རྭ་ཆེན་ལོ་ཙཱར་ཕྱག་བསྟོད་བདུད་སྡེ་འཇོམས་པ་ལྷ་ཡི་གཎྜི།

From Khyentse Lineage - A Tsadra Foundation Project
JKCL-KABUM-02-KHA-078
Wylie title rwa chen lo tsAr phyag bstod bdud sde 'joms pa lha yi gaN+Di JKCL-KABUM-02-KHA-078.pdf
Location chos kyi blo gros bka' 'bum
Volume 2, Text 78, Pages 633-634 (Folios 1a1 to 1b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ (rwa lo tsA ba rdo rje grags)
Citation 'jam dbyangs mkhyen brtse chos kyi blo gros. rwa chen lo tsAr phyag bstod bdud sde 'joms pa lha yi gaN+Di. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 633-634. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་པའང་མེ་ཕག་ཟླ་དགུ་ཚེས་སུམ་ཅུ་ལ་བློ་གྲོས་རྒྱ་མཚོས་བྲིས་པའོ།

ces pa'ang me phag zla dgu tshes sum cu la blo gros rgya mtshos bris pa'o/

1 Texts in this Section (sde tshan or chos tshan)

[edit]
རྭ་ཆེན་ལོ་ཙཱར་ཕྱག་བསྟོད་བདུད་སྡེ་འཇོམས་པ་ལྷ་ཡི་གཎྜི་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། འཇམ་དཔལ་དབྱངས་ཉིད་ལྔ་བརྒྱའི་དུས། །རིག་སྔགས་འཆང་བ་ཆེན་པོའི་སྐུ། །མཁས་དང་གྲུབ་པའི་གཙུག་གི་རྒྱན། །རྭ་ཆེན་ལོ་ཙཱ་ལ་ཕྱག་འཚལ། །རྡོ་རྗེའི་སྐུ་བརྙེས་རྡོ་རྗེའི་སྐུ། །རྡོ་རྗེ་འཇིགས་མཛད་རྡོ་རྗེའི་རྒྱལ། །རྡོ་རྗེ་ཧཱུྃ་གི་རྡོ་རྗེའི་སྒྲ། །རྡོ་རྗེ་གྲགས་པ་ལ་ཕྱག་འཚལ། །ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀུན། །གསང་གསུམ་ཕྱག་རྒྱས་སྡོམ་མཛད་པ། །བརྟན་གཡོ་ཀུན་གྱི་སྤྱི་དཔལ་ཆེ། །ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སངས་རྒྱས་ཀུན་གྱི་རང་བཞིན་གསུང་། །སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །སངས་རྒྱས་ཀུན་བདག་ལ་ཕྱག་འཚལ། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །སྨྲ་བའི་སེངྒེ་མཚུངས་པ་མེད། །བདག་ལྟའི་གཤིན་རྗེ་འཇོམས་མཛད་པ། །བདག་མེད་ཟིལ་གནོན་ལ་ཕྱག་འཚལ། །ཀུན་ཏུ་རྟོག་པ་ཐམས་ཅད་བཅོམ། །ཀུན་ནས་ཀུན་ཏུ་བཟང་པོའི་དཔལ། །ཀུན་ཁྱབ་དང་པོའི་སངས་རྒྱས་ནི། །བླ་མ་འཇམ་དཔལ་ལ་ཕྱག་འཚལ། །འཕགས་ཡུལ་མཁས་གྲུབ་ཐུགས་ཀྱི་བཅུད། །མདོ་སྔགས་ཟབ་དང་རྒྱ་ཆེའི་གཏེར། །བྱང་ཕྱོགས་རྒྱུད་འདིར་ཐང་མར་བརྡལ། །ལོ་ཙཱ་ཆེན་པོ་ལ་ཕྱག་འཚལ། །ཚོགས་གཉིས་རྒྱ་མཚོའི་མཐར་སོན་པས། །སྐུ་མཆོག་མཚན་དཔེའི་མེ་ཏོག་མཛེས། །གསུང་དབྱངས་ཆོས་ཀྱི་འཁོར་ལོ་ལྡན། །སྐྱེ་མེད་ཟབ་ཅིང་སྤྲོས་བྲལ་ཐུགས། །འོད་གསལ་རྡོ་རྗེ་ལ་ཕྱག་འཚལ། །དེ་བཞིན་གཤེགས་དང་སེམས་དཔའ་དང་། །ཁྲོ་བོའི་ཚོགས་དང་བཙུན་མོར་བཅས། །ཕྲིན་ལས་མཐུ་སྟོབས་གཅིག་བསྡུས་པ། །དཔའ་བོ་ཆེན་པོ་ལ་ཕྱག་འཚལ། །བདུད་བཞིའི་དགྲ་སྟེ་བདུད་ཀྱི་གཤེད། །བདུད་ཀྱི་དཔུང་བཅོམ་བདུད་ལས་རྒྱལ། །བདུད་ལ་རབ་དཔའ་བདུད་ཀྱི་བདུད། །བདུད་འདུལ་གྲུབ་པ་ལ་ཕྱག་འཚལ། །རིག་སྔགས་ནུས་པའི་སྙེམས་འཆང་ཞིང་། །དྲེགས་ལྡན་རྣམས་ཀྱི་ནུས་རྩལ་འཕྲོག །རལ་པའི་དོ་ཀེར་རྩེ་མོ་ནི། །འདར་བཅས་ཁྱོད་ཞབས་ལ་ཕྱག་འཚལ། །འཆི་མེད་གྲུབ་པའི་གཙུག་གི་རྒྱན། །འཆི་མེད་རྡོ་རྗེའི་སྐུར་བཞུགས་ནས། །འཆི་མེད་མགོན་པོ་ཀུན་གཟིགས་ཞིང་། །འཆི་མེད་བརྙེས་པ་ལ་ཕྱག་འཚལ། །དེ་ལྟར་ཕྱག་འཚལ་བསྟོད་པའི་དགེས། །རྭ་ཆེན་རྡོ་རྗེའི་གསང་གསུམ་གྱི། །བྱིན་རླབས་བདག་གི་རྒྱུད་ཞུགས་ནས། །སྲིད་གསུམ་གྲོངས་ཁྱེར་སྒྲོལ་བར་ཤོག །ཅེས་པའང་མེ་ཕག་ཟླ་དགུ་ཚེས་སུམ་ཅུ་ལ་བློ་གྲོས་རྒྱ་མཚོས་བྲིས་པའོ། ༈། ཐེ་ཚོམ་དྲྭ་བར་ཞུགས་པ་ཡི། །མཆོག་ལྡན་ཁྱོད་ལ་མི་འདོད་པའི། །ཁ་ཟས་དུག་ཅན་དང་འདྲ་པའི། །བསྟོད་སྔགས་ལྷ་ཡི་གནྡྷོ་སྒྲོགས། ། །།

Footnotes

Other Information