དཔལ་ལྡན་བླ་མའི་རྣལ་འབྱོར་ཟབ་མོ་དང་འབྲེལ་བའི་གསོལ་འདེབས་དད་པའི་གླུ་དབྱངས།

From Khyentse Lineage - A Tsadra Foundation Project
Wylie title dpal ldan bla ma'i rnal 'byor zab mo dang 'brel ba'i gsol 'debs dad pa'i glu dbyangs JKCL-KABUM-04-NGA-033.pdf
Location chos kyi blo gros bka' 'bum
Volume 4, Text 33, Pages 261-263 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dpal ldan bla ma'i rnal 'byor zab mo dang 'brel ba'i gsol 'debs dad pa'i glu dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 261-263. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པ་ཞྭ་ལུ་སྐུ་ཞང་གི་རིགས་ལས་འཁྲུངས་པའི་ཐར་རྩེ་ཞབས་དྲུང་རིན་པོ་ཆེའི་བླ་མའི་རྣལ་འབྱོར་འདིའང་མཆོད་དཔོན་བླ་མ་འཇམ་དབྱངས་དཔལ་ལྡན་ནས་བཀྲ་ཤིས་པའི་ལྷ་རྫས་རིན་ཆེན་གཉིས་པའི་རྟེན་དང་བཅས་བསྐུལ་བའི་ངོར། མགོན་པོ་འདི་ཉིད་ལས་གསུང་གི་བདུད་རྩི་ཐོབ་ཅིང་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

