནས་ནང་གི་སྦྱིན་སྲེགས་གསལ་བཏབ་ལ་ཚིམ་པར་བཟའ་བའོ། །དེ་ཡང་སྡོམ་བརྩོན་རྣམས་ཀྱིས་དམ་ཚིག་གི་རྫས་ཤ་ཆང་ལྕེ་ལ་རེག་ཙམ་དང་། གཞན་རྣམས་ཤ་ལྔ་བདུད་རྩི་ལྔར་མོས་པ་བྱ་བ་དང་། རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དམ་ཚིག་གིས་རྫས་ལ་རན་པར་ལོངས་སྤྱོད་པ་ལས་སྲེད་པའི་དབང་གིས་ཆང་མ་མྱོས་ཀྱི་བར་དུ་བཏུང་བ་དང་། ཧ་ཅང་འགྲང་བར་ལོངས་སྤྱོད་པ་ནི་དགག་བྱ་ཡིན་ལ། བསད་ཤ་སོགས་ལ་ལོངས་སྤྱོད་པ་ནི་གཏན་དུ་བཀག་གོ། ལྔ་པ་ཕྱི་ནང་གི་མཁའ་འགྲོ་མ་རྣམས་གླུ་གར་གྱི་ཚིམ་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུ་བ་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་དམིགས་པ་བརྟན་པ་དང་། བདག་དང་ཚོགས་པ་རྣམས་སྲུང་བར་བྱ་བའི་དོན་དུ་རྣལ་འབྱོར་དཔའ་བོ་དང་དཔའ་མོ་ལྷའི་ང་རྒྱལ་གྱིས་རྡོ་རྗེའི་གླུ་གར་རྒྱས་པར་བྱ་བའམ། མ་གྲུབ་ན་སྔར་གྱི། ཨ་ཧོ་སུ་ཁ་སོགས་རྐང་པ་བཞི་པ་ལ། གླུ་གར་བྱ་བ་ནི་སྐུའི་འཁོར་ལོའོ། །འདི་ཡང་མ་ཤེས་ན་འོག་ནས་རྡོར་གླུ་བྱས་པས་ཀྱང་མཐུས་པར་སེམས་ཏེ་རྗེ་བཙུན་གྱི་ཁ་ཟས་ཀྱིས་ཚིམ་བའི་རྗེས་ལ་ལྷག་མ་ཅུང་ཟད་པོར་ལ་གླུ་གར་གྱིས་ཚིམ་པའི་དོན་དུ་ཀོལླ་སོགས་ཅི་ཤེས་དང་། ཞེས་གསུངས་སོ། །ཆོས་བཤད་པ་ནི། སྐབས་འདིར་ཡོན་བདག་ཚོགས་བསགས་པའི་ཕྱིར། སློབ་དཔོན་དེ་ཁོ་ན་ཉིད་ཀྱི་དོན་ལ་ཅུང་ཟད་མཉམ་པར་བཞག་ནས། དོན་ཐབས་ཤེས་རབ་དང་ལྡན་པའི་ཆོས་ཟབ་མོ་བཤད་པར་གསུངས་བ་ལས། དཔལ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་བཞིན་གཤེགས་པའི་རིགས་ལྔ་ཡབ་ཡུམ་གྱིས། བྱང་ཆུབ་ཀྱི་སེམས་བཀའ་སྩལ་བ་འདི་ལྟར་གདའ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ས་བོན་གྱི་ཐིག་ལེ་ཐོས་ནས། སེམས་གསལ་བ་སྒྲུབ་པ་ཉེ་བར་གྱུར་ནས་ཚིག་འདི་དག་གསུངས་པ། སེམས་པ་མེད་ཅིང་བསྒོམ་པ་མེད། །སྔགས་མེད་ལྷ་ཡང་མེད་པ་སྟེ། །སེམས་ཀྱི་རྡོ་རྗེ་ལས་བྱུང་བ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་འཁོར་ལོའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྔགས་མེད་བཟླས་པའང་ཡོད་མ་ཡིན། །འཁོར་བ་གསུམ་པོ་ཐམས་ཅད་མེད། །ཆོས་ཀྱི་དབྱིངས་ཀྱིས་རང་བཞིན་གྱིས། །བསྒོམ་པ་དང་ནི་བསྒོམ་པ་མེད། །བཅོམ་ལྡན་འདས་རིན་པོ་ཆེའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཀུན་རྫོབ་འཇིག་རྟེན་པ་ཡང་ཡོད། །དཔྱད་ན་གོང་དུ་འཇིག་རྟེན་པ། །རྟག་ཏུ་འཇིག་རྟེན་པ་ཉིད་འཁོར། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་པདྨའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །མ་སྐྱེས་པ་དང་མི་དམིགས་པ། །མི་ཕྱེད་ནམ་མཁའ་ལྟ་བུ་སྟེ། །ཟབ་ཅིང་ཞི་བའི་རང་བཞིན་ནི། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་རལ་གྲིའི་དམ་ཚིག་གིས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྒྱུ་མ་ཇི་ལྟར་མེ་ལོང་ལྟར། །ནམ་མཁའ་ཇི་ལྟར་བདེ་ཇི་ལྟར། །ཇི་ལྟར་དངོས་པོ་ཡོངས་ཤེས་པ། །འདི་ནི་བྱང་ཆུབ་རིམ་བསྟན་པའོ། །བཅོམ་ལྡན་འདས་མཁའ་འགྲོ་མ་བདག་མས་དེ་སྐད་ཅེས་བཀའ་སྩལ་ཏོ། །སྟོང་ཉིད་དྲི་མེད་དམ་པའི་གནས། །རྨི་ལམ་སྒྱུ་མའི་རང་བཞིན་ཉིད། །ཇི་སྲིད་མ་ཞིག་བར་དུ་ནི། །སེམས་ཀྱི་རང་བཞིན་བསྒོམ་པར་གྱིས། །མཱ་མ་ཀཱའི་འོ། །སྲིད་མེད་མྱ་ངན་འདས་པ་འང་མེད། །འདི་ནི་བདེ་ཆེན་རྡོ་རྗེ་སྟེ། །གང་ཞིག་ཡིད་ཀྱི་བསྒོམ་པ་བསྒོམ། །སྤྱན་གྱིའོ། །སྔགས་དང་ཡི་གེ་རྣམ་པ་སྤངས། །དེ་ནི་སེམས་མེད་ཐིག་ལེ་མེད། །འདི་དེ་དམ་པའི་བདེ་ཆེན་ཏེ། །བྲི་བ་མེད་ཅིང་གང་བ་མེད། །གོས་དཀར་མོ་ཡིའོ། །གཟུགས་བརྙན་རང་བཞིན་ཇི་ལྟ་བར། །དེ་ལྟར་དངོས་པོ་བསྒོམ་བར་བྱ། །སྟོང་ཉིད་དྲི་མེད་མཆོག་གི་གནས། །དེར་ནི་བསོད་ནམས་སྡིག་པ་མེད། །སྒྲོལ་མའི་འོ། །ཇི་ལྟར་ཆུ་ནང་ཟླ་བ་དེ། །བདེན་མེད་རྫུན་པ་མེད་པ་སྟེ། །དེ་ལྟར་