འཇམ་དབྱངས་བླ་མར་བསྟོད་པ་བྱིན་བརླབ་མྱུར་འཇུག།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-084
Wylie title 'jam dbyangs bla mar bstod pa byin brlab myur 'jug JKCL-KABUM-02-KHA-084.pdf
Location chos kyi blo gros bka' 'bum
Volume 2, Text 84, Pages 657-659 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ས་སྐྱ་པཎྜི་ཏ་ (sa skya paN+Di ta)
Citation 'jam dbyangs mkhyen brtse chos kyi blo gros. 'jam dbyangs bla mar bstod pa byin brlab myur 'jug. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 657-659. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་ཤིང་བྱ་སྨིན་ཟླའི་ཚེས་ཉེར་བརྒྱད་ལ་མི་ཕྱེད་དད་པའི་རླབས་ལས་བྱུང་བའི་ཚིག་ཡང་དག་པའོ། །

/ces pa'ang shing bya smin zla'i tshes nyer brgyad la mi phyed dad pa'i rlabs las byung ba'i tshig yang dag pa'o/

1 Texts in this Section (sde tshan or chos tshan)

[edit]
འཇམ་དབྱངས་བླ་མར་བསྟོད་པ་བྱིན་བརླབ་མྱུར་འཇུག་ཅེས་བྱ་བ་བཞུགས། བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་མཚན་ལན་གཅིག་དྲན་པས་ཀྱང་། །སྲིད་ཞིའི་མུན་པ་མཐར་བྱེད་པ། །དོན་གཉིས་ཕྲིན་ལས་དཔལ་སྟེར་བ། །འཇམ་དབྱངས་བླ་མ་ལ་ཕྱག་འཚལ། །རྒྱལ་བ་ཀུན་གྱི་མཁྱེན་རབ་ལྷ། །ངག་གི་དབང་ཕྱུག་འཇམ་པའི་དཔལ། །དཀྱིལ་འཁོར་བདག་པོར་གྱུར་པ་གང་། །མི་ཡི་ཟོལ་འཛིན་ལ་ཕྱག་འཚལ། །སྐྱེ་དང་སྐྱེ་བར་པཎྜི་ཏིའི། །སྐུ་ཡི་བཀོད་པ་དཔག་མེད་སྟོན། །ཉི་མའི་གཉེན་གྱི་བསྟན་པ་ནི། །གསལ་བར་མཛད་པ་ལ་ཕྱག་འཚལ། །ཞིང་འདིར་རྣམ་འདྲེན་ཐུབ་པའི་དབང་། །གཅིག་ལས་མེད་ཅེས་གྲགས་ན་ཡང་། །ཁྱེད་ནི་ངེས་པར་ཐམས་ཅད་མཁྱེན། །གཉིས་པར་གྱུར་གང་ལ༴། ཕྱི་ནང་གྲུབ་མཐའི་ཆུ་གཏེར་ཆེ། །མ་འདྲེས་རྣམ་དཔྱོད་ཧུབ་ཀྱིས་དྲངས། །གང་གི་སྐུ་ཡི་སྣོད་ཆུང་ངུར། །ཡོན་ཏན་རྒྱ་མཚོ་ལ༴། ཕྲ་རབ་རྡུལ་གྱི་ཆོས་ཉིད་ལ། །མཁྱེན་པའི་ཡེ་ཤེས་རབ་འཇུག་ཅིང་། །ཀུན་ཏུ་ཐོགས་མེད་སྤྱན་མངའ་ཞིང་། །ཀུན་ནས་གཟིགས་པ་ལ༴། ཐུབ་དགོངས་མ་དཀྲུགས་དྲང་པོར་འཆད། །སོ་སོར་རིག་བཞིའི་དཔལ་ལྡན་ཤིང་། །བདག་མེད་སེངྒེའི་སྒྲ་ལྡན་པ། །ཀུན་དགའ་རྒྱལ་མཚན་ལ་ཕྱག་འཚལ། །ནང་གི་ཡེ་ཤེས་གཟིགས་པ་ལ། །ཕུལ་བྱུང་ས་བཅུའི་རྩེ་མོར་སོན། །ཆགས་རྟོག་སྤྲོས་པ་རབ་ཞི་བ། །དཔལ་ལྡན་དོན་གྲུབ་ལ་ཕྱག་འཚལ། །སྐུ་ནི་མཚན་དཔེས་བརྒྱན་པས་མཛེས། །གསུང་ལ་ཉེས་པ་གཏན་མི་མངའ། །ཐུགས་ལ་འཁྲུལ་པ་མི་མངའ་བ། །གསང་གསུམ་རྡུལ་བྲལ་ལ་ཕྱག་འཚལ། །གང་ལ་ཉེས་པ་ཕྲ་མོའང་། །མི་མངའ་འདི་ལ་ཀུན་མཁྱེན་དཔང་། །གལ་ཏེ་མཐོང་ན་རང་བློས་ཉེས། །སྒྲིབ་གསུམ་གཏན་སྤངས་ལ་ཕྱག་འཚལ། །འཛམ་གླིང་མཁས་པ་ཀུན་གྱི་རྒྱན། །འཕགས་པའི་ཡུལ་དང་གངས་ཅན་འདིར། །འགྲན་ཟླས་དབེན་པའི་པཎྜི་ཏ། །བསེ་རུ་ལྟ་བུ་ཁྱོད༴། མཁས་པ་མང་ཡང་འཕྲོགས་བྱེད་ཀྱིས། །རྭ་ཅོ་བྲེགས་པ་ཁྱོད་ཉིད་ལགས། །དེ་ཕྱིར་མཁས་པའི་ཅོད་པན་ཆེ། །ས་སྐྱ་པཎ་ཆེན་ལ་ཕྱག་འཚལ། །རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ཆེ། །གདོད་ནས་གདན་གསུམ་ཆེན་པོར་གྲུབ། །བདག་ཉིད་ཆེན་པོ་རྣམ་དག་པ། །དཔལ་ལྡན་བླ་མ་ལ༴། ཟག་མེད་ཡོན་ཏན་ས་བཅུ་པའི། །བློ་ཡི་སྤྱོད་ཡུལ་ལས་འདས་ཤིང་། །གངྒཱའི་བྱེ་བ་འབུམ་སྙེད་བདག །དྲི་མ་མེད་པ་ལ༴། ཁ་སྦྱོར་བདུན་ལྡན་རྫོགས་སངས་རྒྱས། །སྐུ་དང་ཞིང་ཁམས་བསམ་མི་ཁྱབ། །སྤྲོ་དང་བསྡུ་བའི་བྱེད་པོ་ཆེ། །རྡོ་རྗེ་འཆང་དབང་ལ་ཕྱག་འཚལ། །བློ་མཆོག་ཟད་མི་ཤེས་པའི་གཏེར། །འཇིགས་བྲལ་སྤོབས་པ་མཛོད་འཆང་བ། །བླ་མ་འཇམ་དབྱངས་མགོན་དེ་ཡི། །ཞབས་ལ་བདག་ནི་ཕྱག་འཚལ་ལོ། །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང་། །སྡིག་པའི་ཚོགས་རྣམས་སྙིང་ནས་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །གང་འདུལ་ཆོས་འཁོར་བསྐོར་དུ་གསོལ། །མྱ་ངན་མི་འདའ་རྟག་པར་བཞུགས། །དགེ་ཚོགས་སེམས་ཅན་ཀུན་ལ་བསྔོ། །བདག་གཞན་སེམས་ཅན་མ་ལུས་ཀུན། །འཇམ་དབྱངས་བླ་མས་རྗེས་འཛིན་ཤོག །བྱང་ཆུབ་རྡོ་རྗེ་འཆང་ཁྱོད་ནི། །བདག་སྙིང་ཟེའུ་འབྲུར་རབ་ཞུགས་ནས། །མི་ཤེས་མུན་པ་འཐིབ་པོ་འདི། །ད་ལྟ་ཉིད་དུ་བསལ་དུ་གསོལ། །མཁྱེན་གཉིས་སྣང་བ་རབ་རྒྱས་ཤིང་། །འཇིགས་བྲལ་སྨྲ་བའི་དབང་ཕྱུག་ཏུ། །གྱུར་ནས་གཞན་ལ་རབ་བརྩེ་བའི། །ནུས་པ་མཆོག་དང་ལྡན་པར་ཤོག །ཁྱོད་ཀྱི་དགོངས་པ་རྫོགས་བྱེད་ཅིང་། །མདོ་སྔགས་ཆོས་ཚུལ་མཐའ་ཡས་ལ། །དབང་འབྱོར་འཆད་རྩོད་རྩོམ་པ་ཡིས། །ཐུབ་པའི་བསྟན་པ་རྒྱས་པར་ཤོག །མདོར་ན་དེང་བཟུང་བྱང་ཆུབ་བར། །བླ་མ་འཇམ་པའི་དབྱངས་ཉིད་ཀྱིས། །མི་འབྲལ་རྗེས་སུ་བཟུང་ནས་ཀྱང་། །དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་ཤིང་བྱ་སྨིན་ཟླའི་ཚེས་ཉེར་བརྒྱད་ལ་མི་ཕྱེད་དད་པའི་རླབས་ལས་བྱུང་བའི་ཚིག་ཡང་དག་པའོ། ། །།

Footnotes

Other Information