བླ་མའི་རྣལ་འབྱོར་ཡེ་ཤེས་གསང་བ།

From Khyentse Lineage - A Tsadra Foundation Project
JKCL-KABUM-04-NGA-013
Wylie title bla ma'i rnal 'byor ye shes gsang ba JKCL-KABUM-04-NGA-013.pdf
Location chos kyi blo gros bka' 'bum
Volume 4, Text 13, Pages 65-75 (Folios 1a1 to 6a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. bla ma'i rnal 'byor ye shes gsang ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 4: 65-75. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཡེ་ཤེས་གསང་བ་སྒྲུབ་པའི་ཐབས། །སྤྲུལ་པའི་སྐུ་མཆོག་ཟུང་གིས་བསྐུལ། །གདོང་སྣ་མཆོག་སྤྲུལ་རིན་པོ་ཆེ་དང་། སྨར་ཁམས་རྒྱལ་སྲས་མཆོག་སྤྲུལ་རྣམ་གཉིས་ཡིན་ལགས། མཆན། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། །གང་ཤར་གང་དྲན་ཡི་གེར་བྲིས། །དགེ་བས་འཁོར་བ་དོང་སྤྲུགས་ཤོག

/ye shes gsang ba sgrub pa'i thabs/__/sprul pa'i sku mchog zung gis bskul/__/gdong sna mchog sprul rin po che dang /__smar khams rgyal sras mchog sprul rnam gnyis yin lags/__mchan/__/'jam dbyangs chos kyi blo gros pas/__/gang shar gang dran yi ger bris/__/dge bas 'khor ba dong sprugs shog

1 Texts in this Section (sde tshan or chos tshan)

[edit]
༄༅། །བླ་མའི་རྣལ་འབྱོར་ཡེ་ཤེས་གསང་བ་བཞུགས། ། ན་མོ་གུ་རུ་བཛྲ་དྷཱ་ར་ཡ། ཟབ་མོ་བླ་མའི་སྒྲུབ་པ་ནི། །རྒྱལ་བ་ཀུན་གྱི་གསང་ལམ་ཆེ། །རྡོ་རྗེའི་ཡེ་ཤེས་ཆེན་པོ་ཡང་། བླ་མའི་བྱིན་རླབས་ཁོ་ན་ཡིས། །རྟོགས་ལས་ཐབས་གཞན་མེད་པར་གསུངས། །དེ་ཉིད་ཉམས་སུ་བླང་འདོད་ན། །བདེ་བའི་སྟན་ལ་བག་ཕབ་སྟེ། །སྲིད་ལས་ངེས་པར་འབྱུང་བ་ཡི། །བློ་བཅོས་བྱང་ཆུབ་སེམས་སྦྱངས་ནས། ཨ་ཨ། སྣང་བས་གར་ཁྱབ་པདྨ་འོད་ཀྱི་ཞིང་། །རྒྱ་ཁྱོན་བཀོད་པ་ཚད་ལས་འདས་པའི་དབུས། །གཞི་ལུས་དཔལ་ལྡན་རྡོ་རྗེ་མི་བསྐྱོད་པ། །དཀར་གསལ་ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད། །གཡོན་པས་དྲིལ་བུ་དཀུར་བསྟེན་ཕྱེད་སྐྱིལ་བཞུགས། །ལོངས་སྐུའི་རྒྱན་རྫོགས་དེ་ཡི་མདུན་མཁའ་རུ། །སