དཔལ་ལྡན་བླ་མ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ངག་དབང་ལེགས་པ་ལ་བསྟོད་པ་མོས་གུས་ཀྱི་ཏམྦུ་རའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-048
Wylie title dpal ldan bla ma 'jam mgon chos kyi rgyal po ngag dbang legs pa la bstod pa mos gus kyi tam+bu ra'i dbyangs snyan JKCL-KABUM-03-GA-048.pdf
Location chos kyi blo gros bka' 'bum
Volume 3, Text 48, Pages 177-181 (Folios 1a1 to 3a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People སྒ་སྟོན་ངག་དབང་ལེགས་པ་ (sga ston ngag dbang legs pa)
Citation 'jam dbyangs mkhyen brtse chos kyi blo gros. dpal ldan bla ma 'jam mgon chos kyi rgyal po ngag dbang legs pa la bstod pa mos gus kyi tam+bu ra'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 177-181. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs  ·  Verses of Praise - bstod pa
Colophon

།ཅེས་པའང་ལྷུན་གྲུབ་སྟེང་གི་ཁྲོ་ངེ་མཁན་མཁྱེན་རབ་བསྟན་འཛིན་ནས་གསུང་བསྐུལ་དང་། རང་གི་དད་པའི་གསོས་སུ་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷིར་བྷ་ཝནྟུ། དགེའོ།།

ces pa'ang lhun grub steng gi khro nge mkhan mkhyen rab bstan 'dzin nas gsung bskul dang /__rang gi dad pa'i gsos su bka' 'bangs kyi tha chung 'jam dbyangs chos kyi blo gros pas gsol ba btab pa sid+d+hir b+ha wan+tu/__dge'o//