/ces pa zhwa lu sku zhang gi rigs las 'khrungs pa'i thar rtse zhabs drung rin po che'i bla ma'i rnal 'byor 'di'ang mchod dpon bla ma 'jam dbyangs dpal ldan nas bkra shis pa'i lha rdzas rin chen gnyis pa'i rten dang bcas bskul ba'i ngor/__mgon po 'di nyid las gsung gi bdud rtsi thob cing mkhyen brtse'i dbang po'i phrin las kyi byin rlabs thob pa 'jam dbyangs chos kyi blo gros pas bris pa dge legs su gyur cig__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་བླ་མའི་རྣལ་འབྱོར་ཟབ་མོ་དང་འབྲེལ་བའི་གསོལ་འདེབས་དད་པའི་གླུ་དབྱངས་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རྒྱལ་བ་ཀུན་གྱིས་མཐུན་པར་བསྔགས། །ཡེ་ཤེས་སྤྱི་དཔལ་བླ་མ་རྗེའི། །ཞབས་ལ་བཏུད་ནས་ལམ་ཟབ་མོའི། །གསོལ་འདེབས་དད་པའི་གླུ་དབྱངས་སྤེལ། །དེ་ལ་དད་པ་དང་དམ་ཚིག་ལམ་གྱི་སྲོག་ཏུ་བཟུང་ནས་མདུན་གྱི་ནམ་མཁར་མཆོད་པའི་སྤྲིན་རྒྱ་མཚོའི་དབུས་སུ་བླ་མ་ཉིད་བཞུགས་པར་མོས་ནས། མོས་གུས་གདུང་ཤུགས་དྲག་པོས་ཚོགས་རྟེན་གསལ་འདེབས་པ་ནི། ཨེ་མ་ཧོ། །རང་མདུན་ནམ་མཁར་མཆོད་པའི་སྤྲིན་འཁྲིགས་དབུས། །སེང་ཁྲི་པད་དཀར་ཟླ་བའི་གདན་གྱི་སྟེང་། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་། །བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པ་ཡི། །ཆོས་ཀྱི་རྒྱལ་མཚན་བསྒྲེངས་མཛད་འཁོར་ལོའི་མགོན། །དཀར་གསལ་ཞི་འཛུམ་ཕྱག་གཉིས་ཆོས་འཆད་ཀྱི། །གཡས་གཡོན་ཨུཏྤལ་རྒྱས་སྟེང་རལ་གླེགས་བསྣམས། །དབུ་ལ་པད་ཞུ་ཆོས་གོས་རྣམ་གསུམ་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཞུགས། །གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་སྐྱབས་གནས་མ་ལུས་སྤྱན་དྲངས་ཏེ། །དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་ལ་ཐིམ། ཚོགས་བསགས་པ་ནི། རང་ལུས་རྡུལ་སྙེད་སྤྲུལ་པས་གུས་ཕྱག་འཚལ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན་གྱིས་མཆོད། །ཚེ་རབས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བཤགས། །སྐྱེ་འཕགས་དགེ་བ་ཀུན་ལ་རྗེས་ཡི་རངས། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་པར་མྱ་ངན་མི་འདའ་བཞུགས་སུ་གསོལ། །དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། ལན་གསུམ་དང་། མཎྜལ་ཅི་ནུས་ཕུལ། གསོལ་བ་འདེབས་པ་ནི། བྱམས་པ་ཆེན་པོའི་ཏོག་གི་འོད་སྣང་མཛེས། །དམིགས་མེད་ཐུགས་རྗེས་ནམ་མཁའ་བཞིན་དུ་ཁྱབ། །ཀུན་ཏུ་བཟང་པོའི་སྤྱོད་པ་རྒྱ་མཚོར་ཞུགས། །བསྟན་པའི་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །མཁྱེན་རབ་མཐའ་ཀླས་སྨྲ་བའི་སེང་གེ་དང་། །བརྩེ་བའི་རང་གཟུགས་ཕྱག་ན་པདྨོ་བཞིན། །མཐུ་སྟོབས་ཟླ་མེད་རྡོ་རྗེ་འཛིན་དང་མཚུངས། །རིགས་གསུམ་ངོ་བོ་བླ་མར༴ །ཚུལ་གནས་ཐོས་བསམ་སྒོམ་པའི་ནོར་གྱིས་ཕྱུག །འཆད་རྩོད་རྩོམ་པའི་སྣང་བ་འབྱམས་ཀླས་ཤིང་། །ཁྱད་པར་གསུང་ངག་རིན་ཆེན་གཏེར་གྱི་མཛོད། །སྐུ་བཞིའི་དབང་ཕྱུག་བླ་མར༴ །མཁས་དང་བཙུན་པའི་རྣམ་ཐར་གྲགས་སྙན་གྱིས། །བཟང་པོའི་བསྟན་པ་རིན་ཆེན་གསལ་བ་ལ། །ཐུགས་བསྐྱེད་སྙིང་སྟོབས་འགྲན་ཟླ་མེད་པ་ཡི། །ཆོས་རྗེ་ཀུན་མཁྱེན་བླ་མར༴ །རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་རྣམ་པ་བཞིར། །དབང་བཞིས་སྨིན་པས་འགྲོས་བཞི་ཐིམ་པ་ལས། །སྐུ་བཞི་མངོན་མཛད་རིགས་ཀུན་འདུས་པའི་བདག །ཁྱབ་བདག་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དཔལ་ལྡན་བླ་མ་ཆོས་ཀྱི་འོད་པོ་ཆེ། །ཞབས་པད་བསྐལ་བརྒྱར་བཞུགས་ནས་ཆོས་འཁོར་བསྐོར། །བདག་སོགས་འགྲོ་ལ་ཐུགས་རྗེས་རབ་བརྩེ་བས། །ཡེ་ཤེས་ཆེན་པོའི་བྱིན་རླབས་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ། མཐར་དབང་བླང་བ་ནི། བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་ནི། །ཅིག་ཆར་བྱུང་ནས་རང་གི་གནས་གསུམ་ཞུགས། །སྒྲིབ་བཞི་དག་ཅིང་དབང་བཞི་ཐོབ་པར་གྱུར། །མཐར་ནི་བླ་མ་འོད་ཞུ་རང་ལ་ཐིམ། །སེམས་ཉིད་གསལ་སྟོང་ཟུང་འཇུག་གནས་ལུགས་འདི། །དོན་གྱི་བླ་མར་ཤེས་པས་རང་ངོ་བསྐྱངས། །དམིགས་མེད་འཛིན་པ་བྲལ་བའི་ངང་དུ་བཞག །ཐུན་དེ་ལས་ལྡང་བ་ན། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། སོགས་ཀྱི་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་ཅིང་། ཐུན་མཚམས་ཐམས་ཅད་དུ་བླ་མའི་ལམ་ཁྱེར་གྱིས་དུས་འདའ་བར་བྱའོ། །ཅེས་པ་ཞྭ་ལུ་སྐུ་ཞང་གི་རིགས་ལས་འཁྲུངས་པའི་ཐར་རྩེ་ཞབས་དྲུང་རིན་པོ་ཆེའི་བླ་མའི་རྣལ་འབྱོར་འདིའང་མཆོད་དཔོན་བླ་མ་འཇམ་དབྱངས་དཔལ་ལྡན་ནས་བཀྲ་ཤིས་པའི་ལྷ་རྫས་རིན་ཆེན་གཉིས་པའི་རྟེན་དང་བཅས་བསྐུལ་བའི་ངོར། མགོན་པོ་འདི་ཉིད་ལས་གསུང་གི་བདུད་རྩི་ཐོབ་ཅིང་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
[edit]