དཀྱིལ་འཁོར་འཁོར་ལོ་ནི། །ལུས་གྱི་རང་བཞིན་རྙོགས་པ་མེད། །འཁོར་ཐམས་ཅད་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་གསུངས་པ་རྣམས་ཀྱི་དོན་ལ་ཐུགས་མཉམ་པར་འཇོག་པར་ཞུ། ཅེས་དང་ལོངས་སྐབས་དང་ཚོགས་པ་མང་དུ་ཡོད་ན་རྩ་རྒྱུད་བརྟག་གཉིས་ཚར་གཅིག་གསུངས་ན་རྒྱུད་མཆོད་ཤིན་ཏུ་ལེགས་པས་དེ་ལྟར་ན་གང་དུ་མཉམ་པར་མཇོག་པ་དང་མཚམས་སུ། རིག་བ་འཛིན་པ་སོ་སོ་ནས་ཀྱང་རྒྱུད་ཀྱི་ཚིག་ཟབ་མོ་རེ་གསུངས་པར་ཞུ། ཞེས་བརྡའ་སྤྲོད་ནས་ཐམས་ཅད་ལ་བཀྲམ་པའམ་ལྷན་གཅིག་ཏུ་ཚར་གཅིག་བཏོན་པ་གང་བབ་བྱའོ། །དེ་ནི་གསུང་གི་འཁོར་ལོའོ། །དྲུག་པ་ལུས་ཀྱི་དཀྱིལ་འཁོར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཚིམ་པ་ནི། རྣལ་འབྱོར་པར་བ་རྣམས་ཀུན་ཏུ་རྒྱུའི་སྤྱོད་པ་ལ་བརྟེན་ནས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་སྐྱེ་བའི་ངང་ལ་མཉམ་པར་བཞག་པའམ། རླུང་སོགས་ཀྱི་ནུས་པ་དམན་པའམ་རབ་བྱུང་རྣམས་ཀྱིས་ནི་མར་གྱི་ཉིང་ཁུ་དང་མ་ད་ན་བསྲེས་པ་སྙིང་གར་བྱུགས་ལ་ལག་པས་ཅུང་ཟད་མཉེས་ཏེ། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་བསྒོམ་པ་སྙོམས་པར་ཞུགས་པ་དང་སྤྱི་བོར་བླ་མ་སྣང་བ་ཐམས་ཅད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་དྲན་པར་བྱ་ཞིང་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་བསམ་པ་ནི་ཐུགས་ཀྱི་འཁོར་ལོ་སྟེ་ཀུན་ཏུ་རྒྱུས་སྤྱོད་པ་དེ་མེད་ན་ནི་དཔའ་བོའི་སྟོན་མོ་ཞེས་བྱའོ། །དེ་དང་ལྡན་པ་ནི་ཚོགས་འཁོར་ཞེས་བྱའོ། །ཞེས་རྗེ་བཙུན་རིན་པོ་ཆེས་གསུངས་སོ། །དངོས་གཞི་ཚིམ་པ་དྲུག་བསྟན་ཟིན་ཏོ། །མཐར་དེའི་སྨོན་ལམ་རྗེ་མཁྱེན་རྩེའི་ཞབས་ཀྱི་མཛད་པ་ནི། ཏིང་ངེ་འཛིན་གྱི་སྤྲུལ་པའི་དཀྱིལ་འཁོར་ལྷ། །ཕྱི་ནང་མཆོད་པའི་སྤྲིན་གྱི་ཕུང་པོ་ཡིས། །ཟག་མེད་བདེ་ཆེན་ངང་དུ་ཚིམ་པའི་མཐུས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག །སྙིང་དབུས་པདྨོ་གེ་སར་བཞད་པའི་རྩེར། །རང་སེམས་བླ་མ་ཡི་དམ་དབྱེར་མེད་པ། །ཡེ་ཤེས་བདུད་རྩིས་ཚིམ་པའི་བྱིན་རླབས་ཀྱིས། །གཉིས་འཛིན་འཁྲུལ་བའི་ཀུན་རྟོག་འཆིང་གྱུར་ཅིག །ཆོས་སྐྱོང་འབྱུང་པོའི་ཚོགས་རྣམས་ཇི་སྙེད་པ། །རྣམ་མང་འདོད་ཡོན་རྒྱ་མཚོ་འཇོ་བའི་དཔྱིད། །བཟའ་བཅའ་བཏུང་བའི་གཏོར་མས་ཚིམ་པ་ལས། །བར་ཆད་ཀུན་སེལ་ཕྲིན་ལས་འགྲུབ་པར་ཤོག །སྨིན་བྱེད་དབང་ཐོབ་སྡོམ་གསུམ་ལ་གནས་པའི། །རྣལ་འབྱོར་པ་རྣམས་ཁྱད་པར་བཟའ་བ་ཡིས། །དམ་ཚིག་ཚོགས་ཀྱི་འཁོར་ལོས་ཚིམ་པ་དང་། །ཏིང་འཛིན་ཟས་ལ་རྟག་ཏུ་སྤྱོད་གྱུར་ཅིག །སྐྱེ་མཆེད་ལྷ་རྣམས་རྡོ་རྗེའི་གླུ་གར་དང་། །བདེ་སྟོང་རོལ་མོའི་སྒྲ་ཡིས་ཉེར་ཚིམ་ནས། །གང་ཤར་སྣང་བ་ལྷ་དང་ཡེ་ཤེས་ཀྱིས། །དག་པའི་སྣང་བ་གཅིག་ཏུ་འཆར་བར་ཤོག །དངོས་ཀུན་བདེ་ཆེན་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་མཆོག་གི་རྟག་ཏུ་ཚིམ་པ་ལས། །འཁོར་འདས་དབྱེར་མི་ཕྱེད་པའི་ཐིག་ལེ་རུ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་གྱུར་ཅིག །མདོར་ན་ཕྱི་ནང་དཀྱིལ་འཁོར་འཁོར་ལོ་ཀུན། །ཟག་མེད་ཚོགས་ཀྱི་འདུ་བས་མཉེས་པའི་མཐུས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་པར་ཤོག །གསུམ་པ་རྗེས་ཀྱི་བྱ་བ་ལ། ཕྱི་རོལ་གྱི་འབྱུང་པོ་ལ། ཕྲིན་ལས་གཞོལ་ཕྱིར་ལྷག་མ་བསྔོ་བ། ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུས་ཏེ་རྡོར་གླུ་བཀྲ་ཤིས་བྱ་བ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་པ་ལ་མཆོད་བསྟོད་དང་ཆོས་སྐྱོང་ལ་གཏོར་མ་བཏང་བ། དངོས་གྲུབ་ཞུ་ཞིང་ལྷག་ཆད་ཁ་སྐོང་དང་བརྟན་བཞུགས་གཤེགས་གསོལ་བྱ་བ། བདག་ཉིད་ཀྱི་སྐྱེ་མཆེད་བྱིན་གྱིས་བརླབ་བ་དང་། སྲུང་བ་བྱས་ཏེ་བསགས་པ་འབྲས་བུ་ལྡན་པར་བྱ་བའི་ཕྱིར་སྨོན་ལམ་གདབ་པ། ཤིས་བརྗོད་རྒྱས་བར་སྤེལ་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱ་བ་དང་དྲུག་ལས། དང་པོ་ཕྱི་རོལ་གྱི་འབྱུང་པོ་ལ་ཕྲིན་ལས་གཞོལ་ཞིང་ལྷག་མ་བསྔོ་བ་ནི། ལྷག་མ་གཙོ་བོའི་དྲུང་དུ་བཞག་ལ་ཕྱག་བྱས་ཏེ། ལྷག་མའི་གཏོར་མ་བྱིན་རླབས་མཛད་པར་ཞུ། ཞེས་བརྗོད་སློབ་དཔོན་གྱིས་བདུད་རྩི་ཅུང་ཟད་ཁར་བཏུང་སྟེ་འབར་བའི་ཕྱག་རྒྱ་བཅས་བྷྲཱུྃ་དང་། ཕེཾ་གང་རང་བརྗོད་པ་བསྟུན་ལ་ལྷག་གཏོར་ལ་ཁ་འཕྲུ་བཏབ། དཀྱིལ་འཁོར་གྱི་ཕུད་ནས་ལྷག་མ་ཅུང་ཟད་བསྲེ། ཆུ་ཆང་གིས་བྲན་ལ། ཨོཾ་ཨཱཿཧཱུྃ། ལྷག་མའི་གཏོར་མ་ཞལ་ཟས་བདུད་རྩིའི་སྤྲིན། །འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ། །ཟག་པ་མེད་པ་ནམ་མཁའི་མཛོད་ལྟ་བུ། དཔག་ཡས་སྲིད་ཞིའི་ཁམས་ཀུན་ཁྱབ་པར་གྱུར། །ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ཨ་ཀཱ་རོའི་སྔགས་ཀྱིས་བསྔོས་བའམ། ཨུཙྪིཥྚ་བ་ལིང་ཏ་བྷཀྵ་སཱི་སྭཱ་ཧཱ། ལན་གསུམ་མམ་བདུན་གྱིས་བསྔོས་ལ་སེ་གོལ་བརྡབ། རྡོ་རྗེའི་ཐུགས་ཀར་དང་། དྲིལ་བུ་ཆིག་བརྡུང་བྱ་ཞིང་། ལྷ་ཡི་ཚོགས་རྣམས་མ་ལུས་དང་། སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་དང་། ལྷག་མ་ལ་དབང་བའི་འབྱུང་པོ་ནམ་མཁའ་དང་མཉམ་པ་རྣམས་ཚིམ་པར་གྱུར་ལ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བར་ཆད་ཞི་བར་མཛོད་ཅིག །ཅེས་བརྗོད་ལ། ཐོད་པ་ལྟག་སྤྲོད་ཀྱི་ཌཱ་མ་རུ་གཡས་གཡོན་བསྐོར་ཞིང་། ཕྲེཾ་ཧཱུྃ་གི་སྒྲ་དང་ལྡན་བར་དཀྲོལ། མཚན་མོ་ཡིན་ན་མེ་སྒྲོན་དང་བཅས་ཏེ་ལམ་གྱི་གཞི་མདོ་འམ། ཐག་རིང་བར་བསྐྱལ་ལོ། །གཉིས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྡུས་ཏེ་རྡོ་གླུ་བཀྲ་ཤིས་བྱ་བ་ནི། རྡོ་རྗེ་འཛིན་ཞིང་དྲིལ་བུ་ལྡིང་ཁུགས་སུ་དཀྲོལ་ཞིང་། ཀོ་ལ་ཨེ་ར་ཥྚི་སོགས་རྡོར་གླུ་དང་བཀྲ་ཤིས་སྨོན་ལམ་སྒྲུབས་ཐབས་ལྟར་ལ། བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བ་ཤོག །ཅེས་པའི་མཚམས་སུ། རྡོ་རྗེ་འཛིན་སོགས་ཕྱག་འཚལ་ལོ། །ཁྱོད་ལ་རབ་ཏུ་དྭངས་བ་ཡིས། །མཆོད་པའི་ཚོགས་ནི་རབ་ཕུལ་བས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །འཁོར་བའི་སྡུག་བསྔལ་སྤང་ནས་ནི། །བདེ་མཆོག་རྡོ་རྗེ་འཛིན་རྒྱལ་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཅེས་སོགས་དཀྱུས་བཞིན་ནོ། །གསུམ་པ་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བ་ལ་མཆོད་བསྟོད་བྱ་སྟེ་མཆོད་པ་བྱིན་རླབས་དང་ཕྱི་ནང་ཡིད་བྱུང་གི་མཆོད་པ་བསྟོད་བ་རྣམས་དབང་ཆུའི་རྗེས་རིམ་ལྟར་བྱ། །དེ་ནས་ཆོས་སྐྱོང་ལ་གཏོར་མ་སྟབས་པ་ནི། འདས་གཏོར་སྲུང་མའི་དོན་དུ་བཞག །གཞན་རྣམས་གྲིབ་གནོན་གྱི་གདོན་སྲུང་ཕྱིར་དཔལ་འབར་དང་བཅས་ཕྱི་རོལ་དུ་ཁྱེར་ཏེ་སྤྱི་སྟབས་དང་། སྲིད་ཞི་དཔལ་འབྱོར་མའི་ཕྲིན་བཅོལ་བྱ། སྒྲུབ་མཆོད་ཆེན་པོའི་སྐབས་སོགས་ལ་བཀྲ་ཤིས་རྗེས་སྤྱི་སྟབས་མཛད་ཀྱང་འདིར་བྱས་པས་རུང་བར་སེམས་སོ། །བཞི་པ་དངོས་གྲུབ་ཞུ་ཞིང་ལྷག་ཆད་ཁ་སྐོང་བ་དང་བརྟན་བཞུགས་གཤེགས་གསོལ་བྱ་བ་ནི། བདག་དང་སེམས་ཅན་ཐམས་ཅད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དང་། གནས་སྐབས་སུ་བྱང་ཆུབ་ཀྱི་སེམས་གཉིས་དང་། རིམ་པ་གཉིས་ཀྱི་མངོན་པར་རྟོགས་པའི་ཡོན་ཏན་མ་ལུས་པའི་དངོས་གྲུབ་རྩལ་དུ་གསོལ། ཞེས་དངོས་གྲུབ་བླང་། ཡིག་བརྒྱ་ལན་གསུམ་གྱི་རྗེས་སུ། མ་འབྱོར་པ་དང་སོགས་ཀྱི་མཐར། ཁྱེད་ཀྱིས་སེམས་ཅན་གྱི་ཁམས་ལ་རྗེས་སུ་བརྩེ་བས་བཀའ་སྩལ་ཞིང་། དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་ཏེ་སེམས་ཅན་གྱི་དོན་མཛད་ན་སོ་སོའི་སྐྱེ་བོ་རྣལ་འབྱོར་ལ་དབང་མ་ཐོབ་པ་རྣམས་བརྗེད་ངེས་པས་ཡོ་བྱད་མ་ཚང་པ་ལ་སོགས་བཉེས་པ་གང་ཅུང་ཟད་བགྱིས་པ་དེ་དག་བཟོད་པར་མཛད་དུ་གསོལ། ཞེས་ནོངས་བ་བཟོད་པར་གསོལ། རྟེན་ཡོད་ན། ཕྱོགས་བཅུ་ན་སོགས་ཀྱིས་བརྟན་བཞུགས་བྱ། །ཚོམ་བུའི་དཀྱིལ་འཁོར་དང་། རྟེན་མེད་པའི་གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས། ཨོཾ། ཁྱེད་ཀྱི་སོགས་ནས། ཨོཾ་ཨཱཿཧཱུྃ་བཛྲལམ་དུས་བྱ་བྲལ་མར་འདུགམུཿ། ཞེས་པས། ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རྣམས་ཛཿཧཱུྃ་བྃ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། ལྔ་པ་སྐྱེ་མཆེད་བྱིན་རླབས་དང་། སྲུང་བ་བྱས་ཏེ་སྨོན་ལམ་གདབ་པ་ནི། རང་གི་མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས་སྲུང་བ་བྱ་བ་རྣམས་སྒྲུབ་ཐབས་ནས་འབྱུང་བ་ལྟར་རོ། །དྲུག་པ་ཤིས་བརྗོད་རྒྱས་བར་སྤེལ་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱ་བ་ནི་སློབ་མ་དང་སྦྱིན་བདག་རྣམས་ཀྱི་གསེར་ལ་སོགས་པའི་ཡོན་དབུལ་ལ་སློབ་དཔོན་གྱིས། བསོད་ནམས་མཐར་ཐུག་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དགེ་བའི་རྩ་བ་འདིས་གཙོ་བྱས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་ལ་བརྟེན་ནས། སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པ་གྱིས་ཞེས་བརྗོད་ལ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཚོགས་པ་ཐམས་ཅད་ཀྱི་མཐུན་འགྱུར་བྱ། དཔོན་སློབ་ཐུན་མོང་དུ། དགེ་བ་འདི་ཡི་ནམ་མཁའི་མཐའ་ཀླས་པའི། སོགས་ནས། བསྟན་ལ་བྱ་བ་བྱེད་པར་ཤོག་ཅེས་དང་། རྩ་རྒྱུད་ཕྱི་མའི་བརྒྱད་པར་གསུངས་པའི་སྨོན་ལམ་དབང་བཞི་དང་སྦྱར་བ། ཞལ་བརྒྱད་བཅུ་དྲུག་ཕྱག་ཅན་རིགས་སུ་སྐྱེ། །རྩ་བ་ཡན་ལག་སྲུང་བའི་དམ་ཚིག་ཅན། །ཐ་མལ་རྣམ་པར་རྟོག་པས་སྨྱོ་མེད་བ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱཻ་ཡི་རྡོ་རྗེ་ངོ་བོ་ཉིད་གསུམ་སྟོན། །བུམ་དབང་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་འཛིན་དང་མི་འབྲལ་ཞིང་། །ཟབ་མོའི་རྒྱུད་རྒྱལ་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་བདུད་རྩི་ལྔ་ལ་སྤྱོད། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྩ་ཡིག་སྐྱོན་མེད་གསང་དབང་རིགས་སུ་སྐྱེ། །ཐུན་ཆག་རྣམ་རྟོག་ལས་སྲུང་དམ་ཚིག་ཅན། །བསམ་གཏན་སྒྲིབ་པ་ཀུན་གྱི་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཀྱཻ་ཡི་རྡོ་རྗེ་རང་བྱུང་ཡེ་ཤེས་སྟོན། །གསང་དབང་བསྐུར་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །རྡོ་རྗེ་དྲིལ་བུ་རོ་རྐྱང་དབུ་མར་འཛུག །ཟབ་མོའི་དྲིལ་ཆེན་སྒྲ་འཛིན་སྒྲོགས་པ་དང་། །བཙུན་མོའི་ཁུ་བ་ཁམས་དགུ་འདུས་པ་ཅན། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ༴ །བདུད་རྩི་སྐྱོན་མེད་གསུམ་པའི་རིགས་སུ་སྐྱེ། །ཐིག་ལེ་གནོད་པ་རྣམས་སྤངས་དམ་ཚིག་ཅན། །གསུམ་པའི་ཉམས་དང་མ་བྲལ་སྨྱོ་མེད་པར། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ༴ །ཀྱཻ་ཡི་རྡོ་རྗེ་ལྷན་སྐྱེས་ཡེ་ཤེས་སྟོན། །གསུམ་པ་དབང་བའི་བླ་མ་ལ་གུས་ཤིང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ༴ །རྡོ་རྗེ་དྲིལ་བུ་མཁའ་གསང་མཉམ་པར་སྦྱོར། །ཟབ་མོ་བདེ་བའི་ཉམས་དང་མི་འབྲལ་ཞིང་། །བཙུན་མོ་ཕྱག་རྒྱ་བསྟན་དང་མི་འབྲལ་བ། །སྐྱེ་ཞིང་སྐྱེ་བ༴ །སྙིང་པོ་སྐྱོན་མེད་བཞི་པའི་རིགས་སུ་སྐྱེ། །ཐིག་ལེ་འཛགས་པ་བསྲུང་བའི་དམ་ཚིག་ཅན། །སྒྲིབ་པ་གསུམ་དང་བྲལ་བས་སྨྱོ་མེད་པ། །སྐྱེ་ཞིང་སྐྱེ་བ༴ཀྱཻ་ཡི་རྡོ་རྗེ་ཤིན་ཏུ་རྣམ་དག་སྟོན། །བཞི་པ་བསྐུར་བའི་བླ་མ་ལ་གུས་པ། །སེམས་ཅན་ཀུན་ལ་སྙིང་རྗེ་དང་ལྡན་པ། །སྐྱེ་ཞིང་སྐྱེ་བ་ཀུན༴ །རྡོ་རྗེ་དྲིལ་བུ་པད་ཅན་མཁའ་གསང་སྦྱོར། །ཟབ་མོ་བདེ་བའི་ཉམས་དང་མི་འབྲལ་ཞིང་། །བཙུན་མོ་པདྨ་ཅན་གྱི་ཐིག་ལེ་འདྲེན། །སྐྱེ་ཞིང་སྐྱེ་བ་ཀུན་ཏུ་འགྱུར་བར་ཤོག །ཅེས་དང་། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སོགས་ནས། དེ་ཡིས་སངས་རྒྱས་ཉིད་ཐོབ་ཤོག །ཅེས་སེམས་ཅན་གྱི་དོན་དུ་བསྔོས་ལ། སློབ་དཔོན་གྱིས་སླར་ཡང་། དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བསྟེན་ནས། ཕན་བདེའི་འབྱུང་གནས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བསྟན་པའི་རྩ་ལག་དམ་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་དམ་པ་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཁྱད་པར་ཅན་ཐམས་ཅད་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ད་ལྟ་ཞལ་བཞུགས་པའི་སྐྱེས་བུ་དམ་པ་རྒྱུད་སྡེ་བཞི་ལ་ཀློག་པ་ཐོས་བསམ་གྱི་འཁོར་ལོ་མཛད་པ་རྣམས་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བར་གྱུར་ཅིག །རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་སྤོང་བ་བསམ་གཏན་གྱི་འཁོར་ལོ་མཛད་པའི་སྒྲུབ་པ་པོ་ཐམས་ཅད་ཀྱིས་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །དེ་དག་གི་བྱིན་རླབས་དང་ནུས་མཐུ་ལ་བརྟེན་ནས། སྦྱིན་བདག་ཆེ་གེ་མོ་ཞེས་བགྱི་བ་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཞི་བ་དང་། ལུས་དང་ལོངས་སྤྱོད་དང་སྐལ་པ་དང་དགེ་བ་སྒྲུབ་པའི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག །བདག་ཅག་དཔོན་སློབ་སྦྱིན་བདག་འཁོར་དང་བཅས་པའི་རིམ་པ་གཉིས་ཀྱི་མངོན་པར་རྟོགས་པའི་ཡོན་ཏན་དང་། ཚེ་དང་། བསོད་ནམས་དང་། དཔལ་དང་། འབྱོར་པ་དང་། ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །གཞན་ཡང་ས་ཕྱོགས་འདི་ཉིད་ཀྱི་གཙོས་བྱས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཁྲུགས་ལོང་དང་། རིམས་ནད་མེད་ཅིང་ལོ་ལེགས་པ་དང་བཀྲ་ཤིས་པ་ལ་སོགས་པའི་དགེ་ལེགས་ཐམས་ཅད་ཀྱིས་ཁྱབ་པར་གྱུར་ཅིག །མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱང་ཆོས་དགེ་བ་བཅུ་ལ་གནས་ཤིང་རྡོ་རྗེ་ཐེག་པའི་སྣོད་དུ་གྱུར་ཅིག །ཅེས་པ་རྣམས་ལ་ཚོགས་པས་མཐུན་འགྱུར་དང་། ཐུན་མོང་དུ། བླ་མེད་བླ་མའི་ཐུགས་རྗེ་དང་། །སོགས་ཀྱིས་བསྔོ་བ་དང་། སྨོན་ལམ་རྒྱ་ཆེར་བྱས་ལ། ཡོན་བདག་སྤྲོ་བ་བསྐྱེད་པའི་ཕྱིར། ཨེ་མ་སེམས་ཅན་ཆེན་པོ་ཁྱོད། །དེང་ནས་སངས་རྒྱས་རྣམས་ཀྱིས་ནི། །ཁྱོད་ལ་རབ་ཏུ་དགོངས་འགྱུར་ཞིང་། །སངས་རྒྱས་ཉིད་དུ་འགྱུར་བས་ན། །འབྲས་བུ་ཆེན་པོ་མཐོང་ནས་ནི། །ཡིད་ཆེས་པ་ཡིས་བརྩོན་པར་བྱོས། །ཞེས་དང་། གསང་བར་གདམས་པ་ནི། སྔགས་ཀྱི་ཀུན་སྤྱོད་འདི་རྣམས་གཞན་ལ་སྨྲས་ན། །དམྱལ་བ་ལ་སོགས་པའི་སྡུག་བསྔལ་མཐོང་བར་འགྱུར་བས་ཁྱེད་རྣམས་ཀྱི་སུ་ལ་ཡང་སྨྲ་བར་མ་བྱེད་ཅིག །ཅེས་བརྗོད། དྲུག་པ་ཤིས་པར་བྱ་བ་ནི། ལག་གཡས་རྡོ་རྗེ་དང་བཅས་པས་མེ་ཏོག་འཐོར། གཡོན་པས་དྲིལ་བུ་བསིལ་བཞིན། མཚུངས་མེད་བླ་མ༴སོགས་དང་། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཅི་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། མཐར་རོལ་ཆེན་དང་བཅས་ཏེ་དགེ་ལེགས་སུ་བྱའོ། །རྫས་དམན་པ་རྣམས་ཆུ་བོར་དོར་ལ་མེ་ཏོག་གི་ཕྲེང་བ་སོགས་བསྡུས་ལ་ལས་སོགས་རྗེས་མི་མངོན་པར་བྱའོ། །རྗེས་ཀྱི་ས་བཅད་དྲུག་པོ་འདི་ཆོས་རྗེ་ས་སྐྱ་པཎྜི་ཏ་དང་ངོར་ཆེན་རྡོ་རྗེ་འཆང་གི་གསང་བ་ཀུན་རྒྱན་གཉིས་གོ་རིམ་མཐུན་པར་གསུངས་ཤིང་། ཀུན་བཟང་རྣམ་རོལ་དུ་གོ་རིམ་ཅུང་མི་འདྲ་ཡང་ད་ལྟའི་ཕྱག་ལེན་དང་ཕྱི་མ་མཐུན་ཤས་ཆེ་ཞིང་སྟབས་བདེ་བས་དེ་ལ་གཙོ་བོར་བརྟེན་ནས་ཅུང་ཟད་གོ་རིམ་འཁྲུགས་བསྡེབས་བྱས་པ་ལ་མཁས་པའི་དབང་པོ་རྣམས་ཀྱིས་དཔྱད་པར་ཞུ། དེ་རྣམས་ཚོགས་མཆོད་རྒྱས་པར་བྱ་བའི་ཚུལ་ལོ། །དེ་ལས་བསྡུ་ན་སྔོན་འགྲོ་བརྡ་དང་བརྡ་ཡི་ལེན་དང་། མཎྜལ་ཞུ་འབུལ་རྣམས་མི་དགོས། ཚོགས་ཀྱི་བྱིན་རླབས་ཚར་ནས། དམན་པའི་ཡུལ་ལས་རབ་འདས་ཤིང་། སོགས་ཤྭ་ལོ་ཀ་གཉིས་ཀྱིས་མ་ད་ནའི་ཕུད་འབུལ། ཞལ་ཟས་རོ་བརྒྱ་སོགས་ཀྱིས་མཐར་བླ་ཡི་དམ་ཆོས་སྐྱོང་གི་གཏོར་སྔགས་ལན་གསུམ་རེ་ཚོགས་ཕུད་འབུལ། དེ་ནས་དྲང་པ་བྱ་ཞིང་ལྷག་གཏོར་ལ་