1 Texts in this Section (sde tshan or chos tshan)

[edit]
དཔལ་ལྡན་བླ་མ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ངག་དབང་ལེགས་པ་ལ་བསྟོད་པ་མོས་གུས་ཀྱི་ཏམྦུ་རའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ངག་དབང་འཇམ་མགོན་དགྱེས་པའི་ལེགས་བཤད་ཀྱིས། །ཀུན་དགའི་བསྟན་པ་ཉིན་མོར་བྱེད་པའི་གཉེན། །ལེགས་པའི་འབྱུང་གནས་ཡེ་ཤེས་རྒྱལ་མཚན་དཔལ། །ཕྲིན་ལས་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །གང་གི་མཚན་ཙམ་རྣ་བར་ལྷུང་པའི་མོད། །སྲིད་ཞིའི་འཇིགས་པའི་མེ་དཔལ་ཞི་མཛད་པ། །དཔལ་ལྡན་བླ་མ་ཆོས་ཀྱི་རྒྱལ་པོ་ཡི། །ཞབས་མཐིལ་རྡུལ་དམར་ཚངས་གནས་འཁོར་ལོས་མཆོད། །དབང་ཕྱུག་ཁྱབ་འཇུག་མིག་སྟོང་ལྡན་པ་སོགས། །ཐོར་གཙུག་ནོར་བུ་འདར་ཞིང་ཞབས་རྟེན་གྱི། །པདྨོར་གུས་པས་འདུད་པར་བྱེད་པ་ཡི། །ལྷ་ཡི་བླ་མ་མཆོག་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་སེམས་དཔའ་དགྱེས་མཛད་ཧེ་རུ་ཀ །འཁོར་ལོ་སྡོམ་པ་རྣལ་འབྱོར་མ་དཔལ་སོགས། །གང་དང་དབྱེར་མེད་གཅིག་ཉིད་དུ་མར་ཤར། །དཔལ་ལྡན་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །རབ་ཞི་བསྐལ་མང་སྔོན་ནས་མངོན་མཛད་ཀྱང་། །སྲིད་པར་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས། །ཡེ་ཤེས་སྐུ་ཉིད་ཟ་མ་ཏོག་ཏུ་སྦས། །དགེ་བའི་བཤེས་སུ་སྟོན་ལ་ཕྱག་འཚལ་བསྟོད། །འཇམ་པའི་དཔལ་ནི་ཐུགས་ཀའི་དཔལ་བཻའུར་བཞུགས། །མི་བརྗེད་གཟུངས་ཐོབ་ཏིང་འཛིན་སྒོ་མང་མངའ། །མདོ་དང་སྔགས་ཀྱི་ཟབ་རྒྱས་རྣམ་མང་དོན། །མ་འདྲེས་ས་ལེར་མཁྱེན་ལ་ཕྱག༴ །བརྩེ་ཆེན་སྙིང་རྗེའི་ཆུ་འཛིན་དཀར་པོ་ལས། །བྱང་ཆུབ་སེམས་ཀྱི་ཀླུ་དབང་འབྲུག་སྒྲ་སྒྲོགས། །འགྲོ་བའི་ཞིང་སར་གྲུ་ཆར་འབེབས་པ་ལས། །སྐུ་བཞིའི་མྱུ་གུ་བསྐྱེད་ལ༴ །རབ་ཏུ་དཔའ་བའི་མཐུ་སྟོབས་ནུས་པའི་ཤུགས། །བདུད་སྡེའི་ཚོགས་ལ་ཕྱུངས་པ་དེ་ཡི་མོད། །མིང་གི་མཐར་བྱེད་དོན་སྙིང་ལྐོགས་མར་ལྷུང་། །འཇམ་དཔལ་ཁྲོས་པའི་རྒྱལ་པོར༴ །ཕྱི་རུ་རྣམ་དག་ཁྲིམས་ཀྱིས་ལེགས་སྡོམ་ཞིང་། །ནང་དུ་བྱང་ཆུབ་སེམས་གཉིས་དཔལ་གྱིས་ཕྱུག །གསང་བ་རྣལ་འབྱོར་གྲུབ་པ་ཆེན་པོ་སྟེ། །སྡོམ་གསུམ་ལྡན་པའི་དབང་པོར༴ །མཁས་པའི་རྣམ་དཔྱོད་ཙནྡྲ་གོ་མི་དང་། །བཙུན་པའི་ཁྱུ་མཆོག་ཉེ་བར་འཁོར་ཇི་བཞིན། །བཟང་པོའི་དཔལ་མངའ་ཀུན་དགའ་རྒྱལ་མཚན་དངོས། །བསྟན་འཛིན་མཁའ་ལྡིང་དབང་པོར༴ །མཁས་དང་གྲུབ་པ་གཉིས་ལྡན་ཁྱེད་ཉིད་ཙམ། །བིཪྺའི་ཐུགས་བཅུད་གསུང་ངག་གདམས་པ་རྣམས། །མ་ནོར་ཇི་བཞིན་མངོན་དུ་མཛད་པ་ཡི། །རྣལ་འབྱོར་དབང་ཕྱུག་ཞབས་ལ༴ །ཅིར་སྣང་ཐམས་ཅད་བདེ་ཆེན་ལྷ་སྐུར་གཟིགས། །སྒྲ་གྲགས་གཞོམ་མེད་རྡོ་རྗེའི་སྔགས་སུ་ཤར། །རྟོག་ཚོགས་སྤྲོས་པའི་རྦ་རླབས་ཞི་བ་ཡི། །འགྱུར་མེད་དེ་བཞིན་ཉིད་ལ༴ །ཕྱི་ཡི་སྤྲོས་པ་ནང་དུ་ལུས་ལ་རྫོགས། །དེ་ཉིད་སེམས་རྫོགས་འཁོར་འདས་དབྱེར་མི་ཕྱེད། །བདེ་དང་སྟོང་པ་ཟུང་འཇུག་རྡོ་རྗེའི་བདག །བརྟན་གཡོ་ཀུན་ཁྱབ་བླ་མར༴ །ཨ་ཧཾ་མི་འགྱུར་དྷུ་ཏིའི་སྲོག་ཏུ་ཞུགས། །འགྱུར་མེད་བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་སྟོང་ཉིད་པདྨར་རོལ་མཛད་པ། །བླ་མ་ཀྱཻ་ཡི་རྡོ་རྗེར་ཕྱག་འཚལ་བསྟོད། །ཡིད་འཕྲོག་གཟུགས་མཛེས་སྙན་པའི་སྒྲ་དབྱངས་དང་། །ལྷ་ཡི་སྤོས་དང་རོ་མཆོག་བདུད་རྩིའི་ཟས། །འཇམ་མཉེན་འཁྲིལ་ཆགས་བདེ་བའི་མཆོག་སྟེར་བའི། །རེག་བྱ་སོགས་ཀྱིས་རྟག་ཏུ་མཆོད་པ་བགྱི། །བཅས་དང་རང་བཞིན་ཁ་ན་མ་ཐོ་བའི། །ཉེས་པའི་ཚོགས་རྣམས་སྟོབས་བཞིའི་སྒོ་ནས་བཤགས། །གང་གིས་བྱས་དང་བྱེད་འགྱུར་བྱེད་བཞིན་པའི། །བསོད་ནམས་ཀུན་ལ་སྙིང་ནས་ཡིད་རང་ངོ་། །ཐབས་ལ་མཁས་པའི་ཡོངས་འཛིན་ཐམས་ཅད་ཀྱིས། །དམ་ཆོས་བདུད་རྩི་ཀུན་ལ་བསྟན་དུ་གསོལ། །མྱ་ངན་འདའ་ཚུལ་ནམ་ཡང་མི་སྟོན་པར། །འགྲོ་བའི་གཉེན་དུ་བཞུགས་པར་གསོལ་བ་འདེབས། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །བདག་དང་གཞན་གྱིས་ལེགས་པར་གང་བསྒྲུབ་པ། །ཡོད་མེད་ལ་སོགས་དམིགས་པའི་དུག་སྤོང་སྟེ། །ཀུན་མཁྱེན་འགྲོ་བའི་རྩ་ལག་ཐོབ་པར་ཤོག །དེ་ལྟར་བསྟོད་ཅིང་གསོལ་བ་བཏབ་པ་ལས། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང་། །གསུང་གི་བདུད་རྩི་ཅི་དགར་ཐོབ་པ་དང་། །གསང་བ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། །དད་གསུམ་གདུང་བའི་དབྱངས་ཀྱིས་གསོལ་འདེབས་ན། །བརྩེ་ཆེན་ཐུགས་རྗེའི་ལྕགས་ཀྱུས་ལེགས་བཟུང་ནས། །འཇིགས་རུང་སྲིད་པའི་མཚོ་ལས་བསྒྲལ་དུ་གསོལ། །འཁོར་བའི་ཉེས་ཀུན་མཐོང་བའི་ངེས་འབྱུང་དང་། །འགྲོ་ཀུན་ཕ་མར་ཤེས་པའི་ལྷག་བསམ་གྱིས། །རྣམ་གྲོལ་ཚེ་འདིར་ཐོབ་ལ་ཆེས་རིངས་པའི། །གོང་མའི་ལམ་ལ་འཇུག་པར་བྱིན་གྱིས་རློབས། །གཞི་རྒྱུད་སྤྲོས་བྲལ་གནས་ལུགས་ལེགས་རྟོགས་ནས། །ལམ་རྒྱུད་དབང་བཞིའི་མངོན་རྟོགས་མཐར་ཕྱིན་ཏེ། །འབྲས་རྒྱུད་སྐུ་དང་ཡེ་ཤེས་དབྱེར་མེད་པའི། །གོ་འཕང་ཚེ་འདིར་ཐོབ་པར་བྱིན་གྱིས་རློབས། །བསླུ་མེད་བླ་མ་མཆོག་གསུམ་ཐུགས་རྗེ་དང་། །ཆོས་ཉིད་བདེན་དང་ཆོས་ཅན་མི་བསླུའི་མཐུས། །ཇི་ལྟར་སྨོན་པའི་གནས་ཀུན་འགྲུབ་པ་དང་། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག །ཅེས་པའང་ལྷུན་གྲུབ་སྟེང་གི་ཁྲོ་ངེ་མཁན་མཁྱེན་རབ་བསྟན་འཛིན་ནས་གསུང་བསྐུལ་དང་། རང་གི་དད་པའི་གསོས་སུ་བཀའ་འབངས་ཀྱི་ཐ་ཆུང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷིར་བྷ་ཝནྟུ། དགེའོ།། །།

Footnotes

Other Information