dpal ldan bla ma'i rnal 'byor zab mo dang 'brel ba'i gsol 'debs dad pa'i glu dbyangs ces bya ba bzhugs so/__/oM swasti/__rgyal ba kun gyis mthun par bsngags/__/ye shes spyi dpal bla ma rje'i/__/zhabs la btud nas lam zab mo'i/__/gsol 'debs dad pa'i glu dbyangs spel/__/de la dad pa dang dam tshig lam gyi srog tu bzung nas mdun gyi nam mkhar mchod pa'i sprin rgya mtsho'i dbus su bla ma nyid bzhugs par mos nas/__mos gus gdung shugs drag pos tshogs rten gsal 'debs pa ni/__e ma ho/__/rang mdun nam mkhar mchod pa'i sprin 'khrigs dbus/__/seng khri pad dkar zla ba'i gdan gyi steng /__/rtsa ba'i bla ma khyab bdag rdo rje 'chang /__/byams pa nam mkha' kun bzang bstan pa yi/__/chos kyi rgyal mtshan bsgrengs mdzad 'khor lo'i mgon/__/dkar gsal zhi 'dzum phyag gnyis chos 'chad kyi/__/g.yas g.yon ut+pal rgyas steng ral glegs bsnams/__/dbu la pad zhu chos gos rnam gsum gsol/__/zhabs gnyis rdo rje'i skyil krung g.yo med bzhugs/__/gnas gsum yig 'bru gsum gyis mtshan pa las/__/'od 'phros skyabs gnas ma lus spyan drangs te/__/dpal ldan bla ma chos kyi rje la thim/__tshogs bsags pa ni/__rang lus rdul snyed sprul pas gus phyag 'tshal/__/dngos 'byor yid sprul kun bzang sprin gyis mchod/__/tshe rabs bsags pa'i sdig sgrib nyes ltung bshags/__/skye 'phags dge ba kun la rjes yi rangs/__/zab rgyas chos kyi 'khor lo bskor bar bskul/__/rtag par mya ngan mi 'da' bzhugs su gsol/__/dus gsum dge tshogs byang chub chen por bsngo/__lan gsum dang /__maN+Dal ci nus phul/__gsol ba 'debs pa ni/__byams pa chen po'i tog gi 'od snang mdzes/__/dmigs med thugs rjes nam mkha' bzhin du khyab/__/kun tu bzang po'i spyod pa rgya mtshor zhugs/__/bstan pa'i rgyal mtshan zhabs la gsol ba 'debs/__/mkhyen rab mtha' klas smra ba'i seng ge dang /__/brtse ba'i rang gzugs phyag na pad+mo bzhin/__/mthu stobs zla med rdo rje 'dzin dang mtshungs/__/rigs gsum ngo bo bla mar=__/tshul gnas thos bsam sgom pa'i nor gyis phyug__/'chad rtsod rtsom pa'i snang ba 'byams klas shing /__/khyad par gsung ngag rin chen gter gyi mdzod/__/sku bzhi'i dbang phyug bla mar=__/mkhas dang btsun pa'i rnam thar grags snyan gyis/__/bzang po'i bstan pa rin chen gsal ba la/__/thugs bskyed snying stobs 'gran zla med pa yi/__/chos rje kun mkhyen bla mar=__/rdo rje'i lus kyi dkyil 'khor rnam pa bzhir/__/dbang bzhis smin pas 'gros bzhi thim pa las/__/sku bzhi mngon mdzad rigs kun 'dus pa'i bdag__/khyab bdag rdo rje 'chang la gsol ba 'debs/__/dpal ldan bla ma chos kyi 'od po che/__/zhabs pad bskal brgyar bzhugs nas chos 'khor bskor/__/bdag sogs 'gro la thugs rjes rab brtse bas/__/ye shes chen po'i byin rlabs stsal du gsol/__/zhes gsol ba btab/__mthar dbang blang ba ni/__bla ma'i gnas gsum rdo rje'i 'bru gsum las/__/'od zer dkar dmar mthing gsum rim dang ni/__/cig char byung nas rang gi gnas gsum zhugs/__/sgrib bzhi dag cing dbang bzhi thob par gyur/__/mthar ni bla ma 'od zhu rang la thim/__/sems nyid gsal stong zung 'jug gnas lugs 'di/__/don gyi bla mar shes pas rang ngo bskyangs/__/dmigs med 'dzin pa bral ba'i ngang du bzhag__/thun de las ldang ba na/__skye ba kun tu yang dag bla ma dang /__sogs kyi bsngo smon rnam par dag pas rgyas gdab cing /__thun mtshams thams cad du bla ma'i lam khyer gyis dus 'da' bar bya'o/__/ces pa zhwa lu sku zhang gi rigs las 'khrungs pa'i thar rtse zhabs drung rin po che'i bla ma'i rnal 'byor 'di'ang mchod dpon bla ma 'jam dbyangs dpal ldan nas bkra shis pa'i lha rdzas rin chen gnyis pa'i rten dang bcas bskul ba'i ngor/__mgon po 'di nyid las gsung gi bdud rtsi thob cing mkhyen brtse'i dbang po'i phrin las kyi byin rlabs thob pa 'jam dbyangs chos kyi blo gros pas bris pa dge legs su gyur cig__/sarba dA mang+ga laM//____//

Footnotes

Other Information