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །རང་རིག་བླ་མ་གཟུགས་ཀྱི་སྐུར་སྣང་བ། །རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་། །ཆོས་སྐུ་གསང་བ་འདུས་པ་ནམ་མཁའི་མདངས། །ཞལ་གཅིག་ཕྱག་གཉིས་ཞི་འཛུམ་ཆགས་ཉམས་ཅན། །རྡོར་དྲིལ་ཐུགས་ཀར་བསྣོལ་ཞིང་མནྡཱ་ར། །དམར་མོ་གྲི་ཐོད་འཛིན་དང་མཉམ་པར་སྦྱོར། །གཉིས་ཀ་དར་དང་རིན་ཆེན་རུས་པས་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གཡོ་མེད་བཅིང་། །མཚན་དཔེའི་གཟི་བྱིན་མཚུངས་པ་མེད་པ་ཡི། །གནས་གསུམ་རྡོ་རྗེའི་ཡིག་འབྲུ་གསུམ་གྱིས་མཚན། །དེ་ལས་འོད་འཕྲོས་ཕྱོགས་བཅུའི་ཞིང་ཀུན་ནས། །རྩ་གསུམ་ལྷ་ཚོགས་ཆོས་དབྱིངས་ཁྱབ་པར་བྱོན། །དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །ཅེས་བརྗོད་རྡོ་རྗེའི་ཚིག་བདུན་གྱིས། །ཐུགས་དམ་གནད་ནས་བསྐུལ་བར་བྱ། །ཐོད་ཕྲེང་རྩལ་གྱི་ཛ྄བ་ཀྱང་བཟླ། དེ་ནས་ཚོགས་བསགས་བྱ་བ་ནི། ཨ། གདོད་ནས་རྣམ་དག་ཆོས་ཀྱི་སྐུར། །རང་ངོ་ཤེས་པས་ཕྱག་འཚལ་ལོ། །སྣང་སྲིད་ཆོས་ཀུན་རོལ་བའི་རྒྱན། །གཉིས་འཛིན་བྲལ་བའི་མཆོད་པ་འབུལ། །སྡིག་ལྟུང་གདོད་ནས་མ་སྐྱེས་ཤིང་། །གནས་པ་མེད་པའི་ངང་དུ་བཤགས། །ཟག་བཅས་ཟག་མེད་དགེ་བ་ལ། །བྱས་པ་མེད་པར་རྗེས་ཡི་རང་། །གཞོམ་མེད་ཆོས་ཀྱི་འཁོར་ལོ་ནི། །རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །འགྱུར་བཅས་འཕོ་བའི་ཆོས་མཐའ་དག །འགྱུར་མེད་བརྟན་པར་བཞུགས་སུ་གསོལ། །དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །སྐུ་གསུམ་ལྷུན་གྲུབ་ཆེན་པོར་བསྔོ། །ཁམས་གསུམ་འགྲོ་བ་མ་ལུས་པ། །གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག །སྐུ་གསུམ་མཆོད་པའི་མཎྜལ་ནི། །སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀུན། །རི་རབ་གླིང་བཞི་ཉི་ཟླས་བརྒྱན། །བླ་མ་སྤྲུལ་པའི་སྐུ་ལ་འབུལ། །རྡོ་རྗེའི་ཕུང་པོ་འོག་མིན་ཞིང་། །བཀོད་པ་ཚད་མེད་འབྱམས་ཀླས་པ། །བླ་མ་ལོངས་སྤྱོད་རྫོགས་སྐུར་འབུལ། །དབྱིངས་ནི་གདོད་ནས་དག་པ་ལ། །རིག་པ་འོད་ཐིག་རང་བྱུང་ཤར། །བླ་མ་ཆོས་ཀྱི་སྐུ་ལ་འབུལ། །ཚོགས་གཉིས་རྫོགས་པའི་ཞིང་ཁམས་འབྱོང་། །སྐུ་གསུམ་གོ་འཕང་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནི་སརྦ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཅེས་པས་མཎྜལ་འབུལ་བྱས་ནས། རང་གི་སྙིང་ག་ནས་སྤྲོས་པའི། །འཇོ་སྒེག་ལྡན་པའི་ལྷ་མོ་ཡིས། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །སྣང་སྲིད་དངོས་པོ་ཅི་མཆིས་པ། །མཆོད་པའི་ཕྱག་རྒྱ་དཔག་མེད་སྤྲུལ། །མཁའ་ཁྱབ་ཏིང་འཛིན་རོལ་མོ་ཡི། །མཆོད་པས་རྟག་ཏུ་མཆོད་པར་བགྱི། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་དབུལ། ཨོཾ། བྷཉྫ་འབར་བའི་སྣོད་ཆེན་པོར། །སྣང་སྲིད་བདུད་རྩིར་སྦྱར་བ་ལས། །ཡེ་ཤེས་རིགས་ལྔའི་སྤྲིན་ཕུང་གི། ཟེག་མས་བླ་མ་མཆོད་པར་བགྱི། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཨཱཿལྕང་ལོར་བཅས་པའི་དུང་ཆེན་སྣོད། །ཉོན་མོངས་རྟོག་ཚོགས་བསྒྲལ་བ་ཡི། །དམར་ཆེན་རཀྟའི་མཆོད་པ་འདིས། །བླ་མ་དཀྱིལ་འཁོར་ལྷ་ཚོགས་མཆོད། མ་ཧཱ་རཀྟ་ཁཱ་ཧི། ཧཱུྃ། སྲིད་གསུམ་ཡེ་ནས་གཏོར་གཞོང་དུ། །སྲིད་པ་བཅུད་ཀྱི་གཏོར་མར་སྦྱར། །འདོད་ཡོན་ལྔ་ཡི་སྤྲིན་ཕུང་འཕྲོ། །རྡོ་རྗེའི་ལྗགས་ཀྱི་སྦུ་གུར་བཞེས། །ཨོཾ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། རང་ལས་སྤྲོས་པའི་ལྷ་མོ་ནི། །པད་ཅན་དུང་ཅན་རིག་མའི་ཚོགས། །བདེ་བའི་ཉམས་ལྡན་སྐུ་ལ་འཁྲིལ། །སྙོམས་འཇུག་དགའ་བཞིས་དགྱེས་པ་བསྐྱེད། །མ་ཧཱ་སུ་ཁ་སིདྡྷི་ཨ་ལ་ལ་ཧོཿརྣམ་ཐར་གསུམ་ལྡན་ཨེ་ཡི་དབྱིངས། །བདག་ལྟའི་རུ་ཏྲ་བཀུག་བྱས་ནས། །བདག་མེད་རྟོགས་པའི་ཐོ་བས་བསྒྲལ། །ཤ་ཁྲག་བདུད་རྩིར་སྦར་བྱས་ཏེ། །སྐུ་གསུམ་བླ་མའི་ལྷ་ཚོགས་མཆོད། །སརྦ་ཤཱ་ཏྲུཾ་མཱ་ར་ཡ་ཕཊ། ཨ། མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན། །གདོད་ནས་རང་རིག་བདེ་བ་ཆེ། །སྨྲ་བརྗོད་སྤྲོས་པ་བྲལ་བའི་ཀློང་། །སྐྱེ་མེད་ཆོས་སྐུའི་ངང་དུ་མཆོད། །དྷརྨ་དྷཱ་ཏུ་ཨཏྨ་ཀོ྅ཧཾ། དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ་ཧྲཱིཿམ་བཅོས་སྤྲོས་བྲལ་བདེ་བ་ཆེ། །འོད་གསལ་འདུས་མ་བྱས་པའི་སྐུ། །ཡེ་ཤེས་ལྔ་ལྡན་བླ་མ་རྗེར། །བསྟོད་དབྱངས་རྒྱ་མཚོའི་སྤྲིན་གྱིས་མཆོད། །ཡེ་ཤེས་སྐུ་ནི་ཀུན་ལ་ཁྱབ། །བརྟན་གཡོ་ཀུན་གྱི་སྤྱི་དཔལ་ཆེ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན། །འོད་གསལ་རྣམ་ཀུན