ཁ་ཕྲུ་དང་། འབྲུ་གསུམ་གྱི་བྱིན་རླབས་ལ་སྔགས་ལན་གསུམ་གྱིས་བསྔོ། ལྷ་ཡི་ཚོགས་དང་སོགས་བརྗོད། ཐོག་མཐའི་ཞུ་འབུལ་རྣམས་དོར། རྗེས་ཀྱི་ཆོ་ག་རྣམས་སྒྲུབ་ཐབས་དང་། དབང་ཆུ་ལྟར་བྱ་བ་ལས་ཁ་སབ་མི་དགོས། ཤིན་ཏུ་བསྡུ་ན། བདག་བསྐྱེད་བཟླས་པ་བསྡུ་བའི་རྗེས། མཆོད་པ་བྱིན་རླབས་དང་། ཕྱི་ནང་ཡིད་བྱུང་གི་མཆོད་བསྟོད་གཏོར་འབུལ་ཚོགས་མཆོད་བྱ་བ་ལས་མཎྜལ་སྒྲུབ་མཆོད་མི་དགོས་ཏེ། ཆོས་རྗེའི་ཚོགས་འཁོར་གྱི་ཆོ་ག་ལས། མདུན་བསྐྱེད་མཎྜལ་མ་བཤད་དོ། །སྟ་གོན་སྔོན་དུ་འགྲོ་བའི་སྒྲུབ་མཆོད་དང་འབྲེལ་ན་བདག་འཇུག་དང་དམ་ཚིག་གསུམ་གྱི་གླུ་བླང་བ་བདེན་པ་བསྒྲགས་པ་དང་། འདས་མ་འདས་ལ་གཏོར་མ་དབུལ་བ་རྣམས་གྲུབ་པའི་རྗེས་སུ་ཚོགས་བྱིན་རླབས་ལ་འཇུག་པས་ཆོག་པར་སེམས་སོ། །རྩ་བའི་ས་བཅད་དྲུག་པ་དེ་ལྟར་བྱས་པའི་ཕན་ཡོན་ནི། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལྷ་རྣམས་མཉེས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་གནང་བར་འགྱུར་བ་དང་། ཡན་ལག་གི་དམ་ཚིག་ཉམས་པར་རྣམས་འདག་པ་དང་། མཁའ་འགྲོ་དང་ཆོས་སྐྱོང་གི་ཐུགས་དང་འགལ་བ་རྣམས་ཞི་ཞིང་མཉེས་པར་འགྱུར་བ་དང་། བདག་ཉིད་ཀྱི་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པར་བྱེད་ཅིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་དོ། །མདོར་ན་གནས་སྐབས་སུ་བར་ཆད་ཞི་བ་དང་། བསམ་པ་འགྲུབ་པ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་འགྱུར་ཏེ། བརྟག་གཉིས་ལས། གང་དུ་ཟོས་པས་འདོད་དོན་ཀུན། །སྒྲུབ་པ་ཅན་གྱི་དངོས་གྲུབ་འགྱུར། །ཞེས་དང་། ཇི་སྐད་དུ། ཚེ་རབས་ཕྱི་མར་གནས་ནི་གར་སྐྱེས་ཀྱང་། །ཡོ་བྱད་ཆུང་བ་དག་ཏུ་མི་འགྱུར་ཞིང་། །རྟག་ཏུ་ཆོས་ཀྱི་འཁོར་ལོས་བསྒྱུར་བ་དང་། །རིན་ཆེན་ནོར་དང་འབྲུ་ལ་ལོངས་སྤྱོད་ཅིང་། །རྫས་དང་ཡོ་བྱད་ལྡན་པའི་སྐྱེས་བུར་འགྱུར། །ཞེས་རྒྱུ་མཐུན་གྱི་འབྲས་བུ་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ནམ་མཁའ་མཛོད་ལ་དབང་། ཚེ་ཕྱི་མ་མ་ཟད་ཚེ་འདི་ལའང་མཐོང་ཆོས་སུ་སྨིན་པར་འགྱུར་བ་དང་། གཞན་ཡང་སྔ་འགྱུར་གྱི་རྒྱུད་རྡོ་རྗེ་དྲྭ་བ་ལས། བསོད་ནམས་ནང་ན་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །གེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཅེས་ཕན་ཡོན་མཐའ་ཡས་པར་གསུངས་སོ། །བདུན་པ་ཚོགས་འཁོར་གྱི་བསླབ་བྱ་ནི། རང་དང་ཚོགས་པ་ཐམས་ཅད་ལ་ལྷའི་འདུ་ཤེས་བཟའ་བཏུང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་འདུ་ཤེས། ལོངས་སྤྱོད་པ་ཐམས་ཅད་ལ་ལྷ་མཆོད་པའི་འདུ་ཤེས། ཐམས་ཅད་ཀྱང་རང་བཞིན་སྟོང་པ་ཉིད་དུ་ཤེས་པ་སྟེ་འདུ་ཤེས་འདི་རྣམས་དང་མི་འབྲལ་བར་བྱས་ན། ཨཱརྱ་དེ་ཝས། ནམ་མཁའ་ལྡིང་དུ་བསྒོམས་པ་ཡི། །དུག་རྣམས་ཐམས་ཅད་ཟ་བར་བྱེད། །ཅེས་གསུངས་པ་ལྟར། འདུ་ཤེས་འདི་རྣམས་དང་ལྡན་པས་ཚོགས་ལ་ལོངས་སྤྱོད་དགོས་པ་ནི་གནད་གལ་བོ་ཆེ་ཡིན་ནོ། །ལས་དང་པོ་པས་ཚོགས་ཀྱི་སྐབས་དང་། ཡེ་ཤེས་ལ་བརྟན་པ་ཐོབ་པས་ཡུལ་ཉེར་བཞིན་རྒྱུ་བའི་དུས། བརྡའི་སྐད་ཀྱིས་མ་སྨྲས་ན། །ཡེ་ཤེས་ཀྱི་མཁའ་འགྲོས་བྱིན་གྱིས་མི་རློབས། ལས་ཀྱི་མཁའ་འགྲོས་བར་ཆད་འབྱུང་བ་གསུངས་པ། ཆང་ལ་མ་དཱ་ན། ཤ་ལ་བཱ་ལ། བཟའ་བ་ལ་ཏྲི་པི་ཏ། ཚོད་མ་ལ་མ་ཏི་ན་དྷ་ན། ཐོད་པ་ལ་པདྨ་བྷ་ཉྫན། ཅང་ཏེའུ་ལ་ཀྲི་པི་ཏ། དབང་ཐོབ་དམ་ལྡན་ལ་ཀ་ལཉྫ་ར། དེ་ལས་ལྡོག་བ་དུནྡྷུ་ར། རུས་རྒྱན་ལ་ནི་རཾ་སུ། འོང་བ་ལ་ཕྲེམ་ཁ་ན། འགྲོ་བ་ལ་ཁེ་ཏྲ་པ། སྐྱེས་པ་ལ་ཌ། བུད་མེད་ལ་ཌི། ཞེས་སོགས་དགྱེས་དྷོར་བདེ་མཆོག་ལས་གསུངས་པའི་བརྡ་རྣམས་ལ་བྱང་བ་དང་། མན་སྨྱོ་ལས། ཟས་ལ་དཔྱད་མི་གདགས་པར་མང་དུ་བཟའ། ཅི་སྙེད་བ་བཏུང་། སྣོད་སྟོང་པར་མི་བཞག །ཟས་ས་རྗེན་ལ་མི་བཞག །ཚོགས་ཀྱི་གཙོ་བོ་ལ་སྣོད་གཉིས། གཞན་ལ་རེ་རེ། བདེ་མཆོག་ལྟར་ན་ཐམས་ཅད་སྣོད་གཅིག་ཏུ་བཟའ། སྣོད་མུ་དང་ཁ་ད་ཆེད་དུ་མི་དགང་། འདྲེན་པ་དང་ལེན་པ་ཐམས་ཅད་ལག་པར་གཉིས་ཀས་དྲོང་ཞིང་། གཉིས་ཀས་བླངས། ཚོགས་ཀྱི་གཙོ་བོ་ལ་འདྲེན་པ་དང་ལེན་པ་ན་ཕྱག་བྱ། འགྲོ་ན་ཚོགས་ཀྱི་གཙོ་བོ་ལ་ཕྱག་བྱས་ཏེ་ཞུ། འོངས་པ་ན་ཕྱག་བྱ། གཞན་ཡང་བྱ་བ་ཐམས་ཅད་ཕྱག་བྱས་ཏེ་ཞུ། སྤྱོད་ལམ་གྱིས་ཤུགས་ཀྱིས་འགྲོ་དགོས་པ་བྱུང་ན་མི་དགག །བྲེལ་བ་གཞན་བྱུང་ནས་འགྲོ་དགོས་བྱུང་ན། མཁྱེན་པར་གསོལ་བཟོད་པར་གསོལ་ཏེ་འགྲོ། རྩོད་བ་བྱེད་པ་བྱུང་ན་གདོན། འདོན་མ་ནུས་ན་རང་གཞན་དུ་འགྲོ། གཙོ་བོས་བཀའ་མ་བསྒོས་པར་སྟན་ལ་མི་འདུག །གླུ་གར་དང་། རོལ་མོ་དང་དྲིས་ལ་ལན་དང་མ་ལེགས་པར་སྨྲ་བར་མི་བྱ། རྐང་པ་བརྐྱངས་ཏེ་མི་འདུག །ལུས་མ་བསྡོམས་བར་མི་འདུག་བཟའ་བཏུང་དང་། རྣལ་འབྱོར་ཕོ་མོ་ལ་ཆགས་པར་མི་བྱ། འཇིག་རྟེན་པ་དང་དགོས་པ་ངོ་ཚ་དང་། གཙང་མི་གཙང་གི་རྣམ་རྟོག་དང་། བཟང་མི་བཟང་གི་རྣམ་རྟོག་ལ་འཛིམ་པར་མི་བྱ། རྣལ་འབྱོར་ཕོ་མོ་ལ་མ་གུས་པ་དང་བསྐུར་པ་མི་གདབ། སྤྱོད་པའི་བརྟུལ་ཞུགས་ལ་སྐྲག་པར་མི་བྱ། ཟས་ལ་སྐམ་པ་དང་། ཆགས་པ་དང་། འཚག་གི་ཕྱིར་མི་བཟའ་འདུ་འཛིའི་གཏམ་དང་། ཉན་ཐོས་ཀྱི་བསླབ་བྱ་དང་། རིགས་ངན་དང་། སྨད་འཚོང་མའི་གཏམ་མི་བྱ། ཉོན་མོངས་པའི་སེམས་མི་བསྐྱེད། ལས་དང་པོ་པས་ཀྱང་དྲན་པ་ཉེ་བར་བཞག་སྟེ་སྤྱོད་པ་གང་ཡང་མ་དག་པ་མི་བྱ། ཟས་ཀྱིས་ལུས་མ་འགྲང་བ་དང་། གཏོར་མ་མ་ཐོངས་བར་ཕྱིར་མི་འགྲོ། མ་ཞུས་པ་དང་བསྔོ་བ་སྨོན་ལམ་མ་བྱས་པར་མི་ཉལ། ཡོན་བདག་གིས་ཀྱང་བཟའ་བཏུང་གིས་ཚིམ་པར་མི་འགྱུར་བའི་མགྲོན་སྤྱན་མི་དྲངས། སྤྱན་དྲངས་པ་རྣམས་ཟས་ཀྱིས་ཚིམ་པར་བྱ། ཕན་ཚུན་རྩོད་པ་དང་ཤག་མི་བྱ། ནང་དུ་ཞུགས་པ་ཐམས་ཅད་ཀྱིས་གསང་ཐུབ་པར་བྱའོ། །ཞེས་དང་། རབ་ཏུ་མྱོས་པའི་ཆང་མི་བཏུང་། རང་ཤིར་སོང་བའི་ཤ་ལས་བསད་ཤ་དམ་རྫས་ལ་མི་འཇོག །ཆགས་སྡང་གི་གཏམ་མི་བྱ། དང་པོ་བླངས་ནས་འགྲོ་བའི་བར་དུ་སྣོད་ཁ་མི་སྦུབ། སེམས་དགའ་བའི་གཏམ་དང་། ཆོས་ཀྱི་འབེལ་གཏམ་བྱ། དབང་བསྐུར་གྱི་དུས་སུ་བླ་མས་རང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་སྒྲུབ། མཉམ་བཞག་གི་དུས་སུ་རང་གི་ལམ་རིམ་པ་གཉིས་ཀྱིས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བསྒོམ། རབ་གནས་ཀྱི་ལྷ་ལ་མཆོད་པའི་ཚུལ་དུ་བསྒོམ། གཏོར་མའི་མགྲོན་འབྱུང་པོ་ཐམས་ཅད་ཀྱང་སངས་རྒྱས་སུ་བསྒོམ་ལ་མཆོད་དོ། །ལྷ་མ་ཡིན་ན་རྒྱལ་པོ་འབངས་ལ་གུས་པར་བྱ་བའི། །དགེ་སློང་གིས་ཁྱིམ་པ་ལ་གུས་པ་བྱས་པ་ལྟར་ལྟུང་བ་འབྱུང་བར་བཤད། དེ་ལྟར་བྱས་པས་སངས་རྒྱས་ཀྱང་མཉེས། འབྱུང་པོ་ཡང་ཚིམ་པའི་རྟེན་འབྲེལ་ཡོད་གསུངས། ཕན་ཡོན་དང་ཉེས་དམིགས་རྒྱས་པ་ཚོགས་འཁོར་གྱི་གཞུང་དམ་ཚིག་ལྔ་པ་དང་། ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ་ལ་སོགས་ལས་ཤེས་པར་བྱའོ། །ཚོགས་ཀྱི་འཁོར་ལོའི་མཐའ་དཔྱོད་ནི། ཆོས་རྗེའི་གསུངས་ལས་ཤེས་པར་བྱའོ། །བརྒྱད་པ་མཐར་ཐུག་གི་འབྲས་བུ་ནི་ཐེག་པ་ཐུན་མོང་གི་ཕར་ཕྱིན་དྲུག་ཀྱང་འདི་ལ་ཚང་སྟེ། མཁའ་ཁྱབ་ཀྱི་མགྲོན་རྣམས་མཆོད་པའི་སྦྱིན་པ། དམ་ཚིག་དང་བརྟུལ་ཞུགས་ལས་མི་འདའ་བའི་ཚུལ་ཁྲིམས། ཐབས་རྒྱ་ཆེ་བ་ལ་མི་དལ་ཞིང་ཟབ་མོའི་ཤེས་རབ་ལ་མི་སྐྲག་བའི་བཟོད་པ། དེ་དག་གི་གྲོགས་སུ་འགྱུར་བའི་བརྩོན་འགྲུས། ལྷ་སྐུའི་ཞུ་བདེ་ལ་དམིགས་པའི་བསམ་གཏན། འཁོར་གསུམ་ཡང་དག་པའི་ཤེས་རབ་རྣམས་ཡོད་པ་ཙམ་དུ་མ་ཟད། དམིགས་པ་འགྱུར་བ་དང་། གྲོགས་ཀྱི་མཐུ་ཆེ་བ་དང་། སྤྱོད་པ་རྒྱ་ཆེ་བ་གསུམ་གྱི་དབང་རབ་ཚོགས་གྲལ་དེ་ཉིད་དུ་ཆོས་ཉིད་ཀྱི་དོན་རྟོགས་འཁྲུལ་བ་ཞིག །འབྲིང་དེ་ལྟ་བུའི་ཚོགས་གཉིས་ཀྱི་རྒྱུ་བྱས་པ་འཆི་ཁ་ཚུན་ལ་གཏན་སྲིད་ཟིན། ཐ་མ་རྣམས་བར་དོའི་སྣང་བ་ཤར་ན། བླ་མ་དང་། དཔའ་བོ་རྣལ་འབྱོར་པའི་ཚོགས་རྣམས་ཀྱིས་མཆོད་པའི་བཀོད་པ་དང་། རོལ་མོའི་སྒྲས་མཁའ་སྤྱོད་དུ་འཁྲིད་པར་འགྱུར་བ་ཡིན་ཏེ། བདེ་མཆོག་ཉུང་ངུའི་རྒྱུད་ལས་རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཧེ་རུ་ཀ་དཔལ་རྣལ་འབྱོར་མས། །ལག་ན་མེ་ཏོག་སྣ་ཚོགས་ཐོག །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་དང་། །སྣ་ཚོགས་གླུ་ཡི་མཆོད་པ་ཡིས། །འཆི་བ་ཞེས་བྱའི་རྣམ་རྟོག་ནི། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཡུལ་འདི་རྣམས་ཀྱི་བུ་མོ་གང་། །སྒྲུབ་བ་པོ་ལ་དངོས་གྲུབ་སྟེར། །རྟག་ཏུ་མཚན་མོར་འཕན་པ་དང་། །རྟག་ཏུ་མཚན་མོ་འདུ་བར་བྱེད། །མཁའ་སྤྱོད་ཤིན་ཏུ་རྙེད་དཀའ་བའི། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར། །ཞེས་སོགས་གྲུབ་པའི་འབྲས་བུ་རྒྱ་ཆེར་བཀའ་རྩལ་བ་ཡང་། ཡིད་ཆེས་ཀྱི་མོས་གུས་དང་ཐེ་ཚོམ་བྲལ་བས་འདི་ལ་བརྩོན་ན་སྐྱེ་བ་འདི་ལ་སྐྱེ་བ་འདིའམ་བར་དོ་ཚུན་ཆད་དུ་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་འགྲུབ་པ་ནི་ཡང་དག་པའི་ངེས་པའོ། །སླར་སྨྲས་པ། འཇིགས་རུང་ཁྲོ་ཆགས་མི་བཟད་དྲག་པོའི་ང་རོ་དང་ལྡན་སྤྲོས་བྲལ་སྙིང་རྗེའི་དབང་ཕྱུག་མཆོག །བཅོམ་ལྡན་བརྟན་གཡོ་སྲིད་ཞི་ཀུན་ཁྱབ་མཚན་མ་དང་བྲལ་ཐོག་མ་ཐ་མ་མེད་པའི་བདག །བདེ་གཤེགས་བྱང་ཆུབ་སེམས་ཀྱི་རོས་གང་ལོངས་སྤྱོད་ཡོངས་རྫོགས་ཐབས་ཤེས་གཉིས་སུ་མེད་པའི་དཔལ། །ཆོས་དབྱིངས་མཁའ་སྔོན་རྣམ་ཐར་བརྒྱད་ཞལ་བསྡུ་དངོས་ཞབས་དང་བཅུ་དྲུག་དག་པའི་ཕྱག་ལྡན་པ། །འགྲོ་བ་སྡུག་བསྔལ་ཆུ་བཞི་ལས། །སྒྲོལ་བའི་སྟོན་པ་དཀྱིལ་འཁོར་གཙོ། །ལྷ་མོའི་འཁོར་དང་བཅས་པ་རྣམས། །དགྱེས་པའི་མཆོད་པ་ཀུན་གྱཱི་ཕུལ། །སྔོན་བྱོན་མཁས་དང་གྲུབ་པའི་ཚོགས་རྣམས་ཀྱིས། །ཇི་ལྟར་བཀྲལ་བ་མདོར་བསྡུས་སྙིང་པོར་དྲིལ། །འདི་ལ་ཉེས་པའི་ཚོགས་གང་ཅི་མཆིས་པ། །བླ་མ་མཁའ་འགྲོའི་ཚོགས་ལ་སྙིང་ནས་བཤགས། །འདིར་འབད་དགེ་བ་རྒྱ་ཆེར་འཕེལ་ལས་བདག་གཞན་ཚོགས་གཉིས་རབ་རྫོགས་ཤིང་། །རིགས་དང་བློ་གྲོས་ཆེས་ཆེར་རྒྱས་དང་རིམ་གཉིས་ལྟ་སྤྱོད་རྣམ་དག་མཐུས། །ཚེ་འདིའམ་ནི་བར་དོར་གྲོལ་ཏེ་སྐུ་དང་ཡེ་ཤེས་ཡོན་ཏན་གྱི། །ཚོགས་ལ་དབང་འབྱོར་དོན་གཉིས་མཐར་ཕྱིན་སླར་ཡང་སྲིད་འདི་གནས་ཀྱི་བར། །སྣ་ཚོགས་སྤྲུལ་པ་རྒྱུན་ཆད་མེད་པ་ཡི། །མཁའ་དང་མཉམ་པའི་འགྲོ་བའི་དོན་བྱེད་ཤོག །དགྱེས་པ་རྡོ་རྗེའི་རྒྱུད་ལུང་གདམས་པའི་སྲོལ། །བསྐལ་པའི་མཐར་ཡང་མི་ནུབ་རྒྱས་གྱུར་ཅིག །ཅེས་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་ཚོགས་ཀྱི་མཆོད་པ་གསལ་བར་བཀོད་པ་ཀུན་བཟང་རྣམ་པར་རོལ་པའི་དགའ་སྟོན་ཞེས་བྱ་བ་འདིའང་། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྒ་སྟོན་ཆོས་རྗེ་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་བཀྲ་ཤིས་པའི་ལྷ་རེག །རིན་གཉིས་མེ་ཏོག་ས་བཅུའི་གྲངས་ལྡན་བཅས་ཀྱི་གནང་སྐྱེལ་དང་། གསུང་གིས་བསྐུལ་བར་གུས་པས་མཆོད་དེ། མགོན་པོ་གང་གིས་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། རྗེ་བཙུན་གྱི་ཚོགས་འཁོར་འབྲིང་པོ་དང་། ཆོས་རྗེའི་ཚོགས་འཁོར་རྒྱས་པ། འཕགས་པའི་ཚོགས་འཁོར་རྒྱས་བསྡུས་གཉིས། ངོར་ཆེན་རྡོ་རྗེ་འཆང་གི་གསང་བ་ཀུན་རྒྱན་དང་། ཀུན་བཟང་རྣམ་རོལ། ཀུན་མཁྱེན་རིན་པོ་ཆེའི་མཆོད་གཏོར་གྱི་ཆོ་ག་རྣམས་ལ་གཞི་བྱས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོའི་མཁའ་སྤྱོད་མའི་ཚོགས་མཆོད་རྒྱས་པ་ལ་སྐབས་སུ་བབས་པའི་འབྱིན་འཇུག་ཅུང་ཟད་བྱས་ནས་དཀྱུས་སུ་བཀོད་དེ་གསལ་བར་བྲིས་པ། འདིས་ཀྱང་རང་གཞན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་ཏེ་བཅོམ་ལྡན་འདས་ཟུང་འཇུག་དང་པོའི་སངས་རྒྱས་རིགས་དྲུག་པ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བའི་རྒྱུར་གྱུར་ཅིག །ཡི་གེ་པ་ནི་སྨྱུག་འཛིན་འཇིགས་མེད་བློ་གྲོས་ཀྱིས་གུས་པས་བགྱིས་པ་ཨི་དཾ་ཤ་ས་ན་ཙ་སརྦ་སཏྭ་ཧེ་ཏོ་བྷ་ཝནྟུ། །དགེའོ། །མངྒ་ལཾ།། །།

Footnotes

Other Information