་མཆོག་ལྡན་བསྟོད། །ཟག་པར་བཅས་པའི་ཆོས་ཐམས་ཅད། །ཟག་མེད་རིག་སྟོང་རྡོ་རྗེར་སྡོམ། །འགྱུར་མེད་རྡོ་རྗེའི་སྐུར་སྒྲུབ་པ། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །འགགས་མེད་རང་བྱུང་རྡོ་རྗེའི་སྒྲ། །ཡི་གེ་འཁོར་ལོའི་སྤྲིན་དུ་བྲེས། །བརྗོད་མེད་བརྗོད་པ་ཀུན་གྱི་གཞི། །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །རྣམ་བཅས་སྤྲོས་པ་རབ་ཏུ་ཞི། །རྣམ་མེད་རང་བྱུང་རང་འོད་གསལ། །ཀུན་ནས་ཀུན་ཏུ་བཟང་པོའི་དཔལ། །རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །བྲལ་དང་སྨིན་པའི་ཡོན་ཏན་ནི། །མ་བཙལ་ཡེ་ནས་ལྷུན་གྱིས་རྫོགས། །སྤང་ཐོབ་བྲལ་བའི་བདག་ཉིད་ཅན། །ཡོན་ཏན་རྡོ་རྗེར་ཕྱག་འཚལ་བསྟོད། །ནམ་མཁའ་ཇི་སྲིད་གནས་ཀྱི་བར། །འགྲོ་དོན་ཕྲིན་ལས་རྒྱུན་མི་ཆད། །མཁའ་དང་རྒྱ་མཚོ་ལྟར་ཟབ་པའི། །ཕྲིན་ལས་རྡོ་རྗེར་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམས། །བསམ་མི་ཁྱབ་པའི་བདག་ཉིད་ཆེ། །སངས་རྒྱས་ཀུན་དང་མཉམ་པའི་སྐུར། །དབྱེར་མེད་རོ་མཉམ་རྟག་ཏུ་འདུད། །ཕུང་པོ་བདུད་རྩིར་བསྒྱུར་ཏེ་མཆོད། ཨ། རང་ལུས་ཐ་མལ་ཕུང་པོ་ནི། །སྟོང་གསུམ་ཁྱབ་པ་ཙམ་དུ་གྱུར། །ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་། །རབ་ཡངས་ཀ་པ་ལ་ཡི་ནང་། །ཕུང་པོ་དུམ་བུར་བསིལ་ཞིང་བླུགས། །འོག་ནས་མེ་རླུང་སྦར་བས་དྲོས། །སྟེང་མཁར་རཾ་དང་ཨོཾ་ཨཱཿཧཱུྃ། །བརྩེགས་མར་གནས་པ་ཞུ་བ་ལས། །བདུད་རྩི་ཞུ་བསྐོལ་མ་དག་པའི། །རླངས་པ་ཕྱིར་ཐོན་ཡེ་ཤེས་ཀྱི། །བདུད་རྩི་མཁའ་ཁྱབ་འཕྲོ་བར་སྤེལ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་མང་བརྗོད་དེ་མཆོད་པར་བགྱི། ཨོཾ་ཨཱཿཧཱུྃ། བླ་མ་སྐུ་བཞིའི་དཀྱིལ་འཁོར་ལ། །ཟག་མེད་བདུད་རྩིའི་ཕུད་ཀྱིས་མཆོད། །རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །ཟག་མེད༴ །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །ཟག་མེད༴ །བར་ཆད་ཀུན་སོལ་ཕྲིན་ལས་སྒྲུབས། །བགེགས་རིགས་ལན་ཆགས་མགྲོན་རྣམས་ལ། །ཟག་མེད་བདུད་རྩི་འདི་བྱིན་པས། །གནོད་སེམས་གདུག་རྩུབ་ཞི་བར་ཤོག །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ། །ཟག་མེད་བདུད་རྩི་འདི་བྱིན་པས། །ལན་ཆགས་བུ་ལོན་བྱང་གྱུར་ཅིག །ག་ཎ་ཙཀྲའི་མཆོད་པ་ནི། །ཐབས་ཤེས་རྫས་ཀྱང་ཅི་འབྱོར་བཤམས། རྃ་ཡྃ་ཁྃ་གིས་དྲི་མ་སྦྱོང་། །འབྲུ་གསུམ་བརྗོད་པས་བདུད་རྩིར་སྤེལ། །བདག་ལུས་ཕུང་ཁམས་སྐྱེ་མཆེད་རྣམས། །ཐབས་ཤེས་རྫས་དང་དབྱེར་མེད་གྱུར། །ཨོཾ་ཨཱཿཧཱུྃ། རང་བྱུང་བྷནྡྷའི་སྣོད་ནང་དུ། །ཚོགས་གཏོར་རིན་ཆེན་འབར་བ་ཆེ། །བཟའ་བཅའ་བཏུང་བའི་དངོས་པོ་ནི། །རི་དང་རྒྱ་མཚོ་ལྟར་བསྐྱིལ་བ། །འདོད་ཡོན་ལྔ་ཡི་སྤྲིན་ཕུང་འཕྲོ། །རྡོ་རྗེའི་ལྷ་མོ་གར་སྟབས་ཅན། །དཔག་མེད་སྤྲོས་པས་རབ་བཏེགས་ནས། །ཚོགས་ཀྱི་ཞིང་མཆོག་བསམ་ཡས་པར། །སྒྱུ་འཕྲུལ་རྡོ་རྗེའི་རོལ་པས་མཆོད། །གསང་གསུམ་དམ་ཚིག་ཉམས་པ་བཤགས། །གཉིས་འཛིན་རུ་ཏྲ་དབྱིངས་སུ་བསྒྲལ། །མཆོད་བཞེས་དམ་བསྐངས་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཡི་གེ་བརྒྱ་པ་བརྗོད་བྱས་ནས། །རང་ལུས་རྡོར་སེམས་གསལ་བ་ལ། །ཕུལ་བས་གདན་གསུམ་དཀྱིལ་འཁོར་བརྙེས། །ཚོགས་ལ་རོལ་ཞིང་ལྷག་མ་བཏང་། ཧྲཱིཿཕཻཾ། ཞིང་སྐྱོང་ཕོ་ཉ་འབྱུང་པོའི་ཚོགས། །རྣལ་འབྱོར་རོལ་པའི་ལྷག་མ་བཞེས། །རྩ་རླུང་ཐིག་ལེའི་བར་ཆད་སོལ། །རྡོ་རྗེ་གསུམ་མཆོག་གྲུབ་པར་མཛོད། ཨུཥྩི་ཊ་བ་ལིཾ་ཏ་ཁཱ་ཧི། དེ་ནས་གསོལ་འདེབས་བཟླས་དབང་བླངས། ཀྱེ་ཀྱེ་བླ་མ་རྡོ་རྗེ་འཆང་། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེ། །མ་རིག་མུན་པ་སེལ་བའི་སྒྲོན། །ཐར་པའི་ལམ་སྟོན་དེད་དཔོན་ཆེ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །བདག་ལ་དགོངས་པར་མཛད་དུ་གསོལ། །ཡེ་ཤེས་སྐུ་ཡི་ཉི་མ་ཆེས། །བདག་རྒྱུད་མ་རིག་མུན་པ་སོལ། །རྡོ་རྗེའི་ཡེ་ཤེས་བསྐྱེད་དུ་གསོལ། །རིག་རྩལ་རྟོགས་པ་སྦར་དུ་གསོལ། །སྐུ་གསུམ་མངོན་འགྱུར་བྱིན་རློབས་ཤིག །ཅེས་དང་ཚིག་བདུན་ཐོད་ཕྲེང་རྩལ། །གྲངས་མང་བཟླས་པས་ཐུགས་རྒྱུད་བསྐུལ། །མཆོག་སྦྱིན་རྡོ་རྗེ་སོགས་ཀྱིས་བསྟོད། གུ་རུའི་དཔྲལ་བའི་ཨོཾ་ཡིག་ལས། །འོད་ཟེར་བདུད་རྩི་དཀར་པོ་དང་། །བླ་མ་ཞི་ཁྲོའི་སྐུ་དཔག་མེད། །བྱོན་ནས་རང་གི་དཔྲལ་བར་ཐིམ། །ལུས་དང་རྩ་ཡི་སྒྲིབ་པ་དག །བུམ་དབང་ཐོབ་ཅིང་ས་བརྒྱད་ནོན། །སྤྲུལ་སྐུའི་གོ་འཕང་རྒྱུད་ལ་བཞག །གུ་རུའི་མགྲིན་པའི་ཨཱཿདམར་ལས། །འོད་ཟེར་བདུད་རྩི་དམར་པོ་དང་། །སྔགས་ཕྲེང་བསམ་མི་ཁྱབ་པ་འཕྲོས། །རང་གི་མགྲིན་པར་ཐིམ་པ་ཡིས། །ངག་དང་རླུང་གི་སྒྲིབ་པ་དག །གསང་དབང་ཐོབ་ཅིང་ས་དགུ་ནོན། །ལོངས་སྐུའི་གོ་འཕང་རྒྱུད་ལ་བཞག །གུ་རུའི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་ཟེར་བདུད་རྩི་སྔོན་པོ་དང་། །ཕྱག་མཚན་དཔག་ཏུ་མེད་པ་བྱོན། །རང་གི་སྙིང་གར་ཐིམ་པ་དང་། །ཡིད་དང་ཐིག་ལེའི་སྒྲིབ་པ་དག །ཤེར་དབང་ཐོབ་ཅིང་ཀུན་འོད་ནོན། །ཆོས་སྐུའི་གོ་འཕང་རྒྱུད་ལ་བཞག །གུ་རུའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་བདུད་རྩི་འདྲེས་པ་དང་། །ཨ་ཡིག་མཐིང་འོད་གོང་བུ་ཞིག །རང་གི་སྒོ་གསུམ་སྙིང་དབུས་ཐིམ། །ཆ་སྙོམས་ཤེས་སྒྲིབ་ཕྲ་བ་དག །ཡེ་ཤེས་བླ་མའི་ས་ནོན་ཅིང་། །ངོ་བོ་ཉིད་སྐུ་རྒྱུད་ལ་བཞག །མཐར་ནི་བླ་མ་དགྱེས་པ་ཆེས། །སྤྱི་བོ་ནས་བརྒྱུད་སྙིང་འོད་ཁྱིམ། །སྒྲོན་མའི་གུར་ཁང་ཆེན་པོར་བཞུགས། །ཐ་མལ་ཤེས་པ་བཟོ་མ་བཅོས། །དུས་གསུམ་རྟོག་པས་མ་བསླད་ཅིང་། །ཀ་དག་རིག་པ་ཟང་མ་ཐལ། །གཞིར་གནས་ཆོས་སྐུའི་ཀློང་ཆེན་པོར། །སྤྲོས་པའི་གྲྭ་ཟུར་ཁྲེག་ཆོད་ཀྱི། །སྐུ་གསུམ་ལྷུན་གྲུབ་དགོངས་པ་ལ། །རང་བཞིན་གནས་པས་རྟག་ཏུ་སྐྱོང་། །དེ་ཚེ་བོགས་འདོན་ཡེ་ཤེས་ཀྱི། །འོད་གདངས་རྡོ་རྗེ་མཁའ་ལ་འགྲོ། །རིག་པ་སྤྲོ་བསྡུ་བྲལ་བ་ཡི། །མངོན་སུམ་གནད་ཀྱི་གཟེར་ཁ་ལས། །འོད་རིག་སྟོང་གསུམ་དབྱེར་མེད་པ། །གོང་འཕེལ་ཚད་ལ་ཕེབས་པ་དང་། །སྐུ་གསུམ་ཞིང་ཁམས་ཆེན་པོར་རྫོགས། །ཆོས་ཅན་སྣང་བ་དབྱིངས་སུ་ཟད། །ཆོས་ཉིད་གཞོན་ནུ་བུམ་པ་སྐུ། །ནང་གསལ་ཐིམ་ལ་མ་རྨུག་པ། །ཡེ་ཤེས་ཆེན་པོར་ངལ་གསོའོ། །ཐུན་མཚམས་བླ་མའི་རོལ་པར་བལྟ། །བླ་མའི་སྣང་བ་འབྲལ་མེད་བྱ། །དེ་ཡང་རང་རིག་བླ་མར་བལྟ། །མཉམ་བཞག་རྗེས་ཐོབ་དབྱེར་མེད་ཅིང་། །ཆོས་སྐུའི་དགོངས་པའི་བཙན་ས་ཟིན། །ཕྱིར་མི་ལྡོག་པའི་འབྲས་བུ་ནི། །ཀུན་ཏུ་བཟང་པོ་ཨེ་མ་ཧོ། །ཡེ་ཤེས་གསང་བ་སྒྲུབ་པའི་ཐབས། །སྤྲུལ་པའི་སྐུ་མཆོག་ཟུང་གིས་བསྐུལ། །གདོང་སྣ་མཆོག་སྤྲུལ་རིན་པོ་ཆེ་དང་། སྨར་ཁམས་རྒྱལ་སྲས་མཆོག་སྤྲུལ་རྣམ་གཉིས་ཡིན་ལགས། མཆན། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། །གང་ཤར་གང་དྲན་ཡི་གེར་བྲིས། །དགེ་བས་འཁོར་བ་དོང་སྤྲུགས་ཤོག །།།

Footnotes

Other Information